Tsabtsa

From Shangpa Resource Center
Revision as of 12:14, 3 April 2021 by Sengue (talk | contribs)





Resource ID G30
Place Type Monastery
Coordinates 32°24'28"N 99°E
Links Shangpa Foundation
BDRC G1690

Name Variants

tshab tsha
tsha tsha
tshar tshar
sAts+tsha

Associated Persons

Primary seat

History

  • Established: 1575

Notes

Karma Kagyü monastery founded by Tsartsar Drubgen Drakpa Gyeltsen. The retreat center is run by Lama Karma Könchok.

W1KG26279: ཚབ་ཚ་ཆོས་འཁོར་རྣམ་རྒྱལ་གླིང་ནི་དེང་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་སྡེ་དགེ་རྫོང་གི་ནུབ་བྱང་མཚམས་ཀྱི་སྤྱི་ལེ་200ཙམ་ཡོད་པའི་ཨ་ཕྱུག་ཡུལ་ཤོག་ཁོངས་སུ་གནས་ཤིང་། ཐོག་མར་འགྲོ་མགོན་ཕག་མོ་གྲུ་པའི་དངོས་སློབ་གྲུབ་ཐོབ་ཉག་སེར་གྱིས་ཕྱག་བཏབ་པའི་ཕག་གྲུ་བཀའ་བརྒྱུད་ཀྱི་དགོན་སྡེ་ཞིག་ཡིན་ཀྱང་དར་རྒྱས་དེ་ཙམ་མ་བྱུང་བས། སྐབས་ཤིག་རིང་སྨར་ཚང་བཀའ་བརྒྱུད་ཀྱི་ལུགས་འཛིན་པ། སླར་ཀརྨ་སྐུ་ཕྲེང་བདུན་པ་ཆོས་གྲགས་རྒྱ་མཚོའི་རྟོགས་པ་དོན་གྱི་བརྒྱུད་པ་འཛིན་པའི་བུ་ཆེན་ཆུ་འཕུར་པ་གྲགས་པ་རྒྱལ་མཚན་གྱིས་གདན་ས་བསྐྱངས། དེ་རྗེས་རྗེ་མི་བསྐྱོད་རྡོ་རྗེས་གྲུབ་དབང་ཀརྨ་རབ་འཕེལ་རང་ཉིད་ཀྱི་རྒྱལ་ཚབ་ཏུ་མངའ་གསོལ་ཞིང་ཀརྨ་པའི་ཚབ་ཚ་བླ་མ་ཞེས་པའི་བཀའ་ཐམ་འཇའ་ཟེར་ཅན་ཞིག་ཀྱང་བསྩལ་བ་ནས། དགོན་འདིར་གཙོ་ཆེར་ཚབ་སྤྲུལ་སྐུ་ཕྲེང་རིམ་བྱོན་དང་། ཁྲི་འཛིན་གཞན་ཡང་ཉ་སྤྲུལ་དང་། སྐུ་སྐྱེ་སྤྲུལ་སྐུ། འབྱོར་སྤྲུལ་སྐུ་ཕྲེང་རིམ་བྱོན་བཅས་ཀྱིས་གདན་ས་བསྐྱངས་ནས་སྒྲུབ་བརྒྱུད་ཀྱི་བསྟན་པ་དར་སྤེལ་རྒྱ་ཆེར་མཛད། སྔར་དགོན་འདིའི་དགོན་ལག་རི་ཁྲོད་ལྟ་བུ་ཡིན་པ་རྫ་སྨད་མེ་ཡོས་ཕྱག་ཆེན་དགོན་དང་། གནས་ལྷ་མོ་ཕུག་གི་དགོན་གཉིས་དང་། དགོན་སྡེ་དངོས་གྲུབ་དབང་ཀརྨ་རབ་འཕེལ་གྱིས་བཏབ་པའི་ལྕགས་མོ་མདོ་སྟེང་དགོན། དེ་མིན་གླིང་ཚང་དགོན་ཁག་ཉེར་ལྔར་སྒྲུབ་རྒན་ཉིད་ཀྱིས་གཟིགས་སྐྱོང་མཛད་ཡོད་པ་དང་། རྫ་རྒྱུད་རྟགས་འཕེལ་དགོན་དགོན་འདིའི་བུ་དགོན་ཡིན་པ་སོགས་སོ། དེང་ཚབ་ཚ་དགོན་དུ་ནཱ་རོའི་སྒྲུབ་སྡེ་དང༌། ནི་གུའི་སྒྲུབ་སྡེ། སྙིང་ཏིག་སྒྲུབ་སྡེ་བཅས་སྒྲུབ་སྡེ་ཁག་གསུམ་ཡོད་པ་ལས། ནཱ་རོའི་སྒྲུབ་སྡེ་བདེ་ཆེན་ཆོས་རྫོང་ནི་སྐུ་སྐྱེ་སྐུ་ཕྲེང་བདུན་པ་དཔལ་བརྒྱ་སྤྲུལ་སྐུས་སྤྱི་ལོ་2001ལོར་གསར་དུ་བཏབ་ཅིང་ན་རོ་ཆོས་དྲུག་གཙོ་བོར་སྒྲུབ་པ་དང་། སྙིང་ཏིག་སྒྲུབ་སྡེ་ནི་དབོན་རི་གྲོ་ལུང་དུ་གནས་ཤིང་། ཀུན་རིག་དང་། མི་འཁྲུགས། འོད་དཔག །རྡོར་སེམས། སྨན་བླ་སོགས་གཙོ་བོར་བསྙེན་པའོ། ནི་གུའི་སྒྲུབ་སྡེ་བསམ་གྲུབ་ཆོས་རྫོང་གླིང་ནི་སྒྲུབ་རྒན་སྐུ་ཕྲེང་དྲུག་པ་བསྟན་པ་རབ་རྒྱས་དགུང་ལོ་ཉེར་བདུན་དུ་ཕེབས་པ་རབ་བྱུང་བཅུ་བཞི་པའི་ཤིང་ཕག་སྤྱི་ལོ1815ལོར་དག་གཟིགས་ལུང་བསྟན་བྱུང་བ་བཞིན་ཕྱག་བཏབ་ནས་ད་བར་མི་ལོ་ཉིས་བརྒྱ་ལ་ཉེ་བའི་ལོ་རྒྱུས་ལྡན་ཞིང་། དེང་ཚབ་ཚ་དགོན་གྱི་ཤར་ངོས་རི་ཟུར་ཞིག་གི་སྟེང་དུ་གནས། འདིར་དཔལ་ལྡན་ཤངས་པའི་རིང་ལུགས་དྲི་མེད་སྤེལ་བའི་སྐྱེས་ཆེན་བྱང་སེམས་གདན་རབས་འཛིན་པ་ལྔ་ལས། ཁྱད་པར་མཆོག་གི་བཀའ་བབས་སྐུ་སྐྱེ་བཀའ་བརྒྱུད་བསྟན་འཛིན། འབྱོར་རྒྱས་ཀརྨ་ལྷག་མཐོང་། ཀརྨ་གཞན་ཕན་འོད་ཟེར། འཇམ་མགོན་བློ་གྲོས་མཐའ་ཡས་བཅས་བརྒྱུད་པ་ཡོངས་གྲགས་ལྟར་དང་། ཡང་འབྱོར་རྒྱས་ཀརྨ་ལྷག་མཐོང་ནས། རི་འགུལ་ཀརྨ་ནོར་བུ། འཇམ་མགོན་བློ་གྲོས་མཐའ་ཡས་ལ་བརྒྱུད་པ་ཞིག་ཀྱང་སྣང་། འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་གདན་ས་ཙཱ་འདྲ་རིན་ཆེན་བྲག་ཏུ་ཆགས་རྗེས་སུ་ཚབ་ཚ་དགོན་རང་གི་ཤངས་ཆོས་གདན་རབས་རྣམས་ནི། སྒྲུབ་སྤྲུལ་ཀརྨ་སེང་གེས་མཛད་པའི་ཤངས་ཆོས་བརྒྱུད་འདེབས་ཁ་གསབ་ལྟར་ན། གྲུབ་དབང་ཀརྨ་ཚེ་སྲུང་ངམ་ཚངས་པ་(འགར་མཚམས་པ་ཞེས་ཀྱང་འཁོད་)གདུགས་དཀར། ཀརྨ་ཐེག་མཆོག་བསྟན་འཛིན། སྒྲུབ་བརྒྱུད་བསྟན་འཛིན་བཟང་པོ། གྲུབ་བརྙེས་ཀརྨ་རབ་དགའ། འགྲོ་མགོན་ཀརྨ་གཞན་ཕན། རིག་འཛིན་ཀརྨ་བཀྲ་ཤིས་བཅས་དང་། དེ་མིན་སྒྲུབ་རྒན་བདུན་པ་བདུད་འདུལ་ཉི་མས་འཇམ་མགོན་བློ་གྲོས་མཐའ་ཡས་དང་། ཚབ་ཚའི་ཤངས་ཆོས་གདན་རབས་འཛིན་པ་ཀརྨ་ཐེག་མཆོག་ལས་ཤངས་པའི་ཆོས་སྐོར་ཆ་ཚང་བ་གསན་པ་རྣམས་ཚབ་སྤྲུལ་བརྒྱད་པ་ཀརྨ་བློ་གྲོས་ངེས་དོན་བསྟན་འཛིན་སེང་གེའི་བར་དུ་རིམ་པར་བརྒྱུད། སྒྲུབ་སྡེ་སྐྱར་བཞེངས་རྗེས་ཀྱི་སྒྲུབ་ཐེངས་དང་པོའི་སྒྲུབ་དཔོན་གཙོ་བོ་སྒྲུབ་སྤྲུལ་བརྒྱད་པ་ཡིན་པ་དང་། སྒྲུབ་བླའི་གྲངས་ཁ་གསལ་མི་ཤེས། སྒྲུབ་ཐེངས་གཉིས་པ་ནས་དྲུག་པ་བར་གྱི་སྒྲུབ་དཔོན་ཚབ་སྤྲུལ་བརྒྱད་པའི་དངོས་སློབ་ཀརྨ་དཀོན་མཆོག་ཡིན་ཞིང་། སྒྲུབ་ཐེངས་གཉིས་པར་སྒྲུབ་བླ་བཅུ་བཞི། གསུམ་པར་བཅོ་ལྔ། བཞི་པར་ཉི་ཤུ། ལྔ་པར་ཉི་ཤུ། སྒྲུབ་ཐེངས་དྲུག་པ་འདིར་སྒྲུབ་བླ་བཅུ་དྲུག་ཡོད་པ་ལས། ཚབ་ཚ་དགོན་རང་ནས་བཅུ་གཉིས། འབའ་ལི་ཐང་གི་འབྲུག་རྗེ་དགོན་པ་ནས་སྒྲུབ་བླ་གསུམ། རྫ་རྟགས་འཕེལ་དགོན་ནས་སྒྲུབ་བླ་གཅིག་བཅས་ཡོད་པ་ལས། སྒྲུབ་བླ་ཀརྨ་བློ་བཟང་གིས་སྔ་ཕྱི་ཁྱོན་དུ་ཤངས་ཆོས་སྒྲུབ་སྡེར་སྒྲུབ་ཐེངས་གསུམ་སྒྲུབ་པར་ཞུགས་འདུག །སྒྲུབ་སྡེ་འདིའི་ཤངས་ཆོས་ཀྱི་བླ་རབས་རིམ་བྱུང་གི་གོ་རིམ་འདྲ་མིན་འཁོད་པའི་དཔྱད་གཞི་ཐར་ཐོར་མང་བས་མུ་མཐུད་དཔྱད་པར་འཚལ།
ཚབ་ཚའི་ཤངས་པའི་སྒྲུབ་སྡེ་འདིར་གདམས་པ་ཉམས་སུ་ལེན་ཚུལ་ལ། དུས་འགྱུར་རྗེས་ཀྱི་སྒྲུབ་ཐེངས་དང་པོའི་སྐབས་དཔལ་སྤུངས་དབུ་མཛད་ཆེན་མོ་བཟོད་པས་འཇམ་མགོན་ཀོང་སྤྲུལ་གྱིས་མཛད་པའི་དཔལ་སྤུངས་ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་གི་སྒྲུབ་པ་རྣམས་ཀྱི་ཀུན་སྤྱོད་བཅའ་ཁྲིམས་བླང་དོར་རབ་གསལ་ཕན་བདེའི་འབྱུང་གནས་ལས་བཏུས་ཏེ་ལག་བྲིས་མཛད་པ་ཤོག་གྲངས་འགའ་ཞིག་འདུག་པ་ལས་ལོ་དུས་ཟླ་དུས་ཀྱི་དུས་མཆོད་དང༌། ཀུན་སྤྱོད་བླང་དོར་གྱི་བཅའ་ཁྲིམས་ནི་གོང་གི་བཅའ་ཡིག་འདི་དང་མཚུངས་ཀྱང་། ཉམས་ལེན་གྱི་དུས་ཡུན་སྐོར་རྣམས་ཅུང་ཟད་བཀོད་པ་ནི། སྒྲུབ་པའི་སྣ་སེལ་ལ་གོང་གི་ལེའུ་བདུན་པ་དང་འབྲེལ་བའི་ཚིག་བདུན་གསོལ་འདེབས་འབུམ་གཅིག་ལ་ཟླ་བ་གཅིག །དེ་ནས་ཐོག་མར་སྔོན་འགྲོ་ལ། ཕྱག་ཆེན་ངེས་དོན་སྒྲོན་མེའི་ཁྲིད་ལུང་། དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག །ལས་རྒྱུ་འབྲས། འཁོར་བའི་ཉེས་དམིགས་བསམ་པ་བཞི་ལ་ཞག་གསུམ་རེ་དང་། སྐྱབས་སེམས། ཡིག་བརྒྱ། མཎྜལ། བླ་མའི་རྣལ་འབྱོར་བཞི་པོར་འབུམ་ཐེར་རེ་རེ་ཁ་སྐོང་བཅས་འགྲོ་ངེས་ཀྱིས་ཁྱོན་ཟླ་བ་ལྔའི་ཁོངས་སུ་སྔོན་འགྲོ་གྲུབ། བྱིན་རླབས་སྒོ་འབྱེད་ཀྱི་བཀའ་དང་པོ་ཤངས་ལུགས་བདེ་མཆོག་ལྷ་ལྔའི་དབང་ཆེན་དངོས་སྟ་འབྲེལ་བ། བཀའ་གཉིས་པ་ལྷ་ལྔའི་ཏིང་ངེ་འཛིན་གྱི་དབང་སྐུར། སྒྲུབ་དཀྱིལ་གྱི་ལུང་དང་བསྙེན་ཡིག་ཁྲིད་ལུང་བྱས་ལ་བསྙེན་པ་ལ་འཇུག་སྟེ་ཡིག་བདུན་འབྲུ་འབུམ། སྙིང་པོ་བཞི་འབུམ། ཡུམ་དང་འཁོར་སྔགས་རྣམས་ཁྲིད་ཡིག་ལྟར་སོ་སོའི་ཁ་སྐོང་གྲུབ་ནས་སྒྲུབ་མཆོད་ཞག་བདུན་དང་ཁ་སྐོང་ཞི་བའི་སྦྱིན་སྲེག་ཉིན་ལྔ་བཅས་ཁྱོན་ཟླ་བ་གསུམ། དེ་ནས་བྱིན་རླབས་ཁོག་དབུབས་ཀྱི་བཀའ་དང་པོ་སྒྱུ་ལུས་དབང་མོ་ཆེའམ་འཇུག་སྒོ་ཡོན་ཏན་ཀུན་འབྱུང་། བཀའ་གཉིས་པ་རྒྱུད་སྡེ་ཏིང་ངེ་འཛིན་གྱི་དབང་དང་། རྒྱུད་སྡེའི་དབང་མོ་ཆེ་དངོས་སྟ་བཅས་ཉིན་གཉིས། གཙོ་བསྡུས་དང་སྒྲུབ་དཀྱིལ་གྱི་ལུང་དང་བསྙེན་ཁྲིད་བྱས་ལ། གཙོ་བསྡུས་ཀྱི་བསྙེན་གྲངས་ཁྲིད་ཡིག་ལྟར་ཁ་སྐོང་བཅས་ཁྱོན་ཟླ་བ་བཞི། སྒྲུབ་མཆོད་རྒྱས་བསྡུས་གང་ལྕོགས་ཉིན་བདུན་ཙམ་དང་སྦྱིན་སྲེག་ཉིན་གསུམ། ནི་གུ་ཆོས་དྲུག་རྩ་བ་ཇོ་ལུགས་ཐང་བརྡལ་མ་དང་། ཉེ་བརྒྱུད་ཐང་ལུགས་ཁྲིད་བསྒྲགས་ཏེ་སྔོན་འགྲོ་ལ་འཇུག་ཅིང་དག་བྱེད་ཨ་ཡིག་གི་སྟོང་ར་ཡན་ལ་བདུན་ཕྲག་གསུམ། བྱིན་རླབས་གཞུང་བཀའ་དྲུག་གི་ཐོག་མར་གཏུམ་མོའི་བྱིན་རླབས་ཁྲིད་དམིགས་ཕོག་སྟེ་གཏུམ་མོ་མེ་རྒོད་བདུན་ཕྲག་གསུམ། འདི་ནས་འཕྲུལ་འཁོར་རྣམས་བསླབ་ཅིང་ཉིན་རེ་བཞིན་མ་ཆག་པར་སྐབས་བསྟུན་གྱིས་རྒྱག །དངོས་གཞི་ཟས་ཟ་ཟླ་བ་ཕྱེད་བཞི། སྟན་གཅིག་ནང་བླ་མའི་གཏུམ་མོ་ཤིན་ཏུ་ཉེ་བརྒྱུད་ཞག་བདུན། དེ་ནས་སོ་སོའི་ཁྲིད་དམིགས་ཕོག་ལ་སྒྱུ་ལུས། མི་ལམ། འོད་གསལ་རྣམས་ལ་བདུན་ཕྲག་གསུམ་རེ་བཅས་ཁྱོན་ཟླ་བ་གཉིས་དང་ཉིན་གསུམ། འཕོ་བ་བར་དོ་གཉིས་བདུན་ཕྲག་རེ་རེ་སྟེ་རྟགས་ཐོན་སྦྱངས། ཕྱག་ཆེན་གའུ་མའི་བྱིན་རླབས་བྱས་ཏེ་ཉམས་ལེན་ཟླ་བ་གཉིས། སྟན་གཅིག་མའི་དམིགས་རིམ་རྫོགས་པར་བྱ། ལམ་ཁྱེར་རྣམ་གསུམ་གྱི་བྱིན་རླབས་བཅས་བདུན་ཕྲག་གཅིག །དེ་ནས་མཁའ་སྤྱོད་དཀར་མོ་དང་སུམ་ཕྲུག་གི་བྱིན་རླབས་བྱ། དམར་མོ་འཕོ་བའི་དགོས་བཀའ་ཡིན་པས་མི་དགོས། ཁྲིད་ལུང་བྱས་ལ་དཀར་དམར་སོ་སོར་ཟླ་བ་གཅིག །བསྙེན་པ་རྫོགས་རིམ་འཕོ་བ་རྟགས་ཐོན་སྦྱང་། ལུས་སེམས་འཆི་མེད་བྱིན་རླབས་བཅས་ཞག་བདུན། བླ་མགོན་དབྱེར་མེད་བྱིན་རླབས་ཁྲིད་བཅས་ཞག་བདུན། ཡེ་ཤེས་ཀྱི་མཁའ་འགྲོ་སུ་ཁ་སི་དྡྷིའི་བྱིན་རླབས་དམིགས་ཁྲིད་བཅས་ཐུན་མགོར་བསྐྱེད་བཟླས་ཅི་འགྲུབ་རེ་དང་རྩ་བའི་ཆོས་བཞི་བདུན་ཕྲག་རེ་རེ། འཕོ་བ་བར་དོ་ཞར་བྱུང་དུ་བཏང་བས་ཟླ་བ་གཅིག །ནི་དྷིའི་ཚེ་དབང་ཚེ་སྒྲུབ་བཅས་རྟེན་འབྲེལ་དུ་བདུན་ཕྲག་རེ་རེ་ཉམས་ལེན་བྱས་པས་ཤངས་ཆོས་ཀྱི་རྩ་བ་རྣམས་ལེགས་པར་གྲུབ། ལོ་མཇུག་དང་པོ་ལ་ལྷ་བཞི་དྲིལ་སྒྲུབ་ཞག་བདུན། གཉིས་པ་ལ་གཏོར་ཆོག་ཕྱག་དྲུག་པ་ཟླ་བ་གཅིག་བསྙེན། གསུམ་པ་ལ་སྒྲོལ་དཀར་ཟླ་བ་འདོད་འཇོའི་སྒྲུབ་པ་ཞག་བདུན། སྦྱིན་སྲེག་ཞག་གསུམ། ཞི་ཁྲོའི་དབང་དང་བསྙེན་ཁྲིད་སྒྲུབ་པ་ཞག་བཞི། སྦྱིན་སྲེག་ཉིན་གསུམ་བཅས་ཁྱོན་ཟླ་བ་གསུམ། གཅོད་ཚོགས་ཡོན་ཏན་ཀུན་འབྱུང་གི་དབང་དང་ཁྲིད་བཅས་ཚོགས་བརྒྱ་ཟླ་བ་གཅིག །རཏ་ཕུར་དབང་དང་བསྙེན་ཁྲིད་བཅས་ལས་བྱང་ཟུར་འདེབས་ཀྱི་བསྙེན་གྲངས་བསྙེན་ཡིག་ལྟར་བསྙེན་པ་ཟླ་བ་བཞི། སྒྲུབ་པ་ཞག་བདུན། སྦྱིན་སྲེག་ཉིན་ལྔ་བཅས་ལེགས་པར་གྲུབ། དེ་ནས་མགོན་པོ་བེར་ཅན་གྱི་དབང་དང་བསྙེན་ཁྲིད་བྱས་ལ་འདོན་འགྲིགས་དང་བསྙེན་གྲངས་ལག་ལེན་སོགས་བསྙེན་ཡིག་ལྟར་ཟླ་བ་གཉིས་དང་། སྒྲུབ་པ་ཉིན་གསུམ། ཉིན་རྗེས་མའི་མཐར་སྦྱིན་སྲེག་མདོར་བསྡུས་བཅས་ཀྱིས་གྲུབ་པའོ།
།སྤྱིར་ཚབ་ཚའི་སྒྲུབ་སྤྲུལ་སྐུ་ཕྲེང་རིམ་བྱོན་ཏེ། སྐུ་ཕྲེང་དང་པོ་རྟོགས་ལྡན་གྲགས་པ་རྒྱལ་མཚན། གཉིས་པ་གྲུབ་དབང་ཀརྨ་རབ་འཕེལ། གསུམ་པ་རྒྱལ་སྲས་ཕུན་ཚོགས་རྣམ་རྒྱལ། བཞི་པ་སྒྲུབ་བརྒྱུད་ཆོས་འཛིན་རྒྱལ་པོ། ལྔ་པ་ཀརྨ་ཆོས་དབྱིངས་ལྷུན་གྲུབ། དྲུག་པ་ཀརྨ་བསྟན་པ་རབ་རྒྱས། བདུན་པ་ཀརྨ་སྒྲུབ་བརྒྱུད་བསྟན་འཛིན། བརྒྱད་པ་ངེས་དོན་བསྟན་འཛིན་སེང་གེ་བཅས་པ་རྣམས་ལས། ཚབ་སྤྲུལ་སྐུ་ཕྲེང་དྲུག་པའི་སྐབས་ཤངས་ཆོས་སྒྲུབ་སྡེ་གསར་དུ་བསྐྲུན་པ་དང༌། བདུན་པས་ཤངས་ཆོས་གསན་བཞེས་རྒྱ་ཆེར་མཛད་པ། ལྷག་པར་ཉེ་བའི་ཆར་ཤངས་པའི་བསྟན་པ་མི་ཉམས་གོང་དུ་སྤེལ་བར་བཀའ་དྲིན་ཤིན་ཏུ་ཆེ་བ། དྭགས་ཤངས་བསྟན་པའི་བཀའ་བབས་ཚབ་ཚ་སྒྲུབ་རྒན་རིན་པོ་ཆེའམ་སྒྲུབ་སྤྲུལ་སྐུ་ཕྲེང་བརྒྱད་པས་དབེན་རི་གྲོ་ལུང་བདེ་ཆེན་ཆོས་རྫོང་དུ་ཚབ་ཚའི་ཤངས་ཆོས་གདན་རབས་བཞི་པ་བླ་མ་གསང་དགའ་ལས་ཤངས་པའི་གསེར་ཆོས་རྣམ་ལྔ་དང་། ནི་གུ་ཆོས་དྲུག་སོགས་བཀའ་བབས་ཀྱི་ཕ་ཆོས་རྣམས་ལོ་གསུམ་རིང་ཉམས་བཞེས་མཐར་ཕྱིན་གནང་། ཁོང་ལ་ཡེ་ཤེས་མཁའ་འགྲོ་ནི་གུ་མས་གནང་བའི་དག་སྣང་ཚོགས་གླུ་འགའ་ཤས་ཀྱང་མཆིས། སྤྱི་ལོ1958ལོར་འདན་ཁོག་ཏུ་ཡུལ་དགོན་ཀུན་ལ་མ་ཎི་བཀའ་འབུམ་དང་། ཁྱད་པར་ཤངས་ཆོས་སྒྲུབ་སྡེར་སྒྲུབ་པ་པོ་དང་། སྐུ་སྐྱེ་སྤྲུལ་སྐུ། འབྱོར་རྒྱས་སྤྲུལ་སྐུ་རྣམ་གཉིས་སོགས་ལ་ཤངས་ཆོས་སྐོར་གྱི་སྨིན་གྲོལ་ཟབ་མོ་སོགས་འཐུས་ཚང་མཛད། བླ་མ་དབང་ཆེན་གྱིས་ཀྱང་སྒྲུབ་སྤྲུལ་ལས་ཟབ་ལམ་ནི་གུ་ཆོས་དྲུག་དང་འབྲེལ་བའི་བཀའ་བཅུ་སྨིན་གྲོལ་རྣམས་གསན། ཚབ་ཚའི་ཤངས་ཆོས་སྒྲུབ་སྡེ་འདི་ཉིད་སྐབས་ཤིག་རིང་ཐོར་ཞིག་ཏུ་སོང་བ། བསྟན་པ་ཡང་དར་སྐབས་ཀྱི་སྤྱི་ལོ1988ལོར་སྤྲུལ་དཔལ་བརྒྱས་གསར་བཞེངས་ལེགས་གྲུབ་དང་སྒྲུབ་ཕོགས་སོགས་ཡོད་པའི་བཀའ་དྲིན་བསྐྱངས། སྒྲུབ་སྤྲུལ་བརྒྱད་པ་ནས་སྒྲུབ་སྡེ་བསྐྱར་བཞེངས་རྗེས་ཀྱི་སྒྲུབ་ཐེངས་དང་པོའི་སྒྲུབ་བླ་རྣམས་ལ་རྒྱུད་སྡེའི་དབང་མོ་ཆེ་བསྩལ་བ་དང་། ཁོང་གིས་མཁའ་འགྲོ་མ་སུ་ཁ་སིདྡྷིའི་བསང་མཆོད་དོན་གྲུབ་ཤིང་རྟ་ཞེས་པ་སོགས་ཀྱང་མཛད། ཡང་སྒྲུབ་རྒན་རིན་པོ་ཆེས་ཀརྨ་སྐུ་ཕྲེང་བཅུ་བདུན་པ། ཀ་ལུ་རིན་པོ་ཆེ། དུལ་མོ་ཆོས་རྗེ། མཛོ་རྫི་རྗེ་དྲུང་། སྐྱོ་བྲག་སྐྱ་དགའ་སོགས་བུ་སློབ་སྐྱེས་ཆེན་དུ་མར་ཤངས་པའི་སྨིན་གྲོལ་གྱི་གདམས་པ་མཐའ་ཡས་པ་ཞིག་གནང་མཐར། དགུང་གྲངས་དོན་བདུན་དུ་ཕེབས་པ་སྤྱི་ལོ་2005ལོའི་ཟླ་བ8པའི་ཚེས20ཉིན་དགོངས་པ་ཆོས་དབྱིངས་སུ་གཤེགས། གང་དེའི་ཡང་སྲིད་ཚབ་སྤྲུལ་སྐུ་ཕྲེང་དགུ་པ་དེང་དགུང་ལོ་བརྒྱད་ལ་ཕེབས་པ་ཚབ་ཚ་དགོན་དུ་བཞུགས་བཞིན་པའོ། གཞན་ཡང་ཚབ་ཚའི་ཁྲི་འཛིན་སྐུ་སྐྱེ་རིམ་བྱོན་ལས་སྐུ་ཕྲེང་གསུམ་པ་དབོན་ཆོས་ཀྱི་བློ་གྲོས་ལ་དཔལ་ལྡན་ཤངས་པའི་ཆོས་བཀའ་ཐུན་མིན་ཉེར་བརྒྱད་བབས་ཏེ། ཐུགས་སྲས་འབྱོར་རྒྱས་ཀརྨ་ལྷག་མཐོང་སོགས་ལའང་སྤེལ་བས་མཚོན་ད་ལྟའི་སྐུ་སྐྱེ་སྤྲུལ་སྐུའམ་དཔལ་བརྒྱ་སྤྲུལ་སྐུ་སྐུ་ཕྲེང་བདུན་པ་ཀརྨ་འཕྲིན་ལས་འགྱུར་མེད་བར་གྱི་སྐྱེ་སྤྲུལ་ཕལ་མོ་ཆེས་གཙོ་ཆེར་དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་རིང་ལུགས་ཉམས་བཞེས་དང་བརྒྱུད་སྤེལ་གནང་བ་དང་། ཁྲི་འཛིན་འབྱོར་སྤྲུལ་ཀརྨ་ལྷག་མཐོང་ནི་ཤངས་པའི་གསེར་ཆོས་ལྔ་ལ་སོགས་པའི་གདམས་པ་རྣམས་ལ་ཉམས་བཞེས་མཐར་ཕྱིན་གྱིས་གྲོལ་རྟགས་མངོན་དུ་གྱུར་བ་ཤངས་པའི་བླ་རབས་ཡོངས་གྲགས་སུ་ཡང་གསལ། ད་ལྟ་ཞལ་བཞུགས་པའི་འབྱོར་རྒྱས་སྤྲུལ་སྐུས་སྒྲུབ་རྒན་སྐུ་ཕྲེང་བརྒྱད་པ་ལས་ཤངས་པའི་ཆོས་སྐོར་འགའ་ཞིག་གསན་པ་བཅས་སོ།


Loading map...