Su kha sid+d+hi'i byin rlabs kyi bka'
Resource ID | SCv8p32 |
---|---|
Title | mkha' 'gro ma su kha sid+d+hi'i byin rlabs kyi bka' |
Topics | Initiation |
Sub-Topics | Sukhasiddhi |
Author | Ngawang Chödrak |
Link | BDRC W23922 BDRC W23917 (p. 229) BDRC W1KG4284 |
༈ མཁའ་འགྲོ་མ་སུ་ཁ་སིདྡྷིའི་བྱིན་རླབས་ཀྱི་བཀའ་བཞུགས།
བདེ་བའི་དཔལ་རྒྱུན་མི་ནུབ་རྫོགས་ལྡན་དཔྱིད། །གྲུབ་པའི་དབང་ཕྱུག་དཔའ་བོ་མཁའ་འགྲོའི་གཙོ། །དགེ་ལེགས་རབ་ཏུ་བརྟན་པའི་དབྱངས་བདུན་འཁྲོལ། །རྗེ་བཙུན་བླ་མའི་ཞབས་ལ་སྤྱི་བོས་འདུད།
།འདིར་མཁའ་འགྲོ་མ་སུ་ཁ་སིདྡྷིའི་བྱིན་རླབས་ལ། མཎྜལ་དབུས་དཀར་དམར། ཤར་སྔོ་ལྷོ་སེར་ནུབ་དམར་བྱང་ལྗང་བའི་འདབ་མ་བཞི་མཐའ་མེ་རི་འབར་བ། དབུས་སུ་ཚོམ་བུ་དཀར་དམར་གཅིག་འགོད། མཆོད་གཏོར་སོགས་དཀྱུས་བཞིན།
དེ་ནས་སྐྱབས་སེམས་ཚད་མེད་བཞི་སྔོན་དུ་བཏང་ནས། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་སྟེང་དུ་རང་སྐད་ཅིག་གིས་མཁའ་འགྲོ་མ་སུ་ཁ་སིདྡྷི་སྐུ་མདོག་དུང་ལྟར་དཀར་བ། དབུ་སྐྲ་སིལ་བུར་འཕྱང་ཞིང་རུས་པའི་རྒྱན་གྱིས་བརྒྱན་པ། ཕྱག་གཡས་ཐོད་པ་བདུད་རྩིས་གང་བ། གཡོན་སྐྱེ་མེད་མཚོན་པའི་ཕྱག་རྒྱ་ཆེད་དུ་འཕྱར་ཙམ་མཛད་པ། ཞབས་གཉིས་གར་སྟབས་ཀྱི་རྣམ་པ་སྤྱན་གསུམ་ཧྲིག་གེ་གཟིགས་པ། ཡེ་ཤེས་ཀྱི་སྐུ་ཅན། དེའི་གནས་གསུམ་བྱིན་རླབས། ཡེ་ཤེས་པ་སྤྱན་དྲངས་བསྟིམ། ཨོཾ་སུ་ཁ་སིདྡྷི་ཧཱུྃ་ཉེར་གཅིག་ལ་སོགས་པ་བཟླ།
མདུན་གྱི་མཎྜལ་བསང་སྦྱངས། སྟོང་པའི་ངང་ལས་བསྲུང་འཁོར་དུར་ཁྲོད་དང་བཅས་པའི་དབུས་སུ་ཆུད་པའི་གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་ཚང་བའི་དབུས་ན། པདྨ་དང་ཟླ་བའི་གདན་ལ། སུ་ཁ་སིདྡྷི་སྔར་བཞིན་བསྐྱེད། གནས་གསུམ་བྱིན་རླབས་དང་། ཡེ་ཤེས་པ་གཞུག་པ་སྔར་དང་འདྲ།
མཆོད་པ་བྱིན་རླབས་ལ། ཨོཾ་སུ་ཁ་སིདྡྷི་ས་པཱ་རི་ཝ་ར་སྔོན་དུ་འགྲོ་བའི། ཨརྒྷཾ་ལ་སོགས་པས་ཕྱི་མཆོད། ཨོཾ་ཨཱཿཧཱུྃ་གིས་ནང་མཆོད། གང་གིས་དྲིན་གྱི་ཤོ་ལོ་ཀ་གཅིག་གིས་བསྟོད། གཏོར་མ་ཡང་བྱིན་རླབས་ལ་མཚན་སྔགས་ཀྱི་མཐར། ཨི་དཾ་སོགས་ཀྱི་བཏགས་པ་ལན་གསུམ་གྱིས་ཕུལ། ཕྱི་ནང་བསྟོད་པ་འདོད་གསོལ་བྱ།
དེ་ནས་འཇུག་པའི་མཎྜལ་ནས་བཟུང་ཡེ་ཤེས་དབབ་པ། དབང་བཞི་བླང་བ། ནམ་མཁའ་དང་རང་སེམས་བསྲེས་ནས་གནས་ལུགས་ཀྱི་ངང་དུ་རང་བབས་སུ་འཇོག་པའི་བར་བདག་འཇུག་གི་ཚུལ་དུ་བླངས།
དེ་ནས་སློབ་མ་བོས་ལ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སོགས་དང་།
གང་གསན་པར་བྱ་བའི་ཆོས་ནི། མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ལ་བླ་མ་མང་དུ་བཞུགས་པའི་ནང་ནས། རྡོ་རྗེ་འཆང་ལ་ཆོས་དངོས་སུ་གསན་པའི་ཡེ་ཤེས་ཀྱི་ཌཱ་ཀི་རྣམ་པ་གཉིས་ཀྱི་ནང་མཚན། སུ་ཁ་སིདྡྷིས་བྱིན་རླབས་ཡིན། དེ་ལ་སློབ་དཔོན་གྱི་བྱ་བ་གྲུབ་ཟིན། སློབ་མ་ལ་བྱ་བའི་ངོས་སྐལ་དུ་གྱུར་པ་ལ། འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ།
དགའ་ཆེན་སོགས་ཀྱིས་གསོལ་བཏབ། དཀོན་མཆོག་གསུམ་ལ་སོགས་རྒྱུན་བཤགས། སློབ་མ་སུ་ཁར་བསྐྱེད་ལ་ཡེ་ཤེས་པ་བསྟིམ་ལ། ཌཱ་དྲིལ་དང་སྔར་གྱི་སྔགས་ཀྱི་མཐར། ཨ་བེ་ཤ་ཡ་ཨ་བཏགས་པ་བརྗོད། དེ་ནས་མདུན་གྱི་གཞལ་ཡས་ཁང་གི་དབུས་ན་བླ་མ་དང་ཐ་མི་དད་པའི་སུ་ཁ་སིདྡྷི་བཞུགས་པ་ལ་དངོས་གཞིའི་བྱིན་རླབས་ཞུ་བའི་ཡོན་དུ་མཎྜལ། གང་དྲིན་ཤོ་ལོ་ཀ་གཅིག་གི་མཐར། བདག་ལ་དབང་བསྐུར་དུ་གསོལ། བཏགས་པ་ལན་གསུམ།
མདུན་བསྐྱེད་ཀྱི་གནས་གསུམ་དུ་འབྲུ་གསུམ་གསོལ་བཏབ། དཔྲལ་བའི་ཨོཾ་ལས་འོད་དཀར་པོ་བྱུང་ཁྱེད་རང་གི་སྨིན་མཚམས་ནས་ཞུགས། བུམ་པའི་དབང་ཐོབ། སྐུའི་བྱིན་རླབས་ཞུགས་པའི་མོས་པ་མཛོད། །སྔགས་བཅས་པའི་ཌཱ་དྲིལ་བྱ།
དེ་བཞིན་དུ་མགྲིན་པའི་ཨཱཿལས་འོད་དམར་པོ་བྱུང་། ཁྱེད་རང་གི་མགྲིན་པར་ཐིམ་པས་གསང་དབང་དང་། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོ་བྱུང་། སློབ་མའི་སྙིང་གར་ཐིམ་པས་ཤེར་དབང་དང་།
མདུན་བསྐྱེད་ཀྱི་གནས་གསུམ་གྱི་ཡིག་འབྲུ་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་བྱུང་། སློབ་མའི་གནས་གསུམ་དུ་ཐིམ་པས་དབང་བཞི་པ་ཐོབ་པ་སོགས་རིགས་འགྲེ། རེ་རེ་ལ་སྔགས་དང་བཅས་པའི་ཌཱ་དྲིལ་རེ་བྱ། མཐར་སློབ་མ།
ལུས་གནད་བཅས། མིག་མདུན་གྱི་བར་སྣང་སྟོང་པ་ལ་ཧ་རེ་གཏད་དུ་བཅུག །སློབ་དཔོན་མཁའ་འགྲོ་མ་སུ་ཁར་གསལ་བའི་ཕྱག་གཡོན་ཁུ་ཚུར་ལ་འཛུབ་མོ་ནམ་མཁར་བསྒྲེང་བ་སྐྱེ་མེད་མཚོན་པའི་ཕྱག་རྒྱ་ཆེད་དུ་འཕྱར་ཙམ་མཛད་དེ།
ནམ་མཁའ་རིག་མེད་སྟོང་པ་ལ། །རིག་བཅས་སེམས་ཀྱི་རྩ་བ་བཅུན། །རྩ་བ་བཅུན་ལ་ལྷུག་པར་ཞོག །ཅེས་ལན་གསུམ་བརྗོད་ལ།
དེའི་དོན་ནམ་མཁའ་དང་ཁྱེད་རང་གི་སེམས་དབྱེར་མེད་དུ་བསྲེས་ནས་བཞག་པའི་ཚེ་ནམ་མཁའ་ལ་སྐྱེ་འཇིགས་མེད་པ་བཞིན་དུ་རང་སེམས་ལ་སྐྱེ་འཇིགས་མེད། ནམ་མཁའ་ལ་མཐའ་དབུས་དང་ངོས་བཟུང་ཅི་ཡང་མེད་པ་བཞིན། རང་སེམས་ཀྱང་དེ་ལྟར་ཤེས་པར་བྱས་ལ་དེ་ཀའི་ངང་དུ་འཛིན་པ་མི་བྱ། བཅས་བཅོས་མི་བྱ་བ་རང་བབས་སུ། །ཅེས་བརྗོད།
རྗེས་གཙོ་བོས་སོགས་དང་ཡིག་བརྒྱས་ནོངས་པ་བཟོད་གསོལ་སོགས་འདྲ། འདི་ལ་ངེས་པར་ཚོགས་འཁོར་གཅིག་མཛད་གསུང་། མཐར་བསྔོ་བ་སྨོན་ལམ་བཀྲིས་ཀྱི་ཕྲེང་བས་མཐའ་རྟེན་པར་བྱའོ།
།ཅེས་པ་འདི་ནི་རྗེ་བཙུན་བླ་མ་རྣམས་ཀྱི་བྲན་དུ་གྱུར་པའི་དགེ་སློང་འདུལ་བ་འཛིན་པ་ངག་དབང་ཆོས་གྲགས་ཀྱིས། །ཚར་ཆེན་ཆོས་ཀྱི་རྒྱལ་པོ་ཡབ་སྲས་ཀྱི་གསུང་གི་ཟིན་ཐོ་ལ་བརྟེན་ནས་ལས་དང་པོ་པ་རྣམས་ལ་ཕན་པའི་ཕྱིར་དུ་ལྕགས་ཕོ་འབྲུག་ལོ་ཟླ་བ་བརྒྱད་པའི་ཡར་ཚེས་བརྒྱད་ཀྱི་ཉིན་མདར་གྲང་ཆེན་ཆོས་འཁོར་ཡངས་རྩེའི་བླ་བྲང་གི་དབང་ཁང་གསང་ཆེན་ཆོས་ཀྱི་སྒྲ་དབྱངས་རྒྱུན་མི་ཆད་པར་སྒྲོག་པའི་གནས་སུ་སྦྱར་བ་དགེ་ལེགས་འཕེལ། །མངྒལཾ།