Mtshan don brgya rtsa'i bstod pa

From Shangpa Resource Center
Revision as of 17:40, 30 July 2025 by Sengue (talk | contribs)








Resource ID BB207
Title mtshan don brgya rtsa'i bstod pa
Topics Chadrupa
Sub-Topics Various
Author Shavaripa
Notes A different version of this text can be found in dpal 'khor lo sdom pa dang nag po chen po sgrub pa'i las rim gsal bar byed pa'i sgron me

TO INPUT
ཡེ་ཤེས་མགོན་པོ་ཕྱག་དྲུག་པའི་མཚན་དོན་བརྒྱ་རྩའི་བསྟོད་པ་དང་མཁའ་འགྲོ་འབུམ་བསྐུལ་བཞུགས་སོ།

།ཧཱུྃ་ཤར་ལྷོ་ཙན་དྷན་དུར་ཁྲོད་ཆེན་པོ་ནས། །མ་མོ་རབ་འབར་གཅེར་བུའི་དཀྱིལ་འཁོར་ནས། །ཕྱོགས་བཅུ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་ཀྱི་སྤྲུལ་པ་མ་ཧཱ་ཀ་ལ་ནི། །སྐུ་མདོག་འཐིང་ནག་ཞལ་གཅིག་ཕྱག་དྲུག་པ། །སྟོབས་ཆེན་རབ་འབར་འགྱིང་བའི་ཆ་བྱད་ལ། །ཁྲོ་གཉེར་རབ་འཇིགས་འཐིང་ནག་བརྗིད་པའི་སྐུ། །དམར་ལ་ཟླུམ་པའི་སྤྱན་གསུམ་མེ་འོད་འཕྲོའ། །ཤང་ནས་རླུང་ཕྱུངས་འཇིག་རྟེན་གཡོའ་བར་བྱེད། །རབ་ཏུ་འཇིགས་པའི་ལྗག་ལས་ཧཱུྃ་སྒྲ་འབྱིན། །རྡོ་རྗེ་འབར་བའི་ཚེམ་བསྒྲད་མཆེའ་བ་གཙིག །བར་ནས་རྡོ་རྗེ་ཁྲག་གིས་སེར་ཆེན་འབེབ། །སྨིན་མ་ཨག་ཙོམ་སྐལ་པའི་མེ་ལྟར་འབར། །དྲག་པོའི་དབུའ་སྐྲ་དམར་སེར་གྱེན་དུ་འཁྱིལ། །ཐོད་པ་ལྔས་བརྒྱན་མི་བསྐྱོད་དབུའ་ལ་བཞུགས། །སྒེགས་པའི་ཉམས་ལྡན་དར་གྱི་ཅོད་པན་མཛེས། །མགུར་གྱི་བུམ་པའི་གསངས་བའི་ཤུགས་གླུ་ལེན། །རྡོ་རྗེ་དྲག་པོ་གླུ་སྒྲ་དི་རི་རི། །རོ་སྟོད་སེང་གྷེ་ལྟ་བུར་འགྱིང་བ་ནི། །དཔའ་གཏུམ་ཆེ་བའི་གྱད་ལས་རབ་ཏུ་འཕགས། །ཐུགས་ཀྱི་དཔལ་བེའུ་གཡུང་དྲུང་འཁྱིལ་པ་ལས། །ཕྱི་ནང་གསངས་བ་ཆོས་ཀྱི་ཆར་ཆེན་འབེབ། །ཐུགས་རྗེས་ཉི་འོད་སེམས་ཅན་ཡོང་ལ་གསལ། །གསུས་པ་ཀ་མ་རུ་པའི་སྙིང་པོ་ལྟར། །འཁྱིལ་ཞིང་བརྗིད་པས་ཁམས་གསུམ་ཡངས་པར་ཤོང༌། །ལྟེ་བ་ཟབས་ཅིང་གཡས་སུ་འཁྱིལ་པ་སྟེ། །ཨུད་དཔལ་སྔོན་པོའི་དྲི་བསུངས་ངད་དང་ལྡན། །ལྷ་དམག་འབུམ་གྱི་རྫོང་ཡང་དེ་ན་འཆ། །རྐེད་པ་གཞུའི་ཆང་ཟུང་ལྟར་འདྲིལ་ཞིང༌། །གཞན་གྱིས་མི་ཐུབ་ཤ་རྒྱས་སྲ་མཁྲེག་ཅན། །བརླའ་གཉིས་རབ་བརྟན་གླང་ཆེན་བཟུར་འགྲོས་འདྲ། །ཁྱད་པར་འཕགས་པའི་དབང་ཕྱུགས་སྟོབས་པོ་ཆེ། །གསང་བའི་སྦུ་གུ་མ་ཉམས་སྦུབས་སུ་ནུབ། །ཅུང་ཟད་མཐོའ་བས་འཁོར་བའི་ཁྲི་མུན་སེལ། །རི་དག་རྒྱལ་པོ་ལྟ་བུའི་བྱིན་པ་ནི། །བ་སྤུ་དང་བཅས་དྲང་སྲོང་ཀུན་ན་མོ། །ཞབས་ཀྱི་སེན་མོ་སྦ་དང་སྙུག་མ་འདྲ། །དྲང་ཞིང་མཉེན་ལ་འདྲིལ་བའི་ལྷུན་དང་བཅས། །ཕྱག་གི་སེན་མོ་ཀམ་ཀའི་བྱ་མཆུ་འདྲ། །དམར་ཞིང་བསྙུང་ལ་འདྲིལ་བས་དགྲ་བགེགས་སྒྲོལ། །བ་སྤུ་སེང་གྷེའི་སྤུ་ལྟར་འཁྲངས་པ་ལས། །རྩེ་མོ་གཅིག་ཏུ་འཁྱིལ་ཞིང་གྱེན་དུ་སྐྱེས། །ཐལ་བས་ལུས་བྱུག་ཁྲག་གིས་ཐིག་ལེས་བརྒྱན། །ཕ་རོལ་ཕྱིན་དྲུག་རྫོགས་ཕྱིར་ཕྱག་རྒྱ་དྲུག །འཁོར་བའི་ཉེས་པ་བཅོམ་བས་མགོའ་འཕྲེང་འཕྱང༌། །ཀླུ་རྣམས་དབང་སྡུད་གདུག་པ་སྦྲུལ་གྱིས་བརྒྱན། །རྣམ་རྟོག་སྤངས་པས་རོའི་གདན་ལ་བཞུགས། །བདུད་བཞི་བསྲེགས་བྱེད་མེ་རིའིི་འོད་ཀྱིས་བསྐོར། །ཁམ་གསུམ་གཡུལ་ལས་རྒྱལ་བའི་དཔའ་རྟགས་སུ། །སྟག་གིས་ལྤག་པས་སྐུའི་སྨད་ཕྱེད་བསྐྲིས། །ཁྱོད་ཀྱི་སྤྲུལ་པས་ནམ་མཁའི་མཐ་ཁྱབ་པས། །དཀར་པོ་ལྷའི་རྒྱལ་སྲིད་སྐྱོང་བར་བྱེད། །གྲི་གུག་རབ་ཏུ་འབར་བས་སྲོགས་རྩ་གཅོད། །ཐོད་རློན་རབ་ཏུ་འབར་བས་སྙིང་ཁྲག་འཐུང༌། །ཐོད་འཕྲེན་འབར་བས་འབྱུང་པོའི་སྙིང་ནས་འདྲེན། །རྩེ་གསུམ་མྱུལ་བས་ལྷ་མིན་གཡུལ་ལས་རྒྱལ། །རྔེལ་ཆུང་སྒྲ་སྒྲོགས་མཁའ་འགྲོ་ལས་ལ་འདུ། །ཞག་པས་ཐིལ་རང་འགོ་པོའི་སྐེ་ནས་འདོག །བ་ཡུ་ཏ་ཡི་ལྕགས་སུ་བཅུག་ནས་ཀྱང༌། །ཞབས་ཀྱི་འག་ཏུ་བཅུག་ནས་འགུལ་མི་ནུས། །ཐུགས་ཀྱི་སྤྲུལ་པས་ཙན་དྷན་བིང་ཆེན་བསྣམ། །བདུད་འདུལ་ཙན་དྷན་བིང་ཆེན་ནང་ཤེད་ནས། །སྤྲུལ་པའི་དམག་ཚོགས་མང་པོ་འབྱུང་བ་ནི། །བརྒྱའ་ཁྲི་བཞིའ་སྟོངས་སེར་པོ་གསེར་ཁྲབ་ཅན། །བ་དན་ནག་པོ་གདན་ལྟར་གཏིབ་པ་ཐོག །ཉི་ཁྲི་གཅིག་སྟོང་དཀར་པོ་དུང་ཁྲབ་ཅན། །བ་དན་སྔོན་པོ་རླུང་ལྟར་འཕྱོ་བ་ཐོག །སུམ་སྟོང་བདུན་བརྒྱའ་དམར་པོ་ཟངས་ཁྲབ་ཅན། །བ་དན་ཀར་པོ་ཤེལ་ལྟར་འཚེར་བ་ཐོག །སུམ་བརྒྱའ་དྲུག་བཅུ་སྨུག་པོ་བསེའ་ཁྲབ་ཅན། །བ་དན་དམར་པོ་མེ་ལྟར་འབར་བ་ཐོག །ལྕེ་སྤྱངས་སྔོན་པོ་འབུམ་ནི་མདུན་དུ་རྒྱུག །གསེར་གྱི་སེང་གྷེ་འབུམ་ནི་ཟུར་ན་འགྱིང༌། །གླང་ཆེན་བསྙོན་པ་འབུམ་ནི་ཕྱི་ན་འཁྲོལ། །ལྕག་ཀྱི་བྱ་ཁྲ་འབུམ་ནི་གླད་ལ་ལྡིང༌། །བསེའི་བྱ་ཀླག་འབུམ་ནི་མཆུ་སྡེར་བདར། །དུང་གི་སྐྱེས་བུ་འབུམ་ནི་མདའ་གཞུའ་འགིང་། །བྱི་རུའི་ན་ཆུང་འབུམ་ནི་གཡབ་མོ་རྡེབས། །ལྕག་ཀྱི་མོན་པ་འབུམ་ནི་ཐོ་བ་ཕྱར། །ཁྲོ་ཆུའི་ཁྲོ་མོ་འབུམ་ནི་རལ་གྲི་ཕྱར། །ལྕག་ཀྱི་ཕག་རྒོད་འབུམ་ནི་ངུར་སྒྲ་སྒྲོགས། །རྡོ་རྗེའི་བྱི་བ་འབུམ་ནིས་ས་གཞི་ཀློག །ཤ་ཟ་བྱ་རོག་མང་པོ་འུག་པའི་ཚོགས། །གཅན་ཟན་མཆེའ་བ་ཅན་གྱི་ཚོགས་ཀྱིས་བསྐོར། །ལྷ་ཀླུ་ལ་སོགས་སྡེ་བརྒྱད་བྲན་དུ་འཁོལ། །དེ་ལྟར་འཚོགས་པའི་དམག་ཚོགས་ཐམས་ཅད་ཀྱང༌། །ལས་ལས་མི་ཟད་མཚོན་ཆ་འཁོར་ལོ་འཕེན། །ལ་ལས་རྩེ་གསུམ་མདའ་དང་ཐོག་མདུང་འཕེན། །ལ་ལས་དགྲའ་སྟ་རལ་གྲི་གཏུན་ཤིང་འཕེན། །ལ་ལས་གྲི་གུག་མེ་དང་རི་རབ་འཕེན། །སྟོབས་ཀྱང་ཆེ་ཞིང་དཔུང་ཡང་རབ་ཏུ་ཆེ། །སྟོབས་ཆེན་གཞན་གྱིས་ཐུབ་པར་ཤིན་ཏུ་དཀའ། །དཔལ་ལྡན་མགོན་པོ་ནག་པོའི་ལྷ་ཚོགས་ཁྱེད། །དཀོན་མཆོག་གཙུག་ལག་ཁང་ནི་བསྲུངས་སླད་དུ། །དུས་ངན་གདུལ་དཀའི་སེམས་ཅན་འདུལ་བར་མཛོད། །བདག་གིས་ཕྱག་འཚལ་མཆོད་པ་རབ་ཏུ་འབུལ། །བདག་གིས་ཡུན་དུ་ནག་པོ་ཁྱོད་བརྟེན་ན། །ཐུགས་རྗེས་ཟུང་ལ་བརྩེའ་བའི་ཞིང་དུ་དགོང་། །རྣལ་འབྱོར་དབང་ཕྱུགས་ཕུ་ནས་བསྐུལ་འདེབས་ན། །ཆོས་སྐྱོངས་མདའ་ན་བཞུགས་ཀྱང་སྙན་མ་སྲ། །རྣལ་འབྱོར་དབང་ཕྱུགས་མདའ་ནས་གཡབ་འདོར་ན། །ཆོས་སྐྱོངས་ཕུ་ན་བཞུགས་ཀྱང་སྤྱན་མ་རྟུལ། །བདག་གིས་རེ་འདོད་བཅོལ་པའི་འཕྲིན་ལས་རྣམས། །ནག་པོ་ལྷ་མཆོག་ཁྱོད་ཀྱིས་གྲུབ་པར་མཛོད།
དཔལ་མགོན་པོའི་མཚན་དོན་བརྒྱའ་རྩ་བརྒྱད་ཀྱི་བསྟོད་པ་ཞེས་བྱ་བ། སློབ་དཔོན་ཤ་བ་རི་པས་མཛད་པ་རྫོགས་སོ།