Sgyu lus 'dzin pa rang grol

From Shangpa Resource Center
Revision as of 15:42, 28 August 2025 by Sengue (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)








Resource ID SCv8p617
Title sgyu lus 'dzin pa rang grol
Topics Illusory body
Sub-Topics Instructions
Author Sangyé Tönpa, Sangyé Nyentön
Link W23922
W23922
W2PD20238 (p.512)
W3CN766
O3CN1735 (p.479)
W8LS37032 (p.223)
W3CN18508 (v2p.556)
W8LS32723
W22103 (p.285, alt. version)
W8LS36545 (p.341 alt. version)
Notes Author is Sangyé Nyentön in W3PD988

༄༅། །སྒྱུ་ལུས་འཛིན་པ་རང་གྲོལ་བཞུགས་སོ།།

ན་མོ་གུ་རུ།
ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མ་སྒྱུ་མ་ལ་གསུམ་དུ་འདོད།
ངོ་བོ། བློ་གྲོས་རབ་བརྟན་གྱིས་གསོལ་པ། བཅོམ་ལྡན་འདས་སྒྱུ་མའི་ངོ་བོ་གང་ལགས། མཚན་ཉིད་གང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་རབ་བརྟན་གང་དེ་ལ། སྒྱུ་མའི་ངོ་བོ་ལ་ངོ་བོའི་མཚན་གཞི་མ་གྲུབ་པ་ནི། སྒྱུ་མའི་ངོ་བོ་སྒྱུ་མའི་ངོ་བོ་ལ་ངོ་བོའི་རང་བཞིན་མ་གྲུབ་པ་ནི་སྒྱུ་མའི་ངོ་བོ། སྒྱུ་མའི་ངོ་བོ་ལ་ངོ་བོའི་མཚན་ཉིད་མ་གྲུབ་པ་ནི་སྒྱུ་མའི་ངོ་བོ། ཞེས་བློ་གྲོས་རབ་བརྟན་གྱི་མདོ་ལས་གསུང་སོ།
རང་བཞིན། བློ་གྲོས་རབ་བརྟན་གང་དེ་ལ་སྒྱུ་མའི་རང་བཞིན་ལ་རང་བཞིན་གྱི་མཚན་གཞི་མ་གྲུབ་པ་ནི་སྒྱུ་མའི་རང་བཞིན་ནོ། སྒྱུ་མའི་རང་བཞིན་ལ་རང་བཞིན་གྱི་ངོ་བོ་མགྲུབ་པ་ནི་སྒྱུ་མའི་རང་བཞིན་ནོ། །སྒྱུ་མའི་རང་བཞིན་ལ་རང་བཞིན་གྱི་མཚན་གཞི་མ་གྲུབ་པ་ནི་སྒྱུ་མའི་རང་བཞིན་ནོ།
མཚན་ཉིད་དོ། དང་པོ་ངོ་བོ་བརྗོད་བྲལ་བློ་འདས་སོ། གཉིས་པ་རང་བཞིན་བདེན་མེད་མཐའ་བྲལ་ལོ། གསུམ་པ་མཚན་ཉིད་ཆགས་སྡང་རང་གྲོལ་ལོ། སྒྱུ་མའི་མཚན་ཉིད་ལ་མཚན་ཉིད་ཀྱི་མཚན་གཞི་མ་གྲུབ་པ་ནི་སྒྱུ་མའི་མཚན་ཉིད་དོ། སྒྱུ་མའི་མཚན་ཉིད་ལ་མཚན་ཉིད་ཀྱི་མཚན་ཉིད་མ་གྲུབ་པ་ནི་སྒྱུ་མའི་མཚན་ཉིད་དོ། སྒྱུ་མའི་མཚན་ཉིད་ལ་མཚན་ཉིད་ཀྱི་རང་བཞིན་མ་གྲུབ་པ་ནི་སྒྱུ་མའི་རང་བཞིན་གྱི་མཚན་ཉིད་དོ། མདོར་ན་ཆོས་ཐམས་ཅད་ཀྱི་ངོ་བོ་མ་གྲུབ་པ་ནི་སྒྱུ་མའི་ངོ་བོ། ཆོས་ཐམས་ཅད་ཀྱི་རང་བཞིན་ལ་རང་བཞིན་མ་གྲུབ་པ་ནི་སྒྱུ་མའི་རང་བཞིན་ནོ། ཆོས་ཐམས་ཅད་ཀྱི་མཚན་ཉིད་ལ་མཚན་དུ་མ་གྲུབ་པ་ནི་སྒྱུ་མའི་མཚན་ཉིད་དོ།

བླ་མ་ཤངས་པ་ཆེན་པོ་དྲུག་ཏུ་འདོད་དོ། རང་བཞིན་གནས་པའི་སྒྱུ་མ། གོ་བའི་སྒྱུ་མ་དང་། བརྟགས་ཤིང་དཔྱད་པའི་སྒྱུ་མ་དང་། ཉམས་ཀྱི་སྒྱུ་མ། སྒྱུ་མ་རང་ཤར། རྟོགས་པའི་སྒྱུ་མའོ།
དེའང་ཡེ་ཤེས་རྒྱ་མཚོའི་རྒྱུད་ལས། གདོད་ནས་ཆོས་རྣམས་མ་གྲུབ་པ། །རང་བཞིན་གནས་པའི་སྒྱུ་མ་དེ། །གོ་དང་བརྟག་དཔྱད་ཉམས་དང་ནི། །རང་ཤར་རྟོགས་པའི་སྒྱུ་མ་འོ། ཞེས་གསུངས་པས།
དང་པོ་ནི་གཞི་གདོད་མ་ནས་ཡེ་ནས་ཆོས་ཐམས་ཅད་ངོ་བོ་འམ། རང་བཞིན་གང་དུ་འང་མ་གྲུབ་པར་གནས་པ་ནི། རང་བཞིན་གནས་པའི་སྒྱུ་མའོ།
གཉིས་པ་ནི་ཆོས་ཐམས་ཅད་བདེན་མེད་དུ་སྟོན་པའི་མདོ་རྒྱུད་དམ། བླ་མའི་གསུང་ཐོས་པའམ། སྣང་བ་འགྱུར་བསྟེ་ཐོས་པ་ལ་བརྟེན་ནས། མི་བདེན་པ་དོན་སྤྱིའི་རྣམ་པ་རྩམ་གཅིག་གོ་བཞི་གོ་བའི་སྒྱུ་མའོ།
གསུམ་པ་ནི། རིག་པས་ས་བོན་མྱུ་གུ་འབྲས་བུ་དང་མི་རྟག་པ་ཕྲ་རགས་ལ་སོགས་པ་འདུས་བྱས་ཀྱི་ཆོས་ཐམས་ཅད་མི་བདེན་པ་སྐད་གཅིག་མར་བརྟགས་ཤིང་དཔྱད་པས་སྣང་བའི་བདེན་འཛིན་ཨེན་ཙམ་ཞིག་པ་དེ་ནི་བརྟགས་ཤིང་དཔྱད་པའི་སྒྱུ་མའོ།
བཞི་པ་ནི་གདམས་ངག་ཉམས་སུ་བླངས་པའི་སྟོབས་ཀྱིས་སྣང་བ་ལ་བདེན་འཛིན་རགས་ག་མར་ཞེན་པ་དེ་ཞིག་ནས་སྣང་བ་ཐམས་ཅད་བདེན་མེད་དུ་བུན་གྱིས་སོང་བ་ནི་ཉམས་ཀྱི་སྒྱུ་མའོ།
ལྔ་པ་ནི་སྣང་བ་དང་སྟོང་པ་གང་ཡང་རང་བཞིན་མ་གྲུབ་པ་མཐའ་བྲལ་དབྱེར་མེད་རང་ཤར་ཤས་ཆེར་འབྱུང་བ་ནི་སྒྱུ་མ་རང་ཤར་རོ།
དྲུག་པ་ནི། སྣང་སྟོང་དབྱེར་མེད་མཐའ་བྲལ་རང་ཤར་བརྗོད་བྲལ་བློ་འདས་རྒྱུན་ཆད་མེད་པར་འབྱུང་བ་ནི་རྟོགས་པའི་སྒྱུ་མ་མཐའ་བྲལ་ལོ།
རྗེ་བཙུན་རད་ན་བི་རྻ་ནི་བཞིར་འདོད། དེ་འང་ལས་ཀྱིས་སྤྲུལ་པའི་སྒྱུ་མ། རྐྱེན་གྱིས་སྤྲུལ་པའི་སྒྱུ་མ། ཆོས་ཀྱིས་སྤྲུལ་པའི་སྒྱུ་མ། ཡེ་ཤེས་ཀྱིས་སྤྲུལ་པའི་སྒྱུ་མའོ།
།དེ་ལྟར་ཡང་སྒྱུ་མ་མཁན་བཟང་པོས་ཞུས་པ་ལས། ལས་ཀྱིས་སྤྲུལ་པའི་སྒྱུ་མ་ནི། །འགྲོ་དྲུག་སེམས་ཅན་ཐམས་ཅད་དོ། །རྐྱེན་གྱིས་སྤྲུལ་པའི་སྒྱུ་མ་ནི། །མེ་ལོང་གཟུགས་བརྙན་ལ་སོགས་སོ།
།ཆོས་ཀྱིས་སྤྲུལ་པའི་སྒྱུ་མ་ནི། །ང་ཡི་འཁོར་གྱི་དགེ་སློང་ངོ་། །ང་ནི་ཡང་དག་རྫོགས་སངས་རྒྱས། །ཡེ་ཤེས་སྤྲུལ་པའི་སྒྱུ་མའོ། ཞེས་བྱའོ།
དང་པོ་ལས་དཀར་ནག་འདྲེས་མ་གསུམ་སྤྱད་པས་འགྲོ་བ་རིགས་དྲུག་ལ་སོ་སོའི་སྣང་བཤར་བདེ་ནི་ལས་ཀྱི་སྒྱུ་མའོ།
གཉིས་པ་ནི། ནམ་ཟླ་དུས་བཞིའི་མེ་ལོང་གཟུགས་བརྙན་ནམ། རས་སྣ་ཚོགས་སྟེང་དུ་ཤེལ་གོང་བཞག་པས་སྣ་ཚོགས་སུ་སྣང་བ་འདི་རྐྱེན་གྱི་སྒྱུ་མའོ།
གསུམ་པ་ནི། ཆོས་ཉན་པར་འདུས་པ་ཐམས་ཅད་དགེ་སློང་གི་དགེ་འདུན་གྱིས་ཆོས་ཀྱིས་སྤྲུལ་པའི་སྒྱུ་མར་འདོད་པའོ།
བཞི་པ་ནི། ཡང་དག་པར་རྫོ་གས་པའི་སངས་རྒྱས་ནི་ཡེ་ཤེས་ཀྱིས་སྤྲུལ་པའི་སྒྱུ་མའོ།
བླ་མ་སྐྱེར་སྒང་པས་ནི་གསུམ་དུ་འདོད་དེ། སེམས་ཅན་ལས་དང་ཉོན་མོངས་པའི་སྒྱུ་མ། རྣལ་འབྱོར་པ་ལ་ཉམས་སྣང་སྣ་ཚོགས་ཀྱི་སྨྱུ་མ། དེ་བཞིན་གཤེགས་པ་ལ་ཕྲིན་ལས་དག་པའི་སྨྱ་མའོ།
དེའང་གཉིས་མེད་རྣམ་རྒྱལ་ལས། སྣ་ཚོགས་སྒྱུ་མའི་ཆོ་འཕྲུལ་གྱིས། །རང་བྱུང་དག་པར་འཆར་བ་ནི། །རྣལ་འབྱོར་རྣམས་ལ་དངོས་གྲུབ་ཀྱི། །འབྲས་བུ་ཉམས་སྣང་སྣ་ཚོགས་པའོ། །ཁམས་གསུམ་སེམས་ཅན་ཐམས་ཅད་ལ། །ལས་དང་ཉོན་མོངས་དུ་ཁ་འབྱུང་། །དེ་བཞིན་གཤེགས་པ་ཐམས་ཅད་ལ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི། །གསང་བ་བསམ་གྱིས་མི་ཁྱབ་པ། །ཕྲིན་ལས་དག་པའི་སྟོབས་སུ་འཆར། །ཞེས་གསུངས་པས།
དང་པོ་ནི། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཉོན་མོངས་པའི་འཆིང་བ་མཐའ་དག་དང་བཅས་པས། དུ་ཁ་ལས་དང་། སོ་སོར་སྣང་བའི་སྒྱུ་མའོ།
༼གཉིས་པ་ནི།༽ རྣལ་འབྱོར་པ་ལམ་ཉམས་སུ་ལེན་པའི་དུས་ན་ཉམས་སྣང་སྣ་ཚོགས་འགག་མེད་དུ་འཆར་བའི་སྒྱུ་མའོ།
༼གསུམ་པ་ནི།༽ དེ་བཞིན་གཤེགས་པ་ཐམས་ཅད་ལ་སྐུ་གསུང་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པའི་ཕྲིན་ལས་དག་པ་ལྷུན་གྲུབ་རང་ཤར་གྱི་སྒྱུ་མའོ།
དེ་འང་སྒྱུ་ལུས་ལ་གཉིས་ཏེ། མ་དག་པའི་སྒྱུ་ལུས་དང་། དག་པའི་སྒྱུ་ལུས་སོ།
དང་པོ་མ་དག་པའི་སྒྱུ་ལུས་གསུམ་ནི། ཉིན་པར་རྣམ་སྨིན་གྱི་སྒྱུ་ལུས་གདམས་པས་མ་ཟིན་པས་ཆགས་སྡང་རྨོངས་གསུམ་འབའ་ཞིག་གི་དབང་དུ་སོང་སྟེ། ཉིན་པར་མ་དག་པའི་འཁོར་མ་དང་། རྨི་ལམ་བག་ཆགས་ཀྱི་ལུས་གདམས་པས་མ་ཟིན་པས་རྨི་ལམ་མ་དག་པ་དང་། བར་དོ་ཡིད་ལུས་གདམས་པས་མ་ཟིན་པས་བར་དོ་མ་དག་པའི་འཁོར་མར་སོགས་པའོ།
གཉིས་པ་དག་པའི་སྒྱུ་ལུས་གསུམ་མམ་སྐུ་གསུམ་ནི། དབང་པོའི་བྱེ་བྲག་གིས་༼རབ་རྣམ་སྨིན་གྱི་ལུས་ལ་སངས་རྒྱས།༽རྣམ་སྨིན་གྱི་ལུས་ལ་ལྷའི་སྐུ་སྒྱུ་མ་ལྟ་བུར་སྒོམས་པས། ༼འབྲིང་རྨི་ལམ།༽རྨི་ལམ་དུ་རང་ཤར་དུ་འབྱུང་། དེ་བྱུང་པ་དང་ཐ་མ་བར་དོ་རང་གྲོལ་དུ་སོང་པ་ནི་དག་པའི་སྒྱུ་ལུས་གསུམ་མོ།
དེའང་༼ཐམ་བར་དོ།༽ལུས་གསུམ་གྱི་གནས། ༼འབྲིང་།༽ ལུགས་ལྷ་སྐུ་སྣང་ལ་རང་བཞིན་མེད་པ་སྒྱུ་མ་ལྟ་བུ་དེ་ལ་གསུམ། ངོ་བོ། རང་བཞིན། མཚན་ཉིད་དོ།
དང་པོ་ངོ་བོ་བརྗོད་བྲལ་བློ་འདས།
གཉིས་པ་རང་བཞིན་དབྱེར་མེད་དམ་མཐའ་བྲལ་
གསུམ་པ་མ་འདྲེས་མཚན་ཉིད་ཡོངས་སུ་རྫོགས་པ་ཡིན་ཏེ།
ཡེ་ཤེས་རྒྱ་མཚོའི་རྒྱུད་ལས། ལྷ་སྐུ་སྣང་སྟོང་སྒྱུ་མ་ཡི། །ངོ་བོ་བརྗོད་བྲལ་བློ་ལས་འདས། །རང་བཞིན་དབྱེར་མེད་མཐའ་དང་བྲལ། །མཚན་ཉིད་མ་འདྲེས་ཡོངས་སུ་རྫོགས། །དེ་ལྟར་ཆོས་རྣམས་ཐམས་ཅད་ཀུན། །མཁས་པས་ཡོངས་སུ་ཤེས་པར་བྱ། ཞེས་བྱའོ།
དེ་ལ་དང་པོ་ལྷ་སྐུའི་ངོ་བོ་བརྗོད་བྲལ་བློ་འདས་ཡིན་ཏེ། མཐའ་དབུས་དང་། དབྱིབས་དང་། ཁ་དོག་གང་དུ་འང་མ་གྲུབ་ཅིང་བརྗོད་བྱ་དང་བརྗོད་བྱེད་ཀྱི་བློ་ཡུལ་ཐམས་ཅད་ལས་འདས་པའོ།
གཉིས་པ་ལྷ་སྐུ་དེའི་རང་བཞིན་དབྱེར་མེད་མཐའ་བྲལ་ཡིན་ཏེ། ལྷ་སྐུའི་སྣང་བ་དེ་ཡང་རང་བཞིན་མེད་པས་སྟོང་པ། སྟོང་པ་དེ་ལ་རང་བཞིན་མེད་པས་སྣང་བ། སྣང་བ་ལས་ཀྱང་སྟོང་པ་གཞན་མ་ཡིན། སྟོང་པ་ལས་ཀྱང་སྣང་བ་གཞན་མ་ཡིན་པས་དབྱེར་མེད་མཐའ་བྲལ་ལོ། ཡང་ན་སྣང་བའི་མཐའ་དང་བྲལ་བས་སྟོང་པ། སྟོང་པའི་མཐའ་དང་བྲལ་བས་སྣང་བ་ཡིན་ནོ། དེ་གཉིས་ཀྱང་དབྱེར་མི་ཕྱེད་པས་མཐའ་དང་བྲལ། མཐའ་དང་བྲལ་བས་དབྱེར་མི་ཕྱེད་དོ།
གསུམ་པ་ལྷ་སྐུ་དེའི་མཚན་ཉིད་མ་འདྲེས་ཡོངས་སུ་རྫོགས་པ་ཡིན་ཏེ། སྐུ་མདོག་དང་། ཕྱག་མཚན་བརྒྱན་དང་ཆ་ལུགས་རྣམ་པ་བཞུགས་ཚུལ་ཐམས་ཅད་མ་འདྲེས་པ་ཡོངས་སུ་རྫོགས་པའོ།
དེ་ཡང་ལྷ་སྐུ་དེ་ལ་སྣང་བའི་གསལ་བའི་ཆ་གཅིག་འདུག་པ་དེ་བསྐྱེད་རིམ། སྟོང་པའམ་འཛིན་མེད་ཀྱི་ཆ་གཅིག་འདུག་པ་དེ་རྫོགས་རིམ། སྣང་བ་ལས་རྫོགས་རིམ་གཞན་མ་ཡིན། སྟོང་པ་ལས་བསྐྱེད་རིམ་གཞན་མ་ཡིན་པས་བསྐྱེད་རྫོགས་དབྱེར་མེད་མཐའ་བྲལ་ལོ།
ཡང་ལྷ་སྐུ་སྐྱེ་བ་མེད་པས་ཆོས་སྐུ། འགག་པ་མེད་པས་ལོངས་སྐུ། གནས་པ་མེད་པས་སྤྲུལ་སྐུ། དེ་གསུམ་དབྱེར་མེད་ཟུང་འཇུག་མཐའ་བྲལ་ཡིན་ཏེ།
གཉིས་མེད་རྣམ་རྒྱལ་ལས། སྐྱེ་བ་མེད་པ་ཆོས་ཀྱི་སྐུ། །འགག་པ་མེད་པ་ལོངས་སྤྱོད་རྫོགས། །གནས་པ་མེད་པ་སྤྲུལ་པའི་སྐུ། །དབྱེར་མེད་ཚུལ་འདི་བསྟན་པའོ། ཞེས་བྱའོ།
དེ་ལྟར་སྐུ་གསུམ་ལུས་ལྷའི་འདུ་ཤེས། ངག་སྔགས། སེམས་ཆོས་ཉིད་གསུམ་པོ་དེ། སྐྱེ་འགག་གནས་གསུམ་དང་བྲལ་བའི་དོན་ཡིན་ཏེ། ལྷ་སྐུ་དེ་སྐྱེ་བ་མེད་པ་ལས་ཐམས་ཅད་སྐྱེས། སྐྱེས་ཙམ་ཉིད་ནས་ཡང་སྐྱེ་བ་མེད་པས། སྐྱེ་མེད་ཀྱི་ཟུང་འཇུག་གོ །ལྷ་སྐུ་དེ་འགག་པ་མེད་པ་ལས་ཐམས་ཅད་འགག །འགག་པ་ལས་འགག་མེད་གཞན་མ་ཡིན། འགག་ཙམ་ཉིད་ནས་འགག་པ་མེད་པས་འགག་མེད་ཀྱི་ཟུང་འཇུག་གོ །སྐྱེ་བ་མེད་པ་ལས་སྐྱེ་བ་གཞན་མ་ཡིན་པས་འགག་པ་མེད་པ་ལས་འགག་པ་གཞན་མ་ཡིན། ལྷ་སྐུ་དེ་གནས་པ་མེད་པ་ལས་ཐམས་ཅད་གནས། གནས་ཙམ་ཉིད་ན་ཡང་གནས་པ་མེད་པས། གནས་པ་མེད་པའི་དབྱེར་མེད་པའི་དབྱེར་མེད་ཟུང་འཇུག་མཐའ་བྲལ་ལོ། དེ་ལྟར་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་དེ་བཞིན་དུ་རྟོགས་པའམ་ཤེས་པས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཁོང་དུ་ཆུད་པའོ། དེ་ལྟར་ཆོས་ཐམས་ཅད་སྐྱེ་འགག་གནས་གསུམ་དང་བྲལ་བས་གང་ལ་ཡང་རང་བཞིན་མ་གྲུབ་སྟེ།
བདེ་མཆོག་ལས། ཨེ་མ་སངས་རྒྱས་ཀུན་གྱི་གསང་། །རྫོགས་པའི་སངས་རྒྱས་སྐྱེ་བ་མེད། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་ཙམ་ཉིད་ན་སྐྱེ་བ་མེད། །ཅེས་པ་ལ་སོགས་པ་གསུངས་པས། ཆོས་ཐམས་ཅད་མ་གྲུབ་པས་རང་བཞིན་མེད་ཅིང་མི་གནས་ཏེ།
རབ་རྩལ་གྱིས་ཞུས་པ་ལས། རབ་རྩལ་གྱིས་རྣམ་པར་གནོན་པ་ཆོས་ཐམས་ཅད་ཡོངས་སུ་མ་གྲུབ་སྟེ་རང་བཞིན་མེད་པའོ། ཆོས་གང་ཡང་མེད་ཅིང་མ་གྲུབ་པས། ཆོས་རྣམས་ནི་གང་དུ་ཡང་མི་གནས་ཏེ། དེ་ཅིའི་ཕྱིར་ཞེས་ན། ཆོས་ཐམས་ཅད་མི་གནས་པ་ཞེས་བྱའོ། ཞེས་བྱའོ།
དེ་བས་ན་ཆོས་ཐམསཅད་རང་བཞིན་མེད་པ་དང་ཡོངས་སུ་མ་གྲུབ་པ་དང་། སྒྱུ་མ་ལ་ལ་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དོ། སྒྱུ་མ་ནི་ཕྱག་རྒྱ་ཆེ་ཆུང་དང་། རྫོགས་པ་ཆེ་ཆུང་དང་། དབུས་དང་། མཐའ་དང་། ཡོད་མེད་ཐམས་ཅད་ལས་འདས་པ་ཡིན་ཏེ།
གཉིས་མེད་རྣམ་རྒྱལ་ལས། སྒྱུ་མ་འདི་ནི་ཡོད་མེད་ལས་འདས་ཤིང་། །དབུ་མ་ཙམ་དུ་འང་མི་གནས་ཀུན་རྫོབ་སྟེ། །ཆོས་རྣམས་ཐམས་ཅད་སྒྱུ་མའི་སྣང་བ་ལས། །འགག་པ་མེད་པའི་རོལ་པར་རང་བྱུང་བའོ། ཞེས་གསུངས་སོ།

དེའང་སེམས་ཅན་ཐམས་ཅད་དང་། སངས་རྒྱས་ཐམས་ཅད་སྒྱུ་མ་རྨི་ལམ། ཕྱི་རོལ་པ་ནས་དབུ་མ་རྫོགས་ཆེན་ཕྱག་རྒྱ་ཆེན་པོ་ལ་སོགས་པ་གྲུབ་མཐའ་ཐམས་ཅད་ཀྱང་སྒྱུ་མ་རྨི་ལམ། དེ་བས་ལྷག་པའི་ཆོས་སམ་གྲུབ་མཐའ་གཅིག་ཡོད་ཀྱང་དེ་ཡང་སྒྱུ་མ་རྨི་ལམ་ཡིན་པས། སྒྱུ་མ་ལས་ལོགས་སུ་གྲུབ་པའི་ཆོས་གང་ཡང་མེད་དོ།
བརྒྱ་བྱིན་གྱི་ལེའུ་ལས། ལྷའི་བུ་དེ་དག་གིས། རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། འཕགས་པ་རབ་འབྱོར། ཅི་སེམས་ཅན་དེ་དག་ཐམས་ཅད་སྒྱུ་མ་ལྟ་བུ་ཡིན་ནམ། རབ་འབྱོར་གྱིས་སྨྲས་པ། ལྷའི་བུ་དག་སེམས་ཅན་ནི་སྒྱུ་མ་ལྟ་བུ། སེམས་ཅན་ནི་རྨི་ལམ་ལྟ་བུ་སྟེ། ལྷའི་བུ་དག་དེ་ལྟར་སྒྱུ་མ་དང་སེམས་ཅན་དེ་དག་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མེད། །དེ་ལྟར་རྨི་ལམ་དང་སེམས་ཅན་དེ་དག་གཉིས་སུ་བྱར་མེད་དོ། ལྷའི་བུ་དག་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུའོ། དེ་ནས་ལྷའི་བུ་དེ་དག་གིས་འཕགས་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། འཕགས་པ་རབ་འབྱོར། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུ་ཞེས་ཟེར་རམ། རབ་འབྱོར་གྱིས་སྨྲས་པ་ལྷའི་བུ་དག །མྱ་ངན་ལས་འདས་པའང་སྒྱུ་མ་ལྟ་བུ། རྨི་ལམ་ལྟ་བུ་ཞེས་སྨྲ་ན། ཆོས་གཞན་ལྟ་ཅི་སྨོས། ལྷའི་བུ་དེ་དག་གིས་སྨྲས་པ། འཕགས་པ་རབ་འབྱོར། མྱ་ངན་ལས་འདས་པ་ཡང་རྨི་ལམ་ལྟ་བུ། སྒྱུ་མ་ལྟ་བུ་ཞེས་ཟེར་རམ། རབ་འབྱོར་གྱིས་སྨྲས་པ། ལྷའི་བུ་དག །ཁོ་བོ་ནི་གལ་ཏེ་མྱ་ངན་ལས་འདས་པ་ལས་ཁྱད་པར་དུ་འཕགས་པའི་ཆོས་གཞན་ཞིག་ཡོད་ཀྱང་། དེ་ཡང་རྨི་ལམ་ལྟ་བུ། སྒྱུ་མ་ལྟ་བུའོ་ཞེས་སྨྲའོ། དེ་ནི་འདི་ལྟར་སྒྱུ་མ་ལྟ་བུ་དང་། རྨི་ལམ་ལྟ་བུ་དང་། མྱ་ངན་ལས་འདས་པ་འདི་དག་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །ཞེས་གསུངས་སོ།
དེས་ན་འཁོར་འདས་ཀྱི་ཆེས་ཐམས་ཅད་རང་བཞིན་མེད་པ་འམ། ངོ་བོ་མ་གྲུབ་པས་ན་སྒྱུ་མ། སྒྱུ་མ་ལས་ལོགས་སུ་གྲུབ་པའི་ཆོས་གང་ཡང་མེད་ཅིང་། གོང་ན་མེད་པས་ཁྱད་འཕགས། གོང་ན་མེད་ཅིང་རྨི་ལམ་སྒྱུ་མའོ། སྒྱུ་མ་ཡོད་མེད་ལས་འདས་ཤིང་། གང་དུ་འཛིན་པ་ཀུན་བྲལ་ཞིང་། ཆོས་རྣམས་རང་བཞིན་མ་གྲུབ་པས། །ཐམས་ཅད་མཁྱེན་པས་སྒྱུ་མར་གསུངས། །སྒྱུ་ལུས་འཛིན་པ་རང་གྲོལ་ཞེས་བྱ་བ་རྫོགས་སོ།། །།
ཆོས་རྗེ་སྟོན་པས་མཛད་པའོ། མངྒ་ལཾ།༽

Alternative version
སྒྱུ་ལུས་འཛིན་པ་རང་གྲོལ།
ན་མོ་གུ་རུ།
ཡེ་ཤེས་མཁའ་འགྲོ་ནི་གུ་མའི་སྒྱུ་མ་ལ་གསུམ་དུ་འདོད་ཏེ། སྒྱུ་མའི་ངོ་བོ་ནི་བརྗོད་བྲལ་བློ་ལས་འདས། རང་བཞིན་མེད་སྣང་། སྣང་མེད། མཚན་ཉིད་བདེན་མེད་ཆགས་སྡང་རང་གྲོལ་ལོ།
།དང་པོ་སྒྱུ་མའི་ངོ་བོ་དེ་བརྗོད་པ་དང་བྲལ་ནས་བློ་ལས་འདས། བློ་ལས་འདས་པས་རྗོད་པ་དང་བྲལ་བ་སྟེ།
ཡེ་ཤེས་མངོན་འབྱུང་གི་རྒྱུད་རྒྱས་པ་ལས། སྒྱུ་མའི་ངོ་བོ་སྨྲ་རྗོད་བྲལ། ཡོད་མེད་མཐའ་དབུས་བློ་ལས་འདས། །ཞེས་སོ།
།གཉིས་པ་རང་བཞིན་མེད་སྣང་། སྣང་བཞིན་མཁས་གྲུབ་པས་སྒྱུ་མའི་རྟ་གླང་ལྟ་བུ་སྟེ།
ཁྱེའུ་རབ་སྣང་གི་མདོ་ལས། མེད་བཞིན་སྣང་ལ་སྣང་བཞིན་མེད། །འདི་ནི་སྒྱུ་མའི་རང་བཞིན་ཏེ། །དཔེར་ན་སྒྱུ་མའི་རྟ་གླང་དང་། །རྨི་ལམ་གྱི་ནི་ཡུལ་བཞིན་ནོ། །ཞེས་དང་།
ཏིང་ངེ་འཛིན་རྒྱལ་པོ་ལས། སྒྱུ་མ་བྱེད་པ་དག་གི་གཟུགས་སྤྲུལ་ཏེ། །རྟ་དང་གླང་པོ་ཤིང་རྟ་སྣ་ཚོགས་བྱས། །ཇི་ལྟར་སྣང་ཡང་གང་ཡང་མེད་པ་བཞིན། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་སོགས་སོ།
།གསུམ་པ་མཚན་ཉིད་ནི། གང་ལའང་བདེན་པར་གྲུབ་པ་མེད་པས་དེ་དང་དེའི་ཆགས་པ་དང་སྡང་བ་ལ་སོགས་པ་རང་སར་གྲོལ་བས་ན་བདེན་མེད་ཆགས་སྡང་རང་གྲོལ་ཏེ།
བུ་མོ་བཞིས་ཞུས་པའི་མདོ་ལས། ཆོས་གང་བདེན་པར་མ་གྲུབ་པས། །ཆགས་དང་སྡང་བ་རང་སར་གྲོལ། །གྲོལ་བྱེད་གཞན་ལ་མ་ལྟོས་ཕྱིར། །ཞེན་མེད་སྒྱུ་མའི་མཚན་ཉིད་དོ། །ཞེས་དང་།
བརྒྱན་དམ་པའི་རྒྱུད་ལས། མཚན་ཉིད་མ་ནོར་ཇི་བཞིན་པས། །སྣང་ཡང་མི་འཛིན་སྟོང་མི་ཞེན། །འདི་ནི་སྒྱུ་མའི་མཚན་ཉིད་དོ། །བྱང་ཆུབ་ཚུལ་འདི་བརྟན་པའོ། །ཞེས་སོ།

།བླ་མ་ཤངས་པ་ཆེན་པོ་དྲུག་དུ་འདོད་དེ། རང་བཞིན་གནས་པའི་སྒྱུ་མ་དང་། །གོ་བའམ་བརྟགས་ཤིང་དཔྱད་པའི། །ཉམས་ཀྱི་སྒྱུ་མ་རང་ཤར་དང་། རྟོག་པའི་སྒྱུ་མའོ།
།དེ་ཡང་ཡེ་ཤེས་རྒྱ་མཚོའི་རྒྱུད་ཕྱི་མ་ལས། གདོད་ནས་ཆོས་རྣམས་མ་གྲུབ་པ། །རང་བཞིན་གནས་པའི་སྒྱུ་མ་སྟེ། །གོ་དང་བརྟག་དཔྱད་ཉམས་དང་ནི། །གང་ཤར་རྟོགས་པའི་སྒྱུ་མ་འོ། །ཞེས་གསུངས་སོ།
།དང་པོ་ནི། གཞི་གདོད་མ་ནས་ཆོས་ཐམས་ཀྱི་ངོ་བོ་རང་བཞིན་གང་དུའང་མ་གྲུབ་པར་གནས་པ་ཉིད་ཡིན་ནོ།
།གཉིས་པ་ནི། ཆོས་ཐམས་ཅད་བདེན་མེད་དུ་སྟོན་པའི་མདོ་རྒྱུད་དམ། བླ་མའི་གསུང་ལ་རྟེན་ནས་སྣང་བ་འགྱུར་བ་མཐོང་བ་ལ་རྟེན་ནས་མི་བདེན་པར་དོན་སྤྱིའི་རྣམ་པ་རྩམ་ཞིག་གོ
།གསུམ་པ་ནི། རིགས་པས་དཔྱད་ན། ས་བོན། མྱུ་གུ། འབྲས་བུ་དང་། མི་རྟག་པ་ཕྲ་རགས་ལ་སོགས་པ་འདུས་བྱས་ཀྱི་ཆོས་ཐམས་ཅད་མི་བདེན་པར་སྐ་ཅིག་མར་བརྟགས་ཤིང་དཔྱད་པས་སྣང་བའི་བདེན་འཛིན་ཨེ་ཙམ་ཤིགས་པའོ།
བཞི་པ་ནི། གདམས་ངག་ཉམས་སུ་བླངས་པའི་སྟོབས་ཀྱིས་སྣང་བ་ལ་བདེན་འཛིན་རང་དགའ་མར་ཞེན་པ་དེ་ཞིག་ནས་སྣང་བ་ཐམས་ཅད་བདེན་མེད་དུ་བུན་གྱིས་སོང་བ་དེ་ཉམས་སུ་བླངས་པའི་སྟོབས་ཀྱིས་སྣང་བ་བདེན་མེད་དུ་སོང་བའོ།
།ལྔ་པ་ནི། སྣང་བ་དང་སྟོང་པ་གང་ལའང་རང་བཞིན་མ་གྲུབ་པས་མཐའ་བྲལ་དབྱེར་མེད་རང་ཤར་ཤས་ཆེར་འབྱུང་བའོ།
།དྲུག་པ་ནི། སྣང་སྟོང་དབྱེར་མེད་མཐའ་བྲལ་རང་ཤར། རྗེད་བྲལ་བློ་འདས་རྒྱུན་འཆད་མེད་པར་འབྱུང་བའོ།
རྗེ་བཙུན་རཏྣ་བི་དྷེ་ནི་བཞིར་འདོད་ཏེ། ལས་ཀྱིས་སྤྲུལ་པའི་སྒྱུ་མ། རྐྱེན་གྱིས་སྤྲུལ་པའི༴ ཆོས་ཀྱིས་སྤྲུལ་པའི༴ ཡེ་ཤེས་ཀྱིས་སྤྲུལ་པའི་སྒྱུ་མའོ།
།དེ་ལྟར་སྒྱུ་མ་མཁན་བཟང་པོས་ཞུས་པའི་མདོ་ལས། ལས་ཀྱིས་སྤྲུལ་པའི་སྒྱུ་མ་ནི། །འགྲོ་དྲུག་སེམས་ཅན་ཐམས་ཅད་དོ། །རྐྱེན་གྱིས་སྤྲུལ་པའི་སྒྱུ་མ་ནི། །མེ་ལོང་གཟུགས་ལགས་པའོ།
།ཆོས་ཀྱིས་སྤྲུལ་པའི་སྒྱུ་མ་ནི། །ང་ཡི་འཁོར་གྱི་དགེ་སློང་ངོ་། །ང་ནི་ཡང་དག་རྫོགས་སངས་རྒྱས། །ཡེ་ཤེས་སྤྲུལ་པའི་སྒྱུ་མའོ། །ཞེས་གསུང་ངོ་།
།དང་པོ་ནི། ལས་དཀར་ནག་འདྲེས་མ་གསུམ་སྤྱད་པས་འགྲོ་བ་རིགས་དྲུག་རྣམས་ལ་ལས་སོ་སོའི་སྣང་བ་ཤར་བ་ནི་ལས་ཀྱི་སྒྱུ་མའོ།
།གཉིས་པ་ནི། ནམ་ཟླ་དུས་བཞི་མེ་ལོང་ནང་གི་གཟུགས་རྙན་ནམ། རས་སྣ་ཚོགས་ཀྱི་སྟེང་དུ་ཤེལ་གོང་བཞག་པས་སྣ་ཚོགས་སུ་སྣང་བའོ།
།གསུམ་པ་ནི། ཆོས་ཉན་པའི་དགེ་སློང་གི་དགེ་འདུན་ནོ།
།བཞི་པ་ སངས་རྒྱས་ཉིད་ཡིན། །ཞེས་གསུང་ངོ་།
།བླ་མ་སྐྱེར་སྒང་པ་གསུམ་དུ་འདོད་ཏེ། སེམས་ཅན་ལ་ལས་དང་ཉོན་མོངས་པའི་སྒྱུ་མ། རྣལ་འབྱོར་པ་ལ་ཉམས་སྣ་ཚོགས་ཀྱི་སྨྱུ་མ། དེ་བཞིན་གཤེགས་པ་ལ་འཕྲིན་ལས་དག་པའི་སྨྱ་མའོ།
།དེ་ཡང་གཉིས་མེད་རྣམ་རྒྱལ་ལས། སྣ་ཚོགས་སྒྱུ་མའི་ཆུལ་གྱིས། །རང་བྱུང་དག་པར་འཆར་བ་ནི། །རྣལ་འབྱོར་རྣམས་ལ་དངོས་གྲུབ་ཀྱིས། །འབྲས་བུ་ཉམས་སྣང་སྣ་ཚོགས་པའོ། །ཁམས་གསུམ་སེམས་ཅན་ཐམས་ཅད་ལ། །ལས་དང་ཉོན་མོངས་སྡུག་བསྔལ་འབྱུང་། །དེ་བཞིན་གཤེགས་པ་ཐམས་ཅད་ལ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས། །གསང་བ་བསམ་གྱིས་མི་ཁྱབ་པ། །ཕྲིན་ལས་དག་པའི་སྟོབས་སུ་འཆར། །ཞེས་གསུང་ངོ།
།དང་པོ་ནི། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཉོན་མོངས་པའི་འཆིང་བ་མཐའ་དག་དང་བཅས་པས་སྡུག་བསྔལ་དང་ལས་སོ་སོའི་སྣང་བས་སྒྱུ་མའོ།
།གཉིས་པ་ནི། རྣལ་འབྱོར་པས་ཉམས་སུ་ལེན་པའི་དུས་སུ་སྣ་ཚོགས་འགག་མེད་དུ་འཆར་བའི་སྒྱུ་མའོ།
།གསུམ་པ་ནི། །དེ་བཞིན་གཤེགས་པ་ཐམས་ཅད་ལ་སྐུ་གསུང་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པའི་ཕྲིན་ལས་དག་པ་ལྷུན་གྲུབ་རང་ཤར་གྱི་སྒྱུ་མའོ།
དེ་ལ་སྒྱུ་ལུས་ལ་གཉིས་ཏེ། མ་དག་པའི་སྒྱུ་ལུས་དང་། དག་པའི་སྒྱུ་ལུས་སོ།
།དང་པོ་ནི། མ་དག་པའི་སྒྱུ་ལུས་གསུམ་ནི། ཉིན་བར་རྣམ་སྨིན་གྱི་ལུས་གདམས་པས་མ་ཟིན་པ་ནི་ཆགས་སྡང་རྨོངས་གསུམ་འབའ་ཞིག་གི་དབང་དུ་སོང་སྟེ། ཉིན་བར་མ་དག་པ་དང། རྨི་ལམ་བག་ཆགས་ཀྱི་ལུས་གདམས་པས་མ་ཟིན་པས་རྨིི་ལམ་མ་དག་པ་དང་། བར་དོ་ཡིད་ཀྱི་ལུས་གདམས་པས་མ་ཟིན་པར་བར་དོ་མ་དག་པའི་ཁོར་མའོ།
།གཉིས་པ་ནི། དག་པའི་ལུས་གསུམ་མམ། སྐུ་གསུམ་སྟེ་དབང་པོའི་བྱེ་བྲག་གིས་རྣམ་སྨིན་གྱི་ལུས་ལ་ལྷའི་སྐུ་སྒྱུ་མ་ལྟ་བུར་སྒོམས་པས་རྨི་ལམ་རང་ཤར་དུ་འབྱུང་། དེ་བྱུང་བ་དང་བར་དོ་རང་གྲོལ་དུ་སོང་བ་ནི་དག་པའི་ལུས་གསུམ་མོ།
།དེ་ཡང་ལུས་གསུམ་གྱི་ལྷ་སྐུ་སྣང་ལ་རང་བཞིན་མ་གྲུབ་པ་སྒྱུ་མ་ལྟ་བུ་དེ་ལ་གསུམ། ངོ་བོ། རང་བཞིན། མཚན་ཉིད་དོ།
།དང་པོ་ནི། རྗོད་བྲལ་བློ་འདས།
གཉིས་པ་ རང་བཞིན་དབྱེར་མེད་མཐའ་བྲལ།
གསུམ་པ་ མཚན་ཉིད་མ་འདྲེས་པ་ཡོངས་སུ་རྫོགས་པ་ཡིན་ཏེ།
ཡེ་ཤེས་རྒྱ་མཚོའི་རྒྱུད་ཕྱི་མ་ལས། ལྷ་སྐུ་སྣང་སྟོང་སྒྱུ་མ་ཡི། །ངོ་བོ་བརྗོད་བྲལ་བློ་ལས་འདས། །རང་བཞིན་དབྱེར་མེད་མཐའ་དང་བྲལ། །མཚན་ཉིད་མ་འདྲེས་ཡོངས་སུ་རྫོགས། །དེ་ལྟར་ཆོས་རྣམས་ཐམས་ཅད་ཀུན། །མཁས་པས་ཡོངས་སུ་ཤེས་པར་བྱ། །ཞེས་གསུངས་སོ།
།དེ་ལ་དང་པོ་ལྷ་སྐུའི་ངོ་བོ་རྗོད་བྲལ་བློ་འདས་ཡིན་ཏེ། མཐའ་དབུས་དང་། དབྱིབས་དང་། ཁ་དོག་དང་། གང་དུའང་མ་གྲུབ་ཅིང་བརྗོད་བྱ་དང་རྗོད་བྱེད། བློའི་ཡུལ་ཐམས་ཅད་ལས་འདས་པའོ།
།གཉིས་པ་ལྷ་སྐུ་དེའི་རང་བཞིན་དབྱེར་མེད་མཐའ་བྲལ་ཡིན་ཏེ། ལྷ་སྐུའི་སྣང་བ་དེ་རང་བཞིན་མེད་པས་སྟོང་སྟེ། སྟོང་པ་དེ་ཡང་རང་བཞིན་མེད་པས་སྣང་བ་མ་ཡིན་པས་དབྱེར་མེད་པས་མཐའ་བྲལ་ལོ། །ཡང་ན་སྣང་བའི་མཐའ་དང་བྲལ་བས་སྟོང་པ། སྟོང་པའི་མཐའ་དང་བྲལ་བས་སྣང་བ་ཡིན་ནོ། །དེ་གཉིས་དབྱེར་མི་ཕྱེད་པས་དབྱེ་བའི་མཐའ་དང་བྲལ་བའོ།
།གསུམ་པ་ལྷ་སྐུའི་མཚན་ཉིད་མ་འདྲེས་པ་ཡོངས་སུ་རྫོགས་པ་ཡིན་ཏེ། སྐུ་མདོག །ཕྱག་མཚན། བརྒྱན། ཆ་ལུགས་རྣམ་པ་བཞུགས་ཚུལ་ཐམས་ཅད་མ་འདྲེས་ལ་ཡོངས་སུ་རྫོགས་པའོ།
།དེ་ཡང་ལྷའི་སྐུ་དེ་སྣང་བའམ་གསལ་བའི་ཆ་གཅིག་འདུག་པ་དེ་སྐྱེད་རིམ། སྟོང་པའམ་འཛིན་མེད་ཀྱི་ཆ་གཅིག་འདུག་པ་དེ་རྫོགས་རིམ། སྣང་བ་ལས་རྫོགས་རིམ་གཞན་མ་ཡིན། སྟོང་པ་ལས་སྐྱེད་རིམ་གཞན་མ་ཡིན། སྐྱེད་རྫོགས་དབྱེར་མེད་མཐའ་བྲལ་ལོ།
།ཡང་ན་ལྷ་སྐུ་དེ་ལ་སྐྱེ་བ་མེད་པ་ཆོས་སྐུ། འགག་པ་མེད་པ་ལོངས་སྐུ། གནས་པ་མེད་པ་སྤྲུལ་སྐུ། དེ་གསུམ་དབྱེར་མེད་པ་ཟུང་འཇུག་མཐའ་བྲལ་ཡིན་ནོ།
།གཉིས་མེད་རྣམ་རྒྱལ་ལས། སྐྱེ་བ་མེད་པ་ཆོས་ཀྱི་སྐུ། །འགག་པ་མེད་པ་ལོངས་སྤྱོད་རྫོགས། །གནས་པ་མེད་པ་སྤྲུལ་པའི་སྐུ། །དབྱེར་མེད་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ།
༢༨༦་༢༨༩ །དེ་ལྟར་སྐུ་གསུམ་མམ། ལུས་ལྷར་འདུ་ཤེས། ངག་སྔགས། སེམས་ཆོས་ཉིད་དང་གསུམ་པོ་དེ་སྐྱེ་འགག་གནས་གསུམ་དང་བྲལ་བ་གཅིག་ཡིན་ཏེ། ལྷ་སྐུ་སྐྱེ་བ་མེད་པ་ལས་ཐམས་ཅད་སྐྱེས། སྐྱེས་ཙམ་ཉིད་ན་སྐྱེ་བ་མེད་པས་སྐྱེ་མེད་ཀྱི་ཟུང་འཇུག་གོ །ལྷ་སྐུ་དེ་འགག་པ་མེད་པས་ཐམས་ཅད་འགགས། འགགས་ཙམ་ཉིད་ན་ཡང་ཐམས་ཅད་འགག་པ་མེད་པས་འགག་མེད་ཀྱི་ཟུང་འཇུག་གོ ལྷ་སྐུ་དེ་གནས་པ་མེད་པས་ཐམས་ཅད་གནས། གནས་ཙམ་ཉིད་ནས་ཐམས་ཅད་གནས་པ་མེད་པས་གནས་པ་མེད་པའི་ཟུང་འཇུག་གོ །དབྱེར་མེད་མཐའ་བྲལ་ལོ། །དེ་ལྟར་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ཁོང་དུ་ཆུད་པའོ། དེ་ལྟར་ཆོས་ཐམས་ཅད་སྐྱེ་འགག་གནས་གསུམ་དང་བྲལ་བས་གང་ལའང་རང་བཞིན་མ་གྲུབ་པ་སྟེ།
བདེ་མཆོག་ལས། ཨེ་མ་སངས་རྒྱས་ཀུན་གྱི་གསང་། །རྫོགས་པའི་སངས་རྒྱས་སྐྱེ་བ་མེད། །སྐྱེ་བ་མེད་པས་ཐམས་ཅད་སྐྱེས། །སྐྱེས་ཙམ་ཉིད་ནས་སྐྱེ་བ་མེད། །ཅེས་པ་ལ་སོགས་པས་ཆོས་ཐམས་ཅད་མ་གྲུབ་ཅིང་རང་བཞིན་མེད་པས་མི་གནས། རབ་གྱི་རྩལ་གྱིས་རྣམ་པར་གནོན་པ་ལ་སོགས་ཆོས་ཐམས་ཅད་ནི་ཡོངས་སུ་མ་གྲུབ་པ་སྟེ། རང་བཞིན་གྱིས་མ་གྲུབ་པའོ། །ཆོས་གང་ཡང་མེད་ཅིང་མ་གྲུབ། ཆོས་རྣམས་ནི་གང་དུ་ཡང་མི་གནས་ཏེ། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་མི་གནས་པ་ཞེས་བྱའོ། ཞེས་གསུངས་སོ།
།དེ་བས་ན་ཆོས་ཐམསཅད་རང་བཞིན་མེད་པ་དང་ཡོངས་སུ་མ་གྲུབ་པ་དང་། སྒྱུ་མ་ལ་གཉིས་སུ་མེད་ཏེ། གཉིས་སུ་བྱར་མེད་དོ། །སྒྱུ་མ་ནི། ཕྱག་རྒྱ་ཆེ་ཆུང་དང་། རྫོགས་པ་ཆེ་ཆུང་དང་། དབུས་མཐའ་དང་། ཡོད་མེད་ལས་འདས་པ་ཡིན་ནོ།
།གཉིས་མེད་རྣམ་རྒྱལ་ལས། སྒྱུ་མ་འདི་ནི་ཡོད་མེད་ལས་འདས་ཤིང་། །དབུ་མ་ཙམ་དུའང་མི་གནས་ཀུན་རྫོབ་སྟེ། །ཆོས་རྣམས་ཐམས་ཅད་སྒྱུ་མའི་སྣང་བ་ཡིན། །འགག་པ་མེད་པའི་རོལ་པར་འབྱུང་བའོ། །ཞེས་གསུངས་སོ། ཨྀཐི།