'chi med kyi zhal gdams mthong grol yid bzhin nor bu

From Shangpa Resource Center







Resource ID SCv10p151
Title 'chi med kyi zhal gdams mthong grol yid bzhin nor bu
Topics Immortality
Sub-Topics Instructions
Link BDRC W23922

༄༅། །འཆི་མེད་ཀྱི་ཞལ་གདམས་མཐོང་གྲོལ་ཡིད་བཞིན་ནོར་བུ་བཞུགས།

།མཁས་གྲུབ་༼ལུང་སྦྱོར་ཡིན་༽ཆོས་ཀྱི་རྗེ་རིན་པོ་ཆེ་ཡབ་སྲས་བརྒྱུད་པ་དང་བཅས་པ་རྣམས་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ་ལོ། །ཕྱག་རྒྱ་ཆེན་པོ་སེམས་འཆི་མེད་ཀྱི་ཁྲིད་ཀྱི་སྐབས་སུ་གསུངས་པའི་ཞལ་གདམས་དང་། ལུང་སྦྱོར་རྣམས་ཕྱོགས་གཅིག་ཏུ་བྲི་བར་བྱའོ།
།དེ་ཡང་བླ་མའི་རྣལ་འབྱོར་ཕྱག་ཆེན་ལྟར་རྒྱས་པར་ཕོག་ནས། སྔོན་འགྲོ་སེམས་བསྐྱེད་ཀྱི་སྐབས་སུ། སྤྱིར་རྡོ་རྗེ་ཐེག་པ་གསང་སྔགས་ཀྱི་ཆོས་ཐམས་ཅད་སྨིན་གྲོལ་གཉིས་སུ་འདུས་པ་ཡིན་ཏེ་སྣང་བ་རྡོར་རྗེ་འཆར་བའི་རྒྱུད་ལས། གང་ཕྱིར་རྡོ་རྗེ་འཆང་ཆེན་གྱིས། །གསུངས་པའི་དོན་ནི་རྣམ་མང་པོ། །མདོར་བསྡུས་རྣམ་པ་གཉིས་ཡིན་ཏེ། །སྨིན་པ་དང་ནི་གྲོལ་བ་འོ། །ཅེས་སོ།
།དེ་ལ་སྨིན་པར་བྱེད་པའི་དབང་ཐོབ་དགོས་ལ། དེ་མ་ཐོབ་ན་ཉན་པ་དང་བསྒོམ་པ་བྱས་ཀྱང་། འབྲས་བུ་མེད་དེ།
ཐིག་ལེའི་རྒྱུད་ལས། དབང་མེད་པ་ལ་དངོས་གྲུབ་མེད། །བྱེ་མ་བཙིར་ཡང་མར་མེད་བཞིན། །གང་ཞིག་རྒྱུད་ལུང་ང་རྒྱལ་གྱིས། །དབང་བསྐུར་མེད་པར་འཆད་བྱེད་པ། །སློབ་དཔོན་སློབ་མ་ཤི་མ་ཐག །དངོས་གྲུབ་ཐོབ་ཀྱང་དམྱལ་བར་སྐྱེ། །དེ་བས་འབད་པ་ཐམས་ཅད་ཀྱིས། །བླ་མ་ལ་ནི་དབང་ཐོབ་ཞུ། །ཅེས་སོ།
།དེ་ལྟར་དབང་ཐོབ་པའི་་་སྐྱེད་རྫོགས་གཉིས་ཡིན་ཏེ། རྒྱུད་ལས། སངས་རྒྱས་རྣམས་ཀྱི་ལམ་འདི་ནི། །རིམ་པ་གཉིས་མས་ཡང་དག་བརྟེན། །བསྐྱེད་པའི་རིམ་པ་དང་པོ་སྟེ། །རྫོགས་པའི་རིམ་པ་གཉིས་པའོ། །ཅེས་སོ།
།དེ་ལ་སློབ་དཔོན་ཀླུ་སྒྲུབ་ཀྱི་ལུགས་ཀྱིས། བསྐྱེད་རིམ་དང་པོར་བསྟན་ནས། རྫོགས་རིམ་བསྒོམ་པར་བཞེད་དེ། རིམ་ལྔ་ལས། བསྐྱེད་པའི་རིམ་པ་ལེགས་གནས་ནས། །རྫོགས་པའི་རིམ་པ་འདོད་རྣམས་ལ། །ཐབས་འདི་སྐས་ཀྱི་རིམ་པ་ལྟར། །རྫོགས་པའི་སངས་རྒྱས་རྣམས་ཀྱིས་བཤད། །ཅེས་སོ།
།ནཱ་རོ་པ། ངོ་བོ་ཟུང་འཇུག་བསྒོམ་པ་རིམ་གྱིས་སར་འདོད་དེ། བརྟག་གཉིས་ལས། བསྐྱེད་པའི་རིམ་པ་ཉིད་དང་ནི། །རྫོགས་པ་ཡི་ཡང་རིམ་པ་ཉིད། །རིམ་གཉིས་མཉམ་པར་གནས་ནས་ནི། །རྡོ་རྗེ་ཅན་གྱི་ཆོས་འཆད་དོ། །ཅེས་སོ།
།འདིར་གོམས་པ་རིམ་གྱིས་པའི་དབང་དུ་བྱས་ནས། བསྐྱེད་རིམ་དང་པོར་སྟོན་པ་ལ། གྱེས་འབྲིང་གསུམ་དུ་གསུངས་པ་ནི། རྒྱུད་ལས། དེ་ནས་ལྷ་རྣམས་བསྒོམ་པ་ནི། །དབང་པོར་རབ་འབྲིང་ཐ་མ་སྟེ། །རབ་ཀྱི་དཀྱིལ་འཁོར་རྫོགས་པ་ལ། །བསྒོམ་དང་བཟླས་པ་བྱ་བར་གསུངསས། །འབྲིང་གི་གཙོ་བོ་ཡབ་ཡུམ་སྟེ། །ཐ་མས་དབུ་མའི་སྤྱན་ལ་འཇུག །དབུ་མའི་སྤྱན་ལ་བརྟན་གྱུར་ནས། །སུམ་ཅུ་རྩ་བདུན་རྫོགས་པར་བསྒོམ། །ཅེས་སོ།
དབང་པོ་འབྲིང་གི་དབང་དུ་བྱས་ནས། ཁྲིད་ཀྱི་སྐབས་འདིར་གཙོ་བོ་ཡབ་ཡུམ་ལ་བརྟེན་ནས་བསྒོམ་པ་སྟོན་པར་བྱེད།
འདི་ཉིད་ཀྱི་རྡོ་རྗེའི་ཚིག་རྐང་ལས། རང་ལུས་ཡི་དམ་ཡབ་ཡུམ་གྱི། །སྤྱི་གཙུག་ས་བོན་འོད་ཟེར་གྱིས། །ལུས་ཀྱི་ཕྱི་ནང་ཐམས་ཅད་ཀུན། །རང་བཞིན་མེད་བཞིན་སྐུ་མདོག་དང་། །ཞལ་ཕྱག་རྒྱན་དང་མེ་ཕུང་བཅས། །གསལ་ལ་རྟོག་པ་མེད་པ་ཡི། །ཟག་མེད་བདེ་སྟོང་ཆེན་པོར་བལྟོས། །ཅེས་སོ།
།འདིའི་དམིགས་པའི་རིམ་པ་རྣམས་ནི། ཁྲིད་ཡིག་ན་གསལ་ལ། སྐད་ཅིག་ཀྱངས་པར་རྟག་ཏུ་བསྒོམ་དགོས་པ་ནི།
བརྟག་གཉིས་ལས། བསམ་པ་ཐམས་ཅད་ཡོངས་སྤང་ནས། །ལྷ་ཡི་ལུས་སུ་སེམས་པ་ཡི། །ཉི་མ་གཅིག་ཀྱང་མ་ཆད་པར། །བསྒོམ་པ་ཡོངས་སུ་བརྟག་པར་བྱ། །འཁོར་བར་ཐབས་གཞན་ཡོད་མ་ཡིན། །ཅེས་སོ།
།དེ་ལྟར་བསྐྱེད་པའི་རིམ་པ་བསྒོམས་པའི་འབྲས་བུ་ནི། སངས་རྒྱས་དེ་ཉིད་མ་བསྒོམས་ན། །བྱང་ཆུབ་མ་ཐོབ་ན་ཡང་སྐྱེ། །སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ། །འཁོར་ལོས་བསྒྱུར་རྒྱལ་ཉིད་དུ་འགྱུར། །ཡང་ན་ས་བདག་ཉིད་དུ་འམ། །དག་པའི་ཞིང་དུ་འགྲོ་བར་འགྱུར། །ཅེས་སོ།
།ཡང་། མཐར་ཐུག་གི་འབྲས་བུ་གཟུགས་སྐུ་རྣམ་པ་གཉིས་ཀྱིས་སེམས་ཅན་གྱི་དོན་བྱེད་པ་ནི། སཾ་བུ་ཊི་ལས། བདག་ཉིད་སངས་རྒྱས་ང་རྒྱལ་གྱིས། །སངས་རྒྱས་ཉིད་ཡུན་རིང་མི་འགྱུར། །སྟོན་པ་སུམ་ཅུ་རྩ་གཉིས་མཚན། །གཙོ་བོ་དཔེ་བྱད་བརྒྱད་ཅུ་ཐོབ། །ཅེས་སོ།
།དེ་ལྟར་རང་ལུས་ལྷའི་སྐུར་གསལ་བ་དེ་ཉིད། རང་གི་སེམས་ཉིད་སྟོང་པའི་གཟུགས་བརྙན་ཡིན་ལ། སེམས་ལས་གཞན་པའི། ཕྱི་རོལ་ན་ལྷ་བདེན་པར་གྲུབ་པ་མེད་དེ།
།རྡོ་རྗེའི་ཚིག་རྐང་ལས། སེམས་ཉིད་སྣང་སྟོང་ལྷའི་སྐུ། །ལྷ་འདི་རང་གི་སེམས་ཉིད་དེ། །སེམས་དང་ལྷ་སྐུ་དབྱེར་མེད་པ། །རྨི་ལམ་ཡུལ་དང་ཆུ་ཟླ་ལྟར། །ཅེས་པ་དང་། སློབ་དཔོན་ཀླུ་སྒྲུབ་ཀྱིས། །སེམས་ཀྱི་ངོ་བོ་འདི་ཉིད་ནི། །ལྷའི་འཁོར་ལོ་དག་ཏུ་སྣང་། །ལྷ་ནི་རང་གི་སེམས་ཉིད་དེ། །རྟེན་དང་རྟེན་པ་འཇུག་ལྡོག་གིས། །ཀུན་གྱི་གནད་དུ་ཤེས་པར་བྱ། །ཅེས་སོ།
།གསང་འདུས་ལས། ལུས་སེམས་ལྟ་བུར་བསྐྱེད་ཅིག །སེམས་བརྗོད་པའི་ཚིག་ལྟ་བུར་བསྐྱེད་ཅིག །སེམས་ལུས་ལྟ་བུར་བསྐྱེད་ཅིག །ཅེས་སུངས་སོ།
རྡོ་རྗེའི་ཚིག་རྐང་ལས། རང་བཞིན་ཟུང་འཇུག་ཆེན་པོ་ཡི། །ངོ་བོ་བརྗོད་བྲལ་བློ་འདས་ཏེ། །དེ་ནི་དུས་གསུམ་སངས་རྒྱས་ཀྱིས། །མ་གཟིགས་མི་གཟིགས་གཟིགས་མི་འགྱུར། །ཅེས་དང་། བརྟག་གཉིས་ལས། ངོ་བོ་གཟུགས་མེད་མཐོང་པའོ། །སྒྲ་མེད་ཐོས་པ་པོ་ཡང་མེད། །ལ་སོགས་པ་མང་དུ་གསུགས་སོ།
བརྟག་གཉིས་ལས། བསྐྱེད་པའི་རིམ་པའི་རྣལ་འབྱོར་པ། །བརྟུལ་ཞུགས་ཅན་གྱིས་སྤྲོས་པ་བསྒོམ། །སྤྲོས་པ་སྒྱུ་མ་ལྟར་ཤེས་ནས། །སྤྲོས་པ་ཉིད་ཀྱང་སྤྲོས་མེད་བྱེད། །ཅེས་སོ།
རྒྱུད་ལས། འཆི་བ་ཞེས་བྱ་རྣམ་རྟོག་སྟེ། །མཁའ་སྤྱོད་གནས་སུ་འཁྲིད་པར་བྱེད། །ཅེས་སོ།
།མཁས་གྲུབ་ཁྱུང་པོའི་ཞལ་ལས། ལུས་གསུམ་གདམས་ངག་གིས་མ་ཟིན་ན། འཁྲུལ་པ་འབའ་ཞིག་རྗེས་སུ་འབྲེང་། །རྣམ་སྨིན་བག་ཆགས་ཡིད་ཀྱི་ལུས། །གནད་ཀྱིས་ཟིན་པ་རྒྱལ་བའི་སྐུ། །ཇི་སྲིད་འཁོར་བ་མ་སྟོངས་བར། །དེ་སྲིད་འགྲོ་དོན་རྒྱུན་ཆད་མེད། །ལུས་གསུམ་རྒྱལ་བའི་སྐུ་གསུམ་སྟེ། །རང་སེམས་འཆི་མེད་རང་གྲོལ་ལོ། །ཅེས་སུངས་པ།
།ཡང་། བརྟག་གཉིས་ལས། འདི་ཉིད་འཁོར་བ་ཞེས་བྱ་སྟེ། །འདི་ཉིད་མྱ་ངན་འདས་པ་ཉིད། །འཁོར་བ་སྤངས་པར་གྱུར་པ་ཡི། །མྱ་ངན་འདས་པ་མི་རྙེད་དེ། །འཁོར་བའི་རང་བཞིན་གང་ཡིན་པ། །དེ་ཉིད་མྱ་ངན་འདས་པར་བརྗོད། །ཅེས་སོ།
།བཞི་པ་མྱ་ངན་ལས་འདས་པ་ཡང་གྲུབ་པ་མེད་དེ། འཁོར་བ་ལ་ལྟོས་ནས་མྱ་ངན་ལས་འདས་པ་ཞེས་མིང་དུ་བཏག་པ་ཡིན་ལ། མིང་དེ་ཡང་དོན་དམ་པར་མ་གྲུབ་པ་ཡིན་ཏེ།
མདོ་ལས། རྫོགས་པའི་སངས་རྒྱས་ཀྱང་མིང་ཙམ། བརྡའ་ཙམ། བཏགས་པ་ཙམ། མྱ་ངན་ལས་འདས་པ་ཡང་མིང་ཙན། བརྡའ་ཙམ། བཏགས་པ་ཙམ་ལགས་སོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་། སྒྱུ་མ་ལྟ་བུ། རྨི་ལམ་ལྟ་བུའོ། །ཅེས་སོ། རབ་འབྱོར་གྱིས་སྨྲས་པ་དང་། ལྷའི་བུས་སྨྲས་པ། ཅི་རབ་འབྱོར། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་རྨི་ལམ་ལྟ་བུ། སྒྱུ་མ་ལྟ་བུ་ཞེས་ཟེར་རམ། རབ་འབྱོར་གྱིས་སྨྲས་པ། དེ་བས་ལྷག་པའི་ཆོས་གཞན་ཞིག་ཡོད་ཀྱང་། དེ་ཡང་རྨི་ལམ་ལྟ་བུ། སྒྱུ་མ་ལྟ་བུའོ། །ཞེས་བྱའོ།
རྒྱུད་ལས། སྒོམ་མེད་སྒོམ་པ་པོ་ཡང་མེད། །ལྷ་མེད་སྔགས་ཀྱང་ཡོད་མ་ཡིན། །སྤྲོས་པ་མེད་པའི་རང་བཞིན་ལས། །ལྷ་དང་སྔགས་ནི་ཡང་དག་གནས། །ཅེས་སོ།
།རྗེས་ཀྱི་ཆོས་ལ། མདོ་རྒྱུད་ཐམས་ཅད་ཞོ་བཞིན་སྲུབས། །ཐང་མར་བདལ་ཀྱང་མཐར་ཐུག་གི་དོན་དེ་ལས་ལྷག་པ་མེད་པར་ཐག་བཅད། རང་གི་ལུས་དང་། རྣམ་པར་རྟོག་པ། ཉོན་མོངས་པ། འཁོར་བ་རྣམས་ལྷ་དང་། ཆོས་སྐུ། ཡེ་ཤེས། མྱ་ངན་ལས་འདས་པ་རྣམས་སུ་བསྲེ་བ་དང་། འཕོ་བས་མཚམས་སྦྱར་ནས། བླ་མ་ལ་སངས་རྒྱས་སུ་ངོ་ཤེས་པའི་འདུ་ཤེས་ཀྱིས་གསོལ་བ་འདེབས་པ་དང་། སེམས་ཅན་ལ་ཚད་མེད་པའི་སྙིང་རྡོ་རྗེ་ཆེན་པོ་བསྒོམ་པ་དང་། ལྷ་སྐུ་རླུང་དང་བསྲེ་བའི་ཐབས་ལམ་གྱིས་བོགས་འདོན་ཅིང་། ཡེངས་པ་མེད་པར་རྒྱུན་ཆད་མེད་པར་བསྒོམ་པས། ཉིན་པར་རང་གི་ལུས་ལྷའི་སྐུར་གསལ་ཞིང་། མཚན་མོ་བག་ཆགས་རྨི་ལམ་གྱི་ལུས་ཀྱང་ལྷའི་སྐུར་ནས། བར་དོ་ཡིད་ལུས་ལོངས་སྤྱོད་རྫོགས་པའི་སྐུར་ངེས་པར་འགྲུབ་ལ། གཞན་དོན་རྒྱ་ཆེན་པོའང་འགྲུབ་ཅིང་། གནས་དང་ཉེ་བའི་གནས་ལ་སོགས་པ་རིམ་གྱིས་བགྲོད་ནས་དཔའ་བོ་དང་རྣལ་འབྱོར་མ་རྣམས་དང་སྐལ་བ་མཉམ་པར་མཁའ་སྤྱོད་དུ་འགྲོ་བར་འདུག་གསུངས་པ་ངེས་དོན་ཡིན་ནོ། །བྱང་ཆུབ་སེམས་དཔའ་སྨོན་ལམ་གྱི་དབང་གིས་གཞན་དོན་དུ་སྐྱེ་བ་ལེན་པ་ཡང་འགལ་བ་མེད་དེ།
སྡུད་པ་ལས། ཉོན་མོངས་ཟད་པར་གྱུར་ཀྱང་སྐྱེ་བ་སྟོན་པར་བྱེད། །རྒ་དང་ན་དང་འཆི་བ་མེད་ཀྱང་འཆི་འཕོ་སྟོན། །ཅེས་སུངས་སོ།
།གསང་སྔགས་ཀྱི་སྒོར་ཞུགས་པ་རྣམས་ཀྱིས་བསྐྱེད་རྫོགས་དབྱེར་མེད་ཀྱི་མན་ངག་འདི་ལྟ་བུ་བསྒོམ་པ་མ་གཏོགས་པ། གཞན་རྣམས་ལ་ནི་འབྲས་བུ་ཡིད་སྨོན་དང་། ཕྱི་དུས་སུ་ལུས་པ་ཡིན་ནོ། །འདི་ལྟ་བུའི་མན་ངག་པ་བསྒོམ་པ་ལ་ནི། མཚམས་མེད་པ་ལྔ་བྱས་པས་སྐྱེ་བ་འདི་དང་། བར་དོ་ཚུན་ཆད་དུ་མཆོག་འགྲུབ་པ་དང་། སྐྱེ་བ་འདིར་བསྟན་པ་མ་ཐོབ་པ་དང་། མཚམས་སྦྱོར་ངན་པས་རྒྱུད་དཀྲུགས་པ་ཡང་། བར་དོར་མཆོག་འགྲུབ་པར་རྡོ་རྗེའི་ཚིག་རྐང་ལས་རྒྱས་པར་གསུངས་སོ། །འདིའི་ཁྲིད་ཀྱི་དམིགས་པ། བླ་མའི་ཞལ་གདམས། ལུང་སྦྱོར་རྣམས་བསྲེས་ནས་ཕྱོགས་གཅིག་ཏུ་བྲིས་ན་གོ་བདེ་བར་འགྱུར་མོད་ཀྱང་། སྙན་བརྒྱུད་འབའ་ཞིག་ཡིན་པས་བྲི་བར་མ་ནུས་པ་ཡིན་ནོ།
།རྡོ་རྗེའི་ཚིག་རྐང་ལས། སྙིགས་དུས་ལོག་ལྟས་རྒྱུད་དཀྲུགས་ཚེ། །ཡིད་ཆེས་ལུང་གིས་བརྒྱན་པར་བྱ། །ཅེས་པའི་ལུང་སྦྱོར་རྣམས་སངས་རྒྱས་ཡེ་ཤེས་ཀྱིས་ཕྱོགས་གཅིག་ཏུ་བྲིས་པ་ཡིན་ནོ། །འདིས་བསྟན་པ་རིན་པོ་ཆེ་དང་། སེམས་ཅན་ལ་ཕན་ཐོགས་པར་ཤོག། མང་ག་ལཾ།། བྷ་ཝནྟུ།།