Bla ma mgon po dbyer med kyi byin rlabs slob ma rjes bzungs

From Shangpa Resource Center
Revision as of 12:59, 23 July 2021 by Sengue (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)








Resource ID SCv11p98
Title bla ma mgon po dbyer med kyi byin rlabs slob ma rjes bzungs
Topics Initiation
Sub-Topics Master and Protector Inseparable
Link BDRC W23922

༈ བླ་མ་མགོན་པོ་དབྱེར་མེད་ཀྱི་བྱིན་རླབས་སློབ་མ་རྗེས་བཟུངས་བཞུགས་སོ།།
༈ ༼ཟ༽ བླ་མ་མགོན་པོ་དབྱེར་མེད་ཀྱི་བྱིན་རླབས་ནི།
མཎྜལ་དང་གཏོར་མའི་བཅའ་གཞི་རྗེས་གནང་དང་འདྲ། སློབ་མ་ཁྲུས་བྱས། གསེར་གྱི་མཎྜལ་ཕུལ། ཐལ་མོ་སྦྱར་ཏེ་འཁོད་ནས། ཁྱོད་ཞབས་པདྨོར་སྤངས་ནས་ནི། །ཞེས་སོགས་ཀྱི་གསོལ་བ་ལན་གསུམ་འདེབས་ལ། ཆོས་བཤད། ཐུན་མོང་དང་ཐུན་མོང་མ་ཡིན་པས་སྡོམ་པ་འཛིན་དུ་གཞུག །དེ་ནས་བླ་མ་མགོན་པོ་དབྱེར་མེད་ལ། །ཞེས་པའི་ཚིགས་སུ་བཅད་པས་གསོལ་བ་ལན་གསུམ་འདེབས་པ་ལ། མདུན་དུ་མགོན་པོ་དང་། དེའི་སྤྱི་བོར་བླ་མ་དབང་གི་རྒྱལ་པོ་དང་བཅས་པ་གཞུང་བཞིན་སློབ་མ་ལ་བརྡའ་སྤྲད་ནས་བསྒོམ་དུ་གཞུག །དེ་ནས་སློབ་མས་བླ་མའི་རྗེས་སུ་བཟློས་པའི་སྒོ་ནས། ན་མོ་བུདྡྷ་ཡའི་གསོལ་བ་ལན་གསུམ་དང་། བདག་དང་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད། བླ་མ་མགོན་པོ་དབྱེར་མེ་ལ་གསོལ་བ་འདེབས་སོ། །ཞེས་སོགས་ལན་མང་དུ་གསོལ་བ་བཏབ། བླ་མའི་སྐུ་ལས་འོད་ཟེར་འཕྲོས་མགོན་པོ་ལ་ཕོག །མགོན་པོའི་སྐུ་ལས་འོད་ཟེར་འཕྲོས་བླ་མ་ལ་ཕོག་པས། གཉིས་ཀ་འོད་དང་བདེ་བའི་རང་བཞིན་དུ་མེར་མེར་འདུག་པ་ལ་གསོལ་བ་བཏབ་པས། བླ་མ་དང་མགོན་པོ་གཉིས་ཀས་ཁྱེད་ཀྱི་བར་ཆད་ཐམས་ཅད་ངས་བསྲུང་། མཐུན་རྐྱེན་ཐམས་ཅད་ངས་བསྒྲུབ་བོ་ཞེས་གསུང་ལྷང་ལྷང་ཌཱ་མ་རུ་དང་དྲིལ་བུའི་སྒྲ་དྲག་ཏུ་མཛད་ཅིང་། བླ་མའི་སྨིན་མཚམས་ནས་འོད་ཟེར་དང་མགོན་པའི་སྨིན་མཚམས་ནས་མགོན་པོའི་སྐུ་ཆུང་ལ་ཡན་ལག་རགས་པ་མང་དུ་བྱུང་སྟེ་སློབ་མའི་སྨིན་མཚམས་ནས་ནང་དུ་ཐིམ་པས་ལུས་ཀྱི་སྡིག་སྒྲིབ་དག །བུམ་པའི་དབང་ཐོབ་ཅེས་བརྡའ་སྤྲད། ཡང་གསོལ་འདེབས་གོང་ལྟར་བྱས་པས། བླ་མའི་མགྲིན་པ་ནས་འོད་ཟེར་དང་མགོན་པོའི་མགྲིན་པ་ནས་སྐུ་སྔར་ལྟར་བྱུང་། སློབ་མའི་མགྲིན་པ་ན་ཐིམ་པས་ངག་གི་སྡིག་སྒྲིབ་དག །གསང་བའི་དབང་ཐོབ། ཡང་གསོལ་འདེབས་སྔར་ལྟར་བྱས་པས་བླ་མ་དང་མགོན་པོའི་ཐུགས་ཀ་གཉིས་ནས་འོད་ཟེར་དང་སྐུ་སྔར་ལྟར་བྱུང་། སློབ་མའི་སྙིང་གར་ཐིམ་པས་ཡིད་ཀྱི་སྡིག་སྒྲིབ་དག །ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡང་གསོལ་འདེབས་སྔར་ལྟར་བྱས་པས་བླ་མ་དང་མགོན་པོའི་སྐུའི་ཆ་ལས་འོད་ཟེར་དང་སྐུ་དཔག་ཏུ་མེད་པ་བྱུང་། སློབ་མའི་ལུས་ཀྱི་ཆ་ཐམས་ཅད་ལ་ཐིམ། སྒོ་གསུམ་གྱི་དྲི་མའི་བག་ཆགས་ཐམས་ཅད་དག །དབང་བཞི་པ་ཐོབ། ཅེས་བརྡའ་སྤྲད། སེམས་བདེ་གསལ་མི་རྟོག་པའི་ངང་ལ་བཞག །བླ་མ་མགོན་པོ་དབྱེར་མེད་ལ་ཞེས་སོགས་ལན་གསུམ་མམ་བདུན་བརྗོད། མཎྜལ་འབུལ། ཚོགས་འཁོར་བྱ། བཟོད་གསོལ་དང་བསྔོ་བ་བྱ། བཀྲ་ཤིས་བཀའ་རྒྱ་མ་བྱའོ། །འདི་ནི་དབང་འབྲེལ་བ་ལན་གཅིག་ཐོབ་ན། ཞེས་པའི་ཕྱག་ལེན་གྱི་མན་ངག་ཡིན་ནོ།
།བླ་མ་མགོན་པོ་དབྱེར་མེད་ཀྱི་སློབ་མ་རྗེས་བཟུང་རྫོགས་སོ།། །།