Dpal ldan shangs pa'i zab chos lha bzhi dril sgrub kyi nyams len mdor bsdus pa

From Shangpa Resource Center
Revision as of 10:20, 19 December 2023 by Sengue (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)








Resource ID SCv9p467
Title dpal ldan shangs pa'i zab chos lha bzhi dril sgrub kyi nyams len mdor bsdus pa
Topics Combined Accomplishment of the Four Deities
Sub-Topics Practice
Author Lobsang Chökyi Nyima
Link BDRC W23922 (p.467)

༄༅། །དཔལ་ལྡན་ཤངས་པའི་ཟབ་ཆོས་ལྷ་བཞི་དྲིལ་སྒྲུབ་ཀྱི་ཉམས་ལེན་མདོར་བསྡུས་པ་བཞུགས་སོ།། །།

ན་མོ་གུ་རུ་ཝེ།
།འདིར་ལྷ་བཞི་དྲིལ་སྒྲུབ་མདོར་བསྡུས་ཉམས་སུ་ལེན་ཚུལ་ནི།
བླ་མ་སངས་རྒྱས་ཆོས་དང་དགེ་འདུན་ལ། །བདག་དང་འགྲོ་ཀུན་སྙིང་ནས་སྐྱབས་སུ་མཆི། །མ་རྣམས་མངོན་དུ་རྫོགས་བྱང་ཐོབ་པའི་ཕྱིར། །ཟབ་མོའི་གདམས་པ་ཉམས་སུ་བླང་བར་བགྱི། །ལན་གསུམ།
རང་ཉིད་ལྷར་གསལ་སྤྱི་བོར་ཆོས་འབྱུང་ནི། །འོད་ཀྱི་རང་བཞིན་ཕྱི་དཀར་ནང་དམར་པོ། །རྩེ་མོ་ཚངས་བུག་གདེངས་ཀ་གྱེན་དུ་བསྟན། །དེ་ནང་སྣ་ཚོགས་པདྨ་འདབ་བཞི་པའི།
།ལྟེ་བར་ཐབས་ཤེས་ཟླ་ཉིའི་གདན་གྱི་སྟེང་། །ཧཱུྃ་ལས་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན། །དེ་ལ་སྐྱབས་གསུམ་ཀུན་འདུས་བླ་མ་ཉིད། །རྣམ་པ་རྡོ་རྗེ་འཆང་དབང་སྐུ་མདོག་སྔོ། །ཕྱག་གཉིས་རྡོར་དྲིལ་བཟུང་ནས་རང་འདྲའི་ཡུམ། །རྡོ་རྗེ་དབྱིངས་ཀྱི་དབང་མོར་དམ་དུ་འཁྱུད། །རིན་ཆེན་རྒྱན་སྤྲས་ལྷ་རྫས་ན་བཟའ་གསོལ། །འོད་ཕུང་དབུས་ན་རྡོ་རྗེའི་སྐྱིལ་ཀྲུང་བཞུགས།
།ཤར་གྱི་འདབ་མར་ཉི་དཀྱིལ་ཚོགས་བདག་སྟེང་། །ཧཱུྃ་ལས་གྲི་གུག་ཧཱུྃ་གིས་མཚན་པ་ལས། །ཡེ་ཤེས་མགོན་པོ་མཐིང་ནག་ཕྱག་དྲུག་གི །གཡས་གསུམ་གྲི་གུག་ཐོད་ཕྲེང་ཌཱ་མ་རུ། །གཡོན་གསུམ་ཐོད་ཁྲག་རྩེ་གསུམ་ཞགས་བ་བསྣམས། །སྦྲུལ་དང་རིན་ཆེན་རུས་རྒྱན་གླང་ལྤགས་གསོལ། །སྟག་ལྤགས་སྨད་དཀྲིས་གཡས་བསྐུམ་གཡོན་བརྐྱང་གིས། །ཡེ་ཤེས་མེ་དཔུང་འབར་བའི་དབུས་ན་བཞུགས།
།ལྷོ་ཡི་འདབ་མར་ཉི་མའི་དཀྱིལ་འཁོར་སྟེང་། །ཧྲཱིཿལས་རྡོ་རྗེ་གྲི་གུག་ཧྲཱིཿཡིས་མཚན། །དེ་ལ་རྡོ་རྗེ་རྣལ་འབྱོར་སྐུ་མདོག་དམར། །ཕྱག་གཡས་གྲི་གུག་གཡོན་པས་ཐོད་ཁྲག་འཕྱར། །མཆན་ཁུང་ཁ་ཊྭཱྃ་ཁྲོ་འཛུམ་དབུ་སྐྲ་གྲོལ། །བཅེར་མོ་ཐོད་སྐམ་མགོ་ཕྲེང་ཕྱག་རྒྱས་མཚན། །གཡས་བརྐྱང་འཇིགས་བྱེད་གཡོན་བསྐུམ་དུས་མཚན་མནན། །བདེ་བའི་ཉམས་ཅན་མེ་འབར་དབུས་ན་བཞུགས།
།ནུབ་ཀྱི་འདབ་མར་ཟླ་བའི་དཀྱིལ་འཁོར་སྟེང་། །ཧྲཱིཿལས་པདྨ་དཀར་པོ་ཧྲཱིཿཡིས་མཚན། །དེ་ལས་སྤྱན་རས་གཟིགས་དབང་སྐུ་མདོག་དཀར། །ཕྱག་གཡས་མཆོག་སྦྱིན་ཕྱག་རྒྱས་བུམ་པ་དང་། །གཡོན་པའི་མཐེབ་སྲིན་སྦྱར་བས་པད་དཀར་བསམ། །རིན་ཆེན་རྒྱན་སྤྲས་ལྷ་རྫས་ན་བཟའ་གསོལ། །ཞབས་གཡས་ཅུང་ཟད་བརྐྱང་ཞིང་གཡོན་བསྐུམ་པའི། །སྐྱིལ་ཀྲུང་ཕྱེད་བས་འོད་ཕུང་དབུས་ན་བཞུགས།
།བྱང་གི་འདབ་མར་ཟླ་བའི་དཀྱིལ་འཁོར་སྟེང་། །ཏྲཱྃ་ལས་ཨུཏྤལ་ལྗང་གུ་ཏྲཱྃ་གྱིས་མཚན། །དེ་ལས་རྗེ་བཙུན་སྒྲོལ་མ་སྐུ་མདོག་ལྗང་། །ཕྱག་གཡས་མཆོག་སྦྱིན་གཡོན་པ་ཐུགས་ཀ་རུ། །དཀོན་མཆོཕག་གསུམ་མཚོན་ཕྱག་རྒྱས་ཨུཏྤལ་བསྣམས། །རིན་ཆེན་རྒྱན་སྤྲས་ལྷ་རྫས་ན་བཟའ་གསོལ། །ཞབས་གཡས་ཅུང་ཟད་བརྐྱང་ཞིང་གཡོན་བསྐུམ་པའི། །སྐྱིལ་ཀྲུང་ཕྱེད་པས་འོད་ཕུང་དབུས་ན་བཞུགས།
།དེ་རྣམས་གནས་གསུམ་རྡོ་རྗེ་གསུམ་གྱིས་མཚན། །ཧཱུྃ་ལས་འོད་འཕྲོས་སོ་སོའི་ཡེ་ཤེས་པ། །སྐྱབས་གནས་ཀུན་གྱིས་བསྐོར་བ་སྤྱན་དྲངས་ཏེ། །སོ་སོའི་དམ་ཚིག་པ་དང་དབྱེར་མེད་གྱུར།
།བླ་མ་ལྷ་བཞིའི་ཞབས་ཀྱི་པདྨོ་ལ། །སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ།
།ཕྱི་ནང་གསང་བའི་མཆོད་པ་མ་ལུས་འབུལ། །ཐོག་མེད་ནས་བསགས་སྡིག་ལྟུང་ཐམས་ཅད་བཤགས། །སྐྱེ་འཕགས་དགེ་བ་ཀུན་ལ་རྗེས་ཡི་རང་། །ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །བསྐལ་བརྒྱར་མྱ་ངན་མི་འདའ་བཞུགས་གསོལ་འདེབས། །དགེ་བ་བླ་མེད་བྱང་ཆུབ་ཐོབ་ཕྱིར་བསྔོ། །ཞེས་ཡན་ལག་བདུན་པ་མཎྜལ་བཅས་ཕུལ་ལ།
བླ་མ་རྡོ་རྗེ་འཆང་ལ་དམིགས་ཏེ། ན་མོ་བུདྷཱ་ཡ། ན་མོ་གུ་རུ་ཧེ་བཛྲ་བཱི་ར་བཱི་རེ་ན་ཤྲཱི་ཡེ། ཌཱ་ཀ་ཌཱ་ཀི་ནཱི། ཛོ་ཀ་ཛོ་ཀི་ནཱི། སརྦ་བུདྡྷཱ་ཡ། བོ་དྷི་སཏྭ་ཤ་ར་ཎཾ་གཙྪ་མི་ཀྱཻ། །ཞེས་ལན་གསུམ་བརྗོད།
བླ་མའི་སྐུ་ལས་བདུད་རྩིའི་རྒྱུན་བབས་པ། །རང་གི་སྤྱི་བོ་ནས་ཞུགས་ལུས་གང་བས། །སྡིག་སྒྲིབ་ཉེས་ལྟུང་ནད་གདོན་བར་ཆད་དག །བླ་མའི་གསང་གསུམ་བྱིན་རླབས་ཐོབ་པར་གྱུར།
།མགོན་པོ་ལ་དམིགས་ཏེ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྵི་ཀྵེ་ཏྲ་བིགྷྣཱན་བི་ནཱ་ཡ་ཀ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། །ལན་གསུམ།
མགོན་པོའི་སྐུ་ལས་བདུད་རྩིའི་རྒྱུན་བབ་པ། །རང་གི་སྤྱི་བོ་ནས་ཞུགས་ལུས་གང་བས། །སྡིག་སྒྲིབ་ཉེས་ལྟུང་ནད་གདོན་བར་ཆད་དག །མགོན་པོའི་གསང་གསུམ་བྱིན་རླབས་ཐོབ་པར་གྱུར།
།རྣལ་འབྱོར་མ་ལ་དམིགས་ཏེ། ཨོཾ་བཛྲ་ན་ར་ཀྲིཾ་ཀྲིཾ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། །ལན་གསུམ།
རྣལ་འབྱོར་མ་ལས་བདུད་རྩིའི་རྒྱུན་བབ་པ། །རང་གི་སྤྱི་བོ་ནས་ཞུགས་ལུས་གང་བས། །སྡིག་སྒྲིབ་ཉེས་ལྟུང་ནད་གདོན་བར་ཆད་དག །རྣལ་འབྱོར་མ་ཡི་བྱིན་རླབས་ཐོབ་པར་གྱུར།
།སྤྱན་རས་གཟིགས་ལ་དམིགས་ཏེ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་བཛྲ་རཀྵ་ན་མཿས་མནྟ་ཧཱུྃ་ཕཊ། །ལན་གསུམ།
སྤྱན་རས་གཟིགས་ལས་བདུད་རྩིའི་རྒྱུན་བབ་པ། །རང་གི་སྤྱི་བོ་ནས་ཞུགས་ལུས་གང་བས། །སྡིག་སྒྲིབ་ཉེས་ལྟུང་ནད་གདོན་བར་ཆད་དག །སྤྱན་རས་གཟིགས་ཀྱི་བྱིན་རླབས་ཐོབ་པར་གྱུར།
།སྒྲོལ་མ་ལ་དམིགས་ཏེ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། །ལན་གསུམ།
སྒྲོལ་མའི་སྐུ་ལས་བདུད་རྩིའི་རྒྱུན་བབ་པ། །རང་གི་སྤྱི་བོ་ནས་ཞུགས་ལུས་གང་བས། །སྡིག་སྒྲིབ་ཉེས་ལྟུང་ནད་གདོན་བར་ཆད་དག །འཕགས་མའི་གསང་གསུམ་བྱིན་རླབས་ཐོབ་པར་གྱུར།
།བསྡུན་སྔགས་རྣམས་ལན་གསུམ་རེ་བརྗོད་ལ།
བླ་མ་ལྷ་ལས་བདུད་རྩིའི་རྒྱུན་བབས་པས། །རང་གི་སྤྱི་བོ་ནས་ཞུགས་ལུས་གང་བས། །སྡིག་སྒྲིབ་ཉེས་ལྟུང་ནད་གདོན་བར་ཆད་དག །བླ་མ་ལྷ་བཞིའི་བྱིན་རླབས་ཐོབ་པར་གྱུར། །ཅེས་བརྗོད། དེ་ནས།
རྡོ་རྗེ་འཆང་གི་ཐུགས་ཀའི་འོད་ཟེར་གྱིས། །ལྷ་བཞི་དྲངས་ཏེ་སྤྱི་བོར་སྤྱན་རས་གཟིགས། །མགྲིན་པར་སྒྲོལ་མ་ཐུགས་ཀར་མགོན་པོ་དང་། །ལྟེ་བར་རྣལ་འབྱོར་མ་རྣམས་བཞུགས་པར་གྱུར།
།སྔགས་ཚན་ལྔ་སྤྲེལ་ནས་ལན་གསུམ་བརྗོད།
རག་གི་རྐང་འོད་རླུང་གི་ལྟེ་བའི་མེ། །སྦར་བའི་འོད་ཟེར་བླ་མའི་སྐུ་ལ་ཕོག །ལྷ་བཞི་བདུད་རྩིར་ཞུ་བས་སྐུ་ལུས་དང་། །གསང་བའི་ལམ་ནས་རང་གི་སྤྱི་བོར་ཞུགས། །མགྲིན་པ་ཡན་ཆད་གང་བས་ལུས་སྒྲིབ་དག །སྐུ་ཡི་བྱིན་རླབས་ཞུགས་ཤིང་བུམ་དབང་ཐོབ། །སྙིང་ག་ཡན་ཆད་གང་བས་ངག་སྒྲིབ་དག །གསུང་གི་བྱིན་རླབས་ཞུགས་ཤིང་གསང་དབང་ཐོབ། །ལྟེ་བ་ཡན་ཆད་གང་བས་ཡིད་སྒྲིབ་དག །ཐུགས་ཀྱི་བྱིན་རླབས་ཞུགས་ཤིང་ཤེར་དབང་ཐོབ། །ལུས་ཀུན་གང་བས་སྒོ་གསུམ་སྡིག་སྒྲིབ་དག །གསང་གསུམ་བྱིན་རླབས་ཞུགས་ཤིང་ཚིག་དབང་ཐོབ། །བླ་མ་འོད་ཞུ་རང་ལ་ཐིམ་པ་ལས། །སྒོ་གསུམ་རྡོ་རྗེ་གསུམ་གྱི་ངོ་བོར་གྱུར། །དགེ་འདིས་ས་ལམ་བགྲོད་པ་མཐར་ཕྱིན་ནས། །འགྲོ་དོན་ཕྱོགས་མེད་འགྲུབ་པའི་བཀྲ་ཤིས་ཤོག། །།ཅེས་བརྗོད།
དམིགས་པའི་ཞིབ་ཆ་སོགས་ཞལ་ལས་ཤེས་པར་བྱའོ།
།ཞེས་ལྷ་བཞི་དྲིལ་སྒྲུབ་ཀྱི་རྒྱུན་ཁྱེར་མདོར་བསྡུས་འདི་ནི། རྗེ་བློ་བཟང་ཆོས་ཀྱི་ཉི་མའི་གསུང་ལ་མགོན་པོའི་བེའུ་བུམ་དང་དབེན་པ་བཀའ་འབུམ་ལ་བརྟགས་ནས་བྲི་བསྣན་ཕྲན་བུ་བགྱིས་ཏེ་དྷ་རྨ་བྷ་དྲས་རང་གི་ཉམས་ལེན་དུ་སྦྱར་བའོ།། །།མངྒ་ལཾ།། ཡིག་ཆ་འདིའི་སྟེང་ནས་ཁྲིད་ལུང་བཅས་ཐོབ།། །།