Dpal mgon po'i rab gnas bsam 'phel yid bzhin nor bu

From Shangpa Resource Center







Resource ID SCv11p939
Title shog dril bcu gsum pa la dpal mgon po'i rab gnas bsam 'phel yid bzhin nor bu
Topics Chadrupa
Sub-Topics Consecration
Author Sangyé Nyentön
Associated Person Öntön Kyergangpa
Link BDRC W23922

༈ ཤོག་དྲིལ་བཅུ་གསུམ་པ་ལ་དཔལ་མགོན་པོའི་རབ་གནས་བསམ་འཕེལ་ཡིད་བཞིན་ནོར་བུ་བཞུགས་སོ།།
༈ ༼ཆོ༽ བླ་མ་དུས་གསུམ་སངས་རྒྱས་ཀྱིས། །འཕྲིན་ལས་རྒྱས་མཛད་རིན་པོ་ཆེ། །བྱིན་རླབས་ཐུགས་རྗེ་ཚད་མེད་ཀྱི། །རྒྱུན་ཆད་མེད་པར་བྱིན་གྱིས་རློབས། །བར་ཆད་ཐམས་ཅད་ཞི་བ་དང་། །དངོས་གྲུབ་རྣམས་གཉིས་ཐོབ་བྱའི་ཕྱིར། །བསམ་འཕེལ་ཡིད་བཞིན་ནོར་བུ་ཡི། །རབ་གནས་བླ་མའི་གསུང་བཞིན་དུ། །མགོན་པོའི་རབ་གནས་འདི་ལ། སྦྱོར་བ་དངོས་གཞི་རྗེས་གསུམ་ལས།
དང་པོ་ནི། མི་སོ་མ་དང་གྲིབ་ཅན་རྩར་མི་བཞག་གྲིབ་བསངས་ཤིང་བར་ཆད་མི་འབྱུང་བའི་ཕྱིར། མགོན་པོའི་གཏོར་སྒྲུབ་ཞག་གསུམ་མམ། །ལྔའམ་བདུན་ལ་སོགས་པ་ཅི་རིགས་པར་བྱ་ཞིང་། ཚོགས་དང་གཏོར་མས་ཐུགས་དམ་རྒྱས་པར་བསྐོང་། དེ་ལྟར་གཏོར་སྒྲུབ་བྱེད་པའི་སྐབས་ཀྱི་ནུབ་དང་པོ་མགོན་པོའི་སྐུ་མདུན་དུ་བཞག་གུ་གུལ་གྱི་དུད་པས་བདུག སྤོས་སྦྱོར་བསྲེགས། དྲག་པོའི་སྔགས་ཀྱིས་བགེགས་བསྐྲད་པར་བྱའོ། །དེ་ནས་སྐུ་དེ་ལ་མེ་ལོང་བསྟན་ལ། ཁྲུས་ལ་སོགས་པ་སྤྱི་འགྲོ་ལྟར་བྱ། །གཞན་ཡང་རྣམ་འཇོམས་དང་ཐུགས་རྗེ་ཆེན་པོ་ལ་སོགས་པའི་ཁྲུས་ཆུ་ཡང་ཡང་བྱ། ས་ཕྱོགས་ལ་མགོན་པོའི་བསྟབ་གཏོར་གཅིག་བཅས་ལ་གསོལ་བ་གདབ་བོ།
ནུབ་གཉིས་པ་ལ་མགོན་པོའི་མཎྜལ་ལེགས་པ་གཅིག་བྲིས་ལ། རབ་གནས་བྱ་རྒྱུ་དེ་མཎྜལ་དེའི་དབུས་སུ་བཞག་པར་མོས་ཏེ། དེ་ཡང་ཚེ་དང་བསོད་ནམས་རྒྱས་པར་བྱེད་ན་ཟླ་བ་ཡར་ངོས་གཟའ་དང་ཚེས་གྲངས་བཟང་པོ་ལ་བབ་པའི་ཐོ་རངས་བྱ། མཐུ་དང་དྲག་པོའི་ལས་ལ་ཤེས་པར་འདོད་ན་ཉི་ཤུ་དགུའི་ནམ་ཕྱེད་ལ་བྱའོ། །རང་རྗེ་བཙུན་སྒྲོལ་མ་སྐུ་མདོག་ལྗང་སེར་ཞལ་གཅིག་ཕྱག་གཉིས་མ་གཡས་མཆོད་སྦྱིན། གཡོན་ཨུཏྤལ་བསྣམས་པ་གཅིག་ཏུ་བསྐྱེད། མགོན་པོའི་སྐུ་དེ་ཆོག་གསུམ་གྱིས་བསྐྱེད་ཆོ་ག་ལེགས་པོ་གཅིག་བྱས། ཡེ་ཤེས་སེམས་དཔའ་བསྟིམ་ནས། མེ་ཏོག་རྣམས་མགོན་པོ་དཔག་ཏུ་མེད་པར་བསམ་ལ། རྟེན་འབྲེལ་སྙིང་པོ་བཟླས་ཤིང་གཏོར་བས་ཐམས་ཅད་མགོན་པོའི་སྐུ་དེ་ལ་སིབ་སིབ་ཐིམ་པར་བསམ་མོ། །ཡེ་ཤེས་པ་དངོས་སུ་གཞུག་པ་ནི་བླ་མའི་ཞལ་ཤེས་སོ།
།གསུམ་པ་རྗེས་ནི། རྒྱས་པར་བྱེད་ན། གསེར་གྱི་ཐུར་མས་སྤྱན་དབྱེ། ཤངས་འབྲུ། སྐྲ་བཤད་ལ་སོགས་པ་རབ་གནས་ཆོ་ག་བཞིན་དུ་བྱེད་གསུངས། དེ་ནས་ཚོགས་ཀྱི་འཁོར་ལོ་བསྐོར། བཀྲ་ཤིས་བརྗོད། སློབ་དཔོན་ལ་ཡོན་ཕུལ། རབ་གནས་དེ་ལྟར་ལན་གསུམ་བྱས་པ་དེ་མགོན་པོ་དངོས་དང་ཁྱད་མེད། བར་ཆད་ཐམས་ཅད་སེལ། མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དངོས་ཡིན་གསུངས་སོ། །བླ་མ་དུས་གསུམ་སངས་རྒྱས་ཀྱི། །རྒྱུན་ཆད་མེད་པ་ཐུགས་རྗེ་གཟིགས། །དེ་དྲིན་བསམ་ཞིང་ཆེ་བའི་ཕྱིར། །རྒྱུན་ཆད་མེད་པར་གསོལ་བ་འདེབས། །དངོས་གྲུབ་ཐམས་ཅད་འབྱུང་བ་ཡི། །རབ་གནས་ཡིད་བཞིན་ནོར་བུའི་གནས། །ཡི་གེར་བཀོད་པའི་དགེ་བ་ཡི། །བླ་མ་མགོན་པོ་དབྱེར་མེད་ཀྱི། །ཐུགས་མཉེས་བསྟན་པ་རྒྱས་བྱེད་ཤོག །མགོན་པོའི་རབ་གནས་བསམ་འཕེལ་ཡིད་བཞིན་ནོར་བུ་ཞེས་བྱ་བ། བླ་མའི་གསུངས་གཉན་སྟོན་གྱིས་རི་གོང་དཔལ་གྱི་དགོན་པར་ཡི་གེར་བཀོད་པའོ། །ཨྀཐིཿ

༈ རབ་གནས་སྔོན་དུ་བསྙེན་པ་འདི་གལ་ཆེ་གསུངས། རང་རྗེ་བཙུན་སྒྲོལ་མར་བསྐྱེད། མདུན་གྱི་མེ་ཏོག་རྣམས་ཀྱང་རྟེན་གཞན་ལ་རབ་གནས་བྱེད་ན་སྒྲོལ་མར་བསྐྱེད་ཅིང་། མགོན་པོའི་སྐུ་རབ་གནས་བྱེད་པའི་ཚེ་མེ་ཏོག་ཐམས་ཅད་རེ་རེ་བཞིན་ཆོ་ག་གསུམ་ལས་མགོན་པོར་བསྐྱེད། དེ་ལ་སངས་རྒྱས་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་བསྟིམ་ཞིང་རྟེན་འབྲེལ་སྙིང་པོ་བཟླ་གསུངས། མེ་ཏོག་འཐོར་བའི་ཚེ་རྟེན་རྣམས་ལྷ་གང་ཡིན་པ་དེ་དང་རེ་རེ་གསལ་ལ་མེ་ཏོག་ཀྱང་སྔར་ལྟར་གསལ་བའི་ངང་ནས་ལྷ་ལ་ལྷ་ཐིམ་པའི་ཚུལ་གྱི་འཐོར་བ་འདི་གནད་ཆེ་གསུངས། ཚེ་དང་བསོད་ནམས་རྒྱས་པར་བྱ་བའི་ཕྱིར་རབ་གནས་བྱེད་ན། མེ་ཏོག་རྣམས་རིན་ཆེན་འབྱུང་ལྡན་དུ་བསམ་ནས་བསྙེན་པར་བྱེད། འཐོར་བའི་ཚེའང་དེ་བཞིན་བྱ་གསུངས། འགྲོ་བ་དབང་དུ་བསྡུ་བ་སོགས་ཀྱི་རབ་གནས་བྱེད་ན། སངས་རྒྱས་སྣང་བ་མཐའ་ཡས་ལ་ཁྲོ་བོ་འདོད་པའི་རྒྱལ་པོ་སྐུ་མདོག་དམར་པོ་ཕྱག་གཡས་ལྕགས་ཀྱུ་གཡོན་ཞགས་པ་ཐོགས་པ་དཔག་ཏུ་མེད་པས་བསྐོར་བ་སྤྱན་དྲངས། མེ་ཏོག་ལ་བསྟིམ་ཞིང་རྟེན་འབྲེལ་སྙིང་པོ་བཟླས་པའི་བསྙེན་པ་བྱ། འཐོར་བའི་དུས་སུའང་དེ་བཞིན་བྱེད་གསུངས། མེ་ཏོག་གི་ཞལ་གདམས། བླ་མ་དམ་པའི་སྐུ་ལ་རབ་གནས་བྱེད་ན། སྔོན་འགྲོ་གཞན་དང་ཁྱད་མེད། དངོས་གཞི་བླ་མའི་སྐུ་འབག་དེ་བླ་མ་ཉིད་ཀྱི་ཐུགས་དམ་གང་ཡིན་དུ་བསྐྱེད་པ་ལ་ཡེ་ཤེས་པ་བསྟིམ། སྐུ་གསུང་ཐུགས་བྱིན་གྱིས་བརླབས། དབང་བསྐུར་རྒྱས་གདབ་སྤྱན་དབྱེ་བ་སོགས་སྤྱི་དང་ཁྱད་མེད། ལྷ་ལོངས་སྐུའི་རྣམ་པར་བསྐྱེད་པ་ཡིན་ན། བླ་མ་སྔགས་པ་རྟེན་སྐྱ་བོ་ཡིན་ན་དེ་དག་མི་དགོས་སོ། །རབ་གནས་ཀྱི་མེ་ཏོག་འཐོར་བའི་དུས་སུ། སྐྲ་བཤད་བཏད་པ་ལ་སོགས་པ་ཡང་བྱ། རྗེས་སུ་ལོངས་སྐུ་དེ་ཉིད་གདུལ་བྱའི་གདུལ་སྣང་ལ། བླ་མ་རབ་བྱུང་གི་རྣམ་པ་ཅན་གྱི་སྐུར་བྱོན་པ་བསམ་ལ། དབུ་སྐྲ་བསིལ་བ་དང་། འདྲེགས་དཔྱད་གཏད་པ་སོགས་བྱ། བླ་མ་སྔགས་པ་རྟེན་སྐྱ་བོ་ཡིན་ན་དེ་དག་མི་དགོས་ཞལ་གདམས་སོ། །རབ་གནས་ཀྱི་མེ་ཏོག་འཐོར་བའི་དུས་སུ་རང་ཉིད་སྒྲོལ་མ་ལྗང་སེར་གཅིག་ཏུ་བསམ་ལ། ན་མོ་བུདྡྷ་ཡ་གསོལ་བ་འདེབས་ཤིང་གཏོར་རོ། །སྒྲོལ་མ་ལས་ཀྱི་ལྷ་ཡིན། སྐུ་མདོག་ལྗང་སེར་གྱིས་རྒྱས་པའི་ལས་འགྲུབ་པ་ཡིན་གསུང་། འཐོར་བའི་རབ་གནས་སྤྱི་ལ་རི་རྩེ་ལ་ཉི་མ་ཤར་རྗེས་སྤྱི་ལ་བཤད་ཀྱང་། ལག་ལེན་དུ་ནམ་ཕྱེད་ལྷ་འདྲེ་མི་གསུམ་ཉལ་བའི་དུས་སུ་མིས་མ་ཚོར་བ་མགོན་པོའི་རབ་གནས་ཀྱི་མན་ངག་ཡིན། དེ་ནས་རི་རྩེ་ལ་ཉི་མ་ཤར་བའི་དུས་སུ་ཡང་མི་གཞན་གྱི་བློ་གྲོས་དང་བསྟུན་ནས་འཐོར་བ་ཡིན་གསུངས། དུས་ཀྱི་ཞལ་གདམས་སོ།

༈ རབ་གནས་སྔོན་འགྲོ་གུ་གུལ་གྱི་བསྙེན་པ་ལ། རང་ཡི་དམ་གཤིན་རྗེ་དང་ཕྱག་རྡོར་ལ་སོགས་པའི་དྲག་པོའི་མགོན་པོར་མདུན་དུ་གུ་གུལ་བཞག་ལ། རང་གི་ཐུགས་ཀའི་ས་བོན་འོད་ཟེར་གྱི་ཁྲོ་བོའི་ཚོགས་དཔག་ཏུ་མེད་པ་མདུན་གྱི་ནམ་མཁར་སྤྱན་དྲངས། རང་གི་ཐུགས་ཀ་ནས་སྤྲོས་པའི་མཆོད་པའི་ཚོགས་ཀྱིས་མཆོད། ཁྲོ་བོ་རྣམས་ཀྱི་ཐུགས་ཀ་ནས་རང་གི་མཐུ་སྟོབས་དང་ནུས་པ་ཐམས་ཅད་རང་རང་གི་སྔགས་དང་ཧཱུྃ་ཡིག་དང་མེ་འོད་ཀྱི་རྣམ་པར་བྱུང་སྟེ་གུ་གུལ་ལ་ཐིམ་པར་བསམ་ཞིང་། ཡི་དམ་དང་མགོན་པོའི་སྙིང་པོ་དང་། རྩ་སྔགས་སུམྦྷ་ནི་ལ་སོགས་པ་མང་དུ་བཟླས་ཤིང་གུ་གུལ་ལ་ཧས་གདབ་ཅིང་། དེ་ལྟར་བསྙེན་པ་བྱེད་པའི་གུ་གུལ་དེས་བགེགས་བསྐྲད་དུས་སུ་བསྲེགས་པའི་དུ་བ་ཁྲོ་བོའི་མཐུ་སྟོབས་ཀྱི་རང་བཞིན་དུ་གྱུར་པས་བགེགས་ཐམས་ཅད་མྱོས། འཚིག་བརྒྱལ་བསྐྲད་པར་བསམ་མོ། །ཡུངས་ཀར་གྱི་བསྙེན་པ་ལ། རང་ཁྲོ་བོར་བསྐྱེད་པ་གོང་ལྟར་བྱ། མདུན་དུ་ཡུངས་ཀར་བཞག་ལ། རང་གི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་ཁྲོ་བོའི་ཚོགས་དཔག་ཏུ་མེད་པ་མདུན་གྱི་ནམ་མཁར་སྤྱན་དྲངས། ཕྱི་ནང་གསང་བའི་མཆོད། དེ་དག་གི་སྐུ་ལས་རང་རང་དང་འདྲ་བའི་ཁྲོ་བོའི་ཚོགས་དཔག་ཏུ་མེད་པ་ཧཱུྃ་དང་ཕཊ་ཀྱི་སྒྲ་སྒྲོགས་ཤིང་ནམ་མཁའ་ནས་ཆར་བབས་པ་ལྟར་བྱོན་ཏེ། ཡུངས་ཀར་རྣམས་ཀྱང་སྔོན་དུ་ཁྲོ་བོ་དཔག་ཏུ་མེད་པ་བསྐྱེད་པ་ལ་ཡེ་ཤེས་པ་བསྟིམས་ཤིང་། སྔགས་དྲག་ཏུ་བཟླས། དེ་ནས་བགེགས་བསྐྲད་ཀྱི་ཚེ་ཡུངས་ཀར་གྱིས་བྲབ་པ་ན། ཁྲོ་བོའི་ཚོགས་དཔག་ཏུ་མེད་པ་འཕྲོས་པས་བགེགས་ཐམས་ཅད་ཚར་བཅད་པར་བསམ་པར་བྱའོ། །གུ་གུལ་དང་ཡུངས་ཀར་གྱིས་བསྙེན་པའི་ཞལ་གདམས་སོ། །ཡེ་ཤེས་པ་དངོས་སུ་གཞུག་པའི་ཞལ་ཤེས་ནི། ཉི་ཤུ་དགུའི་ནམ་ཕྱེད་ན་སྤོས་སྦྱོར་བསྲེགས། ཐོད་པའི་ཅང་ཏེའུ་འཁྲོལ། ནང་རྟེན་གྱི་མདའ་དར་གཡབ། རང་ཡི་དམ་དང་མདུན་གྱིས་མགོན་པོ་དག་པར་གསལ་བ་དེའི་ཐུགས་ཀའི་ཧཱུྃ་ཡིག་གཉིས་ཀ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས། ཤར་ལྷོ་བསིལ་བའི་ཚལ་གྱི་དུར་ཁྲོད་ཤིང་ཙནྡན་ལྗོན་པའི་ཤིང་རྩེ་ན་བཞུགས་པའི་མགོན་པོ་དངོས་ཀྱི་ཐུགས་ཁར་ཕོག་མགོན་པོ་དེ་ལས་རང་དང་འདྲ་བའི་མགོན་པོ་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་མདུན་གྱི་ནམ་མཁའ་ལ་ཚུར་ཌཱ་མ་རུ་དང་། དྲིལ་བུ་གཡེར་ཁའི་སྒྲ་ཁྲོ་ལོ་ལོ་སི་ལི་ལི་བྱོན་པར་བསམ་ལ། ཁྲིཾ་རིང་པོ་ཉེར་གཅིག་བརྗོད་ལ་སྤྱན་དྲངས་ཏེ་མཆོད་ནས། ཛཿཧཱུྃ་བཾ་ཧོཿཡེ་ཤེས་པ་མདུན་གྱི་དམ་ཚིག་པ་ལ་བསྟིམ་མོ། །སླར་ཡང་དེ་ལྟར་བྱ་སྟེ་དེ་འདྲ་བ་རབ་བརྒྱ་རྩ་བརྒྱད། འབྲིང་ལྔ་བཅུ། ཐ་མ་ཐེབས་ཉེར་གཅིག་བྱས་པའི་རྗེས་ལ་སྤྱན་དྲངས་ལ་བསྟིམ་མོ། །དེ་ནས་མདུན་གྱི་མགོན་པོ་དེའི་སྤྱི་བོར་རྩ་བའི་བླ་མ་བསྒོམ་ལ། བརྒྱུད་པའི་བླ་མ་ཐམས་ཅད་བསྟིམ་ལ། ན་མོ་བུདྡྷ་ཡའི་གསོལ་བ་ལན་བརྒྱ་རྩ་བརྒྱད་དམ་ལྔ་བཅུའམ་ཉེར་གཅིག་གདབ་པར་བྱའོ། །དེ་ནས་མདུན་གྱི་མགོན་པོ་ལ་དམིགས་ལ། གཤིན་རྗེ་གཤེད་ཀྱི་སྒོ་ནས་སྐུའི་གཟི་བརྗིད་བསྐྱེད་དོ། དེ་ནས་མེ་ཏོག་གཏོར་ལ་བརྟན་བཞུགས་བྱ། བཀྲ་ཤིས་བཀའ་རྒྱ་མ་བརྗོད། མཆོད་གཏོར་རྒྱས་པར་ཕུལ་ལ་བཀའ་བསྒོ། །ཨྀཐིཿ

༈ རབ་གནས་ཀྱི་སྔོན་དུ་ལྷའི་ཞབས་གདན་གནད་ལ། གནོད་སྦྱིན་ཕོ་དགུ་མོ་དགུའི་འཁོར་ལོ་པདྨ་འདབ་བརྒྱད་ཚད་མཉམ་པ་གཉིས་ལ། གཅིག་གི་དབུས་དང་། འདབ་མ་བརྒྱད། དེ་དགུ་ལ་ཡབ་དགུའི་གཟུངས་བྲིས་དང་རང་རང་ཐུགས་ཀར་རང་གི་ས་བོན་ལ། རང་རང་གི་སྔགས་གཡས་སུ་བསྐོར་བ་མིང་སྤེལ་དང་བཅས་པ་བྲིས། གཟུང་གི་ཐ་མར་ཡང་བྲི། ཡང་གཅིག་ལ་གནོད་སྦྱིན་དང་མོ་དགུ་བཀོད་ལ། དེ་དག་གི་ཐུགས་ཀར་ས་བོན་ལ་རང་གི་སྔགས་མིང་སྤེལ་དང་བཅས་པ། གཡོན་བསྐོར་དུ་བསྐོར་བ་བྲི། གཟུགས་ལ་ཡང་ངོ་། །ལྷ་གཉིས་པ་ཁ་སྦྱར་ལ་དཔྲལ་བ། མགྲིན་པ། ཐུགས་ཀར་དང་གནས་གསུམ་འཆུག་མེད་འབྱར་བ་གཅིག་བྱེད་པ་གལ་ཆེ། གཉིས་ཀའི་གཟུགས་པདྨའི་ནང་དུ་བྲིས་པས་གྲྭ་པ་ནང་མཐུན་པ་ཡིན། ལྷ་འདྲེ་མི་གསུམ་དང་ཁྱད་པར་ཆོས་དབང་དུ་འདུ། ལོངས་སྤྱོད་འཕེལ་བ་ཡིན་གསུང་། རབ་བྱུང་སོགས་ཀྱི་སྡེ་ཡིན་ན་ཡབ་ཀྱི་འཁོར་ལོ་ནང་དུ་བྲི། སྡོམ་ཁྲིམས་གཙང་བ་ཡིན་གསུང་། དགེ་བའི་བཤེས་གཉེན་གནམ་འཕར་བ་དང་སྐྱེར་སྒང་པ་ལ་གནང་བའི་ཞལ་གདམས། སངས་རྒྱས་གཉན་སྟོན་གྱིས་མཛད་ཟེར་བ་རྒྱུ་མཚན་དུ་བྱས་ནས་མགོན་པོའི་མན་ངག་གི་ནང་དུ་བྲིས་པར་སྣང་ངོ་།།