Dug lnga lam 'khyer gyi bka'

From Shangpa Resource Center








Resource ID SCv8p164
Title dug lnga lam 'khyer gyi bka'
Topics Initiation
Sub-Topics Integration
Link BDRC W23922
BDRC W23922
BDRC W3CN18508 (v2p.78)

༼༄༅། །དུག་ལྔ་ལམ་འཁྱེར་གྱི་བཀའ།།༽
ན་མོ་གུ་རུ།
བླ་མ་དམ་པའི་ཞབས་བཏུད་ནས། །དུག་ལྔ་ལམ་ཁྱེར་དབང་བསྐུར་བྲི། །དེ་ལ་སྦྱོར་བ། །དངོས་གཞི། རྗེས་གསུམ་ལས།
སྦྱོར་བ་ནི། གནས་ཁང་བརྐྱང་ནུལ་དང་རྟེན་ལ་སོགས་པ་བཀྲམ། མཎྜལ་འདབ་བཞི་ཕྱོགས་མཚོན་ལ། །ལྟེ་བ་དཀར་པོ། མཐའ་མ་ཅི་འབྱོར་པའི་མཆོད་གཏོར་གྱིས་བསྐོར་ལ། དབུས་སུ་སེངྒེ་རིན་པོ་ཆེའི་ཁྲི་པདྨ་དང་། ཉི་ཟླའི་སྟེང་དུ་ངོ་བོ་བླ་མ་ལ་རྣམ་པ་ཧེ་རུ་ཀ་སྐུ་མདོག་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པས། ཡུམ་ཕག་མོ་ལ་འཁྱུད་པ། མི་མགོ་དང་རུས་པའི་རྒྱན་ཅན་གར་དགུའི་ཉམས་དང་ལྡན་པ། ཕྱོགས་བཞིར་བདེ་ཆེན་གྱི་ལྷ་མོ་གྲི་ཐོད་ཅན་བཞི་བསྐྱེད། ཤར་དུ་དགྱེས་མཛད། །ལྷོར་གསང་འདུས། ནུབ་ཏུ་མ་ཧཱ་མ་ཡ། བྱང་དུ་འཇིགས་བྱེད་ལྷ་ཚོགས་བསྐྱེད། སློབ་དཔོན་གྱིས་བདག་བསྐྱེད་བསྒོམ། བཟླས་པ་བྱ། མདུན་བསྐྱེད་བསྒོམས། མཆོད་གཏོར་དབུལ། བདག་འཇུག་བླང་ངོ་། །སློབ་མས་ཁྲུས་བྱས། མཎྜལ་དབུལ། སྔོན་འགྲོ་རྒྱས་བསྡུས་སྐབས་དང་སྦྱར་བ་བྱས་ལ། སློབ་མའི་སྤྱི་བོར་གོང་ལྟར་བསྒོམ་དུ་བཅུག
།དངོས་གཞི་དབང་བསྐུར་བ་ནི། །གསེར་གྱི་མཎྜལ་དང་། རང་གི་མདུན་དུ་ཐོད་པ་ཕྱི་དཀར་ལ་ནང་དམར་བ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། རང་གི་རྣམ་སྨིན་གྱི་ལུས་འདི་ཤ་ལྔ་བདུད་རྩི་ལྔར་བྱིན་གྱིས་བརླབས་ལ་དབུལ་ལོ། །སྟོང་གསུམ་རིན་ཆེན་གསེར་གྱི་ཕྱུར་ཏེ་བཀང་ལ་ཡོན་དུ་དབུལ་བར་བསམ་མོ། །དེ་ནས་གསོལ་བ་གདབ་པ་ནི། བླ་མ་རིན་པོ་ཆེ། བདག་ལ་བུམ་པའི་དབང་བསྐུར་དུ་གསོལ། སྐུ་ཡི་བྱིན་རླབས་མ་ལུས་པ་གཞུག་ཏུ་གསོལ། །ཅེས་གསོལ་བ་བཏབ་པས། དབུས་ཀྱི་བདེ་མཆོག་བླ་མའི་ངོ་བོ་ཅན་གྱིས་སྤྱི་བོའི་ཨོཾ་དཀར་པོ་ལས་འོད་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདུད་རྩི་འོད་དཀར་པོའི་རྣམ་པར་བྱོན་ཏེ་བླ་མའི་ཨོཾ་ལ་ཐིམ། ཨོཾ་ལས་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་རྒྱུན་བྱུང་བས། །རང་གི་སྨིན་ཕྲག་གི་ཨོཾ་ལ་ཐིམ་པས་ལུས་ཀྱི་ནད་གདོན་སྡིག་སྒྲིབ་སངས་དག་པར་བསམ། བླ་མས་ཀྱང་དེ་བཞིན་བསམས་ཤིང་། བརྒྱུད་པའི་བླ་མ་རྣམས་ཀྱི་མཚན་ནས་བརྗོད་ཅིང་ད་ལྟ་ཉིད་དུ། མྱུར་བ་ཉིདདུ་བྱིན་གྱི་རློབས་ཤིག །ཅེས་རོལ་མོའི་སྒྲ་དང་། གུ་གུལ་དུད་པས་ཡེ་ཤེས་དབབ་བོ། སྐུའི་བྱིན་རླབས་ཞུགས། བུམ་དབང་ཐོབ། ཡང་སྔ་མ་ལྟར་མཆོད། གསང་དབང་དང་། །ཤེས་རབ་ཡེ་ཤེས་བསྐུར་དུ་གསོལ། །ཞེས་གསོལ་བཏབ་པས། བླ་མའི་མགྲིན་པའི་ཨཱ་དང་། ཐུགས་ཀའི་ཧཱུྃ་མཐིང་གའི་འོད་ཟེར་གྱི་སྤྲོ་བསྡུ་སྔ་མ་ལྟ་བུ་དང་ལྡན་པས། །གཉིས་པ་དང་། གསུམ་པ་བླང་ངོ་། ཡང་མཆོད་དེ། །བཞི་པའི་གསོལ་བ་བཏབ་པས། བླ་མའི་གནས་གསུམ་གྱི་ཡི་གེ་ལས་འོད་ཟེར་སྤྲོ་བསྡུ་བྱས། རང་གི་གནས་གསུམ་དུ་ཐིམ། ལུས་ཐམས་ཅད་འོད་ཀྱིས་གང་། ལུས་ངག་ཡིད་གསུམ་གྱི་ནད་གདོན་སྡིག་སྒྲིབ་མ་ལུས་པ་དག །བུས་ལྷའི་སྐུ་སྣང་ལ་རང་བཞིན་མེད་པའི་ངང་ལ་སེམས་མ་བཅོས་པར་བཞག་པ་ནི་བཞི་པའོ།
།ཡེ་ཤེས་རྒྱ་མཚོའི་རྒྱུད་ལས། བླ་མའི་སྐུའི་དཀྱིལ་འཁོར་ལས། །དབང་བཞི་ཡོངས་སུ་རྫོགས་པར་བླང་། ས་ལམ་རིམ་པ་མ་ལུས་བགྲོད། །ཅེས་ལན་གསུམ་བརྗོད། དེ་ནི་ཕྱིའི་དབང་བཞིའོ།
།ཡང་ཤར་གྱི་དགྱེས་མཛད་འོད་ཀྱི་རྣམ་པ་དེ། །དབུས་ཀྱི་བདེ་མཆོག་ལ་ཐིམ། དེ་བཞིན་དུ་རིམ་གྱིས་ཐིམ། །བདེ་མཆོག་འོད་དུ་ལྟེམ་ལྟེམ་འདུག་པ་དེ་སྤྱི་གཙུག་ཏུ་ཐིམ་སྨིན་མཚམས་སུ་སླེབ་བུམ་དབང་ཐོབ། མགྲིན་པར་སླེབས་པས་གཉིས་པ། སྙིང་གར་སློབ་པས་གསུམ་པ། ལྟེ་བར་སླེབས་པས་འདུས་འདུ་ཡལ། །སྟོང་སངས་བ་ཆོས་ཉིད་སྤྲིན་མེད་པའི་ནམ་མཁའ་ལྟ་བུ་མི་དམིགས་པའི་ངང་ལས་སེམས་མ་བཅོས་པར་བཞག་པ་ནི་བཞི་པ་སྟེ། ནང་གི་དབང་བཞིའོ།
།ཟབ་ལམ་ནི། བླ་མའི་གནས་གསུམ་ནས་འོད་ཟེར་འཕྲོས། སྤྲོ་བསྡུ་བྱས། སྤྱིར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྐུའི་ཡོན་ཏན་བསྡུས། ཁྱད་པར་བདེ་མཆོག་སྐུ་ཆུང་ལ་ཡན་ལག་དོད་པ་དཔག་ཏུ་མེད་པ་བླ་མའི་སྨིན་མཚམས་ནས་བྱུང་། རང་གི་སྨིན་ཕག་ཏུ་ཐིམ། སྐུའི་བྱིན་རླབས་ཞུགས། །ལུས་ཀྱི་དག །བུམ་དབང་ཐོབ། དེ་བཞིན་དུ་ དམར་ དཀར་ སེར ལྗང་གནས་གསུམ་དུ་ཐིམ། གཉིས་པ་གསུམ་པ་བཞི་པ་ཐོབ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བྱིན་རློབས་ཞུགས། སྒོ་གསུམ་ཐ་དད་ཀྱི་སྡིག་སྒྲིབ་མཐའ་དག་དག །བཅུ་བཞི་བདེ་བ་ཆེན་པོ་ངོ་བོ་ཉིད་སྐུ་ཐོབ་པའི་མན་ངག་རྣམས་ཐད་སོན་དེ་སྤྲད་དོ། །ཟབ་ལམ་མོ། རྗེས་ཀྱི་ཆོས་རྣམས་སྤྱི་འགྲོ་ལྟར་ཤེས་པར་བྱའོ།། མངྒ་ལཾ། བྷ་ཝནྟུ།།