Gsol 'debs kha skong in+d+ra nI la'i do shal

From Shangpa Resource Center








Resource ID SCv5p445
Title shangs lugs rgyud sde lnga'i brgyud pa'i gsol 'debs kyi kha skong in+d+ra nI la'i do shal
Topics Lineage prayer
Author Jamgön Kongtrül Lodrö Thayé

༄༅། །ཤངས་ལུགས་རྒྱུད་སྡེ་ལྔའི་བརྒྱུད་པའི་གསོལ་འདེབས་ཀྱི་ཁ་སྐོང་ཨིནྡྲ་ནཱི་ལའི་དོ་ཤལ་ཞེ་བྱ་བ་བཞུགས་སོ།།

།མཐར་ཐུག་སྟོན་པ་རྣམ་ལྔའི་དཀྱིལ་འཁོར་དང་། །དབྱེར་མེད་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ཞབས། །རིན་ཆེན་བརྩོན་འགྲུས་དབོན་སྟོན་སྐྱེར་སྒང་པ། །གཉན་སྟོན་ཆོས་རྗེ་སངས་རྒྱས་སྟོན་པ་མཆོག །རིན་ཆེན་བརྒྱུད་པ་ལྔ་ལ་གསོལ་བ་འདེབས།
།མཁས་གྲུབ་ཁྱུང་པོ་སྣེ་སྟོན་ཡོན་ཚུལ་དང་། །རྡོ་རྗེ་ཚུལ་ཁྲིམས་སྟེང་བ་ཚུལ་ཁྲིམས་བསྟན། །བླ་མ་བསོད་མཛེས་ཡོན་ཏན་རྒྱལ་བའི་མཚན། །འདྲེན་མཆོག་རིན་ཆེན་བསྟན་པ་རྒྱས་པ་སོགས། །བཀའ་བབ་རིམ་བརྒྱུད་རྣམས་ལ་གསོལ་བ་འདེབས།
།མཁས་བཙུན་སངས་རྒྱས་འཇག་ཆེན་བྱམས་པ་དཔལ། །ཆོས་དཔལ་བཟང་པོ་འཁྲུལ་ཞིག་ཚུལ་རྒྱན་དང་། །མཁྱེན་རབ་མཆོག་གྲུབ་ཀུན་བཟང་ཆོས་ཉིད་སོགས། །བསྟན་པའི་སྲོལ་འཛིན་རྣམས་ལ་གསོལ་བ་འདེབས།
།གཙང་མ་ཤངས་སྟོན་ཁྱུང་པོ་ཚུལ་ཁྲིམས་མགོན། །རི་ཁྲོད་རས་ཆེན་ཤངས་དཀར་རིན་རྒྱལ་བ། །སངས་རྒྱས་དཔལ་བཟང་ནམ་མཁའ་རྒྱལ་མཚན་དང་། །རྒྱ་སྒོམ་ལེགས་རྒྱལ་སེམས་ཀྱི་མདུད་གྲོལ་མཆོག །ལྷ་དབང་གྲགས་པ་ཀུན་དགའ་རྒྱལ་མཚན་ཏེ། །ཁྱད་འཕགས་རྩ་བའི་བརྒྱུད་པར་གསོལ་བ་འདེབས།
།རྒྱུད་སྲོལ་ཀུན་འདུས་གསང་བདག་སྒྲོལ་བའི་མགོན། །ཡེ་ཤེས་རྒྱ་མཚོ་བློ་གྲོས་རྣམ་པར་རྒྱལ། །རིན་ཆེན་མཉམ་བཞག་ཡེ་ཤེས་རྒྱལ་མཚན་དང་། །སྦྱིན་པའི་མཚན་ཅན་རྣམ་རྒྱལ་དོན་ཀུན་གྲུབ། །ཚེ་དབང་ཀུན་ཁྱབ་ཕྲིན་ལས་རབ་རྒྱས་མཆོག །འོད་གསལ་འགྱུར་མེད་བློ་གྲོས་མཐའ་ཡས་ཞབས། །སྒྲུབ་བརྒྱུད་བསྟན་འཛིན་ནོར་བུ་དོན་ཀུན་གྲུབ། །འཁོར་ལོའི་མགོན་པོ་རྩ་བའི་བླ་མ་སོགས། །སྨིན་གྲོལ་གདམས་པའི་བཀའ་སྲོལ་ནུབ་མེད་དུ། །འཛིན་མཛད་དམ་པ་རྣམས་ལ་གསོལ་བ་འདེབས།
།དགྱེས་རྡོར་གསང་འདུས་བདེ་མཆོག་སྒྱུ་མ་ཆེ། །འཇིགས་མཛད་ཡེ་ཤེས་རྣམ་ལྔའི་དཀྱིལ་འཁོར་བ། །མཁའ་འགྲོ་སྡེ་ལྔ་མྱུར་མཛད་མགོན་པོ་སོགས། །ཟུང་འཇུག་སྙིང་པོའི་ལྷ་ལ་གསོལ་བ་འདེབས།
།སྨིན་བྱེད་དབང་བཞིའི་རིགས་ཀྱིས་གསོས་ཐེབས་ནས། །དམ་ཚིག་རྣམ་དག་མཐུན་རྐྱེན་གེགས་མེད་ཚོགས། །བསྐྱེད་རིམ་བརྟན་ཐོབ་རྫོགས་རིམ་མཐའ་རུ་ཕྱིན། །མི་སློབ་ཟུང་འཇུག་ཚེ་འདིར་མངོན་བྱེད་ཤོག །དེ་མ་ཐོབ་པའི་ཚེ་རབས་ཐམས་ཅད་དུ། །བླ་མ་ལྷག་པའི་ལྷ་དང་མི་འབྲལ་ཞིང་། །དཀའ་བ་མེད་པར་རྡོ་རྗེ་ས་ལམ་བགྲོད། །དངོས་གྲུབ་རྣམ་གཉིས་བདེ་བླག་འགྲུབ་གྱུར་ཅིག །རྩ་བརྒྱུད་བླ་མ་ཡི་དམ་མཁའ་འགྲོ་ཡི། །བྱིན་རླབས་བདག་གི་རྒྱུད་ལ་རབ་ཞུགས་ཏེ། །མཁའ་མཉམ་འགྲོ་ཀུན་སྐུ་གསུང་ཐུགས་ཡོན་ཏན། །ཕྲིན་ལས་འཁོར་ལོར་མྱུར་དུ་འགོད་ནུས་ཤོག།
།།ཅེས་ཤངས་ལུགས་རྒྱུད་སྡེ་ལྔའི་བརྒྱུད་པའི་གསོལ་འདེབས་ཁ་སྐོང་འདིའང་བློ་གྲོས་མཐའ་ཡས་ཀྱིས་བགྱིས་པ་དགེ་ལེགས་འཕེལ།། །།