Gsur mchod 'dod yon sprin dpung

From Shangpa Resource Center
Revision as of 09:25, 17 December 2018 by Sengue (talk | contribs)








Resource ID SCv4p887
Title gsur mchod 'dod yon sprin dpung
Topics Various
Author Jamgön Kongtrül Lodrö Thayé

༄༅། །གསུར་མཆོད་འདོད་ཡོན་སྤྲིན་དཔུང་བཞུགས་སོ།།

སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག
།ཚིག་ལན་གསུམ་གྱིས་སྐྱབས་སེམས་བྱ།
།རང་ཉིད་སྐད་ཅིག་སྤྱན་རས་གཟིགས། །སྐུ་ཡིས་ཞིང་ཁམས་ཡོངས་ལ་ཁྱབ། །ཞིང་ཁམས་རབ་འབྱམས་སྐུ་ལ་རྫོགས། །བ་སྤུའི་བུ་ག་ཐམས་ཅད་ནས། །གཏན་པ་མེད་པའི་མཆོད་སྤྲིན་འཕྲོ།
།རཾ་ཡཾ་ཁཾ། མི་གཙང་དྲི་མ་བསྲེགས་གཏོར་བཀྲུས། །བྷྲཱུྃ་ལས་རང་མཐུན་སྣོད་ཀྱི་ནང་། །འབྲུ་གསུམ་ལས་བྱུང་གསུར་མཆོད་ནི། །འདོད་ཡོན་ནམ་མཁའི་མཐའ་མཉམ་གྱུར། །ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ།
ན་མ་སརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུདྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ།
བླ་མ་ཡི་དམ་མཁའ་འགྲོ་དང་། །སངས་རྒྱས་བྱང་སེམས་ཉན་རང་སོགས། །དཀོན་མཆོག་སྲིད་ཞུའི་མགྲོན་རྣམས་ལ། །རྡོ་རྗེ་དྲི་ཡི་མཆོད་སྤྲིན་འབུལ། །སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་རྫོགས། །རང་བྱུང་ཡེ་ཤེས་མངོན་འགྱུར་ཤོག །མ་མགོན་དམ་ཅན་རྒྱ་མཚོའི་ཚོགས། །གཙང་རིགས་དཔལ་མགོན་བདུན་ཅུ་ལྔ། །དགྲ་བླ་ཝེར་མ་ཟོ་དོར་གཉན། །དྲི་ཟའི་རྒྱལ་པོ་རབ་དགའ་སོགས། །མགོན་པོ་ཡོན་ཏན་མགྲོན་རྣམས་ལ། །དགྱེས་མཆོད་སྒྱུ་འཕྲུལ་དྲྭ་བར་འབུལ། །ས་དང་ལམ་གྱི་བར་ཆད་ཞི། །ཆོས་མཐུན་འབྱོར་པ་རྒྱས་པར་ཤོག །སྡེ་བརྒྱད་འབྱུང་པོའི་མཐུ་བོ་ཆེ། །ཚེ་བརྐུ་སྲོག་འཕྲོགས་ནད་མུག་དལ། །དུས་འཁྲུགས་བློ་བུར་ཡེ་འདྲོག་དང་། །བུ་ལོན་ཤ་འཁོན་བདག་པོ་སོགས། །གདོན་བགེགས་ལན་ཆགས་མགྲོན་རྣམས་ལ། །ཚེ་སྲོག་ནོར་གྱི་གླུད་དུ་བསྔོ། །བུ་ལོན་བྱང་ཞིང་ལན་ཆགས་འཁོར། །བྱང་ཆུབ་སེམས་དང་ལྡན་པར་ཤོག
།སྐྱེ་བཞི་རྒྱུད་ལྔའི་འཁོར་བ་པ། །ཁྱད་པར་གཏད་མེད་ཡིད་ཀྱི་ལུས། །སྔོན་བྱུང་སྲིད་པའི་ཤ་ཚུགས་ཅན། །དབང་པོ་ཀུན་ཚང་ཐོགས་མེད་རྒྱུ། །ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན། །མི་ལྡོག་བར་དོའི་འགྲོ་བ་སོགས། །རིགས་དྲུག་སྙིང་རྗེའི་མགྲོན་རྣམས་ལ། །འདོད་ཡོན་ནམ་མཁའི་མཛོད་དུ་བསྔོ། །འཁྲུལ་སྣང་སངས་ཤིང་ཡེ་ཤེས་རྒྱས། །ཁམས་གསུམ་འཁོར་བ་དོང་སྤྲུགས་ཤོག
།ཁམས་གསུམ་དག་པའི་ཞིང་། སྲིད་གསུམ་ཐུགས་རྗེའི་མགྲོན། མ་ལུས་ཁྱབ་པའི་ཟས། ཆོས་ཉིད་ནུས་པའི་མཐུས། གསུར་མཆོད་མི་ཟད་པའི་གཏེར་དུ་འབུལ་ལོ། །ན་མ་སརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། ལན་བདུན། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ལན་གྲངས་གང་མང་མཐར།
རིན་ཆེན་མང་དང་གཟུགས་མཛེས་དང་། །འབྱམས་ཀླས་འཇིགས་ཀུན་བྲལ་བ་ཡི། །དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །ཨོཾ་ཨ་པྲ་ཏི་སུ་རུ་ཕུ་པ་ཡེ་སྭཱ་ཧཱ། ལན་གསུམ།
བཅོམ་ལྡན་འདས་མགོན་པོ་མི་འཁྲུགས་པ་ལ་ཕྱག་འཚལ་ལོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ཀཾ་ཀ་ནི་༴ སོགས།
དཀོན་མཆོག་མཆོད་པས་མཉེས་གྱུར་ཅིག །དམ་ཅན་ཐུགས་དམ་བསྐང་གྱུར་ཅིག །རིགས་དྲུག་འདོད་པ་ཚིམ་གྱུར་ཅིག །ལན་ཆགས་བུ་ལོན་འཁོར་གྱུར་ཅིག
།རྣམ་བཞིའི་མགྲོན་གྱི་ཚོགས་རྣམས་ལ། །ཚད་མེད་མཆོད་སྦྱིན་འདི་བསྔོས་པས། །བདག་དང་མཐའ་ཡས་སེམས་ཅན་ཀུན། །ལོངས་སྤྱོད་ལྡན་ཞིང་ཚོགས་རྫོགས་ནས། །མྱུར་དུ་སངས་རྒྱས་ཐོབ་པར་ཤོག
།ཐམས་ཅད་ནམ་མཁའ་༴ སོགས།
།ཁ་ཟས་བཏབས་པ་འདི་ཡི་མཐུས། །འཁྲུལ་སྣང་འཇིགས་སྐྲག་ཐམས་ཅད་ཞི། །བར་དོར་རང་ངོ་འཕྲོད་གྱུར་ནས། །དག་པའི་ཞིང་དུ་སྐྱེ་བར་ཤོག །སོགས།
བདག་གི་བསམ་པའི་སྟོབས་དག་དང་། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །འཕགས་པ་རྣམས་ལ་མཆོད་པ་དང་། །སེམས་ཅན་ཀུན་ལ་ཕན་གདགས་ཕྱིར། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པ། །འཇིག་རྟེན་ཁམས་ནི་མ་ལུས་པར། །ཐོགས་པ་མེད་པར་འབྱུང་བར་ཤོག །ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །དེ་ལ་འགོག་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། །སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །འབྱུང་པོ་གང་དག་འདིར་ནི་ལྷགས་འགྱུར་ཏེ། །སའམ་འོན་ཏེ་བར་སྣང་འཁོད་ཀྱང་རུང་། །སྐྱེ་དགུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཅིང་། །ཉིན་དང་མཚན་དུ་ཆོས་ལ་སྤྱོད་པར་ཤོག །སྦྱིན་པ་རྒྱ་ཆེན་གྱུར་པ་འདི་ཡི་མཐུས། །འགྲོ་བ་རྣམས་ནི་རང་བྱུང་སངས་རྒྱས་ཤོག །སྔོན་གྱི་རྒྱལ་བ་རྣམས་ཀྱིས་མ་གྲོལ་བའི། །སྐྱེ་བོའི་ཚོགས་རྣམས་སྦྱིན་པས་གྲོལ་གྱུར་ཅིག །མི་གཙང་ལུས་འདི་བོར་བ་གྱུར་མ་ཐག །བདེ་བ་ཅན་དུ་བརྫུས་ཏེ་སྐྱེས་བར་ཤོག །སྐྱེ་མ་ཐག་ཏུ་ས་བཅུ་རབ་བགྲོད་ནས། །སྤྲུལ་པས་ཕྱོགས་བཅུར་གཞན་དོན་བྱེད་པར་ཤོག །བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ནས། །སྐྱེ་རྒ་ན་འཆིའི་རྦ་རླབས་འཁྲུགས་པ་ཡི། །སྲིད་པས་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག །འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་། །ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ། །དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཅིང་། །དགེ་བ་དེ་དག་ཐམས་ཅད་རབ་ཏུ་བསྔོ།
།སངས་རྒྱས་སྐུ་གསུམ་སོགས་ནས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། པཉྩ་ནྡྲི་ཡ་ཨཱ་ཝ་བོ་ངྷ་ནི་སྭཱ་ཧཱ།
།དེའང་ཕྱེ་མར་ལ་སྨན་སྤོས་འབྲུ་སྣ་རིན་ཆེན་དར་ཟབ་ཇ་ཆང་འོ་ཕུད་གང་འཛོམ་གཙང་མ་བསྲེས་པའི་དཀར་གསུར་སྔ་དགོང་ནམ་འདོད་བཏང་བས་ཚོགས་རྫོགས་ཤིང་འཕྲལ་དུ་ཅི་འདོད་ཀྱི་དངོས་གྲུབ་ཐོབ་པ་དང་། ཤ་ཁྲག་ཚིལ་བུ་བསྲེས་པའི་དམར་གསུར་འབྱུང་པོ་ལ་ཆེད་དུ་དམིགས་ཏེ་དགོང་མོ་བསྔོས་ན་རང་གཞན་འཆི་བ་བསླུ་བའི་མཆོག་ཏུ་འགྱུར་ཞིང་། བར་དོ་ཁོ་ན་ལ་དམིགས་ན་དམ་རྫས་མྱོང་གྲོལ་གྱི་རིགས་བསྲེས་ཏེ་བཏང་བས་ཕན་ཡོན་དཔག་མེད་འབྱུང་བར་གསུངས་སོ། །ཞེས་པའང་གཡུ་ཐོག་རྣམ་རྒྱལ་དགོན་གྱི་བླ་གྲྭ་དམ་པ་འགའ་ཡི་ཐུགས་བཞེད་ལྟར་ཡོན་ཏན་རྒྱ་མཚོས་བྲིས་པ་འགྲོ་ཕན་འབྱུང་བར་གྱུར་ཅིག །མངྒ་ལཾ།། །།