Lam 'gro ba'i tshe bar chad bsrung ba

From Shangpa Resource Center








Resource ID SCv11p846
Title lam du 'gro ba'i tshe bar chad bsrung ba
Topics Chadrupa
Sub-Topics Various
Link BDRC W23922

༈ ལམ་དུ་འགྲོ་བའི་ཚེ་བར་ཆད་བསྲུང་བ་བཞུགས་སོ།།
༈ ༼ཅེ༽ ལམ་དུ་འགྲོ་བའི་ཚེ་བར་ཆད་བསྲུང་བའི་མན་ངག་ནི།
རང་ལམ་དུ་ཞུགས་མ་ཐག་པའི་གོང་རོལ་དུ་གཏོར་མ་འབུལ། གསོལ་བ་གདབ། འཕྲིན་ལས་བཅོལ། ལམ་དུ་ཞུགས་མ་ཐག་རང་ཉིད་མགོན་པོར་བསྐྱེད། དེ་ལ་ཡེ་ཤེས་པ་བཅུག་སྤྱི་བོར་བླ་མ་མི་བསྐྱོད་པའི་རྣམ་པར་བཞུགས་པར་བསྒོམ། བསིལ་བ་ཚལ་ནས་མགོན་པོ་སླར་ཡང་སྤྱན་དྲངས་ལ། དེ་ཉིད་མགོན་པོ་དཔག་ཏུ་མེད་པར་གྱུར་ཏེ། རང་གི་མདུན་རྒྱབ་གཡས་གཡོན་ཐམས་ཅད་བསྐོར་ནས་བྱོན་པ་དང་། ཧཱུྃ་ཕཊ་ཀྱི་སྒྲ་འབྲུག་ལྟར་དི་རི་རི་སྒྲོག་པར་བསམ་ནས། རང་གིས་ཀྱང་ན་མོ་བུདྡྷ་ཡའི་གསོལ་བ་འདེབས་པ་དང་། བསྟོད་པ་འདོན་པ་དང་། སྔགས་བཟླ་ཞིང་འགྲོ་བར་བྱའོ། །མགོན་པོ་འཁོར་བཅས་ཀྱིས་སྐུ་ལས་མེ་དཔུང་གི་ཚོགས་ཕྱོགས་བཅུར་འཕྲོས་པས་གནོད་བྱེད་ཐམས་ཅད་བསྲེགས་པར་བསམ། ཨྀཐིཿ

༈ བསྲུང་སྐུད་བཞུགས་སོ།
།འདིའི་བསྲུང་སྐུད་བྱ་བ་འདོད་ན། ལུག་ནག་པོའི་སོག་པ་གཡོན་པའི་བལ་ལ། རང་ཉིད་ཡི་དམ་དང་མཁེལ་མཁན་མགོན་པོར་བསྐྱེད། སྐུད་པ་སུམ་སྦྲེལ་འཇུར་མདུད་མེད་པར་བྱས་ལ། རྡོ་རྗེའི་མདུད་པ་བདུན་ནམ་ཉེར་གཅིག་བྱས་པ་རྣམས་བསང་སྦྱངས། ཧཱུྃ་ལས་མགོན་པོ་རེ་རེར་མདུད་པ་རྣམས་བསྐྱེད། ཁྲིཾ་ཉེར་གཅིག་གིས་མགོན་པོར་ཡེ་ཤེས་པ་སྤྱན་དྲངས་གཉིས་སུ་མེད་པར་བསྟིམ་པ་ལ་མཆོད། སྐུད་པ་སྙིམ་པར་བཅུག་སྟེ་སྙིང་པོའི་མཐར། འཆང་བ་པོ་ལ་རཀྵ་རཀྵ། ཅེས་སྤེལ་བ་ཉེར་གཅིག་བཟླས་ནས་རབ་གནས་བྱ། དེ་ནས་དེ་ཉིད་བསྒྲུབ་བྱའི་སྐེ་ལ་བཏགས་ནས། མགོན་པོ་བདུན་ནམ་ཉེར་གཅིག་གིས་བསྐོར་ནས་བསྲུང་བར་བསམ། ཡང་ན་མགོན་པོ་རྣམས་ཞུ་བ་ལས་རྡོ་རྗེ་ནག་པོ་རྩེ་ལྔ་པ་ལྟེ་བ་ལ་ཧཱུྃ་གིས་མཚན་པ་རེ་རེ་བསམ། སྐུད་པ་མཁེལ་མཁན་བུ་མོ་མ་ཉམས་པའམ། ཡང་ན་སྡོམ་ལྡན་དམ་ཚིག་མ་ཉམས་པས་བྱའོ།། །།

༈ ངག་གནོན་སེལ་བའི་གདམས་པ་བཞུགས་སོ།།
༈ ངག་གནོན་སེལ་བའི་མན་ངག་ནི།
རང་མགོན་པོར་བསྐྱེད། ལྕེ་སྐད་ཅིག་གིས་སྟོང་པའི་ངང་ལས་རལ་གྲི་སོར་བཞི་པ་འོད་འབར་བར་བསྒོམ། དེའི་ཆང་ཟུང་སྟེང་དུ་ཧྲཱིཿལྗང་གུ་གཅིག་བསྒོམ། དེ་ལས་འོད་འཕྲོས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་ཀྱི་རྣམ་པར་བསྡུས་ནས་ཐིམ་པར་བསམ་ནས་ཏྲི་དེ་ལས་འོད་ཟེར་འཕྲོས་པས་གནོད་བྱེད་ཐམས་ཅད་བསྲེགས་པར་བསམ། ཨོཾ་ཧཱུྃ་ཏྲི་ཧྲི་ཀ་པཱ་ལ་ར་ཏྲ་སྭཱ་ཧཱ། ཅེས་ཉིན་རེ་ལ་ལན་བདུན་བདུན་བརྗོད་པ་ཙམ་གྱིས་ངག་ནུས་པ་དང་ལྡན་པར་འགྱུར་རོ། །ཨྀཐིཿ

༈ རྫས་ལ་བརྟེན་པའི་མཚོན་བསྲུང་བཞུགས་སོ།།
༈ མཚོན་བསྲུང་བ་ནི།
འབྲས་ཉུངས་ནག་ཀེ་ཚེ་ལྕགས་ཕྱེ་མ། རང་མགོན་པོར་གསལ་བ་ལ་ཡེ་ཤེས་པ་བཅུག་ནས། ཏིང་ངེ་འཛིན་ལ་གནས་ནས་རྩ་སྔགས་སྟོང་བཟླས་ཏེ། དེ་ནས་ཨོཾ་ཚལ་པ་དུམ་བུ་ས་ལེ་ཏྲཾ་ཏྲཾ་བྷྱོ་བྷྱོ། ཅེས་ཁྲི་དགུ་སྟོང་བཟླས། དགྲ་བོས་གནོད་པ་སོགས་བྱུང་ན་འུར་མཐིལ་དུ་རྫས་དེ་དག་བཅུག་སྟེ་འཕངས་ན་མཚོན་གྱིས་མི་ཚུགས་སོ། །ཨྀཐིཿ