Lha bzhi dril sgrub kyi byin rlabs dang nyams su blang tshul

From Shangpa Resource Center








Resource ID SCv8p54
Title lha bzhi dril sgrub kyi byin rlabs dang nyams su blang tshul
Topics Initiation
Sub-Topics Combined Accomplishment of the Four Deities
Author Ngawang Chödrak
Link BDRC W23922
BDRC W23917 (p. 185)
BDRC W1KG4284

༈ ལྷ་བཞི་དྲིལ་སྒྲུབ་ཀྱི་བྱིན་རླབས་དང་ཉམས་སུ་བླང་ཚུལ་བཞུགས་སོ།

།ཕན་དང་བདེ་བའི་འབྱུང་གནས་སྐྱེ་དགུའི་སྐྱབས། །འགྲོ་འདིའི་བདེ་སྐྱིད་ནམ་ཡང་ཉམས་མེད་པར། །ལྷ་གནས་ཆོ་གས་རབ་ཏུ་བསྟན་མཛད་པའི། །ཡོངས་འཛིན་བླ་མའི་ཞབས་པད་གཙུག་ན་རྒྱལ། །འདིར་ལྷ་བཞི་དྲིལ་སྒྲུབ་ཀྱི་བྱིན་རླབས་ནི། གནས་ཁང་དབེན་པར་མདུན་གྱི་སྟེགས་བུའི་སྟེང་དུ་རྔུལ་ཚོན་གྱི་ཆོས་འབྱུང་ཕྱི་དཀར་ལ་ནང་དམར་བ་གདེང་ཀ་ཆེ་བ་གྱེན་ལ་ཕྱོགས་པ། དེའི་དབུས་སུ་པདྨ་འདབ་མ་བཞི་པ། །ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་། ལྟེ་བ་ལྗང་སེར། མཐའ་མཆོད་གཏོར་གྱིས་བསྐོར་བར་བཤམས། བགེགས་གཏོར་དེ་ཡང་ལོགས་གཅིག་ཏུ་བཤམས། དེ་ནས་སློབ་དཔོན་གྱིས་སྐྱབས་སེམས་སྔོན་དུ་འགྲོ་བས་བདག་བསྐྱེད་བདེ་མཆོག་གམ། རྡོ་རྗེ་རྣལ་འབྱོར་མ་གང་འོས་ལ་བྱ། དེ་ནས་མདུན་བསྐྱེད་ལ་དམིགས་ཏེ། སངས་སྦྱངས། སྟོང་པའི་ངང་ལས་ཆོས་འབྱུང་ཕྱི་དཀར་ལ་ནང་དམར་བ། དེའི་དབུས་སུ་པདྨ་འདབ་མ་བཞི་པ། ཤར་དཀར་སོགས། དེའི་དབུས་སུ་ཟླ་བའི་གདན་གྱི་སྟེང་དུ་རང་གི་རྩ་བའི་བླ་མ་རྣམ་པ་རྡོ་རྗེ་འཆང་སྐུ་མདོག་གསེར་བཙོ་མ་ལྟ་བུ་ཞལ་གཅིག་ཕྱག་གཉིས་གཡས་ཡིད་བཞིན་གྱི་ནོར་བུ་དང་གཡོན་གསེར་གྱི་དྲིལ་བུ་གཡེར་ཁ་བསྣམས་པ། །ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། རྩ་བརྒྱུད་ཀྱི་བླ་མ་ཐམས་ཅད་ཀྱི་ངོ་བོར་གྱུར་པ། རིན་པོ་ཆེའི་རྒྱན་དཔག་ཏུ་མེད་པས་སྤྲས་པ། མདུན་གྱི་པད་འདབ་ལ་ཉི་གདན་གྱི་སྟེང་དུ་གཾ་ལས་ཚོགས་བདག་མགོ་གཡས་སུ་བསྟན་པ། དེའི་སྟེང་དུ་ཧཱུྃ་ལས་གྲི་གུག་ཡུ་བ་ལ་ཧཱུྃ་གིས་མཚན་པ་དེ་ལས་འོད་ཟེར་འཕྲོས་གདུག་པ་ཅན་རྣམས་ཚར་བཅད། ཚུར་འདུས་ཡོངས་སུ་གྱུར་པ་ལས། ཡེ་ཤེས་ཀྱི་མགོན་པོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་དྲུག་པ། ཕྱག་གཡས་དང་པོ་གྲི་གུག །གཉིས་པ་ན་ཐོད་ཕྲེང་། གསུམ་པ་ན་ཌཱ་མ་རུ་འཁྲོལ་བ། གཡོན་གྱི་དང་པོ་ན་ཐོད་ཁྲག །གཉིས་པ་ན་རྩེ་གསུམ། གསུམ་པ་ན་རྡོ་རྗེ་ཞགས་པ་བསྣམས་པ། རྒྱན་ཆ་ལུགས་ཡོངས་སུ་རྫོགས་པ། ཞབས་གཉིས་གྱད་ཀྱི་དོར་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོ། གཡས་ཀྱི་པད་འདབ་ལ་ཉི་མ་དང་། འཇིགས་བྱེད་དུས་མཚན་གྱི་སྟེང་དུ་ཡི་གེ་ཧྲཱིཿདམར་པོ་ཡོངས་སུ་གྱུར་པ་ལས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ། སྐུ་མདོག་དམར་མོ་དབུ་སྐྲ་དཔུང་པ་གཡོན་པའི་སྟེང་ན་དམར་སི་ལེ་ཡོད་པ། ལོ་བཅུ་དྲུག་ལོན་པའི་རྣམ་པ་ཅན། སྤྱན་གསུམ་དང་ལྡན་པ། ཞལ་འཛུམ་ཁྲོའི་རྣམ་པ་ཅན། མཆེ་བ་ནས་ཙམ་བྱུང་བ། སྤྱན་གསུམ་གཡོན་གྱིས་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ནམ་མཁའ་ལ་གཟིགས་པ། ཕྱག་གཡས་ཀྱིས་གྲི་གུག་དཔྱི་གཡས་ཀྱི་སྟེང་ན་ནར་རེ་བརྐྱང་པ། གཡོན་ནམ་མཁའ་ལ་སངས་རྒྱས་ཐམས་ཅད་ཀྱི་བདུད་རྩི་ཐོད་པའི་ན་མར་གསོལ་པ། སྤྱི་བོར་རུས་པའི་འཁོར་ལོ་དང་རྣམ་སྣང་གིས་བརྒྱན་པ་ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་དང་། མི་མགོ་ལྔ་བཅུའི་ཕྲེང་བ། རུས་པའི་རྣ་ཆ་མགུལ་རྒྱན་ཕྱག་གདུབ། ཞབས་གཡས་བརྐྱང་བས་མ་ཧཱ་དེ་ཝ་མནན་པ། གཡོན་བསྐུམ་པས་ཨུ་མ་དེ་ཝ་མནན་པ། མཆན་ཁུང་གཡོན་ན་ཁ་ཊྭཱཾ་ག་བསྣམ་པ་གཅིག་ཏུ་བསྐྱེད། རྒྱབ་ཀྱི་པད་འདབ་ལ་ཟླ་གདན་གྱི་སྟེང་དུ་ཧྲཱིཿདཀར་པོ་ཡོངས་སུ་གྱུར་པ་ལས། སྤྱན་རས་གཟིགས་སྐུ་མདོག་དཀར་པོ་གངས་ལ་ཉི་མ་ཤར་བ་ལྟ་བུ་ཞལ་གཅིག་ཕྱག་གཉིས་པ་གཡས་སྐྱབས་སྦྱིན་དང་བཅས་པས་བདུད་རྩིས་གང་བའི་རིལ་བ་བསྣམས་པ། གཡོན་པདྨ་དཀར་པོའི་ཡུ་བ་ཐུགས་ཀར་བཟུང་ནས་འདབ་མ་སྙན་གྱི་ཐད་ཀར་ཁ་བྱེ་བ། དབུ་སྐྲ་དཔུང་པའི་སྟེང་ན་སིལ་ལེ་ཡོད་པ། ཞབས་གཡས་བརྐྱང་གཡོན་བསྐུམ་པ་འོད་དཔག་མེད་ཀྱི་དབུ་བརྒྱན་པ་ཅིག་ཏུ་བསྒོམ། གཡོན་ངོས་ཀྱི་པད་འདབ་ལ་ཟླ་བའི་སྟེང་དུ་ཏཾ་ཡོངས་སུ་གྱུར་པ་ལས་རྗེ་བཙུན་མ་སྒྲོལ་མ་སྐུ་མདོག་ལྗང་ཁུ་ལང་ཚོ་དར་ལ་བབ་པ་ལོ་བཅུ་དྲུག་ལོན་པ་ལྟ་བུ་ཞབས་གཡོན་བསྐུམ་པ། ཕྱག་གཡས་སྐྱབས་སྦྱིན་གཡོན་ཨུཏྤ་ལའི་ཡུ་བ་ཐུགས་ཀར་བཟུང་བ། སྤྱི་བོར་དོན་ཡོད་གྲུབ་པས་དབུ་བརྒྱན་པ་ཅིག་ཏུ་སྒོམ། དེ་ཐམས་ཅད་ཀྱི་གནས་གསུམ་ཡི་གེ་གསུམ་འགོད། དེ་ནས་བླ་མའི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས། རྩ་བརྒྱུད་ཀྱི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་སྤྱན་དྲངས་ནས་དབུས་ཀྱི་བླ་མ་ལ་ཐིམ་པས། བླ་མ་དེ་ཉིད་སྐྱབས་གནས་ཀུན་འདུས་སུ་གྱུར། མགོན་པོའི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པ། ཤར་ལྷོ་ནས་ཡེ་ཤེས་པ་སྤྱན་དྲངས་ལ་བསྟིམ། དེ་བཞིན་དུ་རྗེ་བཙུན་མ་དང་། སྤྱན་རས་གཟིགས་དང་། སྒྲོལ་མ་ཡང་། ཡེ་ཤེས་པ་སྤྱན་དྲངས་ལ་མདུན་བསྐྱེད་ཀྱི་ལྷ་དེ་དང་དེ་ལ་ཐིམ་པར་བསམ། དེ་ནས་མཆོད་པ་བྱིན་རླབས་ལ།
ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པཱ་རི་ཝ་རའི་མཐར་ ཨརྒྷཾ་ལ་སོགས་པ་ཕྱི་མཆོད། སྔགས་ཀྱི་མཐར་ ཨོཾ་ཨཱཿཧཱུྃ་གིས་ནང་མཆོད།
གང་གི་དྲིན་གྱིས་བདེ་ཆེན་ཉིད་སོགས་དང་། སྲིན་པོའི་གཟུགས་ཀྱི་སོགས་དང་། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ་སོགས་དང་། སྐྱོན་གྱིས་མ་གོས་སོགས་དང་། ལྷ་དང་ལྷ་མིན་ཅོད་པན་གྱིས་ཞེས་སོགས་ཀྱི་བསྟོད། དེ་ནས་མཎྜལ་དང་ཀུན་མཁྱེན་ཡེ་ཤེས་སོགས་ཀྱིས་གསོལ་བཏབ། དཀོན་མཆོག་གསུམ་ལ་སོགས་ཀྱི་རྒྱུན་བཤགས་སྔོན་དུ་བཏང་ནས། འོག་ཏུ་སློབ་མ་ལ་ཇི་ལྟར་བྱ་བའི་དབང་དེ་ཉིད་རང་གིས་བླང་བ་ནི་བདག་འཇུག་གོ །དེ་ནས་སློབ་མ་གྲལ་ལ་འཁོད་པ་ལ་བགེགས་གཏོར་བཏང་ལ་བགེགས་བསྐྲད། སེམས་ཅན་ཐམས་ཅད་ཀྱི་ཞེས་སོགས་སེམས་བསྐྱེད་གསལ་བཏབ་ལ། གང་གསན་པར་བྱ་བའི་ཆོས་ནི། དཔལ་ལྡན་ཤངས་པ་བཀའ་བརྒྱུད་པ་རྣམས་ལ་ཐུགས་ཉམས་སུ་བཞེས་པའི་ཆོས་ལྷ་བཞི་དྲིལ་སྒྲུབ་བྱ་བ་ཤིན་ཏུ་ཟབ་པ་དེ་ཡིན། དེའི་བྱིན་རླབས་ཀྱི་བཀའ་ཞུ་བའི་ཡོན་དུ་མཎྜལ་འབུལ་དུ་གཞུག །གསོལ་བཏབ་དང་རྒྱུན་བཤགས་སྔར་བཤད་པ་བཞིན་བྱ། དངོས་གཞིའི་སླད་དུ་ཁྱེད་རང་རྣམས་ཐུགས་འདུན་འདི་བཞིན་གནང་བ་ཞུ། མདུན་བསྐྱེད་ཀྱི་ཆོས་འབྱུང་གི་ནང་གི་ལྷ་དང་བཅས་པ་ཁྱེད་རང་རྣམས་ཀྱི་སྤྱི་གཙུག་ཏུ་ཡེར་གྱིས་བྱོན་པའི་དབུས་སུ་ཟླ་བའི་སྟེང་དུ་རང་གི་རྩ་བའི་བླ་མ་རྡོ་རྗེ་འཆང་ཆེན་པོ་ཞེས་སོགས་སྔར་བཞིན་བརྗོད། མདུན་གྱི་པད་འདབ་ལ་ཉི་གདན་གྱི་སྟེང་དུ་ཚོགས་བདག་མགོ་གཡས་སུ་བསྟན་པ། དེའི་སྟེང་དུ་ཡེ་ཤེས་ཀྱི་མགོན་པོ། གཡས་ཀྱི་པད་འདབ་ལ་འཇིགས་བྱེད་དུས་མཚན་གྱི་སྟེང་དུ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ། རྒྱབ་ཀྱི་པད་འདབ་ལ་ཟླ་བའི་སྟེང་དུ་སྤྱན་རས་གཟིགས་དབང་ཕྱུག །གཡོན་ངོས་ཀྱི་འདབ་མ་ལ་ཟླ་བའི་སྟེང་དུ་རྗེ་བཙུན་མ་སྒྲོལ་མ་འདི་རྣམས་ཀྱི་སྐུ་མདོག་ཕྱག་མཚན་བཞུགས་ཚུལ་རྣམས་སྔར་མདུན་བསྐྱེད་ཀྱི་སྐབས་བཞིན་གསལ་བཏབ། ཧཱུྃ་དང་ཧྲཱིཿལ་སོགས་པ་འདིར་མི་དགོས། དེ་ནས་དབུས་ཀྱི་བླ་མ་དེ་ཉིད་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་བསྒོམ་ལ་འདི་གསུང་བ་ཞུ།
ན་མོ་བུདྡྷ་ཡ། ན་མོ་དྷརྨ་ཡ། ན་མོ་སང་གྷ་ཡ། ཞེས་གསོལ་བ་བཏབ།
མགོན་པོའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་དམར་པོ་མེ་འོད་ལྟ་བུ་འཕྲོས། དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད་ནད་གདོན་ཐམས་ཅད་ཞལ་དུ་དམར་འཇིར་འཇིར་གསོལ་བར་བསམ།
ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྵིཾ་ཀྵེ་ཊ་བིག་ནན་བི་ན་ཡ་ཀ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། །ཇི་ལྟར་རིག་པས་བརྗོད་དུ་གཞུག
།དེ་ནས་ གཡས་ཀྱི་རྗེ་བཙུན་མའི་ཐུགས་ཀའི་སྔགས་ཕྲེང་ལས་བདུད་རྩིའི་རྒྱུན་དམར་པོ་བབས་གསང་གནས་ནས་ཐོན། ཁྱེད་རང་གི་ཚངས་བུག་ནས་ཞུགས། ལུས་ལ་བདེ་ཆེན་གྱི་ཡེ་ཤེས་སྐྱེས་པར་མོས་ལ་སྔགས་འདི་གསུང་བ་ཞུ། ཨོཾ་བཛྲ་ན་ར་ཀྲིཾ་ཀྲིཾ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཅེས་པའམ་ཡང་ན་ ཨོཾ་གསུམ་མ་ཚར་གསུམ་རེ་རྗེས་ཟློས་བྱེད་དུ་གཞུག །རྒྱུན་གྱི་ཐུགས་དམ་ལ་ཚར་ཅི་མང་བཟླ་བ་ཡིན། དེ་ནས་ རྒྱབ་ཀྱི་པད་འདབ་ལ་བཞུགས་པའི་སྤྱན་རས་གཟིགས་ཀྱི་ཕྱག་གཡས་པའི་རིལ་བ་ནས་བདུད་རྩིའི་རྒྱུན་དཀར་པོ་བབས། ཁྱེད་རང་གི་ཚངས་བུག་ནས་ཞུགས་སྡིག་སྒྲིབ་དག །བདེ་བ་ཆེན་པོ་སྐྱེས་པར་བསམ་ནས་འདི་གསུང་བ་ཞུ། ཨོཾ་བཛྲ་རཀྵ་རཀྵ་ས་མན་ཏ་ཧཱུྃ་ཕཊ། ཅེས་པའམ་ཡང་ན་ཡི་གེ་དྲུག་པ་ཅི་རིགས་བཟླ་རུ་གཞུག །དེ་ནས་ གཡོན་ངོས་ཀྱི་སྒྲོལ་མའི་ཞབས་གཡས་པའི་མཐེ་བོང་ལས་བདུད་རྩིའི་རྒྱུན་བབས། ཁྱེད་རང་གི་ལུས་ཐམས་ཅད་ལ་ཐིམ་པས་ནད་གདོན་སྡིག་སྒྲིབ་ཐམས་ཅད་དག །བདེ་བ་ཆེན་པོ་སྐྱེས་པར་བསམ་ནས། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་པ་ལན་གསུམ་ལ་སོགས་པ་བརྗོད་དུ་གཞུག །དེ་ནས་ པད་འདབ་ལ་བཞུགས་པའི་ལྷ་བཞི་དབུས་ཀྱི་བླ་མ་ལ་སིབ་ཐིམ། བླ་མའི་ཐུགས་ཀ་ནས་འོད་འཕྲོས་བརྒྱུད་པའི་བླ་མ་རྣམས་དང་སངས་རྒྱས་བྱང་སེམས། གསང་སྔགས་ཕྱི་ནང་གི་ལྷ་ཚོགས་ཐམས་ཅད་སྤྱན་དྲངས་བླ་མ་ལ་ཐིམ་པས་བླ་མ་སྐྱབས་གནས་ཀུན་འདུས་པ་འོད་དང་འོད་ཟེར་གྱི་རང་བཞིན་སྣང་ལ་རང་བཞིན་མེད་པར་གྱུར་པ་ལ་གསོལ་བཏབ་འདི་གསུང་བ་ཞུ། ན་མོ་བུདྡྷ་ཡ་ཞེས་སོགས་སྔར་ལྟར་བརྗོད་དུ་གཞུག །དེ་ནས་ཁྱེད་རང་གི་ལྟེ་བའི་གཏུམ་མོ་ཨ་ཐུང་ལས་མེ་སྦར་རྩ་དབུ་མའི་ནང་ན་ཡར་སོང་ཚངས་བུག་ནས་འཐོན་པའི་པདྨའི་ལྟེ་བ་ན་བཞུགས་པའི་བླ་མའི་སྐུ་ལ་ཕོག་པས་སྐུའི་ནང་གི་ལྷ་རྣམས་བདེ་བ་ཆེན་པོའི་ངོ་བོར་མེར་ཞུ། བདུད་རྩིའི་རྒྱུན་ཁྱེད་རང་གི་ཚངས་བུག་ནས་ཞུགས་སྨིན་མཚམས་ཡན་ཆད་གང་། བླ་མའི་སྐུའི་བྱིན་རླབས་ཐོབ། ལུས་ཀྱི་དྲི་མ་དག །བུམ་པའི་དབང་ཐོབ་སྙམ་པའི་མོས་པ་མཛོད། །ཌཱ་དྲིལ་དང་། ན་མོ་བུདྡྷ་ཡ་སོགས་ཀྱི་མཐར་ ཨ་བེ་ཤ་ཡ་ཨ་བརྗོད། དེ་བཞིན་དུ་ཡང་བདུད་རྩིའི་རྒྱུན་ཚངས་བུག་ནས་ཞུགས། མགྲིན་པ་དང་སྙིང་གར་སླེབས་པ་ན་གསུང་དང་ཐུགས་ཀྱི་བྱིན་རླབས་ཐོབ་སྙམ་པ་དང་། ངག་དང་ཡིད་ཀྱི་སྒྲིབ་པ་དག་སྙམ་པ་དང་། གསང་དབང་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་སྙམ་པའི་མོས་པ་བྱེད་དུ་གཞུག །དེ་གཉིས་རེ་རེ་ལ་ཡང་ཌཱ་དྲིལ་དང་ན་མོ་བུདྡྷ་ཡ་སོགས་སྔར་བཞིན། ཡང་བླ་མའི་སྐུ་ལས་བདུད་རྩིའི་རྒྱུན་བབས་པ་ཁྱེད་རང་གི་ཚངས་བུག་ནས་ཞུགས་ལྟེ་བར་སླེབས་པ་བླ་མའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐོབ། རང་གི་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་དག་ནས་དབང་བཞི་པ་ཐོབ་སྙམ་པའི་མོས་པ་བྱེད་དུ་གཞུག་ཅིང་ཌཱ་དྲིལ་སྔར་བཞིན། དེ་ནས་ཆོས་འབྱུང་ཉིད་ནམ་མཁའ་ལ་འཇའ་ཡལ་བ་ལྟར་སོང་། བླ་མ་གདན་དང་བཅས་པ་འོད་དུ་མེར་ཞུ་ཁྱེད་ཁྱེད་རང་གི་སྤྱི་བོ་ནས་ཞུགས་མར་ཐིམ་པས། བླ་མའི་སྐུ་གསུང་ཐུགས་དང་ཁྱེད་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་པར་གྱུར་ཏེ་གསལ་སྟོང་ཟུང་འཇུག་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་དབྱིངས་རིག་དབྱེར་མེད་ནམ་མཁའ་ལྟ་བུའི་ངང་དུ་འཇོག་པར་ཞུ། འདི་ནི་དོ་ཧ་ལས། ནམ་མཁའི་རང་བཞིན་ཉིད་དུ་དེ་བསམ་བྱ། །ཞེས་དང་། དཔལ་ལྡན་ཞི་བ་ལྷས། ཐམས་ཅད་ནམ་མཁའ་འདྲ་བ་ནི། བདག་འདྲས་ཡོངས་སུ་བཟུང་བར་བགྱི། །ཞེས་གསུང་པ་སོགས་མདོ་རྒྱུད་བསྟན་བཅོས་ཐམས་ཅད་ཀྱི་དགོངས་དོན་གྱི་བལྟ་བ་འདི་ཡིན་ནོ།
།རྗེས་གཙོ་བོས་སོགས་དཀྱུས་བཞིན་བྱ། དེ་ལྟར་བླ་མ་ལ་ཐོག་མར་བྱིན་རླབས་ཐོབ་ནས་ལྷ་བཞིའི་དྲིལ་སྒྲུབ་འདི་རྒྱུན་དུ་ཉམས་སུ་ལེན་ན། རང་ཐ་མལ་དུ་གནས་པའི་ལྷར་བསྒོམས་ཀྱང་རུང་། སྐྱབས་སེམས་སྔོན་དུ་བཏང་ནས་རང་གི་སྤྱི་བོའི་གཙུག་ཏུ་ཆོས་འབྱུང་ཕྱི་དཀར་ལ་ནང་དམར་བ་བདེ་བར་ཤར་ཞིང་བདེ་བར་གནས་པ་འོད་ཀྱི་རང་བཞིན་ཅན་རྩ་བ་ཕྲ་བ་རང་གི་ཚངས་བུག་ཏུ་ཟུག་པ། གདེངས་ཀ་ཆེ་བ་གྱེན་དུ་ཕྱོགས་པ་དེའི་ནང་དུ་པདྨ་འདབ་མ་བཞི་པའི་ལྟེ་བ་ལ་བླ་མ་རྡོ་རྗེ་འཆང་སྔར་བཤད་པ་བཞིན་དང་། ཕྱོགས་ཀྱི་འདབ་མ་བཞི་ལ་རང་རང་གི་གདན་གྱི་སྟེང་དུ་ས་བོན་ཧཱུྃ་སོགས་ལས་ལྷ་བཞི་བསྐྱེད། སོ་སོའི་ཡེ་ཤེས་པ་སྤྱན་དྲངས་ནས་བསྟིམ་པ་རྣམས་མདུན་བསྐྱེད་བཞིན་བྱ། དེ་ནས་བླ་མ་སྐྱབས་གནས་ཀུན་འདུས་སུ་བསྒོམ་ལ་ན་མོ་བུདྡྷ་ཡ་སོགས་ཀྱི་གསོལ་བཏབ་ནས་བཟུང་ལྷ་བཞི་སོ་སོའི་སྔགས་ཅི་ནུས་བཟླས་ལ་དབང་བཞི་བླངས། མཐར་བལྟ་བའི་ངང་དུ་འཇོག །བསྔོ་སྨོན་གྱི་རྒྱས་འདེབས་དང་བཀྲ་ཤིས་ཀྱི་ཕྲེང་བས་མཐའ་བརྟན་པར་བྱའོ།
།ཞེས་པ་འདི་ནི་དགེ་སློང་འདུལ་བ་འཛིན་པ་ངག་དབང་ཆོས་གྲགས་ཀྱིས་ལྕགས་ཕོ་འབྲུག་ལོ་ཟླ་བ་བདུན་པའི་ནང་དུ་སྔོན་གྱི་ཡིག་རྙིང་ལ་བརྟེན་ནས་མདར་གྲང་ཆེན་དུ་ཕྱག་ལེན་ལ་བཀོད་པའོ།། །།