Mgon dkar bskang gsol 'dod rgu'i char 'bebs

From Shangpa Resource Center








Resource ID SCv4p395
Title mgon dkar yid bzhin nor bu'i bskang gsol 'dod rgu'i char 'bebs
Topics White protector
Sub-Topics Fulfilling offering
Link BDRC W23922

༄༅། །མགོན་དཀར་ཡིད་བཞིན་ནོར་བུའི་བསྐང་གསོལ་འདོད་རྒུའི་ཆར་འབེབས་ཞེས་བྱ་བ་བཞུགས་སོ།།

།དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་བཀའ་བསྲུང་ཐུན་མོང་མ་ཡིན་པ་མགོན་དཀར་ཡིད་བཞིན་ནོར་བུའི་མདུན་བསྐྱེད་སྒྲུབ་ཅིང་མཆོད་པ་དང་བསྐང་གསོལ་རྒྱས་པས་རིམ་པར་བྱ་བ་ནི། ཕུན་སུམ་ཚོགས་པའི་གནས་སུ་བྲིས་སྐུ་སོགས་ཁྱད་པར་རྟེན་དང་། མཆོད་གཏོར་ཅི་འབྱོར་བཤམས་ལ། སྐྱབས་སེམས་ཚད་མེད་བཞི་སྤྱི་དང་མཐུན་པར་བྱ། ཡི་དམ་ལྟར་བདུད་རྩི་བྱིན་གྱིས་རློབ།
མཆོད་པ་ནི། ཨོཾ་བཛྲ་ཨ་མྲྀ་ཏས་བསང་། སྭ་བྷ་ཝས་སྦྱང་།
སྟོང་པའི་ངང་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཨོཾ་ཨཱཿཧཱུྃ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག། བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དང་། གཞན་ཡང་ཕྱི་ནང་གསང་བའི་མཆོད་སྤྲིན་ནམ་མཁའི་ཁམས་ཐམས་ཅད་གང་བ། འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་གྱི་ཕུང་པོ་མགོན་པོ་འཁོར་བཅས་ཐུགས་མཉེས་པར་བྱེད་ཅིང་ཚིམ་པར་བྱེད་པའི་རང་བཞིན་དུ་གྱུར།
ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་ནས། ཤཔྟ་ཨཱཿཧཱུྃ་བར། ནམ་མཁའ་མཛོད་ཀྱི་སྔགས་རྒྱ་དང་། ཨོཾ་བཛྲ་སྥ་ར་ཎ་ཁཾ་སྭཱ་ཧཱ། ཞེས་པ་རྣམས་ཀྱིས་བྱིན་བརླབ། ཨོཾ་སྭ་བྷ་ཝས་སྦྱངས།
སྟོང་པའི་ངང་ལས་རྡོ་རྗེའི་སྲུང་འཁོར་ཡང་ཤིང་རྒྱ་ཆེ་བའི་ནང་དུ་ཆོས་འབྱུང་གྲུ་གསུམ་ཕྱི་དཀར་ལ་ནང་དམར་བ་མེ་རི་དམར་པོས་མཚན་པ། དེའི་དབུས་སུ་པྃ་ལས་པདྨ་འདབ་མ་བརྒྱད་པའི་ལྟེ་བར། རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་གྃ་ལས་ཚོགས་ཀྱི་བདག་པོ་གཉིས་ཉལ་སྟབས་སུ་གནས་པ། དེའི་སྟེང་དུ་ཧཱུྃ་དངུལ་ཆུའི་མདོག་ཅན་ལས་འོད་ཟེར་འཕྲོས་འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་དབུལ་བའི་སྡུག་བསྔལ་བསལ། སླར་འདུས་ཏེ་ཐིམ་པ་ཡོངས་སུ་གྱུར་པ་ལས་མགོན་པོ་ཡིད་བཞིན་ནོར་བུ་སྐུ་མདོག་གང་རི་ལྟར་དཀར་ལ་དམར་བའི་མདངས་ཆགས་པ། ཞལ་གཅིག་ཕྱག་དྲུག་པ། སྤྱན་གསུམ་ཕྱོགས་བཅུར་གཡོ་ཞིང་ཆགས་པའི་ཉམས་ཅན། ཞལ་འཛུམ་ཁྲོས་ལྡན་ཞིང་མཆེ་བའི་མྱུ་གུ་ཅུང་ཟད་བརྩིགས་པ། དབུ་སྐྲ་དང་སྨ་ར་སྨིན་མ་དམར་སེར་གྱེན་དུ་བརྫེས་པ། དཔྲལ་བར་སིནྡྷཱུ་རའི་ཐིག་ལེས་བྱུགས་པ། ཐོད་སྐམ་ལྔ་ཡིས་དབུ་རྒྱན་དང་། ཐོད་རློན་ལྔ་བཅུའི་དོ་ཤལ་ཅན། ཕྱག་དྲུག་གི་གཡས་ཀྱི་དང་པོས་གྲི་གུག་ནམ་མཁའ་ལ་ཕྱར་བ། གཉིས་པས་ཡིད་བཞིན་གྱི་ནོར་བུ་བསམ་འཕེལ་དབང་གི་རྒྱལ་པོ་ཐུགས་ཀར་འཛིན་པ། གསུམ་པས་སེང་ལྡེང་གི་ཌཱ་མ་རུ་འཁྲོལ་བས་མཁའ་འགྲོ་དབང་དུ་སྡུད་པ། གཡོན་གྱི་དང་པོས་བདུད་རྩིས་གང་བས་ཐོད་པས་ནང་དུ། རིན་པོ་ཆེ་སྣ་ཚོགས་ཀྱིས་གང་བའི་བུམ་པ་བཅུག་སྟེ་བརླ་གཡོན་པ་ལ་བརྟེན་ཏེ་འཛིན་པས། འདོད་རྒུའི་དངོས་གྲུབ་སྩོལ་བ། གཉིས་པས་དུག་གསུམ་འཇོམས་པའི་རྩེ་གསུམ། གསུམ་པས་ཁམས་གསུམ་འགུགས་པའི་རིན་པོ་ཆེའི་ལྕགས་ཀྱུ་འབར་བ་བསྣམས་པ། རིན་པོ་ཆེའི་དབུ་རྒྱན། སྙན་རྒྱན། མགུལ་རྒྱན། དཔུང་རྒྱན། ཕྱག་གདུབ། ཞབས་གདུབ། སོར་གདུབ། འོག་པག་སྟེ་ནོར་བུའི་རྒྱན་བརྒྱད་ཀྱིས་མཛེས་པ། སྐུ་སྟོད་ལ་གླང་པོ་ཆེའི་ཀོ་བས་གཡོགས་ཤིང་། སྐུ་སྨད་ལ་སྟག་ལྤགས་གསར་པའི་ཤམས་ཐབས་བཀྲིས་པ། རིན་པོ་ཆེའི་ཆུན་འཕྱང་སྣ་ཚོགས་པའི་སྣེ་ལ་གསེར་དངུལ་གྱི་དྲིལ་བུ་གཡེར་ཁ་འཁྲོལ་བ། ལྷ་རྫས་ཀྱི་ན་བཟའ་དང་དར་སྣ་ཚོགས་ཀྱི་འཕྱང་འཁྲུལ་ཅན། ཞབས་གཉིས་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ནས་ད་ལྟ་འབྱོན་འཕྲོ་ལ་ཚོམ་སྟེ་བཞུགས་པ་འདྲ་བའི་ཞབས་འོག་ན། དཔལ་ཚོགས་ཀྱི་བདག་པོ་དཀར་པོ་གླང་པོ་ཆེའི་གདོང་པ་ཅན། ཕྱག་གཡས་ས་ཡི་སྙིང་པོ་ལ་ཕུག་ལོ་མ་དང་བཅས་པ་ཞལ་དུ་གསོལ་ཞིང་གཡོན་གྱི་རིན་པོ་ཆེ་སྣ་ཚོགས་སྐྱུག་པའི་ནེའུ་ལེ་བསྣམས་ནས་སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ་བར་མཛད་པ། ཁ་བཤང་བ་སྤུའི་ཁུང་བུ་རྣམས་ནས་ནོར་བུའི་ཆར་འབེབ་པ་རེ་རེ་མནན་ཅིང་། ཡེ་ཤེས་ཀྱི་མེ་འོད་འབར་བའི་དབུས་ན་བཞུགས་པ་ལ། འཁོར་དབང་སྡུད་ཀྱི་ཌཱ་ཀི་བྱེ་བ་འབུམ་སྡེ་དང་། ནོར་བདག་གནོད་སྦྱིན་ཕོ་མོ་དཔག་ཏུ་མེད་པས་བསྐོར་བ། མགོན་པོའི་སྤྱི་བོར་བླ་མ་རྡོ་རྗེ་འཆང་སྐུ་མདོག་དམར་པོ་དགོས་འདོད་ཐམས་ཅད་འབྱུང་བ། ཞལ་འཛུམ་པའི་མདངས་ཅན། གཡས་ཡིད་བཞིན་གྱི་ནོར་བུ་དང་། གཡོན་དེས་ཡུ་བ་བྱས་པས་དྲིལ་བུ་དཀུར་བརྟེན་ཅིང་། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། མགོན་པོའི་ཐུགས་ཀར་དབང་སྡུད་ཀྱི་མཁའ་འགྲོ་མ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། སྐུ་མདོག་པདྨ་རཱ་ག་ལྟར་དམར་ཞིང་། བཅུ་དྲུག་ལོན་པའི་ལང་ཚོ་ཅན། རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། ཕྱག་གཡས་ལྕགས་ཀྱུ་དང་། གཡོན་གྱིས་ཐོད་པ་བདུད་རྩིས་གང་བ་བསྣམས་པ། ཞབས་གར་སྟབས་ཀྱིས་འགྱིང་ཞིང་། སྤྱན་གསུམ་ནམ་མཁའ་ལ་ཧྲིག་གེར་གཟིགས་པ། ཁམས་གསུམ་དབང་དུ་བསྡུད་ཅིང་། སྟོང་གསུམ་གཡོ་བར་བྱེད་པ་འོད་ཟེར་རབ་ཏུ་འབར་བའི་དབུས་ན་བཞུགས་པ། མགོན་པོའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀའི་ཆ་སྨད་དུ་ཧཱུྃ་སྔོན་པོའི་མཚན་པ། ཐུགས་ཀའི་དབུས་སུ་མཁའ་འགྲོ་མའི་ཐུགས་ཀར་ཆོས་ཉིད་ཀྱི་ཐིག་ལེ་དཀར་དམར་རྒྱ་སྲན་ཙམ། དེའི་དབུས་སུ་ཧཱུྃ་དངུལ་ཆུའི་མདོག་ལྟ་བུ་དེ་ལས་འོད་ཟེར་འཕྲོས་པའི་སྣེ་ལ་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་གནད་ནས་བསྐུལ་བར་བྱེད་པའི་དཔའ་བོ་སྔོ་སྐྱ་མཚན་མ་བསྒྲེང་བ་རུས་པའི་རྒྱན་ཅན། དཔའ་མོ་དམར་མོ་བྷ་ག་རྒྱས་ཤིང་ནུ་མ་འཕྱང་བ་ན་ག་གེ་སར་གྱི་མེ་ཏོག་གི་ཕྲེང་བ་བརྒྱན་པ། གཉིས་ཀའང་བདེ་བའི་མྱོས་ཤིང་ཆགས་པའི་གར་མཛད་པ། ཌཱ་མ་རུ་དང་དྲིལ་བུ་འཁྲོལ་བཞིན་པ་རེ་རྒྱང་གིས་འཕྲོས། ཤར་ལྷོ་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ཙནྡན་གྱི་ཤིང་རྐང་གཅིག་པས་དྲུང་ན་བཞུགས་པའི་མགོན་པོའི་ཤངས་བུག་ནས་ཐོག་མེད་དུ་ཞུགས། ཐུགས་ཀའི་ཧཱུྃ་ལ་གཡས་སྐོར་ཆི་ལི་ལི་བྱས་པ་ཙམ་གྱིས་ཐུགས་དམ་གྱི་རྒྱུད་རང་དབང་མེད་པར་བསྐུལ་ཏེ། མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཡིད་བཞིན་ནོར་བུ་ལ་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་གནོད་སྦྱིན་ནོར་བདག་གི་ཚོགས་ཀྱིས་བསྐོར་བ་ཌཱ་མ་རུ་དང་དྲིལ་བུའི་སྒྲ་སྒྲོགས་ཤིང་དགྱེས་པའི་གར་སྟབས་དང་བཅས་ཏེ་སྐད་ཅིག་གིས་བྱོན་པར་གྱུར། ཨོཾ་བཛྲ་ས་མཱ་ཛཿ ཞེས་སྤྱན་དྲངས་ཤིང་གདུང་བའི་དབྱངས་ཀྱིས།
ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །ཚུར་བྱོན་ཡིད་བཞིན་མགོན་པོ་ཆེ། །འོད་དཔག་མེད་པས་སྤྱན་ལྔ་རུ། །འཕགས་པ་ལོ་ཀེ་ཤྭ་ར་ཡིས། །འགྲོ་ལ་བྱམས་པས་ཉེར་དགོངས་ནས། །དབུལ་བའི་སྡུག་བསྔལ་སེལ་བ་དང་། །རྣལ་འབྱོར་བསོད་ནམས་བསྐྱེད་བྱེད་དུ། །སྤྲུལ་པས་དམ་ཚིག་བཞིན་དུ་བྱོན། །ཁྱེད་ནི་འཕགས་པའི་སྤྲུལ་པ་སྟེ། །བསིལ་བ་ཚལ་གྱི་དུར་ཁྲོད་དུ། །དཔག་བསམ་ཤིང་གཅིག་རྩ་བ་གནས། །མཁའ་འགྲོ་འབུམ་གྱི་འཁོར་དང་བཅས། །ཆོས་ཉིད་ངང་ལས་མ་གཡོས་ཀྱང་། །དེ་རིང་ཡིད་བཞིན་ནོར་བུ་བཞེངས། །འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །མ་ཧཱ་ཀཱ་ལ་ཐུགས་རྗེའི་གཏེར། །མཐུ་ཆེན་རྒྱལ་པོ་ཡིད་བཞིན་མགོན། །དགོས་འདོད་ཀུན་འབྱུང་དཔའ་བོ་ཆེ། །དཀར་སེར་དམར་ལྗང་ཡིད་འོང་མ། །ལས་བཞི་ཕྲིན་ལས་སྒྲུབ་མཛད་མ། །ཡེ་ཤེས་ལྔ་ཡི་བདག་ཉིད་ཅན། །ཌཱ་ཀིའི་འཁོར་ཚོགས་དཔག་མེད་དང་། །རྩ་བརྒྱུད་བླ་མ་ཡི་དམ་ལྷ། །བསྟན་སྲུང་ནོར་ལྷ་གནོད་སྦྱིན་རྣམས། །འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །རིགས་ཀྱི་ཅོད་པན་ལྡེམས་སེ་ལྡེམ། །དར་གྱི་ཅོད་པན་པུ་རུ་རུ། །རིན་ཆེན་རྒྱན་ཆ་སི་ལི་ལི། །གསང་བའི་རྔ་ཆུང་དི་རི་རི། །དཔའ་བོའི་ངར་སྐད་ཙེ་རེ་རེ། །དཔའ་མོའི་བརྡ་གླུ་ལྷངས་སེ་ལྷང་། །བླ་མ་ཡི་དམ་ཐིབས་སེ་ཐིབ། །ནོར་ལྷ་གནོད་སྦྱིན་སྤུངས་སེ་སྤུང་། །སྙིང་རྗེའི་རང་ཉམས་ལྷངས་སེ་ལྷང་། །སྒྱུ་མའི་རང་སེམས་རྗེ་ནེ་ནེ། །སྤྲོས་མེད་རིག་པ་ས་ལ་ལ། །གཏད་མེད་ངང་དུ་ཡ་ལ་ལ། །བདེ་ཆེན་གོང་བུར་ཕྲི་ལི་ལི། །བྱིན་གྱིས་རླབས་ཕྱིར་གཤེགས་སུ་གསོལ། །གནས་ཁང་འདི་རུ་བྱིན་ཕོབ་ལ། །རིན་ཆེན་ནོར་གྱི་ཆར་པ་ཕོབ། །སྒྲུབ་མཆོག་བདག་ལ་བྱིན་རློབས་ལ། །ཁམས་གསུམ་མ་ལུས་དབང་དུ་བསྡུས། གུ་རུ་མ་ཧཱ་ཀཱ་ལ་ཌཱ་ཀི་ནི་སརྦ་ཨཱ་ཝེ་ཤ་ཡ་ཨ་ཨཱཿ གུ་རུ་མ་ཧཱ་ཀཱ་ལ་ཧཱ་རི་ནི་ས་སིདྡྷི་ཛཿ ཛཿཉེར་གཅིག་བརྗོད།
ཧཱུྃ། དུར་ཁྲོད་མེ་རིའི་ཡོངས་སྐོར་བའི། །རིན་ཆེན་ལས་གྲུབ་གཞལ་ཡས་ཁང་། །ཕྱི་ནང་རྔམ་བརྗིད་རབ་མཛེས་པའི། །མཆོད་སྤྲིན་རྒྱ་མཚོས་ཡོངས་སུ་གང་། །གནམ་ལྕགས་ཆོས་འབྱུང་འབར་བ་དང་། །ཡིད་འོང་སྣ་ཚོགས་པད་ཉིའི་གདན། །བགེགས་རྒྱལ་ནོར་བདག་འགྱིངས་བའི་སྟེང་། །ཡེ་ཤེས་མགོན་པོ་བཞུགས་སུ་གསོལ། །ཡིད་བཞིན་ནོར་བུ་བཞུགས་སུ་གསོལ། །དཔལ་ལྡན་ལྷ་མོ་བཞུགས་སུ་གསོལ། །གནོད་སྦྱིན་ནོར་ལྷ་བཞུགས་སུ་གསོལ། །དཔལ་མགོན་བདུན་བཅུ་བཞུགས་སུ་གསོལ། །མ་ལུས་འཁོར་བཅས་བཞུགས་སུ་གསོལ། །ཛཿཧཱུྃ་བྃ་ཧོཿ གཉིས་སུ་མེད་པར་གྱུར། པདྨ་ཀ་མ་ལ་ཡེ་སྟྭཾ།
བདག་དང་སེམས་ཅན་ཐམས་ཅད་ཀྱི། །དབུལ་བའི་སྡུག་བསྔལ་ཞི་བར་མཛད། །དངོས་འགྲུབ་ཐམས་ཅད་སྩོལ་བའི་ལྷ། །བསམ་འཕེལ་ཡིད་བཞིན་ནོར་བུ་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །ཆོས་འབྱུང་དཀར་ལ་མེ་རི་དམར་པོའི་དབུས། །པད་དཀར་གདན་དང་འོད་སྟོང་དཀྱིལ་འཁོར་སྟེང་། །གང་རི་ལྟར་དཀར་ཞལ་གཅིག་ཕྱག་དྲུག་པ། །ཁྱོད་ལ་རྣམ་དཀར་དྲངས་བས་ཕྱག་འཚལ་ལོ། །ཞེས་པས་ཕྱག་བྱ་ཞིང་། མཆོད་པ་རྒྱས་པར་སྤྲོ་ན།
ཧཱུྃ། རྟེན་ཅིང་འབྲེལ་བར་འབྱུང་བ་ཡི། །ལྷ་རྫས་དམ་པའི་མཆོད་ཡོན་འདི། །མྱུར་མཛད་འཁོར་དང་བཅས་ལ་འབུལ། །དངོས་གྲུབ་རྩོལ་ཕྱིར་བཞེས་སུ་གསོལ།
།གུ་རུ་མ་ཧཱ་ཀཱ་ལ་ཧཱ་རི་ནི་ས་ས་པཱ་རི་ཝཱ་ར་ཨརྒྷཾ་པྲ་ཏི་ཙྪ་སྭཱ་ཧཱ། དེ་བཞིན་དུ་ཞབས་བསིལ་ནས་ སིལ་སྙན། དང་ པདྱཾ་ནས་ ཤཔྡ་བར་འགྲེ་བ་ཕྱི་མཆོད་དང་ཉེར་སྤྱོད་རྣམས་ལྔ་ཡང་། གཟུགས་མཆོད་ནས་ རེག་བྱ་བར་དང་། རུ་པཱ་ཀ་མ་གུ་ཎ་པྲ་ཏི་ཙྪ་སྭཱ་ཧཱ། སྤརྴེ་བར་ཚིག་བཅད་དང་སྔགས་རྣམས་སྤེལ་ཏེ་མཆོད། རྒྱུན་དུ།
ཧཱུྃ་ རྒྱུ་དང་འབྲས་བུའི་ཁྱད་པར་བཞིན། །བསྐྱེད་ཅིང་བསྟིམ་པས་རང་བཞིན་གྱིས། །མ་ཧཱ་ཀཱ་ལ་འདིར་བཞུགས་ལ། །བདག་གི་མཆོད་བསྟོད་བཞེས་སུ་གསོལ།
།དཔལ་ལྡན་ཡེ་ཤེས་མགོན་པོ་ལ། །བདག་གི་གནས་མཆོག་དམ་པ་ནས། །མཆོད་པའི་བྱེ་བྲག་འབུལ་བ་ནི། །མི་ཁྱི་གླང་ཆེན་རྟ་ཡི་ཤ། །བ་གླང་ཁྱུ་མཆོག་ལ་སོགས་ཤ། །དྲི་ཆེན་རྣམས་དང་བྱང་ཆུབ་སེམས། །རཀྟ་དྲི་ཆུར་སྦྱར་བ་རྣམས། །མི་ཟད་འབུལ་ལོ་བཞེས་སུ་གསོལ།
།ཤ་ཡི་བྱེ་བྲག་སྣ་ཚོགས་པ། །བཙོས་བསྲེགས་སྐམ་རློན་ཁུ་བ་དང་། །གཡོས་སུ་སྦྱར་དང་གཏུས་པའི་ཚོགས། །རོ་བཅུད་ལྡན་པ་ཐམས་ཅད་འབུལ།
།མཛེས་སྡུག་སྙན་ཅིང་དྲི་ཞིམ་པ། །རོ་ལྡན་རེག་ན་འཇམ་པ་ཡི། །བཟའ་གཏུང་བདུད་རྩིར་བྱིན་རླབས་པས། །འདོད་ཡོན་ཚོགས་ཀྱི་མཆོད་པ་འབུལ།
།མེ་ཏོག་ལ་སོགས་མཆོད་པའི་ཚོགས། །རྒུན་འབྲུམ་ལ་སོགས་ཆང་གི་ཚོགས། །གུར་གུམ་ལ་སོགས་སྨན་སྣ་དང་། །ཉ་ཤ་ལ་སོགས་ཤ་ཡི་ཚོགས། །སོ་བ་ལ་སོགས་འབྲུ་སྣ་དང་། །ལ་དུ་ལ་སོགས་སྦྱར་བའི་ཚོགས། །ལ་ཕུག་ཁུར་བ་ཞོ་འོ་སོགས། །སྣ་ཚོགས་རྫས་ཀྱི་མཆོད་པ་འབུལ། །པ་ཊ་ཧ་དང་གླིང་བུ་དང་། །རྫ་རྔ་པི་ཝཾ་ཅང་ཏེའུ། །རྔ་རིང་ཀུན་ཛ་ཏི་མ་དང་། །ཆ་ལང་ཕེག་དང་ཧོར་པ་དུང་། །གྲགས་སྟོང་མཆོད་པ་བཞེས་སུ་གསོལ།
།གཞན་ཡང་མཆོད་པའི་བྱེ་བྲག་ནི། །མེ་ཏོག་ཆུ་སྐྱེས་ཐང་སྐྱེས་དང་། །ལྷན་གཅིག་སྐྱེས་དང་སྦྱར་བའི་སྤོས། །རང་གཞན་རྐྱེན་ལས་སྐྱེས་པའི་འོད། །འདོད་ཡོན་ལྔ་དང་ལྡན་པའི་ཟས། །མི་ཟད་འབུལ་ལོ་བཞེས་སུ་གསོལ།
།ནད་གདོན་བར་ཆད་དགྲ་བགེགས་ཞི། །ཚེ་བསོད་དཔལ་འབྱོར་ཡེ་ཤེས་རྒྱས། །རླུང་སེམས་སྣང་བ་དབང་དུ་བསྡུས། །འགལ་རྐྱེན་དགྲ་བགེགས་ཚར་ཆོད་ལ། །མཆོག་ཐུན་དངོས་གྲུབ་ཆར་ལྟར་ཕོབ།
།ནང་མཆོད་རྒྱས་ན་བླ་མ་བརྒྱུད་པའི་མཚན་ནས་བརྗོད། བསྡུ་ན། རྩ་བརྒྱུད་བླ་མ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཞལ་དུ༴ །རྩ་སྔགས་མཐར། མགོན་པོ་ཡིད་བཞིན་ནོར་བུའི་ཞལ་དུ༴ །གཞན་ཡང་འཁོར་གྱི་མཁའ་འགྲོ་གནོད་སྦྱིན་རྣམས་ཀྱི་ཞལ་དུ༴ །གཞི་བདག་རིགས་དྲུག་རྣམས་ལྷར་གསལ་བའི་ཞལ་དུ་ཨོཾ་ཨཱཿཧཱུྃ། འབྲུ་གསུམ་གྱིས་བདུད་རྩི་མྱང་།
དེ་ནས་བསྟོད་པ་ནི།
ཕྱོགས་བཅུ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་རྗེ་གཅིག་བསྡུས་རྗེ་བཙུན་སྤྱན་རས་གཟིགས། །དེ་ཡི་སྤྲུལ་པ་ཕྱག་དྲུག་མགོན་པོ་ལ། །ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ།
།མགོན་པོ་ཡིད་བཞིན་ནོར་བུ་ཐུགས་རྗེ་ཅན། །སྐུ་མདོག་གངས་རི་ལྟར་དཀར་འོད་ཟེར་འཕྲོ། །ཞལ་གཅིག་ཕྱག་དྲུག་ཞབས་གཉིས་ནོར་བདག་མནན། །འགྲོ་བའི་དབུལ་བ་སེལ་ལ་ཕྱག་འཚལ་ལོ།
།ཕྱག་གཡས་དང་པོའི་རྡོ་རྗེ་གྲི་གུག་བསྣམས། །བར་པས་ཡིད་བཞིན་ནོར་བུའི་དགོས་འདོད་སྟེར། །ཐ་མ་ཌཱ་རུའི་མཁའ་འགྲོ་དབང་དུ་བསྡུས། །ཁམས་གསུམ་དབང་དུ་སྡུད་ལ་ཕྱག་འཚལ་ལོ།
།གཡོན་པས་རིན་ཆེན་བུམ་པ་སྐུ་ལ་བརྟེན། །བར་པས་རྩེ་གསུམ་ཁམས་གསུམ་མ་ལུས་སྒྲོལ། །ཐ་མ་ཞགས་པས་སེམས་ཅན་བཅིང་བ་གྲོལ། །མགོན་པོ་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ།
།སྐུ་སྟོད་རིན་ཆེན་བརྒྱན་གྱིས་རྣམ་པར་བརྒྱན། །སྐུ་སྨད་རིན་ཆེན་ཟར་བུའི་རྣམ་པར་མཛེས། །ཕྱག་ཞབས་ཐམས་ཅད་རིན་ཆེན་ནོར་བུའི་བརྒྱན། །འགྲོ་བའི་རེ་འདོད་སྐོང་ལ་ཕྱག་འཚལ་ལོ།
།ཁྱོད་ནི་ཡིད་ལ་དྲན་པ་ཙམ་གྱིས་ཀྱང་། །དེ་ཡི་མོད་ལ་དབུལ་ཕོངས་སྡུག་བསྔལ་སེལ། །འདོད་རྒུའི་དཔལ་འབྱོར་ཟད་མི་ཤེས་པ་ཡིས། །འགྲོ་བའི་རེ་འདོད་སྐོང་ལ་བདག་བསྟོད་དོ།
།ཁྱོད་ལ་མཆོད་ཅིང་གུས་པས་བསྟོད་བྱས་ན། །ཇི་སྲིད་བྱང་ཆུབ་མ་ཐོབ་བར་དུ་ཡང་། །མགོན་པོ་ཁྱེད་ཀྱི་ཐུགས་རྗེས་བདག་བཟུང་ནས། །བྱང་ཆུབ་སྒྲུབ་པའི་མཐུན་རྐྱེན་བསྒྲུབ་པར་མཛོད།
།དེ་ཡི་དགེ་བའི་བདག་ཀྱང་ཁྱེད་བཞིན་དུ། །འགྲོ་བའི་རེ་འདོད་ཡིད་བཞིན་སྐོང་བ་དང་། །སེམས་ཅན་སངས་རྒྱས་ས་ལ་བཀོད་པ་ཡི། །འགྲོ་བའི་དོན་ལ་མཐུ་དང་ལྡན་པར་མཛོད།
།མགོན་པོ་ཡིད་བཞིན་ནོར་བུ་ཐུགས་རྗེ་ཅན། །སྐུ་མདོག་གངས་རི་ལྟར་དཀར་འོད་ཟེར་འཕྲོ། །འགྲོ་བའི་དབུལ་ཕོངས་མ་ལུས་ཞི་མཛད་པ། །འདོད་རྒུའི་དངོས་གྲུབ་སྩོལ་ལ་ཕྱག་འཚལ་བསྟོད།
།མགོན་པོ་ཡིད་བཞིན་ནོར་བུ་ལ་བསྟོད་པ་དགོས་འདོད་ཀུན་འབྱུང་ཁྱུང་པོ་རྣལ་འབྱོར་པས་སྦྱར་བའོ།
།དེ་ནས་བླ་མགོན་དབྱེར་མེད་ནི།
མགོན་པོའི་དབུ་གཙུག་ཏུ་དྲིན་ཅན་རྩ་བའི་བླ་མ་སྐུ་མདོག་སེར་པོ་ཉི་མ་འབུམ་གྱི་གཟི་བརྗིད་དང་ལྡན་པ་ཕྱག་གཡས་ཡིད་བཞིན་གྱི་ནོར་བུ་ཐུགས་ཀར་གཏོད་ཅིང་། གཡོན་གསེར་གྱི་དྲིལ་བུ་བཀུར་རྟེན་པ། རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་ཤིང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། རྡོ་རྗེ་འཆང་ནས་རྩམ་སྟེ་བརྒྱུད་པའི་བླ་མ་ཐམས་ཅད་ཀྱི་ངོ་བོར་གྱུར་པ། བླ་མའི་སྐུ་ལས་འོད་འཕྲོས་མགོན་པོ་འོད་དང་བདེ་བའི་རང་བཞིན་དུ་འུར་འུར་སིལ་སིལ་གར་མཛད། མགོན་པོ་ལས་འོད་འཕྲོས་བླ་མ་འོད་དང་བདེ་བའི་རང་བཞིན་དུ་གྱུར། དྲིལ་བུ་གཡེར་ཁའི་སྒྲ་སིལ་སིལ་ཁྲོལ་ཁྲོལ་གར་མཛད། བླ་མ་ཉིད་མགོན་པོ། མགོན་པོ་ཉིད་བླ་མ། བླ་མ་དང་མགོན་པོ་དབྱེར་མེད་པར་གྱུར། བདག་དང་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་མགོན་པོ་དབྱེར་མེད་ལ་གསོལ་བ་འདེབས་སོ། མགོན་པོ་བླ་མ་དབྱེར་མེད་ལ་གསོལ་བ༴ །དྲིན་ཅན་རྩ་བའི་བླ་མ་ལ་གསོལ་བ༴ །བྱིན་རླབས་མྱུར་མཛད་ཐུགས་རྗེ་ཅན་ལ་གསོལ་བ་འདེབས་སོ།
།ན་མོ་བུདྡྷ་ཡ། ན་མོ་གུ་རུ་ཧྱ། བཛྲ་བི་ར་བི་རི་ཎི། ཤྲཱི་ཌཱ་ཀ་ཌཱ་ཀི་ནི། ཛྭ་ག་ཛྭ་གི་ནི། སརྦ་བུདྡྷ་བྷོ་དྷི་ས་ཏྭ་ཡ་ཤ་ར་ཎཾ་གཙྪ་མི་ཀྱཻ། ལན་བདུན།
བླ་མ་མགོན་པོ་དབྱེར་མེད་ལ། །བདག་ནི་དད་པས་གསོལ་འདེབས་ཀྱིས། །བདག་དང་སེམས་ཅན་ཐམས་ཅད་ཀྱི། །ཉོན་མོངས་མ་ལུས་བསལ་བ་དང་། །དངོས་གྲུབ་མ་ལུས་རྩལ་དུ་གསོལ། །ལན་བདུན་བརྗོད།
གྲིབ་སེལ་ནི།
མགོན་པོའི་དབུ་གཙུག་ཏུ་རྩ་བའི་བླ་མ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཕྱག་གཡས་ཤེལ་གྱི་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་གཏོད་པ། གཡོན་པས་མཉམ་བཞག་གི་སྟེང་ན་ཐོད་པ་བདུད་རྩིའི་གང་བ། ཞབས་སྐྱིལ་ཀྲུང་གིས་བཞུགས་པ། སྐུ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོ་བ། ཐུགས་ཀ་ནས་འོད་ཟེར་འཕྲོས་སངས་རྒྱས་བྱང་སེམས་ཐམས་ཅད་སྐུ་གསུང་ཐུགས་རྡོ་རྗེའི་ལྷ་ཚོགས་ཀྱི་རྣམ་པར་སྤྱན་དྲངས་སྟེང་གི་ནམ་མཁའ་ལ་བཞུགས་པར་གྱུར། ཡི་གེ་བརྒྱ་པ་ཚར་ཉེར་གཅིག་བརྗོད། མཐར། སྐུ་ཡི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས།
།གསུང་གི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས།
།ཐུགས་ཀྱི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས།
།རྩ་བའི་དམ་ཚིག་ཉམས་པ༴ །ཡན་ལག་དམ་ཚིག་ཉམས་པ༴ །ཚོར་ཏེ་དམ་ཚིག་ཉམས་པ༴ །མ་ཚོར་དམ་ཚིག་ཉམས་པ༴ །ཉམས་གྲིབ་དག་ཕྱིར་བཤགས་པ་འདི་བྱས་པས། །བླ་མ་མགོན་པོ་འཁོར་དང་བཅས་རྣམས་ཀྱིས། །ཕ་མ་བུ་ཚ་བཞིན་དུ་བཟོད་བཞེས་ལ། །དངོས་གྲུབ་ཐམས་ཅད་དེངས་འདིར་སྩལ་དུ་གསོལ། །ཞེས་བླ་མགོན་དབྱེར་མེད་དང་གྲིབ་སེལ་རྣམས་མགོན་མཐིང་ལྟར་རྒྱས་བསྡུས་སྐབས་བསྟུན་བྱ། །དེ་ནས་སྐོང་རྫས་རྣམས། ཨ་མྲྀ་ཏས་བསང་། སྭ་བྷ་ཝས་སྦྱང་།
སྟོང་པའི་ངང་ལས་བྷྲཱུྃ་ལས་གནས་ཁང་གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་ཧཱུྃ་ཡིག་དཔག་ཏུ་མེད་པ་ལས་བྱུང་བའི་ཕྱི་ནང་གསང་བའི་རྟེན་རྫས་སྒྲུབ་རྫས་མཆོད་རྫས་བསྐང་རྫས་ལ་སོགས་པ་དགྱེས་ཤིང་མཐུན་པའི་རྫས་མ་ཚང་བ་མེད་ཅིང་ཕུན་སུམ་ཚོགས་པའི་ངོ་བོ་ཡེ་ཤེས་ཀྱི་རང་བཞིན། རྣམ་པ་ཡེ་ཤེས་ཀྱི་མགོན་པོ་འཁོར་དང་བཅས་པ་དགྱེས་པ་བསྐང་བའི་བྱེད་ལས་དང་ལྡན་པ། དམ་ཚིག་གི་མཆོད་སྤྲིན་ཚད་མེད་པས་ནམ་མཁའི་ཁམས་ཐམས་ཅད་གང་བར་གྱུར། ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ། དང་། ཨོཾ་བཛྲ་སྥ་ར་ཎ་ཁཾ། གིས་སྤེལ་རྔ་རོལ་དབྱངས་དང་བཅས། རྒྱས་ན།
ཧཱུྃ། དད་པ་དང་ནི་དམ་ཚིག་གི །སོགས་ནས། ཤ་ཡ་ཨ་ཨཱཿ
བསྡུ་ན། ཧཱུྃ། ལྷ་ཆེན་མགོན་པོ་ཐུགས་རྗེའི་གཏེར། །དཔའ་བོ་ཆེན་པོ་ནོར་གྱི་བདག །ཡིད་བཞིན་མགོན་པོ་ཌཱ་ཀིའི་གཙོ། །དཔལ་ལྡན་མ་ཧཱ་ཀཱ་ལ་དང་། །ཌཱ་ཀིའི་འཁོར་ཚོགས་དཔག་མེད་དང་། །ནོར་ལྷ་གནོད་སྦྱིན་འཁོར་བཅས་ལ། །དགྱེས་པའི་མཆོད་པ་འབུལ་བ་ནི།
།རིན་ཆེན་ཤེལ་གྱི་གཞལ་ཡས་ཁང་། །འོད་དཀར་དྲི་མེད་རྣམ་པར་འཕྲོ། །གཡུ་ཡི་རྒྱ་ཕིབས་ཆུ་ཤེལ་ཏོག །མུ་ཏིག་དྲྭ་བ་ནོར་བུའི་སྤྲས། །གསེར་གྱི་གདུགས་དང་རྒྱལ་མཚན་གཙུག །དངུལ་གྱི་བ་དན་ཕྱོགས་བཅུར་གཡོ། །རིན་ཆེན་སྣ་ལྔ་གཅལ་དུ་བཀྲམ། །མོས་པའི་ཕོ་བྲང་བརྗིད་ལྡན་འདི། །བླ་མ་ཡིད་བཞིན་མགོན་པོ་དང་། །གྲངས་མེད་ཌཱ་ཀའི་འཁོར་ཚོགས་བཅས། །ནོར་ལྷ་གནོད་སྦྱིན་ཐུགས་དམ་བསྐང་། །མཆོག་དང་ཐུན་མོངས་དངོས་གྲུབ་སྩོལ། །ཁང་བཟང་དཔལ་ལ་སྤྱོད་པ་དང་། །ཡུལ་རྣམས་དབང་དུ་འདུ་བར་མཛོད།
།ཧཱུྃ། རྒྱལ་མཚན་ཡིད་བཞིན་ནོར་བུའི་ཏོག །གསེར་གྱི་ཡུ་བ་རིན་ཆེན་ཕྲེང་། །སྣ་ཚོགས་དར་གྱི་ཤམ་བུ་བཀྲིས། །ལྷབ་ལྷུབ་དར་གྱི་ལྡ་ལྡི་བཅས། །གནམ་ས་གང་བའི་མཆོད་རྫས་དང་། །བ་དན་ཤེལ་གྱི་ཡུ་བ་ཅན། །ཕྱོགས་བཅུར་གཡོ་ཞིང་ཕྱོགས་བཅུར་འགེངས། །འཕེན་དཀར་མུ་ཏིག་དྲྭ་བས་གཡོག །མཛེས་པའི་ཕྱེ་མ་ཕུར་མ་ནི། །བར་སྣང་འགེངས་ཤིང་རྣམ་པར་མཛེས། གཞན་ཡང་སྣ་ཚོགས་ལས་གྲུབ་པའི། །བླ་བྲེ་ཕུན་ཚོགས་རྣམ་པར་བཀྲ། །སྣ་ཚོགས་དར་གྱི་ཅོད་པན་འཕུར། །ནོར་བུའི་དོ་ཤལ་ས་གཞི་གང་། །མུ་ཏིག་དྲྭ་བས་སྟོང་གསུམ་ཁེངས། །རིན་ཆེན་ཕྲེང་བས་བར་སྣང་གཡོགས། །པདྨའི་ཆུན་འཕྱང་དུ་མས་མཛེས། །རིན་ཆེན་རྒྱན་དང་ཟ་འོག་གོས། །གསེར་གྱི་གཡེར་ཁ་དངུལ་གྱི་དྲིལ། །སྟག་ཤམས་ལི་ཁྲིའི་ཐིག་ལེ་དང་། །དུར་ཁྲོད་རྒྱན་བཀོད་ལ་སོགས་པས། །མགོན་པོ་ཡིད་བཞིན་ནོར་བུ་ནི། །མཁའ་འགྲོའི་ཚོགས་བཅས་ཐུགས་དམ་བསྐང་། །བདུད་བཞི་ཟིལ་གྱིས་གནོན་པ་དང་། །གླིང་བཞི་དབང་དུ་འདུ་བ་དང་། །ཕྲིན་ལས་རྣམ་བཞིའི་དངོས་གྲུབ་སྩོལ། །ཡིད་བཞིན་ནོར་བུ་བསམ་འཕེལ་དང་། །ཨིནྡྲ་ནཱི་ལ་ཀེ་ཀེ་རུ། །མེ་ཤེལ་ཆུ་ཤེལ་བེ་དྲུཪྻ། །དབང་སྔོན་མར་གད་དུང་དང་དབྱིག །བྱི་རུ་མུ་ཏིག་མུ་མེན་གཡུ། །གཡང་ཊིའུ་ལ་སོགས་རིན་ཆེན་རིགས། །རི་ལྟར་སྤུངས་ཤིང་ས་ལྟར་བཀྲམ། །ནམ་མཁའ་ཁྱབ་པར་རྣམ་སྤྲུལ་ཏེ། །ལྷ་ཆེན་མགོན་པོའི་ཐུགས་དམ་བསྐང་། །ནོར་ལྷ་གནོད་སྦྱིན་ཐུགས་དམ་བསྐང་། །བྱེ་བ་ཕྲག་བརྒྱའི་ཞིང་ཁམས་ནས། །ཆུ་བོ་ཆུ་ཕྲན་གངྒ་དང་། །པཀྵུ་སི་ཏ་བདུད་རྩིའི་ཆུ། །ཡན་ལག་བརྒྱད་ལྡན་འབབ་ཆུ་དང་། །ལྷ་ཡི་ཆུ་དང་མི་ཡི་ཆུ། །སྣ་ཚོགས་དང་ཤིང་ཡིད་འོང་བའི། །ཡོན་ཆབ་སྣ་ཚོགས་མཛེས་པ་དང་། །པདྨ་ཀུ་མུད་ཨུཏྤ་ལ། །མན་དཱ་ར་བ་ལ་སོགས་པ། །ཁ་དོག་དྲི་བསུང་ཕུན་ཚོགས་པའི། །མེ་ཏོག་ཇི་སྙེད་ཡོད་པ་དང་། །ཙནྡན་དཀར་དམར་ཨ་ག་རུ། །ཛ་ཏི་ལི་ཤི་ལ་སོགས་པའི། །དྲི་ཞིན་སྤོས་ཀྱི་ནམ་མཁའ་གང་། །ཉི་ཟླ་ཡིད་བཞིན་ནོར་བུའི་འོད། །ལྷ་ཡི་འོད་དང་མར་མེའི་རིགས། །གླིང་བཞི་གསལ་བྱེད་ཐམས་ཅད་དང་། །ག་བུར་ཆུ་དང་གུར་གུམ་ཆུ། །བསིལ་བྱེད་དགེ་བའི་དྲི་མཆོག་དང་། །པུཥྤེ་ཀ་དང་ཤིང་འབྲས་དང་། །ནས་འབྲས་གྲོ་ཏིལ་སོ་སྲན་སོགས། །གཅུད་ལྡན་ལྷ་ཡི་ཞལ་ཟས་ཚོགས། །རི་རབ་ལས་ལྷག་ཕུན་ཚོགས་དང་། །ལྷ་ཡི་རྔ་ཆེན་བརྗིད་པའི་སྒྲ། །གསང་བའི་རྔ་ཆུང་སྙན་པའི་དབྱངས། །དུང་ཆེན་གླིང་བུ་པི་ཝང་འཛིན། །དུང་དཀར་ཕེབ་རྡོབ་སིལ་སྙན་དང་། །སྙན་པའི་རོལ་མོ་ཇི་སྙེད་ཀུན། །འུར་འུར་ཆེམ་ཆེམ་སྒྲ་སྒྲོག་པ། །སྲིད་གསུམ་གང་ཞིང་གཡོ་བ་འདི། །མ་ཧཱ་ཀཱ་ལ་འཁོར་བཅས་ལ། །འབུལ་གྱིས་ཡང་དག་བཞེས་སུ་གསོལ། །བསམ་དོན་མ་ལུས་འགྲུབ་པ་དང་། །ཕྲིན་ལས་རྒྱ་ཆེར་འཕེལ་བར་མཛོད། །གཞན་ཡང་དྲག་པོའི་ཉེར་སྤྱོད་ལྔ། །དྲག་པོའི་ཆས་བརྒྱད་མཚོན་ཆ་དང་། །དཔལ་གྱི་ཆས་བརྒྱད་ལ་སོགས་པ། །འབུལ་གྱིས་ཡང་དག་བཞེས་སུ་གསོལ། །བར་ཆད་མ་ལུས་ཞི་བ་དང་། །དགྲ་དང་འབྱུང་པོ་མེད་པར་མཛོད། །མཛེས་པའི་བཀྲ་ཤིས་རྟགས་བརྒྱད་དང་། །རྒྱལ་སྲིད་རིན་ཆེན་རྣམ་པ་བདུན། །འདོད་ཡོན་ལྔ་དང་རྫས་མཆོག་བརྒྱད། །སྟོང་གསུམ་མ་ལུས་བཀང་བྱས་ནས། །འབུལ་གྱི་ཡང་དག་བཞེས་སུ་གསོལ། །བྱེ་བ་ཕྲག་བརྒྱའི་འཇིག་རྟེན་གྱི། །རབ་མཛེས་རི་རྒྱལ་ལྷུན་པོ་དང་། །ལྷ་ཡི་ཁང་བཟང་སྐྱེ་མོས་ཚལ། །མེ་ཏོག་ཚལ་དང་ནོར་བུའི་ཚོགས། །དཔག་བསམ་ཤིང་དང་འདོད་རྒུའི་དཔལ། །རིན་ཆེན་རི་དང་བདུད་རྩིའི་མཚོ། །གླིང་བཞི་གླིང་ཕྲན་ཉི་ཟླ་དང་། །དེ་ལ་གནས་པའི་ལོངས་སྤྱོད་གཏེར། །ཕུན་ཚོགས་ཡིད་བཞིན་ནོར་བུ་དང་། །སྟོང་གསུམ་དབང་སྡུད་འཁོར་ལོའི་བསྒྱུར། །རྩིབ་སྟོང་བཀྲ་བའི་གསེར་འཁོར་ལོ། །གཟུགས་མཛེས་ཡིད་འོང་བཙུན་མོ་དང་། །རྣམ་དཔྱོད་རྩལ་ལྡན་བློན་པོ་མཆོག །ཐེག་ཆེན་སྟོབས་ལྡན་གླང་པོ་ཆེ། །རྫུ་འཕྲུལ་ཤུགས་ལྡན་ཅང་ཤེས་རྟ། །འཇིགས་མེད་བདུད་འདུལ་དམགས་དཔོན་དང་། །དགོས་འདོད་ཆར་འབེབས་ཡིད་བཞིན་ནོར། །མཛད་མེད་གཏེར་ཆེན་བུམ་པ་སོགས། །ནམ་མཁའ་ཁྱབ་པ་རྣམ་སྤྲུལ་ཏེ། །བླ་མ་ཡིད་བཞིན་ནོར་བུ་དང་། །མཁའ་འགྲོའི་ཚོགས་བཅས་ཐུགས་དམ་བསྐང་། །རིག་མ་དཀར་སེར་དམར་དང་ལྗང་། །སྣ་ཚོགས་མདོག་ཅན་ཡིད་འོང་མ། །སྣ་ཚོགས་རྒྱན་དང་སྣ་ཚོགས་གོས། །རྣམ་འགྱུར་སྣ་ཚོགས་ཀུན་ཏུ་སྟོན། །པི་ཝང་གླིང་བུའི་སྒྲ་སྙན་སྒྲོག །རྫ་རྔ་རྔ་ཟླུམ་སྙན་ཅིང་བརྗིད། །བགད་བཞད་མཛུམ་པའི་མདངས་ཀྱིས་བསྲུ། །སྙན་པའི་གླུ་དང་མཛེས་པའི་གར། །འཕྲུལ་ལྡེམ་སྒེག་པའི་རྣམ་འགྱུར་བཅས། །མེ་ཏོག་དཀར་དམར་ཆར་འབེབས་ཤིང་། །དྲི་མཆོག་སྤོས་ཀྱི་དུད་པ་ཐུལ། །དྲི་ཆབ་འཐོར་ཞིང་ཞལ་ཟས་འདྲེན། །སྣ་ཚོགས་གཟུགས་འཆང་མེ་ལོང་བསྣམས། །ལྷ་རྫས་གོས་ཀྱི་ན་བཟའ་འབུལ། །རེག་དང་འཁྱུད་པའི་སྦྱོར་བ་ཡིས། །ཟག་མེད་དགའ་བཞིའི་བདེ་བ་གཏེར། །བདེ་སྟོང་ཡེ་ཤེས་ཆེན་པོ་ལས། །སྣང་སྟོང་མ་འགག་སྒྱུ་འཕྲུལ་ཤར། །ཟག་མེད་མཆོད་སྤྲིན་རྒྱ་མཚོ་འདིས། །ཡེ་ཤེས་མགོན་པོའི་ཐུགས་དམ་བསྐང་། །ཡིད་བཞིན་ནོར་བུའི་ཐུགས་དམ་བསྐང་། །དཔའ་བོ་ཌཱ་ཀིའི་ཐུགས་དམ་བསྐང་། །ནོར་ལྷ་གནོད་སྦྱིན་ཐུགས་དམ་བསྐང་། །བདུད་བཞི་ཟིལ་གྱིས་གནོན་པ་དང་། །གླིང་བཞི་དབང་དུ་འདུ་བ་དང་། །སྲིད་བཞིའི་དགེ་ལེགས་ཐོབ་པ་དང་། །ཕྲིན་ལས་རྣམ་བཞི་མཐར་ཕྱིན་ནས། །སྐུ་བཞི་མངོན་དུ་འགྲུབ་པར་མཛོད།
ཧཱུྃ། མཚན་ལྡན་ཡེ་ཤེས་ཀཱ་པཱ་ལ། །སྨན་ལྔ་བཅུད་ལྔ་སྙིང་པོ་ལྔ། །འབྲུ་ལྔ་བདུད་རྩི་རྣམ་ལྔ་དང་། །ཕྱག་རྒྱའི་རྒྱན་ལྡན་གཏོར་མ་འདི། །ཡེ་ཤེས་ལྔ་རུ་བྱིན་རླབས་ནས། །ལྷ་ཆེན་མགོན་པོ་དགྱེས་ཕྱིར་འབུལ། །བཞེས་ཤིག་རོལ་ཅིག་དགྱེས་པར་རོལ། །མཚན་ལྡན་བྷནྡྷ་བདུད་རྩིའི་བཀང་། །བདེ་ཆེན་གཏེར་བའི་རྫས་མཆོག་འདི། །ལྷ་ཆེན་མགོན་པོ་དགྱེས་ཕྱིར་འབུལ། །རིན་ཆེན་གཞོང་པ་རིན་ཆེན་དང་། །ཟས་དང་བཅུད་དང་འབྲས་བུ་བཀང་། །སྟོང་གསུམ་གང་བའི་གཏེར་གྱི་བུམ། །སྣ་ཚོགས་ནོར་གྱིས་གཏམ་པ་འདིས། །ཡེ་ཤེས་མགོན་པོའི་ཐུགས་དམ་བསྐང་། །བདུད་བཞི་ཚར་གཅོད་གྲི་གུག་ནི། །གནམ་ལྕགས་ལས་གྲུབ་རྣོ་ངར་ལྡན། །རལ་གྲི་གསེར་གྱི་ཡུ་བ་བཅས། །ཉི་ཁྱིམ་ཆུ་སྲིན་ཁ་ནས་འཐོན། །ལྷ་ཆེན་མགོན་པོ་དགྱེས་ཕྱིར་འབུལ། །གསང་བའི་རྔ་ཆུང་ཅང་ཏེའུ། །མཚན་ལྡན་ཀ་ལི་བདུད་རྩིའི་བཀང་། །གཏེར་ཆེན་བུམ་པ་ནོར་གྱིས་བཀང་། །ནོར་བུ་དབང་གི་རྒྱལ་པོ་འདིས། །ལྷ་ཆེན་མགོན་པོ༴ །རྩེ་གསུམ་བ་དན་དར་སྣས་རྒྱན། །དབང་གི་ལྕགས་ཀྱུ་ར་གའི་མདངས། །ནོར་བུའི་དོ་ཤལ་རིན་ཆེན་ཕྲེང་། །པདྨས་ཆུན་འཕྱང་གཡེར་ཁས་སྦྲེལ། །ལྟག་ཤམ་སྣ་ཚོགས་དར་དང་བཅས། །ལྷ་ཆེན་མགོན་པོ་དགྱེས༴ །མདོར་ན་ཕྱི་ཡི་སྣང་བ་རུ། །མཛེས་དང་དགའ་དང་བདེ་བ་དང་། །རིན་ཐང་མེད་པའི་མཆོད་རྫས་ཀུན། །དམིགས་མེད་སྒྱུ་མའི་ངང་དུ་འབུལ། །སྒྱུ་མ་ལྟ་བུ་དགྱེས་པར་མཛོད། །ཚོགས་དང་གཏོར་མ་སྤྱན་གཟིགས་དང་། །འབྲུ་ནོར་ལོངས་སྤྱོད་ཕུན་སུམ་ཚོགས། །ཕྱི་ནང་གསང་བའི་མཆོད་སྤྲིན་ནི། །འགྲོ་བའི་སྡུག་བསྔལ་སེལ་བ་དང་། །ལོངས་སྤྱོད་རྒྱ་ཆེན་འཕེལ་བའི་ཕྱིར། །ལྷ་ཆེན་མགོན་པོ་ཁྱེད་ལ་འབུལ། །མ་ཧཱ་ཀཱ་ལའི་ཐུགས་དམ་བསྐང་། །ཡིད་བཞིན་ནོར་བུའི་ཐུགས་དམ༴ །ཐུགས་རྗེའི་གཏེར་ཆེན་ཐུགས༴ །དཔའ་བོ་ཌཱ་ཀའི་ཐུགས༴ །དམ་ཅན་རྒྱ་མཚོའི་ཐུགས༴ །གནོད་སྦྱིན་ནོར་ལྷའི་ཐུགས་དམ་བསྐང་། །ཐུགས་དམ་བསྐང་བའི་བྱིན་རླབས་ཀྱིས། །རྣལ་འབྱོར་དཔོན་སློབ་འཁོར་བཅས་དང་། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །ནད་གདོན་བར་ཆད་ཞི་བ་དང་། །ཚེ་བསོད་དཔལ་འབྱོར་རྒྱས་པར་མཛོད། །ཁམས་གསུམ་སྲིད་གསུམ་དབང་བསྡུས་ཤིང་། །མཆོག་ཐུན་དངོས་གྲུབ་ཆར་ལྟར་ཕོབ། །འཁོར་དང་ལོངས་སྤྱོད་ཕུན་ཚོགས་ཤིང་། །དཔལ་འབྱོར་སྙན་གྲགས་རྒྱས་པར་མཛོད། །མདོར་ན་བསམ་པའི་དོན་རྣམས་ཀུན། །འབད་མེད་ཡིད་བཞིན་འགྲུབ་པར་མཛོད། །ཅེས་དང་མན་ངག་ཡིག་བརྒྱ་བརྗོད། མཁའ་འགྲོ་དབང་སྡུད་མགོན་མཐིང་ལྟར།
མགོན་པོའི་དབུ་གཙུག་ཏུ་དྲིན་ཅན་རྩ་བའི་བླ་མ་དེ་ཉིད་སྐུ་མདོག་དམར་པོ་གཡས་ཐོད་པས་ཌཱ་མ་རུ་འཁྲོལ་ཞིང་། གཡོན་བདུད་རྩིའི་གང་བའི་ཐོད་པ་ཐུགས་ཀར་འཛིན་པ་གཟོད་པར་དཀའ་བའི་གཟི་བརྗིད་ཅན། སྒེག་ཅིང་ལང་ཚོ་ལ་བབས་པ་ཆགས་པའི་ཉམས་ཅན། སྤྱན་གཟིགས་པ་ཙམ་གྱིས་མཁའ་འགྲོ་དང་སྲིད་གསུམ་དབང་དུ་སྡུད་པ། དཔྲལ་བར་སིནྡྷུ་ར་ཡིས་ཐིག་ལེ་གྲུ་གསུམ་གྱི་སྟེང་ན་ཡི་གེ་ཧྲཱིཿདམར་པོ་འཕགས་པ་འཇིག་རྟེན་དབང་ཕྱུག་གི་ངོ་བོ་བཅུ་གསུམ་ཡོངས་ཐོད་སུ་གྱུར་པ་ལས་གསང་བའི་མཁའ་འགྲོ་མ་དམར་མོ་ལང་ཚོ་མ་ཞལ་གཅིག་ཕྱག་གཉིས་མ་གཡས་ཅང་ཏེའུ་དང་གཡོན་པ་བདུད་རྩིའི་གང་བ་འཛིན་པ་ཞབས་གཡས་བསྐུམ་གཡོན་བརྐྱང་པའི་གར་སྟབས་ཅན་སྤྱན་གསུམ་ནམ་མཁའ་ལ་ཧྲིག་ཧྲིག་གཟིགས་ཤིང་གར་མཛད་པ་བཅུ་གསུམ་སྒྲོལ་མའི་ངོ་བོ་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་བདག་གི་དབང་དུ་བསྡུས། དགོས་འདོད་ཐམས་ཅད་ཆར་བཞིན་དུ་འབབས་པར་གྱུར། ཨོཾ་བཛྲ་ན་ར་ཀྲིཾ་ཀྲིཾ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཅེས་བཟླ།
བདག་མདུན་གྱི་སྙིང་གར་མཁའ་འགྲོའི་ཐུགས་ཀར་པད་ཉིའི་སྟེང་དུ་ཆོས་ཉིད་ཀྱི་ཐིག་ལེ་དམར་པོ་ཧཱུྃ་ཡིག་དཀར་པོའི་མཚན་པ། དེའི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བར་གྱུར། ཅེས་རྩ་སྔགས།
གུ་རུ་མ་ཧཱ་ཀཱ་ལ་ཧ་རི་ནི་ས་སིདྡྷི་ཛཿ ཅི་ནུས་སུ་བཟླ།
དེ་ནས་གཏོར་མ་ཆུ་ཆང་ནང་མཆོད་ཀྱིས་བྲན། ཨ་མྲྀ་ཏས་བསང་། སྭ་བྷ་ཝས་སྦྱང་།
སྟོང་པའི་ངང་ལས་ཡྃ་ལས་རླུང་། རྃ་ལས་མེ། ཀྃ་ལས་མི་མགོའི་སྒྱེད་བུ་གསུམ་གྱི་སྟེང་དུ། ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཤ་ལྔ་བདུད་རྩི་ལྔ། དགྲ་བགེགས་ཀྱི་ཤ་ཁྲག་དུ་མ་ལས་གྲུབ་པའི་གཏོར་མ་ཟག་པ་མེད་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ།
མགོན་པོ་འཁོར་དང་བཅས་པའི་ལྗགས་རྡོ་རྗེའི་འོད་ཟེར་གྱིས་སྦུ་གུས་གཏོར་མའི་བཅུད་དྲངས་ནས་གསོལ་བར་གྱུར།
རྩ་སྔགས་འཇུག་ཏུ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་བདུན་དང་། ཤ་ས་ནའི་སྔགས་ཀྱིས་འཁོར་རྣམས་ལ་འབུལ། གུ་རུ་མ་ཧཱ་ཀཱ་ལ་ས་པཱ་རི་ཝ་ར་ཨརྒྷཾ་སོགས་དང་། འབྲུ་གསུམ་གྱིས་ནང་མཆོད་ཕུལ།
མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ། དྲི་དམ་པ། རོ་དམ་པ། རེག་བྱ་དམ་པ། འདི་ཉིད་འབུལ་ཞིང་བསྔོ་བའི་གནས་སུ་གྱུར་པ་ནི། མགོན་པོ་ཡིད་བཞིན་ནོར་བུ་ལ་རིགས་བཞིའི་མཁའ་འགྲོའི་ཚོགས་དང་བཅས་པ་རྣམས་ལ་འབུལ་ལོ། །ཕྲིན་ལས་ཞུ་ཞིང་གསོལ་བ་ནི། བླ་མ་དམ་པའི་བཀའ་དང་དམ་ལས་མ་འདའ་བར། སངས་རྒྱས་ཀྱི་བསྟན་པ་སྲུང་། དཀོན་མཆོག་གི་དབུ་འཕང་བསྟོད། ཁྱད་པར་དུའང་རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པས་འགལ་རྐྱེན་བར་ཆད་ཐམས་ཅད་ཞི་བ་དང་། མཐུན་རྐྱེན་དཔལ་འབྱོར་གཟི་བརྗིད་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ། ཁྱད་པར་དུ་སེམས་ཅན་ཐམས་ཅད་དབུལ་བའི་སྡུག་བསྔལ་ཞི་ཞིང་དགོས་འདོད་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་མཛད་དུ་གསོལ། །ཅེས་ཕྲིན་ལས་བཅོལ།
བསྟོད་པ་ནི།
ཧཱུྃ། མགོན་པོ་ཡིད་བཞིན་ནོར་བུ་ཐུགས་རྗེ་ཅན། །སྐུ་མདོག་གངས་རི་ལྟར་དཀར་འོད་ཟེར་འཕྲོ། །འགྲོ་བའི་དབུལ་ཕོངས་མ་ལུས་ཞི་མཛད་པ། །འདོད་རྒུའི་མཆོག་སྩོལ་མཛད་ལ་ཕྱག་འཚལ་བསྟོད། །ལྷུན་སྡུག་ཀེ་ལཱ་ཤ་ཡི་རི་བོ་ལྟར། །འོད་ཟེར་བྱེ་བའི་འཁྱུད་པའི་དཔལ་ཕྲེང་ཅན། །དབང་སྡུད་མཁའ་འགྲོ་སྟོང་གི་བདག་པོ་ནི། །མྱུར་མཛད་སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད། །འཛུམ་བག་བརྗིད་པས་ཞལ་རས་ཡིད་ཙམ་ཁྲོ། །འདོད་རྒུའི་ཆར་འབེབས་དབང་གི་རྒྱལ་པོ་ཁྱོད། །ཆོས་ཉིད་ཐིག་ལེའི་སྒོ་ངར་གདོད་མའི་སེམས། །མངོན་གྱུར་ཡེ་ཤེས་སྐུ་ཅན་ཁྱོད་ལ་བསྟོད། །དངུལ་ཆུའི་མདངས་གསལ་ཧཱུྃ་ཡིག་ལས་འཁྲུངས་པ། །སྐྱེ་འགྲོའི་རེ་སྐོང་དབུལ་བའི་སྡུག་བསྔལ་སེལ། །དབུ་སྐྲ་གྱེན་བརྫེས་སྤྱི་བོར་མི་འཁྲུགས་རྒྱལ། །རྒྱས་གདབ་དབང་བསྐུར་ཆེ་བརྙེས་ཁྱོད་ལ་བསྟོད། །ཁ་བའི་རི་ལ་འཆར་ཀ་གསར་པ་ལྟར། །ཁྱོད་ཞལ་སྨིན་མཚམས་སིནྡྷུའི་ཐིག་ལེ་མཛེས། །རིན་ཆེན་གདུ་བུ་འཁྲོལ་བའི་ཕྱག་དྲུག་པོ། །བླ་མེད་ཕར་ཕྱིན་ངོ་བོ་ཁྱོད་ལ༴ །གྲི་གུག་ཡིད་བཞིན་ནོར་བུ་ཌཱ་མ་རུ། །ནོར་བུས་གཏམ་པས་ཐོད་པ་བུམ་པ་བཅས། །རྩེ་གསུམ་དངོས་གྲུབ་འགྲུགས་པའི་ལྕགས་ཀྱུ་བསྣམས། །ཕྱག་དྲུག་ཡེ་ཤེས་མགོན་པོ་ཁྱོད་ལ་བསྟོད། །ལྷབ་ལྷུབས་དར་དང་སྟག་ལྤགས་ན་བཟའ་ཅན། །འོད་འབར་རིན་ཆེན་རྒྱན་གྱི་སིལ་ཁྲོལ་དང་། །ནོར་བུའི་ཆུན་འཕྱང་དུ་མས་རབ་ཏུ་མཛེས། །གཟི་བྱིན་ལྷང་ངེ་འབར་བ་ཁྱོད་ལ༴ །འདོད་པའི་ལོངས་སྤྱོད་ཆར་ཆེན་འབེབས་བྱེད་པ། །བི་ནཱ་ཡ་ཀའི་སྟེང་ན་རོལ་པས་བཞུགས། །རབ་བསྔོ་ཙནྡན་ལྗོན་པའི་ཚལ་ན་དགྱེས། །གནས་གསུམ་མཁའ་འགྲོའི་བདག་པོ་ཁྱོད་ལ་བསྟོད། །ཐུགས་ཀར་དབང་གི་ལྷ་མོ་ལང་ཚོ་མ། །འཆར་ཀའི་འོད་ཕྲེང་གསར་པ་གློག་ཕྲེང་ལྟར། །མཛེས་ཤིང་གཡོ་བའི་དངོས་གྲུབ་ལྕགས་ཀྱུ་འཛིན། །སྲིད་གསུམ་དབང་དུ་སྡུད་མཛད་ཁྱོད་ལ༴ །སྙིང་ནས་ལྷ་མཆོག་ཁྱོད་ལ་གདུང་བ་ཡིས། །གུས་པས་བསྟོད་ཅིང་གསོལ་བ་འདེབས་བྱས་ན། །དཔལ་དང་འདོད་པའི་དོན་ཀུན་མྱུར་འགྲུབ་སྟེ། །མཆོག་ཐུན་དངོས་གྲུབ་མ་ལུས་སྩལ་དུ་གསོལ། །ཞེས་བསྟོད་ཅིང་གཏོར་གཏབ་ནི།
ལྷ་ཆེན་མགོན་པོ་མ་ཧཱ་ཀཱ་ལ་དང་། །ཡིད་བཞིན་མགོན་པོ་ཌཱ་ཀིའི་འཁོར་གྱིས་བསྐོར། །བསྟན་སྲུང་རྒྱ་མཚོ་ནོར་ལྷ་གནོད་སྦྱིན་བཅས། །དཀར་ཕྱོགས་དགའ་བའི་གཞི་བདག་འཁོར་བཅས་རྣམས། །ཟག་མེད་བདུད་རྩིའི་གཏོར་མ་འདི་བཞེས་ཤིག །བཅུད་ལྡན་ཟས་ཀྱི་མཆོད་པ་འདི་བཞེས་ཤིག །རིན་ཆེན་རྣམ་ལྔའི་གསེར་སྐྱེམས་འདི༴ །བཏུང་བ་སྣ་ཚོགས་ཕུད་གཏོར་འདི༴ །འབྲུ་དང་སྨན་གྱི་མཆོད་པ་འདི་བཞེས་ཤིག །ནད་གདོན་བར་ཆད་མ་ལུས་ཞི་བ་དང་། །བསམ་དོན་མཐའ་དག་མྱུར་དུ་འགྲུབ་གྱུར་ནས། །ལོངས་སྤྱོད་འདོད་རྒུའི་དཔལ་ལ་སྤྱོད་པར་ཤོག །ཡིག་བརྒྱ་དང་བཟོད་གསོལ་བྱ། རྟེན་གཞུག་དང་། བླ་མ་མགོན་པོ་དབྱེར་མེད་ལ། །སོགས་གསོལ་བ་ལན་མང་དུ་བཏབ། བཀྲ་ཤིས་སྨོན་ལམ་གྱིས་མཐའ་རྒྱན་པར་བྱའོ།། །།