Mgon dkar yid bzhin nor bu'i rjes gnang

From Shangpa Resource Center








Resource ID Gönkar8
Title mgon dkar yid bzhin nor bu'i rjes gnang
Topics Initiation
Sub-Topics White protector
Link BDRC W23681 (p. 234)

༄༅། །མགོན་དཀར་ཡིད་བཞིན་ནོར་བུའི་རྗེས་གནང་བཞུགས་སོ།

།ཨོཾ་སྭ་སྟི།
མགོན་དཀར་ཡིད་བཞིན་ནོར་བུའི་རྗེས་གནང་ལ། དཀྱིལ་འཁོར་དང་གཏོར་མ་དང་མཆོད་པ་རྣམས་ལེགས་པར་བཤམས་ནས། །སློབ་མ་རྣམས་གྲལ་ལ་འཁོད་དེ། ཚོགས་བསགས་པའི་དོན་དུ་མཎྜལ་དབུལ། དེ་ནས་འཆི་བ་མི་རྟག་པ་བསམ་པ། འཁོར་བའི་ཉེས་དམིགས་བསམ་པ་ལ་སོགས་པའི་ཆོས་བཤད། དེ་ནས་སྐྱབས་འགྲོ་དང་སེམས་བསྐྱེད་སྔོན་དུ་བཏང་ནས། བླ་མས་ཆོས་སྐྱོང་འཁོར་བཅས་མཆོད་བསྟོད་ཀྱིས་མཉེས་པར་བྱས་ལ། བླ་མ་རྗེ་བཙུན་ཁ་སརྤཱ་ཎིར་དམིགས་པའི་ཐུགས་ཀར་ཡིད་བཞིན་གྱི་ནོར་བུ་གཞུང་བཞིན་བསྐྱེད་པའི་ཐུགས་ཀར་མཁའ་འགྲོ་མ་བསྐྱེད། དེའི་ཐུགས་ཀར་ཐིག་ལེ་དམར་པོའི་སྟེང་དུ་ཧཱུྃ་དཀར་པོ་དངུལ་ཆུའི་མདོག་ལྟ་བུ་ཅིག་བསྒོམ། སློབ་མས་མོས་འདུན་དྲག་པོས་བླ་མ་རིན་པོ་ཆེས་བདག་ལ་བཅོམ་ལྡན་འདས་ཡིད་བཞིན་ནོར་བུའི་སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབས་ཏུ་གསོལ། ཞེས་ལན་གསུམ་གསོལ་བ་གདབ།
སློབ་མ་ཐ་མལ་དུ་གནས་པའི་སྙིང་གི་དཀྱིལ་དུ་ཐིག་ལེ་དམར་པོ་གཅིག་བསྒོམ། དེའི་སྟེང་དུ་ཐིག་ལེ་དཀར་པོ་ཅིག་བསྒོམ། དེ་ནས་འོད་ཟེར་འཕྲོས་དོན་གཉིས་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་མགོན་པོ་ཇི་ལྟ་བར་བསྐྱེད་པའི་ཐུགས་ཀར་པདྨ་དང་ཉི་མའི་སྟེང་དུ་ཐིག་ལེ་དམར་པོའི་སྟེང་དུ་ཧཱུྃ་དཀར་པོ་དང་བཅས་བསྒོམ་དུ་བཅུག་ལ། སློབ་མས་མོས་འདུན་དྲག་པོས། བཅོམ་ལྡན་ཡིད་བཞིན་ནོར་བུ་ཡི། །སྐུ་ཡི་རྗེས་གནང་དབང་བསྐུར་ནི། །བདག་ལ་དབབ་པར་མཛད་དུ་གསོལ། །ཞེས་བརྗོད་ལ།
དཔོན་སློབ་གཉིས་ཀའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། དུར་ཁྲོད་བསིལ་བའི་ཚལ་ནས་བཅོམ་ལྡན་འདས་ཡིད་བཞིན་ནོར་བུ་དང༌། ཡེ་ཤེས་ཀྱི་མཁའ་འགྲོ་མ་དང་བཅས་པ་བསམ་གྱིས་མི་ཁྱབ་པ་བྱོན་ནས་སློབ་མ་རྣམས་ལ་སིབ་སིབ་ཐིམ་པར་བསམ། བླ་མ་རྡོ་རྗེ་འཆང་ནས་རྩ་བའི་བླ་མའི་བར་དུ་བྱིན་གྱིས་བརླབ་ཏུ་གསོལ། ཞེས་བརྗོད་ནས།
བླ་མ་རྣམས་ཀྱི་མཚན་ནས་བརྗོད་ལ་གསོལ་བ་བཏབ་ལ། བཅོམ་ལྡན་འདས་ཡིད་བཞིན་ནོར་བུ་ཁྱོད་ཀྱིས་རྡོ་རྗེ་འཛིན་པ་འདི་ཞེས་བྱ་བའི་ཕྱི་བཞིན་རྒྱུག་ཅིང་འབྲངས་ལ། ཚེ་དང་ལྡན་པ་འདི་བྱ་བའི་སྐབས་དང་སྦྱར། ད་ནས་སངས་རྒྱས་མ་ཐོབ་ཀྱི་བར་དུ་ཕྲིན་ལས་གང་དགོས་སྒྲུབས་ཤིག །ཅེས་བརྗོད་དོ།
།གསུང་གི་རྗེས་གནང་ནི། བཅོམ་ལྡན་ཡིད་བཞིན་ནོར་བུ་ཡི། །གསུང་གི་དབང་བསྐུར་རྗེས་གནང་ནི། །བདག་ལ་བྱིན་གྱིས་བརླབས་ཏུ་གསོལ། །ཞེས་བླ་མ་ལ་གསོལ་བ་བཏབ་ལ།
བླ་མའི་ཐུགས་ཀ་ནས་སྙིང་པོ་ཡིག་འབྲུ་བཅུ་གསུམ་པོ་སློབ་མའི་སྙིང་ག་ནས་བཅུག་ནས། ཧཱུྃ་དཀར་པོ་ལ་འཁོར་བར་དམིགས་ནས། རྗེས་ཟློས་གསུམ་བྱ། རྩ་སྔགས་སིདྡྷི་མ་འདྲེན། བཀའ་བསྒོ་བ་ནི། བཅོམ་ལྡན་འདས་ཡིད་བཞིན་ནོར་བུ་ཁྱོད་ཀྱིས་རྡོ་རྗེ་འཛིན་པ་འདི་ཞེས་བྱ་བའི་ཕྱི་བཞིན་དུ་རྒྱུག་ཅིང་འབྲངས་ལ་ད་ནས་བྱང་ཆུབ་མ་ཐོབ་བར་ཞེས་པ་གོང་བཞིན་བྱ། ཐུགས་ཀྱི་རྗེས་གནང་ནི། གསོལ་བ་གདབ། བཅོམ་ལྡན་ཡིད་བཞིན་ནོར་བུ་ཡི། །ཐུགས་ཀྱི་དབང་བསྐུར་རྗེས་གནང་ནི། །བདག་ལ་བྱིན་གྱིས་བརླབས་ཏུ་གསོལ། །བླ་མའི་ཐུགས་ཀའི་པད་ཉིའི་སྟེང་དུ་ཧཱུྃ་དཀར་ལ་འཚེར་བའི་དབུས་སུ་སངས་རྒྱས་མཁའ་འགྲོ། ཤར་དུ་རྡོ་རྗེ་མཁའ་འགྲོ། ལྷོར་རིན་ཆེན་མཁའ་འགྲོ། ནུབ་ཏུ་པདྨ་མཁའ་འགྲོ། བྱང་དུ་ལས་ཀྱི་མཁའ་འགྲོ་རྣམས་བཞུགས་པ་བླ་མའི་ཤངས་གཡས་ནས་ཐོན། སློབ་མའི་སྣ་བུག་གཡོན་ནས་ཞུགས་པས་སྙིང་གར་ཐིམ་པར་བསམས་ནས་བཀའ་བསྒོ།
བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །འདི་ལ་འགོ་བར་མཛད་དུ་གསོལ། །ཡང་ཕྲིན་ལས་ཀྱི་གསོལ་གདབ་བྱས་ལ།
བླ་མའི་ཐུགས་ཀའི་མཁའ་འགྲོ་ལྔ་ལས་ཀྱང་འོད་ཟེར་དཔག་ཏུ་མེད་པ་འཕྲོས། ཚོགས་བདག་གི་ཐུགས་ཀ་ནས་ཀྱང་འོད་ཟེར་འཕྲོས་པས་ནོར་ལྷ་རྣམས་དང༌། གཞན་ཡང་འཇིག་རྟེན་པའི་མཐུ་ཆེ་བ་རྣམས་དང༌། རང་གི་བསྒྲུབ་བྱ་དེ་བཀུག་ནས་ཚོགས་བདག་ལ་བསྟིམ་མོ། །བླ་མའི་རྩ་འཁོར་ལོ་བཞིའི་མཁའ་འགྲོ་རྣམས་དབུ་མའི་ནང་ནས་ཡར་སོང་བས། སྨིན་ཕྲག་གི་མཁའ་འགྲོ་ལྔ་ལ་ཐིམ། དེ་རྣམས་ལས་མཁའ་འགྲོ་དཔག་ཏུ་མེད་པ་འཕྲོས། རིགས་དེ་འདྲ་བ་དཔག་ཏུ་མེད་པ་དབང་དུ་བསྡུས། སློབ་མའི་སྨིན་ཕྲག་གི་མཁའ་འགྲོ་ལྔ་ལ་ཐིམ་པར་བསམ་མོ།
།ཐོད་པའི་ནང་གི་བུམ་པ་རིན་པོ་ཆེས་ཁེངས་ནས་ལུད་པས་ཐོད་པའང་ཁེངས་ནས་ཆིལ་ལི་ལི་ལུད་པས་རང་དང་སེམས་ཅན་ཐམས་ཅད་ལ་དགོས་འདོད་ཆར་བཞིན་བབས་པར་བསམ། གཏོར་མ་ཟུར་བརྒྱད་པའི་ཐ་མ་མཐེབ་ཀྱུ་དང༌། ཟན་རིལ་བུ་སུམ་བརྩེགས་ཀྱིས་བསྐོར་བ་དེ་ལ་མགོན་པོར་བསྐྱེད། དེ་ལ་ཡེ་ཤེས་པ་དགུག་གཞུག་བྱའོ།
།རྗེས་གནང་གི་དམིགས་པ་ཐོན་པ་དང༌། གཏོར་མ་དེ་སློབ་མའི་མགོར་བཞག་ལ། བླ་མ་མགོན་པོ་དབྱེར་མེད་སློབ་མའི་མགོ་ཐོག་ཏུ་བྱོན་ཅིང༌། ཆེམ་ཆེམ་འུར་འུར་བྱོན་པར་བསམ། སྣང་སྲིད་ཐམས་ཅད་དབང་དུ་འདུས་པ་དང༌། མཁའ་འགྲོ་ཐམས་ཅད་དགྱེས་པར་བསམ། མཎྜལ་ནི་ཆོས་འབྱུང་དཀར་པོ་མེ་རི་དམར་པོ། ཁྱམས་ཕྱོགས་མདོག །དཀྱིལ་གྱི་ཧཱུྃ་དམར་པོ་ཆོས་འབྱུང་གི་གདེངས་ཀའི་ཟུར་ལ་བསྟན་པ་བྲིའོ། །དེའི་སྟེང་དུ་མཎྜལ་མཉྫིའི་སྟེང་དུ་གཏོར་མ་བཞག་ལ་མཆོད་རྫས་ཀྱིས་བསྐོར། མཎྜལ་པདྨ་དཀར་པོ་འདབ་བཞིའི་ལྟེ་བར་ཉི་མ་དང་བཅས་པ། མཐའ་སྐོར་མེ་རིས་བསྐོར་བ་བྲི། ལྟེ་བར་ཧཱུྃ་དཀར་པོ་བྲི། ལུགས་གཅིག་གོ།