Mgon pa mchin kha'i 'khor gyi mngon rtogs

From Shangpa Resource Center








Resource ID SCv11p110
Title mgon pa mchin kha'i 'khor gyi mngon rtogs
Topics Chadrupa
Sub-Topics Chadrupa mchin kha
Link BDRC W23922

༈ མགོན་པ་མཆིན་ཁའི་འཁོར་གྱི་མངོན་རྟོགས་བཞུགས་སོ།།

༈ ༼ར༽ སྐྱབས་འགྲོ་སེམས་བསྐྱེད་ཀྱི་རྗེས་སུ། སྭཱ་བྷཱ་ཝས་སྟོང་པར་སྦྱངས་པའི་ངང་ལས། རིན་པོ་ཆེ་ལས་གྲུབ་པའི་ཆོས་འབྱུང་གྲུ་གསུམ་མཐིང་ནག་མེ་རི་རབ་ཏུ་འབར་བའི་དབུས་སུ་པཾ་ལས་སྣ་ཚོགས་པདྨ། རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། གྷཾ་ལས་དཔལ་ཚོགས་ཀྱི་བདག་པོ་སྐུ་མདོག་དཀར་ལ་གཟི་བརྗིད་འབར། གླང་པོ་ཆེའི་དབུ་ལ་སྤྱན་གསུམ་པ་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། དར་སྣ་ཚོགས་ཀྱི་ན་བཟའ་གསོལ་བ། ཕྱག་གཡས་པས་སྙིང་པོ་ལོ་མ་དང་བཅས་པ་ཞལ་དུ་གསོལ། ཕྱག་གཡོན་རིན་པོ་ཆེ་སྣ་ཚོགས་ཀྱིས་གང་བའི་ནེའུ་ལེ་སྒྲུབ་པ་པོ་ལ་དགོས་འདོད་སྟེར་བ། དེའི་སྟེང་དུ་ཧཱུྃ་མཐིང་ནག་ལས་གྲི་གུག་ནག་པོའི་ལྟེ་བར་རཾ་ལས་ཉི་མའི་སྟེང་དུ་ཧཱུྃ་མཐིང་ག་ལས་འོད་ཟེར་སྤྲོ་བསྡུས་མགོན་པོ་སྐུ་མདོག་མཆིན་ཁ་གཞུང་བཞིན་བསྐྱེད། མགོན་པོའི་གཡོན་དུ་རཀྟའི་རྒྱ་མཚོ་ཆེན་པོ་དམར་ལ་དྭངས་པའི་ནང་དུ་བྷྱོཿལས་འདོད་པ་ཁམས་ཀྱི་དབང་ཕྱུག་མ་སྐུ་མདོག་མཐིང་ནག་སྤྲིན་ལྟ་བུ་ཞལ་གཅིག་ཕྱག་བཞི་དྲེའུ་གྭ་པའི་སྟེང་ན་ཆིབས་པ། གཡས་ཀྱི་དང་པོ་ན་རལ་གྲི། གཉིས་པ་ན་གྲི་གུག །གཡོན་དང་པོ་ན་རྒྱལ་མཚན། གཉིས་པ་ན་ཐོད་རློན་ཁྲག་གིས་བཀང་བ་བསྣམས་པ། དབུ་སྐྲ་ཁམ་སེར་རྨ་བྱའི་མདོངས་ཀྱིས་བརྒྱན་པ། སྤྱི་བོའི་གཙུག་ན་ཟླ་བ་ཉ་གང་བས་མཚན་པ། ཐོད་སྐམ་ལྔས་དབུ་བརྒྱན་པ། སྙན་གཡས་པ་ལ་སེང་གེ །གཡོན་པ་ལ་སྦྲུལ་གྱིས་བརྒྱན་པ། སྤྱན་གསུམ་དམར་ལ་འཁྲུགས་པ། ཞལ་གདངས་ཤིང་མཆེ་བ་གཙིགས་པ། ལྗགས་གྱེན་ལ་འདྲིལ་བ། རེ་ལྡེའི་ཤམ་ཐབས་དཀྲིས་པ། སྦྲུལ་གྱི་སྐ་རགས་བཅིངས་པ། ལྟེ་བར་ཉི་མས་བརྒྱན་པ། ཡབ་ཡུམ་གྱི་མདུན་དུ་ཧཱུྃ་ལས་གནོད་སྦྱིན་ཀྵེ་ཏྲ་པ་ལ་ཞལ་གཅིག་མཆེ་བ་གཙིགས་ཤིང་ཁ་གདངས་པ། འོ་དོད་དགྲ་ལ་འབོད་པ། སྐུ་མདོག་སྨུག་ནག་ཕྱག་གཡས་གྲི་གུག །གཡོན་བྷནྡྷ་སྙིང་ཁྲག་གཙོ་བོའི་ཞལ་དུ་སྟོབས་པ། དོམ་ནག་སྨྱོན་པ་ལ་ཆིབས་པ། གཡས་སུ་ཏྲི་ལྗང་ཁུ་ལས་དབང་ཕྱུག་ཛི་ན་མི་ཏྲ་སྐུ་མདོག་ནག་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་ཌཱ་མ་རུ་སྒྲ་དང་བཅས་པ། གཡོན་སྡིགས་མཛུབ་མེ་འབར་བ། སྟག་ལ་ཆིབས་པ། རྒྱབ་ཏུ་ཛ་ལས་གཤིན་རྗེ་ཊཀྐི་ར་ཛ་སྐུ་མདོག་སྨུག་ནག་ཞལ་གཅིག་ཕྱག་གཉིས་པ། གཡས་རྒྱུ་མའི་ཞགས་པ། གཡོན་སྡིགས་མཛུབ་ནམ་མཁའ་ལ་གདེངས་པ། སྤྱང་ཀི་ལ་ཆིབས་པའོ། །གཡོན་དུ་ཧཱུྃ་ལས་བདུད་མགོན་ཏྲཀྴད་ནག་པོ་ཞལ་གཅིག་ཕྱག་བཞི་པ། གཡས་དང་པོ་ཐོད་ཁྲག །གཉིས་པ་རུ་མཚོན་དམར་པོ་འཕྱར་བ། གཡོན་དང་པོ་ལྕགས་ཀྱི་ཐུ་ལུམ་དང་། གཉིས་པ་ཙནྡན་གྱི་བེང་ཆེན་བསྣམས་པ་རྟ་ནག་པོ་ལ་ཞོན་པའོ། །ཐམས་ཅད་ཀྱང་ཞལ་རྔམས་ཤིང་མཆེ་བ་གཙིགས་པའོ། །སྨ་ར་དང་སྨིན་མ་དང་། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། མིག་གསུམ་དམར་ཞིང་གཡོ་བས་དགྲ་བགེགས་ལ་གཟིགས་པ། སྐུ་ལ་རང་རང་གི་རིགས་དང་མཐུན་པའི་རྒྱན་གྱིས་མཛེས་པའོ། །དེའི་ཕྱི་རོལ་དུ་ཕྱོགས་སྐྱོང་བཅུ་གཙང་རིས་ཀྱི་མགོན་པོ་དམ་ཅན་རྒྱ་མཚོ་དང་བཅས་པ་བསྐྱེད་ལ་ཡེ་ཤེས་པ་བསྟིམ་སྟེ་གཏོར་མ་ཕུལ་ལ་གསོལ་བ་གདབ་བོ། །ཨྀཐིཿ