Mgon po dbang gi rgyal po'i sgo nas 'jig rten pa'i dngos grub thams cad bsdu ba

From Shangpa Resource Center
Revision as of 11:23, 20 March 2020 by Sengue (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)








Resource ID SCv11p274
Title mgon po dbang gi rgyal po'i sgo nas 'jig rten pa'i dngos grub thams cad bsdu ba
Topics White protector
Sub-Topics Various
Link BDRC W23922

༈ མགོན་པོ་དབང་གི་རྒྱལ་པོའི་སྒོ་ནས་འཇིག་རྟེན་པའི་དངོས་གྲུབ་ཐམས་ཅད་བསྡུ་བ་བཞུགས་སོ།།

༈ ༼ཝི༽ མགོན་པོ་དབང་གི་རྒྱལ་པོའི་སྒོ་ནས་འཇིག་རྟེན་པའི་དངོས་གྲུབ་ཐམས་ཅད་དབང་དུ་བསྡུ་བའི་མན་ངག་རྒྱུན་དུ་བྱ་བ་ནི། བཤགས་པ་ཡན་ཆད་གཏོར་ཆོག་གཞུང་བསྲངས་ནས། དེ་ནས་པདྨ་ཉི་མ་དང་ཚོགས་བདག་གི་སྟེང་དུ། ཧཱུྃ་དམར་པོ་ལས་རྡོ་རྗེ་གྲི་གུག་ཧཱུྃ་དམར་པོས་མཚན་པ་ལས་འོད་འཕྲོ་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་ཡེ་ཤེས་ཀྱི་མགོན་པོ་སྐུ་མདོག་དམར་པོ་ཕྱག་མཚན་གཞན་འདྲ་བ་ལ། གཡས་བར་པ་ཅང་ཏིའུ། ཐ་མ་ན་ལྕགས་ཀྱུ། གཡོན་ཐ་མ་ན་ཞགས་པ་དམར་པོ། འོད་དཔག་མེད་ཀྱིས་དབུ་བརྒྱན་པ། རྒྱན་ཆ་ལུགས་གཞན་སྤྱི་དང་འདྲ་བ་བསྐྱེད། ཡེ་ཤེས་པ་བསྟིམ། ཐུགས་ཀར་ཉི་མ་ལ་ཧཱུྃ་དམར་པོའི་མཐར། སྔགས་ཕྲེང་གིས་བསྐོར་བ་ལས་འོད་ཟེར་དམར་པོ་སྣོད་བཅུད་ཐམས་ཅད་ལ་ཁྱབ། འགྲོ་བའི་ནད་གདོན་སྡིག་སྒྲིབ་དག །བརྟན་གཡོ་ཐམས་ཅད་དབང་དུ་བསྡུས། རང་གི་དྲུང་དུ་ལྷགས་ནས་དད་ཅིང་གུས་པར་བསམ་ནས། ཨོཾ་མ་ཧཱ་ཀཱ་ལ་ཀྵིཾ་ཀྵེ་ཏྲ་བིགྷྣན་བི་ནཱ་ཡ་ཀ་ཧཱུྃ་ཧཱུྃ་ཕཊ་ཕཊ། དྷུ་མ་གུ་ཧྱེ་སྭཱ་ཧཱ། ཞེས་བརྒྱ་རྩ་སོགས་ཅི་མང་བགྲངས། བདག་བསྐྱེད་དེ་ལྟ་བུ་བྱས་ནས་མགོན་པོའི་སྤྱི་གཙུག་ཏུ་དྲིན་ཅན་རྩ་བའི་བླ་མ་སྐུ་མདོག་དམར་པོ་ཞེས་པ་ནས་དགོས་འདོད་ཆར་བཞིན་འབབ་པར་གྱུར། ཅེས་སོགས་གཏོར་ཆོག་གཞུང་བཞིན་བསྲངས་པའི་མདུན་བསྐྱེད་གསལ་གདབ། དེ་ནས་རང་གི་དཔྲལ་བར་མཐིང་རིམ་གྱི་ཁྲག །བུ་མོ་མ་ཉམས་པའི་མངལ་ཁྲག་ལི་ཁྲི། བདུད་རྩི་རིལ་བུ་རྣམས་ནང་མཆོད་ཀྱིས་སྦྱར་བའི་ཐིག་ལེ་བྱ། དེ་ཐམས་ཅད་མ་འཛོམས་ཀྱང་གཞན་གང་འཛོམ་མམ། ཐ་ན་ནང་མཆོད་ཙམ་གྱི་ཐིག་ལེ་བྱ། དེ་ནས་གསང་བའི་མཁའ་འགྲོ་མ་དམར་མོ་ཞལ་གཅིག་ཕྱག་གཉིས། གཡས་པ་ན་ལྕགས་ཀྱུ། གཡོན་པ་ན་ཞགས་པ་དམར་པོ་ཐོགས་པ་གཅིག་གི་རྟིང་ལ་གཅིག་དཔག་ཏུ་མེད་པ་ཐོན་ཕྱོགས་བཅུར་སོང་ནས། འཇིག་རྟེན་པའི་དངོས་གྲུབ་ཐམས་ཅད་ཐོགས་པ་མེད་པར་སྐད་ཅིག་ལ་རང་གི་མདུན་དུ་བཀུག་པའི་དམིགས་པ་གྲིམ་ལ་བརྟན་པ་བྱ། མདུན་བསྐྱེད་ཀྱི་མགོན་པོ་དང་མཁའ་འགྲོ་མ་རྣམས་ཀྱི་ཕྱག་གཡས་ཌཱ་མ་རུའི་སྒྲ་དྲག་ཏུ་ཁྲོལ་བ། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་ཡིད་རང་དབང་མེད་པར་གཡོས་ཏེ། དངོས་གྲུབ་ཐམས་ཅད་འགུགས་པའི་དམིགས་པ་གཉིས་དུས་གཅིག་ཏུ་བསམ་ནས། ཨོཾ་བཛྲ་ན་ར་ཀྲིཾ་ཀྲིཾ་ཧཱུྃ་ཧཱུྃ་ཕཊ་ཕཊ། སརྦ་ལོ་ཀར་སིདྡྷི་ཨ་ཀར་ཥ་ཡ་ཛཿཛཿ །ཞེས་བརྒྱ་རྩ་སྟོང་སོགས་ཅི་ནུས་བགྲངས། དེ་ནས་རང་ཡི་དམ་གྱི་ང་རྒྱལ་དུ་འཕྲོས་པའམ། མ་འཕྲོས་ཀྱང་རུང་སྟེ། དེ་མན་ཆད་ཀྱི་ཆོ་ག་གཞུང་ལྟར་བྱའོ།
།བླ་མ་དམ་པའི་ཞལ་གྱི་བཅུད། །བརྗེད་ཀྱི་དོགས་ནས་ཡི་གེར་བཀོད། །མཁའ་འགྲོ་ཆོས་སྐྱོང་བཟོད་མཛད་ཅིང་། །དངོས་གྲུབ་ཐམས་ཅད་མོད་ལ་འགྲུབ་པར་ཤོག །ཨྀཐིཿ