Mgon po yid bzhin gyi nor bu'i gtor ma'i cho ga

From Shangpa Resource Center
Revision as of 18:25, 22 June 2020 by Sengue (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)








Resource ID Gönkar5
Title mgon po yid bzhin gyi nor bu'i gtor ma'i cho ga
Topics White protector
Sub-Topics Torma offering
Link BDRC W23681 (p. 220)

༄༅། །མགོན་པོ་ཡིད་བཞིན་གྱི་ནོར་བུའི་གཏོར་མའི་ཆོ་ག་བཞུགས།

།ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱངས།
སྟོང་པའི་ངང་ལས་ཡྃ་ལས་རླུང༌། རྃ་ལས་མེ། ཀྃ་ལས་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཤ་ལྔ་བདུད་རྩི་ལྔ། དགྲ་བགེགས་ཀྱི་ཤ་ཁྲག་དུ་མ་དང་གྲུབ་པའི་གཏོར་མ་ཟག་པ་མེད་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿལན་གསུམ།
མདུན་བསྐྱེད། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་དངུལ་ཆུའི་མདོག་ཅན་འོད་ཟེར་དཔག་ཏུ་མེད་པ་འཕྲོ་བ་ལས་མགོན་པོ་ཡིད་བཞིན་གྱི་ནོར་བུ་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ། ཞལ་གཅིག་ཕྱག་དྲུག་སྤྱན་གསུམ་པ། ཕྱག་དྲུག་གཡས་ཀྱི་དང་པོ་ན་གྲི་གུག །བར་པ་ན་ཡིད་བཞིན་གྱི་ནོར་བུ། ཐ་མ་ན་ཌ་མ་རུ་དྲག་ཏུ་འཁྲོལ་བ། གཡོན་གྱི་དང་པོ་ན་ཐོད་པའི་ནང་དུ་བུམ་པ་རིན་པོ་ཆེ་སྣ་ཚོགས་ཀྱིས་གང་བ་བརླ་གཡོན་པ་ལ་བརྟེན་ཏེ་འཛིན་པ། བར་པ་ན་རྩེ་གསུམ། ཐ་མ་ན་ལྕགས་ཀྱུ་བསྣམས་པ། སྐུ་སྟོད་ལ་རིན་པོ་ཆེའི་རྒྱན་དུ་མས་བརྒྱན་ཅིང༌། སྐུ་སྨད་ལ་རིན་པོ་ཆེའི་ཟར་བུ་དང་ཆུན་འཕྱང་དུ་མས་མཛེས་པ། ཞབས་གཉིས་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ནས་ད་ལྟ་རང་འབྱོན་པ་འདྲ་བ། འགྲོ་འཕྲོ་ལ་ཚོམ་སྟེ་བཞུགས་པ་འདྲ་བའི་འོག་ན་ཚོགས་བདག་ཁ་གཤང་ཐམས་ཅད་ནས་ནོར་བུ་སྐྱུགས་པ་གཉིས་མནན། མགོན་པོའི་སྤྱི་བོར་བླ་མ་རྡོ་རྗེ་འཆང་དབང་གི་རྒྱལ་པོ་ཡིད་བཞིན་གྱི་ནོར་བུ་བསྣམས་པ་དགོས་འདོད་འབྱུང་བ་འཛུམ་དང་ལྡན་པ། མགོན་པོའི་ཐུག་ཀར་དབང་སྡུད་ཀྱི་མཁའ་འགྲོ་མ་ཞལ་གཅིག་ཕྱག་གཉིས་མ་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། ལྕགས་ཀྱུ་དང་ཐོད་པ་བསྣམས་པ་གར་སྟབས་ཀྱིས་བཞུགས་པ། སྤྱན་གསུམ་ནམ་མཁའ་ལ་ཧྲིག་ཧྲིག་གཟིགས་པ་ཁམས་གསུམ་དབང་དུ་སྡུད་པ་ཅིག་བསྐྱེད།
དེའི་ཐུགས་ཀ་ན་ཆོས་ཉིད་ཀྱི་ཐིག་ལེ་དམར་པོ་འོད་འཕྲོ་བ། དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་དུར་ཁྲོད་བསིལ་བའི་ཚལ་ནས་མགོན་པོ་མཁའ་འགྲོ་མའི་ཚོགས་ཀྱིས་བསྐོར་བ་བསམ་གྱིས་མི་ཁྱབ་པ་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས།
གུ་རུ་མ་ཧཱ་ཀཱ་ལ་དང༌། ཀྵིཾ་ཉི་ཤུ་རྩ་གཅིག་སོགས་ཀྱིས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿས་བསྟིམ།
ཆོས་འབྱུང་དཀར་ལ་མེ་རི་དམར་བའི་དབུས། །པད་དཀར་མདངས་ལྡན་འོད་སྟོང་ཕྱོགས་བཅུར་འཕྲོ། །གངས་རི་ལྟར་དཀར་ཞལ་གཅིག་ཕྱག་དྲུག་པ། །ཁྱེད་ལ་རྣམ་དཀར་དང་བཅས་གུས་ཕྱག་འཚལ།
།ཨོཾ་བཛྲ་ཨརྒྷཾ་སོགས་ཉེར་སྤྱོད་ལྔས་མཆོད།
ཙནྡན་ལྗོན་པ་འཁྲིགས་པའི་དུར་ཁྲོད་ནས། །དྲི་བཞོན་གྱིས་བསྐྱོད་སྤྲིན་དཀར་ཕུང་པོ་བཞིན། །ཕྱག་ན་པདྨོའི་རྣམ་རོལ་བསྟན་སྲུང་མཆོག །མགོན་དཀར་འདོད་རྒུའི་ཆར་འབེབས་གནས་འདིར་གཤེགས། །ལྷན་སྐྱེས་བླ་མ་ཡིད་བཞིན་ནོར་བུ་ཡི། །བཀའ་སྒྲུབ་ཕྱོགས་བཅུའི་འཇིག་རྟེན་དབང་དུ་སྡུད། །རྣལ་འབྱོར་མཆོག་ལ་དངོས་གྲུབ་མྱུར་སྩོལ་བའི། །ཚོགས་བདག་ཌཱ་ཀིའི་ཚོགས་བཅས་གནས་འདིར་གཤེགས། །མགོན་པོ་འཁོར་བཅས་ཐུགས་རྗེའི་ཟློས་གར་གྱི། །རྣམ་པར་གཡོས་པས་སྲིད་ཞིའི་དཔལ་འབྱོར་ནི། །གེགས་མེད་མྱུར་སྩོལ་དབུལ་བའི་སྡུག་བསྔལ་ཀུན། །མ་ལུས་བསལ་ནས་འབྱོར་པ་རྒྱས་པར་མཛོད། །དུར་ཁྲོད་མེ་རིས་ཡོངས་བསྐོར་བའི། །རིན་ཆེན་ལས་གྲུབ་གཞལ་ཡས་ཁང༌། །ཕྱི་ནང་རྔམ་བརྗིད་རབ་མཛེས་པའི། །མཆོད་སྤྲིན་རྒྱ་མཚོས་ཡོངས་སུ་གང༌། །གནམ་ལྕགས་ཆོས་འབྱུང་འབར་བ་དང༌། །ཡིད་འོང་སྣ་ཚོགས་པད་ཉིའི་གདན། །བགེགས་རྒྱལ་ནོར་བདག་འགྱིངས་པའི་གདན། །ཡེ་ཤེས་ལས་གྲུབ་ཕོ་བྲང་དབུས།
།སྤྱན་རས་གཟིགས་མགོན་བཞུགས་སུ་གསོལ། །ཡེ་ཤེས་མགོན་པོ་བཞུགས་སུ་གསོལ། །ཡིད་བཞིན་ནོར་བུ༴ དཔལ་ལྡན་ལྷ་མོ༴ གནོད་སྦྱིན་རྣམ་བཞི༴ དཔལ་མགོན་བདུན་བཅུ༴ མ་ལུས་འཁོར་བཅས༴
པདྨ་ཀ་མ་ལཱ་ཡ་སྟྭཾ། གུ་རུ་མ་ཧཱ་ཀཱ་ལ་ཧ་རི་ནི་ས་སིདྡྷི་ཛཿ ཞེས་ཅི་ནུས་བཟླ།
གཏོར་མ་འབུལ་བ་ནི། མགོན་པོ་འཁོར་བཅས་ཀྱི་ལྗགས་རྡོ་རྗེའི་སྦུ་གུ་ཅན་གྱིས་གཏོར་མ་གསོལ་བར་བསམས་ལ། རྩ་སྔགས་ཀྱི་མཇུག་ཏུ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་སོགས་ལྔའམ་བདུན་གྱིས་དབུལ།
ནང་མཆོད་ནི། རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་ཆེན་གྱི་ཞལ་དུ་ཨོཾ་ཨཱཿཧཱུྃ་ནས། རྩ་བའི་བླ་མའི་བར་མཚན་བརྗོད་ནས་འབྲུ་གསུམ་བཏགས་ནས་མཆོད། མགོན་པོ་ཡིད་བཞིན་གྱི་ནོར་བུའི་ཞལ་དུ་ཨོཾ་ཨཱཿཧཱུྃ། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ། དྲི་དམ་པ། རོ་དམ་པ། རེག་བྱ་དམ་པ། འདི་ཉིད་འབུལ་ཞིང་བསྔོ་བའི་གནས་སུ་གྱུར་པ་ནི་མགོན་པོ་ཡིད་བཞིན་གྱི་ནོར་བུ་རིགས་བཞིའི་མཁའ་འགྲོའི་ཚོགས་དང་བཅས་པ་རྣམས་ལ་འབུལ་ལོ།
།ཕྲིན་ལས་ཞུ་ཞིང་གསོལ་བ་ནི། བླ་མ་དམ་པའི་བཀའ་དང་དམ་ལས་མ་འདའ་བར། སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། ཁྱད་པར་དུའང་རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པའི་འགལ་རྐྱེན་བར་ཆད་ཐམས་ཅད་ཞི་བ་དང༌། མཐུན་རྐྱེན་དཔལ་འབྱོར་གཟི་བརྗིད་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ། ཁྱད་པར་དུ་སེམས་ཅན་ཐམས་ཅད་དབུལ་བའི་སྡུག་བསྔལ་ཞི་ཞིང་དགོས་འདོད་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་མཛད་དུ་གསོལ།
མཆོད་པ་ནི། རྟེན་ཅིང་འབྲེལ་ལས་བྱུང་བ་ཡི། །ལྷ་རྫས་དམ་པའི་མཆོད་ཡོན་འདི། །མགོན་པོ་འཁོར་དང་བཅས་ལ་འབུལ། །བསྟན་པ་བསྲུང་ཕྱིར་བཞེས་སུ་གསོལ། །ཞེས་སོགས་ཉེར་སྤྱོད་ལྔས་མཆོད།
བསྟོད་པ་ནི། ཕྱོགས་བཅུ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ནས། འགྲོ་བའི་དོན་ལ་མཐུ་དང་ལྡན་པར་མཛོད། །ཅེས་པས་བསྟོད།།