Mgon po zhal gsum phyag drug par brten pa'i bsrung ba rdo rje'i char 'bebs

From Shangpa Resource Center








Resource ID SCv11p795
Title shog dril gnyis par mgon po zhal gsum phyag drug par brten pa'i bsrung ba rdo rje'i char 'bebs
Topics Chadrupa
Sub-Topics bsrung ba rdo rje'i char 'bebs
Link BDRC W23922
Notes shog dril 2. See bsad pa gnam lcags dug mda' nag po bzlog bsrung ba stobs bskye bzlog nyams pa kun gso

༈ ཤོག་དྲིལ་གཉིས་པར་མགོན་པོ་ཞལ་གསུམ་ཕྱག་དྲུག་པར་བརྟེན་པའི་བསྲུང་བ་རྡོ་རྗེའི་ཆར་འབེབས་བཞུགས་སོ།།
༈ ༼འུ༽ གུ་རུ་མ་ཧཱ་ཀཱ་ལ་ཡ་ན་མོ།
།མྱུར་མཛད་ཡེ་ཤེས་ཀྱི་མགོན་པོའི་སྒོ་ནས་བསྲུང་བ་རྡོ་རྗེའི་ཆར་འབེབས།
བཟློག་པ་སྟོབས་ཆེན་ཤུགས་བཟློག གསད་པ་གནམ་ལྕགས་དུག་མདའ། ཡང་བཟློག་བསྲུང་བ་སྟོབས་བསྐྱེད། སླར་བཟློག་ཉམས་པ་ཀུན་གསོ། ཅེས་པའི་མན་ངག་ལྔ་ཡོད་པའི། ཐོག་མར་སྐྱབས་འགྲོ་སེམས་བསྐྱེད་བྱས་ལ། བདག་ཉིད་སྐད་ཅིག་གིས་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཞལ་གསུམ་ཕྱག་དྲུག་པར་གསལ་བའི་ཐུགས་ཀར་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་སེམས་བཟུང་འཛིན་དང་བྲལ་བའི་ཧཱུྃ་མཐིང་ཁ། དེ་ལས་འོད་འཕྲོས་ལུས་ཀྱི་ཕྱི་ནང་ཐམས་ཅད་འོད་ཟེར་གྱིས་གང་། སྣ་དང་བ་སྤུའི་བུ་ག་ནས་ཕྱིར་འཕྲོས། རང་བཞིན་གྱི་གནས་ནས་ཡེ་ཤེས་ཀྱི་མགོན་པོ་འཁོར་དང་བཅས་པ་ལ་མི་བསྐྱོད་པ་སྤྲུལ་སྐུའི་ཆ་ལུགས་ཅན་གྱི་དབུས་བརྒྱན་པ་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་སྤྱན་དྲངས། གུ་རུ་མ་ཧཱ་ཀཱ་ལ་ས་པཱ་རི་ཝ་ར་ས་མ་ཡ་ཛཿཛཿ ན་མོ་གུ་རུ་བྷྱེཿ ན་མོ་ཤྲཱི་མ་ཧཱ་ཀཱ་ལ་བྷྱེཿ གུ་རུ་མ་ཧཱ་ཀཱ་ལ་ས་པཱ་རི་ཝ་ར་ཨཱརྒྷཾ་པྲ་ཏིཙྪ་ཡེ་སྭཱ་ཧཱ། དེ་བཞིན་དུ་ཤཔྡའི་བར་གྱིས་མཆོད་ལ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། ཅེས་པ་ནས་ཡིད་ཀྱིས་བཟུང་། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །ཅེས་པ་ནས། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་པ་གསུམ་གྱིས་ཐུན་མོང་གི་སྡོམ་པ་བཟུང་། ཐུན་མོང་མ་ཡིན་པ་རིགས་ལྔ་སྤྱི་དང་སེམས་དཔའི་སྡོམ་པའང་བཟུང་། དེ་ནས་ཚོགས་ཞིང་གི་ཡེ་ཤེས་པ་རྣམས་བདག་ཉིད་ཀྱི་སྙིང་གར་ཐིམ་པར་བསམ་མོ། ཨོཾ་ཨཱཿཧཱུྃ། ཚད་མེད་བཞི་བསྒོམ། བསོད་ནམས་ཀྱི་ཚོགས་བསགས་པའོ།
།ཨོཾ་སྭ་བྷ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷ་ཝ་ཤུདྡྷ྅་ཧཾ། ཨོཾ་ཤུནྱཱཏ་ཛྙཱ་ན་ནས་ཧཾ། ཆོས་རྣམས་རང་བཞིན་གྱིས་མ་གྲུབ་པས་སྟོང་པ་ཉིད་དུ་གྱུར། ཅེས་པས་ཡེ་ཤེས་ཀྱི་ཚོགས་བསགས་པའོ། །སྟོང་པའི་ངང་ལས་པཾ་ལས་པདྨ་དང་། རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་ཧཱུྃ་གིས་མཚན་པ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། འོག་རྡོ་རྗེའི་ས་གཞི། འཁོར་ཡུག་རྡོ་རྗེའི་དྲྭ་བ། སྟེང་རྡོ་རྗེའི་གུར། གུར་གྱི་འོག་རྭ་བའི་སྟེང་དུ་རྡོ་རྗེའི་བླ་བྲེས། དབྱིབས་ཐོད་པ་ཁ་སྦྱར་ལྟ་བུའི་ཕྱི་རོལ་ཁ་དོག་སྣ་ལྔའི་མེ་དཔུང་ཕྱོགས་བཅུར་འཕྲོ་བར་གྱུར། སྣ་ཚོགས་རྡོ་རྗེའི་ལྟེ་བའི་ཧཱུྃ་དམིགས་ཏེ། པདྨ་དང་ཉི་མའི་གདན་གྱི་སྟེང་དུ་ཧཱུྃ་མཐིང་ཁ་འོད་དུ་ཞུ་བ་ལས། རྣམ་སྣང་མཐིང་ཁ་ཞལ་གཅིག་ཕྱག་གཉིས་པ་འཁོར་ལོ་དང་། དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པས་རང་འདྲའི་ཡུམ་ལ་འཁྱུད་ཅིང་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དེ་ཡོངས་སུ་གྱུར་པ་ལས་བསྲུང་བའི་འཁོར་ལོ་རྩིབས་བཅུ་རྩེ་མོ་རྣོ་བའི་ངར་དང་ལྡན་པ། ནང་སྟོང་པར་གྱུར་པ་ནང་གི་དབུས་དང་། ཕྱོགས་བཅུར་པདྨ་དང་ཉི་མའི་སྟེང་དུ། བགེགས་ཀྱི་རྒྱལ་པོ་གན་རྐྱལ་དུ་བསྒྱེལ་བ་བཅུ་གཅིག་བསམ། དབུས་ཀྱི་གདན་གྱི་སྟེང་དུ་ཧཱུྃ་ལས་གྲི་གུག་ཧཱུྃ་གིས་མཚན་པ་ལས་འོད་འཕྲོས། དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད་ཚུར་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་སྐུ་མདོག་མཐིང་ནག་ཞལ་གསུམ་ཕྱག་དྲུག་པ། གཡས་ཞལ་ཀུནྡ་ལྟར་དཀར་བ། ཁྲིཾ་རིངས་ཀྱི་སྒྲ་སྒྲོགས་པ། གཡོན་ཞལ་པདྨ་རཱ་ག་ལྟར་དམར་བ། ཨ་ལ་ལའི་གད་མོ་སྒྲོགས་པ། དབུས་ཞལ་མཐིང་གི་ཧཱུྃ་གིས་སྒྲ་སྒྲོགས་པ། ཕྱག་དང་པོ་གཉིས་ཀྱིས་གྲི་གུག་དང་ཐོད་ཁྲག་འཛིན་པ་ཡུམ་ལ་འཁྱུད་པ། གཡས་ཀྱི་གཉིས་པ་ན་ཁྲག་འཛག་པའི་མགོའི་མི་ཡི་རྒྱུ་མ་ལ་རྒྱུས་པའི་ཕྲེང་བ་འཛིན་ཞིང་། གསུམ་པ་ན་གསང་བའི་རྔེའུ་ཆུང་གི་སྒྲ་སྒྲོགས་པས་མ་མོ་དང་མཁའ་འགྲོ་དབང་དུ་བསྡུས་པ། གཡོན་གྱི་གཉིས་པ་རྩེ་གསུམ་འཛིན་པ། གསུམ་པ་ན་བདུད་ཞགས་ནག་པོས་དགྲ་བགེགས་ཀྱི་སྐེ་ནས་འཛིན་པ། ཞལ་རེ་རེ་ལའང་མཆེ་བ་བཞི་བཞི་གཙིགས་པ། དམར་ལ་ཟླུམ་པའི་སྤྱན་གསུམ་དང་ལྡན་པའི་དབུ་ལ་ཐོད་པ་སྐམ་པོ་ལྔས་བརྒྱན་པའི། རློན་པ་ཁྲག་འཛག་པའི་མི་མགོ་ལྔ་བཅུ་རྩ་གཅིག་གི་དོ་ཤལ་བྱས་པ། རུས་པའི་རྒྱན་དྲུག་གིས་བརྒྱན་པ། ཕྱག་ཞབས་ཐམས་ཅད་ལ་སྦྲུལ་དང་དྲིལ་བུ་གཡེར་ཁའི་ཕྲེང་བ་འཆང་བ། དབུ་སྐྲ་ཁམ་སེར་གྱེན་ལ་བརྫེས་པའི་སྤྱི་བོར་རིགས་ཀྱི་བདག་པོའི་ཅོད་པན་དང་། སྟག་གི་པགས་པའི་ཤམ་ཐབས་ཅན། ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་པའི་སྟབས་ཀྱིས་བཞུགས་པ། སྐུ་ལས་སྐྱེས་པའི་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བ། དེའི་པང་ན་ཡུམ་ཌཱ་ཀི་མ་དམར་མོ་ཞལ་གཅིག་ཕྱག་གཉིས་མ། གཡས་གྲི་གུག་འཛིན་པས་ཡབ་ལ་འཁྱུད་ཅིང་། གཡོན་ཐོད་ཁྲག་འཛིན་པས་ཡབ་ཀྱི་ཞལ་དུ་སྟོབ་པ། མི་མགོ་སྐམ་པོ་ལྔས་དབུར་བརྒྱན་དང་། སྐམ་པོ་ལྔ་བཅུའི་དོ་ཤལ་བྱས་པ། རུས་པའི་རྒྱན་དྲུག་དང་ལྡན་པ། ཞབས་གཡས་བརྐྱང་གཡོན་བསྐུམས་པས་ཡབ་ལ་འཁྲིལ་བ། གཉིས་ཀའང་གར་དགུའི་ཉམས་དང་ལྡན་པ། བདེ་བ་རྒྱས་པ། གཉིས་ཀའི་དཔྲལ་བར། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ལྟེ་བར་སྭཱ། གསང་གནས་སུ་ཧཱ་ལན་གསུམ་བརྗོད། ཡབ་ཡུམ་གཉིས་ཀའང་སྙོམ་པར་ཞུགས་པའི་དགའ་བའི་སྒྲས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས། ཡབ་ཀྱི་ཞལ་དུ་ཞུགས་ཐུགས་ཀར་སླེབ་པ་ན། རྗེས་སུ་ཆགས་པའི་མེས་འོད་དུ་ཞུ། སྐུའི་དབྱིབས་བརྒྱུད་རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་བབས་པས་ཐིག་ལེ་ཆ་གཉིས་སུ་གྱུར་པའི་ཆ་གཅིག་ཕྱིར་ཐོན་ཏེ་བསྲུང་བའི་འཁོར་ལོ་མེ་རིས་དང་བཅས་པ་ལ་ཐིམ་པས། བསྲུང་བའི་འཁོར་ལོ་བརྟན་ཞིང་མེ་རི་གཟི་བརྗིད་ལྡན་པར་བྱས། ཐིག་ལེ་ཆ་གཅིག་ཕྱོགས་བཅུའི་གདན་གྱི་སྟེང་དུ་འཕྲོས་པས། གྲི་གུག་ལྟེ་བ་ལ་ཧཱུྃ་གིས་མཚན་པ་བཅུར་གྱུར། དེ་རྣམས་ཡོངས་སུ་གྱུར་པ་ལས་ཕྱོགས་བཅུའི་མགོན་པོ་བཅུར་གྱུར་པ་ནི། སྐུ་མདོག་མཐིང་ག་ཞལ་གཅིག་ཕྱག་དྲུག་པ་མི་བསྐྱོད་པའི་ཅོད་པན་ཅན། ཆེས་འབར་ཞིང་རབ་ཏུ་ཁྲོས་པ། ཤིན་ཏུ་རྔམས་པ། ཞལ་རྣམ་པར་འགྱུར་ཞིང་། མཆེ་བ་རྣོན་པོ་བཞི་བཞི། སྤྱན་གསུམ་དམར་ལ་ཟླུམ་པ་གློག་ལྟར་འཁྱུག་ཅིང་། ཁྲོ་གཉེར་ཤིན་ཏུ་བསྡུས་པ། དབུ་སྐྲ་ཁམ་སེར་གྱེན་དུ་བརྫེས་པ། སྨ་ར་དང་སྨིན་མ་དུས་མཐའི་མེ་ལྟར་རབ་ཏུ་འབར་བ། ལྗགས་རྣམ་པར་འདྲིལ་ཞིང་ཧ་ཧའི་གད་རྒྱངས་འབྲུག་ལྟར་སྒྲོགས་པ། ཕྱག་གཡས་ཀྱི་དང་པོ་ན་གྲི་གུག་གཉིས་པ་ན་ཐོད་པའི་ཕྲེང་བ། གསུམ་པ་ན་ཐོད་པའི་ཌཱ་མ་རུ་དྲག་ཏུ་འཁྲོལ་བ། ཕྱག་གཡོན་གྱི་དང་པོ་ན་ཐོད་ཁྲག་གཉིས་པ་ན་རྩེ་གསུམ། གསུམ་པ་ན་རྡོ་རྗེའི་ཞགས་པ་འཛིན་པ། སྦྲུལ་སྔོན་པོས་དབུ་རྒྱན། དམར་པོས་སྙན་རྒྱན། ཁྲ་བོས་དཔུང་རྒྱན། དཀར་པོས་མགུལ་རྒྱན། སེར་པོས་ལག་གདུབ། ལྗང་གུས་དོ་ཤལ། དཀར་པོས་སྐ་རགས་དང་རྐང་གདུབ་བྱས་པ། སྟག་གིས་པགས་པ་རློན་པའི་ཤམ་ཐབས་ལ་དར་ལྗང་ཁུའི་སྐ་རགས་བཅིངས་པ། ལྟོ་བ་རབ་ཏུ་འཕྱང་ཞིང་ཡན་ལག་རགས་པ། བཟོད་པར་དཀའ་བའི་གཟི་བརྗིད་ཅན། མི་མགོ་སྐམ་པོ་ལྔས་དབུ་རྒྱན་དང་རློན་པ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་བྱས་པ། ཕྱག་ཞབས་ཐམས་ཅད་ལ་དྲིལ་བུ་གཡེར་ཁའི་སྒྲ་དང་བཅས་རབ་ཏུ་བརྒྱན་པ། གླང་པོ་ཆེ་ཡི་པགས་པ་རློན་པ་གོས་སུ་གྱོན་པ། ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་བའི་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པ། རྡོ་རྗེ་རྭ་བའི་ཕྱི་རོལ་གྱི་ཤར་དུ་མགོན་པོ་སྐུ་མདོག་མཐིང་ཁ་ཞལ་གཅིག་ཕྱག་གཉིས་གཡས་རལ་གྲི་དང་། གཡོན་ཕུབ་འཛིན་པ། ལྷོར་བེང་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། གཡས་པའི་བེང་དབྱུག་བརྟེན་ཅིང་། གཡོན་ཐོད་ཁྲག་འཛིན་པ། དར་ནག་པོའི་འཇོལ་བེར་གསོལ་བ། ནུབ་ཏུ་རེ་མ་ཏི་ནག་པོ་ཞལ་གཅིག་ཕྱག་གཉིས་གཡས་རལ་གྲི་གཡོན་སྐྲ་དང་བཅས་པའི་ཐོད་ཁྲག་འཛིན་པ། གཅེར་མོ་ཁྲག་གི་ཐིག་ལེས་བརྒྱན་པ། བྱང་དུ་མགོན་པོ་གྲི་གུག་ཅན། གཡས་གྲི་གུག །གཡོན་ཐོད་ཁྲག་འཛིན་པ། བཞི་ཀའང་ཞལ་གདངས་ཤིང་། མཆེ་བ་གཙིགས་པ། སྤྱན་གསུམ་དམར་ཞིང་མི་མགོ་སྐམ་པོ་ལྔས་དབུ་བརྒྱན་པ། རློན་པ་ལྔ་བཅུའི་དོ་ཤལ་ཅན། ཞབས་སྐྱིལ་ཀྲུང་གཡོན་བརྐྱངས་པའི་གར་སྟབས་ཀྱིས་བཞུགས་པ། ཤར་ལྷོར་ཀྵེ་ཏྲ་པ་ལ་གྲི་གུག་དང་ཐོད་ཁྲག་འཛིན་པ། ལྷོ་ནུབ་ཏུ་ཛི་ན་མི་ཏྲ་སྐུ་མདོག་དམར་པོ། གཡས་ཐོད་པའི་ཌཱ་མ་རུ། གཡོན་ཐོད་ཁྲག་འཛིན་པ། ནུབ་བྱང་དུ་ཊཀྐི་རཱ་ཛ་སྐུ་མདོག་མཐིང་ནག་གཡས་རྒྱུ་མའི་ཞགས་པ། གཡོན་སྡིགས་མཛུབ་ཀྱི་རྩེ་ལ་མེ་འབར་བ། བྱང་ཤར་དུ་ཏྲཀྴད་ནག་པོ་གཡས་རུ་མཚོན་དམར་པོ་འཕྱར་ཞིང་། གཡོན་ཐོད་ཁྲག་འཛིན་པ། རྟ་ནག་རྟིང་དཀར་ལ་ཆིབས་པ། བཞི་ཀའང་མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་། རློན་པ་ལྔ་བཅུའི་དོ་ཤལ་ཅན། སྤྲུལ་པ་དུ་མ་འཕྲོ་ཞིང་གནོད་སྦྱིན་དཔག་ཏུ་མེད་པས་བསྐོར་བའོ། །སྟེང་གི་ནམ་མཁར་རྡོ་རྗེ་འཆང་ལ་བརྒྱུད་པའི་བླ་མ་ཐམས་ཅད་ཀྱིས་བསྐོར་བའོ།
།དེའི་ཤར་དུ་སྤྱན་རས་གཟིགས་དཀར་པོ་པདྨ་འཛིན་པ། ལྷོར་ཚེ་བདག་མགོན་པོ་སྐུ་མདོག་སེར་པོ་གཡས་ལྕགས་ཀྱུ། གཡོན་བུམ་པ་འཛིན་པ། ནུབ་ཏུ་རྣལ་འབྱོར་མ་དམར་མོ་ཞལ་གཅིག་ཕྱག་གཉིས་ཀྱི་གྲི་གུག་དང་ཐོད་ཁྲག་འཛིན་པ། བྱང་དུ་སྒྲོལ་མ་ལྗང་ཁུ་གཡས་ཨུཏྤལ་དང་གཡོན་མཆོག་སྦྱིན་གྱི་ཕྱག་རྒྱ་མཛད་པ། བཞི་ཀའང་བཞེངས་པ། ཡུམ་གཉིས་ནུ་མ་འཕྱང་ཞིང་། བཞད་པའི་ཉམས་དང་ལྡན་པ། ཡབ་གཉིས་ཁྲོ་འཛུམ་གྱི་རྣམ་པ་ཅན། རང་འདྲའི་སྤྲུལ་པ་དུ་མ་འགྱེད་པར་གྱུར། དེའི་ཕྱི་རོལ་དུ་དབང་པོ་ལ་སོགས་པའི་ཕྱོགས་སྐྱོང་བཅུ་དང་། གཞན་ཡང་ལྷ་ཆེན་པོ་བརྒྱད། ཀླུ་ཆེན་པོ་བརྒྱད། གཟའ་ཆེན་པོ་བརྒྱད། འཇིག་རྟེན་སྐྱོང་བ་བཞི། རྒྱུ་སྐར་ཉི་ཤུ་རྩ་བརྒྱད། འཇིགས་བྱེད་ཆེན་པོ་དགུ་སྟེ་གཙང་རིགས་ཀྱི་མགོན་པོ་བདུན་བཅུ་རྩ་ལྔའི་འཁོར་དུ་སྲིད་པ་གསུམ་གྱི་འབྱུང་པོའི་ཚོགས་དང་བཅས་པ། དེ་དག་གི་ཕྱི་རོལ་དུ་དམ་ཅན་རྒྱ་མཚོའི་དམག་ཚོགས་ཤ་ལ་དགའ་བ། ཁྲག་ལ་རོལ་པ། སྙིང་རྗེ་མེད་པ། ཁྲོ་ཞིང་གཏུམ་པ། མདོག་མི་སྡུག་པ། བཞིན་བསྡུས་པ། མིག་རྩ་དམར་བ། ཁ་གདངས་པ། མཆེ་བ་གཙིགས་པ། ལག་ན་མཚོན་ཆ་སྣ་ཚོགས་ཐོགས་པ། འཇིགས་སུ་རུང་བའི་གནོད་སྦྱིན་དང་། གཤིན་རྗེ་དང་། མ་མོ་དང་། ཤ་ཟ་སྲིན་པོའི་གཟུགས་ཅན་སྐྱེ་འགྲོའི་སྲོག་དབུགས་བསྡུད་པའི་དམ་ཅན་གྱི་ཚོགས་ཀྱིས་བར་སྣང་ས་གཞི་ཐམས་ཅད་གང་བར་གྱུར། དེའི་ཕྱི་རོལ་དུ་འཁོར་ཡུག་ཐམས་ཅད་ཐོད་པའི་རྭ་བ་ཟླུམ་པོ། སྟེང་གཡང་གཞིའི་བླ་རེ། བར་སྣང་རྒྱུ་རློན་ལྡ་ལྡི། ཀེང་རུས་ཀྱི་བཅལ་བཀྲམ་པ། ཁྲག་གི་རྦ་ཀློངས་འཁྲུག་ཅིང་། འཇིགས་པའི་སྐད་སྣ་ཚོགས་སྒྲོག་པར་གྱུར། གཙོ་འཁོར་ཐམས་ཅད་ཀྱི་སྤྱི་བོའི་ཨོཾ་ལས་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ། མགྲིན་པར་ཨཱཿལས་པདྨ་དམར་པོ་ཨཱཿས་མཚན་པ། ཐུགས་ཀར་ཧཱུྃ་ལས་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས། བསྲུང་འཁོར་མགོན་པོའི་ཚོགས་དང་བཅས་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཚོགས་དང་བཅས་པ་ཁྲོ་བོ་དང་ཁྲོ་མོའི་རྣམ་པར་སྤྱན་དྲངས། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡ་ས་པ་རི་བ་ར་ཨ་ཧྱ་ཧི། ཀྵིཾ་རིང་པོ་ཉེར་གཅིག་གིས་ཡེ་ཤེས་པ་བཀུག་ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡ་ས་པཱ་རི་ཝ་ར་ཨཱརྒྷཾ་ནས་ཤཔྡའི་བར་གྱིས་མཆོད། ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་དབྱེར་མེད་དུ་གྱུར། ཡེ་ཤེས་པ་བཞུགས་པ་དང་བསྲུང་བྱ་རྣམས་དུས་གཅིག་ཏུ་གནས་པ་ལས་རང་གི་མདུན་རྒྱབ་རྣམས་སུའོ། །དབང་ལྷ་མི་དགོས་ལ། ལག་པ་རྡོ་རྗེ་བསྡམས་པའི་ཕྱག་རྒྱ་བཅས་ངག་ཏུ། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ། ཞེས་བརྗོད་པས་བསྲུང་འཁོར་བརྟན་པར་བྱས་ལ།
དེ་ནས་རིམ་གྱི་བསྲུང་འཁོར་རྣམས་གསལ་གདབ་པ་ནི། རང་ཉིད་གཙོ་བོ་ནས་ཕྱོགས་བཅུའི་མགོན་པོ། བསྲུང་འཁོར་རྩ་བའི་ལྷ་བརྒྱད། ཕྱི་རོལ་གྱི་ཕྱོགས་སྐྱོང་བཅུ་དང་བཅས་པ་རིམ་པས་གདབ། བརྟན་པར་བྱས། རང་གི་སྤྱི་གཙུག་ཏུ་རིགས་བདག་དང་བླ་མ་དབྱེར་མེད། གཡས་སུ་ཕ། གཡོན་དུ་མ་དང་སྤུན་ཟླ། མདུན་དུ་བུ་དང་ཆུང་མ། རྒྱབ་ཏུ་ཞང་པོ་དང་འཁོར་གཡོག་འོག་ཏུ་བང་མཛོད་ནོར་རྫས་དང་བཅས་པ་བསམ། འདི་ལ་གཞུང་གི་བསྲུང་སྔགས་བཟླ་མི་དགོས། ཏིང་འཛིན་ཁོ་ན་ལ་གཙོ་བོར་འདོན་པ་ཡིན། རྩེ་གཅིག་ཏུ་དམིགས་པ་གསལ་གདབ་བོ། །བསྲུང་བ་རྡོ་རྗེའི་ཆར་འབེབས་ཐུན་མོང་བ་རྫོགས་སོ། །ཐུན་མོང་མ་ཡིན་པ་ནི་ཞལ་ལས་ཤེས། ཕྱི་ནས་རིམ་གྱིས་འོད་ཞུ་བྱས་ནས་ནང་མ་རིམ་གྱིས་ཐིམ་པའི་མཐར་དམིགས་མེད་ཀྱི་ངང་དུ་འཇོག་པའོ།།