Mkha' spyod dmar mo'i tshes bcu

From Shangpa Resource Center








Resource ID SCv3p269
Title shangs lugs mkha' spyod dmar mo'i tshes bcu'i mchod pa 'don 'grigs bltas mchog tu bkod pa
Topics Kechari
Sub-Topics Various
Author Jamgön Kongtrül Lodrö Thayé
Link BDRC W23922

༄༅། །ཤངས་ལུགས་མཁའ་སྤྱོད་དམར་མོའི་ཚེས་བཅུའི་མཆོད་པ་འདོན་འགྲིགས་བལྟས་མཆོག་ཏུ་བཀོད་པ་བཞུགས་སོ།།

ན་མོ་གུ་རུ་བཛྲ་བཱ་ར་ཧཱི་ཡཻ།
སྟེགས་བུ་གཙང་མར་བའི་རྣམ་ལྔས་བྱུགས་པའི་སྟེང་དུ། དཀྱིལ་འཁོར་ཆོས་འབྱུང་དམར་མོ་གཉིས་བརྩེགས་ཀྱི་མཐར་རེ་ཁཱ་དཀར་པོ་གཉིས་རིམ་དུ་བསྐོར་བའི་ལྟེ་བར་རྡོ་རྗེས་མཚན་པའི་སྟེང་དུ་མེ་ཏོག་གི་ཚོམ་བུ་ལྔ་བཀོད། དེ་སྟེང་ཁྲིའུར་མེ་ལོང་ལ་སུམྦྷ་ནི་བརྗོད་བཞིན་ཏུ་ཆང་གིས་བྱུགས་ཤིང་སིནྡྷུ་ར་བརྡལ་བར་གསེར་གྱི་སྨྱུ་གུ་ལག་གཡོན་པར་ཐོགས་སྙིང་པོ་བཟླ་བཞིན་པས་ཆོས་འབྱུང་གཉིས་བརྩེགས་དབུས་སུ་བྃ་ལ་ཨོཾ་གསུམ་མས་བསྐོར་བའི་མཐའ་མར་ཨཱཿཡིག་བདུན། ཟུར་དྲུག་ལ་གོ་ཆའི་སྔགས། ལོགས་དྲུག་ཏུ་དགའ་བ་འཁྱིལ་བ་དྲུག་བྲི། སྟེང་དུ་མེ་ཏོག་གི་ཚོམ་བུ་བདུན་བཀོད། རྒྱུན་ཏུ་བྱེད་ན་རས་བྲིས་སྟབས་བདེ་ཞིང་། མེ་ལོང་འབྲི་སྤྱད་གསེར་སྨྱུག་སོགས་མ་འབྱོར་ན་དེར་མོས་པ་ཙམ་གྱིས་འཐུས། དཀྱིལ་འཁོར་རས་བྲིས་རྡུལ་ཚོན་གང་ཡང་མི་འབྱོ་བའི་སྐབས་སུ་ནི་མཎྜལ་ལ་ལག་མཆོད་ཆང་གིས་མཚོན་བྱེད་བྲིས་ཏེ་འབྲུའི་ཚོམ་བུ་བཀོད་པས་ཆོག་གོ། གང་ལྟར་དེའི་མདུན་ཏུ་ཁ་ཟས་བཟང་དགུ་ལས་བྱས་པའི་གཏོར་མ། ཆུ་གཉིས་ཉེར་སྤྱོད་སོགས་མཆོད་པ་གང་འབྱོར་གཡོན་བསྐོར་ཆོས་འབྱུང་གི་ཚུལ་དུ་བཀོད། གཡས་སུ་ཚོགས་ཀྱི་ཡོ་བྱད་ཅི་འབྱོར། གཡོན་ཏུཆོས་སྐྱོང་དང་སྤྱི་གཏོར་གཉིས་བཤམས། རང་གི་མདུན་དུ་ནང་མཆོད་སྔོན་གཏོར་སོགས་མཁོ་བའི་ཡོ་བྱད་འདུ་བྱས་ལ།
སྔོན་གཏོར་སུམྦྷ་ནིས་བསང་། སྭ་བྷཱ་བས་སྦྱང་། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿས་བྱིན་བརླབ། ཕཻཾ་བཛྲ་ཨཱ་རལླི་ཧོཿ ཛཿཧཱུྃ་བྃ་ཧོཿ བཛྲ་ཌཱ་ཀཱི་ནཱི་ས་མ་ཡ་སྟྭཾ་དྲྀ་ཤྱ་ཧོཿ ཞེས་མགྲོན་འགུགས། ཨོཾ་ཁ་ཁ་ཁཱ་ཧི་སོགས། ལན་གསུམ། ཨརྒྷཾ་ནས། ཤབྡའི་བར།
གང་དག་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །གསང་སྤྱོད་དོན་ཏུགཏོར་མ་འདི། །འབུལ་གྱིས་ཡང་དག་བཞེས་ནས་ཀྱང་། །རྣལ་འབྱོར་བདག་ཅག་སོགས་ཕྲིན་ལས་བཅོལ།
སུམྦྷ་ནིས་བགེགས་བསྐྲད། གནས་ཡོ་བསང་སྦྱང་།
སྟོང་པའི་ངང་ལས་ཧཱུྃ་ཡིག་ལས་བྱུང་བའི་སྲུང་འཁོར་གྱི་ནང་དུ། བྷྲཱུྃ་ལས་གཞན་ཡས་ཁང་མཚན་ཉིད་ཡོངས་སུ་རྫོགས་པའི་ནང་དུ། ཨོཾ་ཨཱཿཧཱུྃ་ལས་བྱུང་བའི་རྡོ་རྗེའི་མཆོད་པའི་སྤྲིན་ཕུང་ཟག་མེད་ཀྱི་བདེ་བ་བསྐྱེད་པར་བྱེད་པ་ཡུལ་དུས་ཆད་པ་མེད་པར་ནམ་མཁའི་མཐའ་ཀླས་པར་གང་བར་གྱུར།
ཨོཾ་བཛྲ་ཨརྒྷཾ་སྭཱ་ཧཱ། པཱདྱཾ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། ནས། ཤབྡའི་བར། ཨོཾ་སརྦ་བིད་པཱུ་ར་པཱུ་ར། སཱུ་ར་སཱུ་ར། ཨཱ་བརྟ་ཡ་ཨཱ་བརྟ་ཡ་ཧོཿ ཨོཾ་བཛྲ་སྥ་ར་ཎ་ཁཾ། ཞེས་བྱིན་བརླབ།
སངས་རྒྱས་ཆོས་ཚོགས་ལན་གསུམ་གྱིས་སྐྱབས་སེམས་དང་། སེམས་ཅན་ཐམས་ཅད་བདེ་བ་ཚད་མེད་བཞི་བསྒོམ། དེ་ནས་རྒྱས་པར་སྤྲོ་ན་རྒྱུད་སྡེ་ལྔ་གཙོ་བསྡུས་སམ། བདེ་མཆོག་བདག་བསྐྱེད་བཟླས་པ་བསྡུ་སྡང་གི་བར་དུ་བྱ། བསྡུ་ན།
སྐད་ཅིག་གིས་རང་ཉིད་དཔལ་འཁོར་ལོ་སྡོམ་པ་ལྷན་ཅིག་སྐྱེས་པའི་སྐུར་གྱུར། ཡིག་བདུན་བརྒྱ་རྩ་བཟླ། དེ་ནས་ནང་མཆོད་བསང་སྦྱང་།
སྟོང་པའི་ངང་ལས་ཨ་དཀར་པོ་ལས་ཐོད་པ་ཕྱི་དཀར་ལ་ནང་དམར་བ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཧཱུྃ་བྷྲཱུྃ་ཨོཾ་ཛིཾ་ཁཾ་རྣམས་ཀྱིས་མཚན་པའི་ཤ་ལྔ་དང་བདུད་རྩི་ལྔས་ཡོངས་སུ་གང་བར་གྱུར།
ཨོཾ་ཨཱཿཧཱུྃ། ལན་གསུམ། དམ་ཚིག་གི་བདུད་རྩིར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ། ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ལག་པ་གཡོན་པའི་མཐིལ་དུ་པདྨ་འདབ་མ་ལྔ་པར་གསལ། ནང་མཆོད་ཐིག་ལེ་དབུས་དང་འདབ་མ་རྣམས་ལ་གཡོན་བསྐོར་དུ་བཀོད་དེ། ཨོཾ་བྃ། ཧྃ་བྃ། ཧྲཱིཾ་མཾ། ཧྲཱིཾ་ཧྲཱིཾ། ཧཱུྃ་ཧཱུྃ། ཕཊ་ཕཊ་ཡིག་འབྲུ་དེ་རྣམས་ཡོངས་སུ་གྱུར་པ་ལས་གོ་ཆའི་དཔའ་མོ་དྲུག་གི་སྐུར་གྱུར།
ཨོཾ་བཛྲ་པུཥྤེ་སོགས། འབྲུ་གསུམ་གྱིས་ནང་མཆོད་ཕུལ།
ལག་པའི་འབྱུང་བ་ལྔ་རིགས་ལྔའི་རང་བཞིན་ཏུ་བྱིན་རླབས། ལྷ་རྣམས་འོད་དུ་ཞུ་ནས་ལག་པར་ཐིམ། མཆོད་པ་བྱིན་རླབས་སྤྱི་ལྟར་རམ།
ཨོཾ་བཛྲ་སྥ་ར་ཎ་ཁཾ། ཞེས་པ་ཙམ་གྱིས་ཡིད་ཀྱིས་བྱིན་བརླབ།
ལག་པ་གཡོན་པའི་མཁྲིག་མར་ཆོས་འབྱུང་ཉིས་བརྩེགས་ཕྱི་དཀར་ལ་ནང་དམར་བ། བདེ་སྟོང་དུ་འཆར་ཞིང་རྒྱུ་བའི་དབུས་སུ་པདྨ་ཉི་མ་མི་རོའི་གདན། དེའི་སྟེང་དུ་བྃ་ཡིག་དམར་པོ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་རྣལ་འབྱོར་མ་ལི་ཁྲིའི་མདངས་ཅན། དམར་ཞིང་བཀྲ་བའི་སྤྱན་གསུམ་གཡོ་བ། མཆེ་བའི་སྨྱུ་གུ་གཙིགས་ཤིང་ཁྲོ་གཉེར་ཡིད་ཙམ་བསྡུས་པ་གཏུམ་པའི་ཉམས་ཅན། གཞོན་ནུའི་ལང་ཚོ་ལ་བབ་པ་རྐེད་སྐབས་ཕྲ་ཞིང་བརླ་དང་སྐྱེ་གནས་ནུ་འབུར་མཐོ་ལ་རྒྱས་པ། གཅེར་བུ་དབུ་སྐྲ་སིལ་བུར་གྲོལ་བས་སྐུ་སྟོད་ཁེབས་ཤིང་མཛེས་སྡུག་ཡིད་དུ་འོང་བ། ཕྱག་གཡས་རྡོ་རྗེ་མཐུར་དུ་བསྣུན་ཅིང་གཡོན་ཐོད་ཁྲག་སྟེང་དུ་བཟུང་བ་ལ་ཞལ་རས་ཕྱོགས་པས་བདེ་བའི་རྒྱུན་གསོལ་བ། གྲུ་མོ་གཡོན་པར་ཐབས་ཀྱི་རང་བཞིན་ཁ་ཊྭཱྃ་ག་དཀར་པོ་འཆང་བ། ཐོད་སྐམ་ལྔའི་དབུ་རྒྱན་དང་ཐོད་རློམ་ལྔ་བཅུའི་དོ་ཤལ་རུས་པའི་ཕྱག་རྒྱ་ལྔས་སྤྲས་པ། ཞབས་གཡས་བརྐྱངས་པས་མི་རོའི་སྙིང་གར་བརྫིས་ཤིང་གཡོན་ཕྲག་པར་བཀལ་བ། ཡེ་ཤེས་ཀྱི་མེ་འབར་བའི་ཀློང་དུ་བཞུགས་པར་གྱུར། །རང་གི་སྙིང་ག་ནས་སྤྲུལ་པའི་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པར་གྱུར།
ཨོཾ་ཤྲཱི་བཛྲ་ཡོ་གི་ནཱི་ཨརྒྷཾ་པྲ་ཏི་ཙྪ་སྭཱ་ཧཱ། པཱ་དྱཾ། བཛྲ་པུཥྤེ་ཨཱཿཧཱུྃ་སོགས་ཀྱིས་ཕྱི་མཆོད་དང་། འབྲུ་གསུམ་གྱིས་ནང་མཆོད་ཕུལ།
ཨོཾ་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་འཕགས་མ་ནི། །གཞན་གྱིས་མི་ཐུབ་འཇིག་རྟེན་གསུམ་ཡུམ་རིགས་མ་སྟེ། །དབང་ཕྱུག་འབྱུང་པོའི་འཇིགས་པ་ཀུན་སེལ་རྡོ་རྗེ་ཆེ། རྡོ་རྗེའི་གདན་མ་མི་ཕམ་དབང་མཛད་གཞན་མི་རྒྱལ། །སྤྱན་འཕྲུལ་དུག་སྐེམ་དྲག་མོ་ཁྲོ་མོ་མཆེ་གཙིགས་མ། །སྐྲག་བྱེད་གསོད་བྱེད་འཇོམས་བྱེད་རྣམ་རྒྱལ་གཞན་ལས་རྒྱལ། །རྨུགས་མེད་རྨོངས་བྱེད་རེངས་བྱེད་རྡོ་རྗེ་ཕག་མོ་ནི། །རྣལ་འབྱོར་ཆེན་མོ་འདོད་པའི་དབང་མོ་མཁའ་འགྲོར་འདུད། །ཧཱུྃ་ཧཱུྃ་ཕཊ། ཅེས་བསྟོད།
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མས་བདག་ལ་མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩོལ་བ་དང་། ཁྱད་པར་དུ་དག་པ་མཁའ་སྤྱོད་ཀྱི་གནས་སུ་ཁྲིད་པར་མཛད་དུ་གསོལ། ཞེས་འདོད་དོན་གསོལ། ཡིག་བརྒྱ་དང་།
མ་འབྱོར་བ་དང་སོགས་ཀྱིས་བཟོད་གསོལ་བྱས་ལ་དཔྲལ་མཚམས་འཁྱུད་རྒྱ་བཅིངས་ཏེ།
ཨོཾ་ཡོ་ག་ཤུདྡྷཿསརྦ་ངྷརྨཱཿཡོ་ག་ཤུདྡྷོ྅་ཧཾ། ལྷ་འོད་དུ་ཞུ་ནས་རང་ལ་ཐིམ་པར་གྱུར། ལུགས་འདི་ལ་ཐུན་མོངས་མ་ཡིན་པའི་ཆང་མཆོད་དམ་ཕྱག་མཆོད་དམ་གྲིབ་ཀུན་སེལ་ནི། ཀ་པཱ་ལ་མཚན་ལྡན་ཆང་གིས་བཀང་། ཨོཾ་གསུམ་མ་བརྗོད་བཞིན་ཏུ་སྲིན་ལག་གཡོན་པས་ཆོས་འབྱུང་ཉིས་རིམ་གཡོན་ཏུ་འབྲི་ཚུལ་བྱ།
ཐོད་པ་ཆོས་འབྱུང་གི་གཞལ་ཡས་ཁང་དུ་གྱུར་པའི་ནང་དུ་ཆང་ཐམས་ཅད་སྔགས་ཀྱི་ཡིག་འབྲུར་དམར་ཧྲམ་མེར་གསལ་བའི་སྟེང་དུ། བྃ་ཡིག་དམར་པོ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་རྣལ་འབྱོར་མ་ལི་ཁྲིའི་མདངས་ཅན། དམར་ཞིང་བཀྲ་བའི་སྤྱན་གསུམ་གཡོ་བ། མཆེ་བའི་མྱུ་གུ་གཙིགས་ཤིང་ཁྲོ་གཉེར་ཡིད་ཙམ་བསྡུས་པ་གཏུམ་པའི་ཉམས་ཅན། གཞོན་ནུ་མ་ལང་ཚོ་ལ་བབས་པ་སྐེད་སྐབས་ཕྲ་ཞིང་བརླ་དང་སྐྱེ་གནས་ནུ་བུར་མཐོ་ལ་རྒྱས་པ། གཅེར་བུ་དབུ་སྐྲ་སིལ་བུར་གྲོལ་བས་སྐུ་སྟོད་ཁེབས་ཤིང་མཛེས་སྡུག་ཡིད་དུ་འོང་བ། ཕྱག་གཡས་རྡོ་རྗེ་མཐུར་དུ་བསྣུན་ཅིང་གཡོན་ཐོད་ཁྲག་སྟེང་དུ་བཟུང་བ་ལ་ཞལ་རས་ཕྱོགས་པས་བདེ་བའི་རྒྱུན་གསོལ་བ། གྲུ་མོ་གཡོན་པར་ཐབས་ཀྱི་རང་བཞིན་ཁ་ཊྭཱྃ་ག་དཀར་པོ་འཆང་བ། ཐོད་སྐམ་ལྔའི་དབུ་རྒྱན་དང་ཐོད་རློན་ལྔ་བཅུའི་དོ་ཤལ། རུས་པའི་ཕྱག་རྒྱ་ལྔས་སྤྲས་པ། ཞབས་གཡས་བརྐྱངས་པས་མི་རོའི་སྙིང་གར་བརྫིས་ཤིང་གཡོན་ཕྲག་པར་བཀལ་བ་ཡེ་ཤེས་ཀྱི་མེ་འབར་བའི་ཀློང་ན་བཞུགས་པར་གྱུར།
།རང་གི་སྙིང་ཁ་ནས་སྤྲུལ་པའི་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པར་གྱུར།
ཨོཾ་བཛྲ་པུཥྤེ་ནས་ ཤབྡ་ཨཱཿཧཱུྃ་གི་བར་གྱིས་མཆོད།
དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མ་ཡི་འཁོར་ལོས་བསྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་ཉིད། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་བསྟོད། །ཨོཾ་གསུམ་མའི་སྔགས་འབྲུ་རྣམས་ལ་དོ་ཤལ་རེག་གེ་བ་ཞུགས་པར་མོས་ལ་རེག་ཏུ་བཏུབས་པ་ལྟ་བུ་གསལ་གདབ།
སྐུ་ལུས་དང་སྔགས་འབྲུ་ལས་འོད་ཟེར་བདུད་རྩིའི་རང་བཞིན་བྱོན། ཁྱད་པར་བྷ་ག་ནས་རང་བྱུང་བྱང་སེམས་བདེ་ཕྲི་ལི་ལི་བབས་པས་ཐོད་པ་ཁེངས་པར་གྱུར། བསམ་ལ་བཟླས་པ་ཅི་ནུས་བྱ། མཐར། ལྷ་དང་སྔགས་བདུད་རྩིའི་རང་བཞིན་དུ་ཞུ་ནས་ཐོད་པ་ཁེངས་པར་གྱུར། ཨོཾ་གསུམ་མ་སོ་སོར་བརྗོད་ལ་འདོན་སྒོམ་དང་མཐུན་པའི་ཐིགས་གཏོར་བྱ་བཞིན་ཏུ།
བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་མཉེས་ནས་སྐུ་གསུང་ཐུགས་ཟག་པ་མེད་པའི་བདེ་བས་དགྱེས་པར་གྱུར།
རང་གི་གནས་གསུམ་དུ་རྗེ་བཙུན་མ་སྐུ་ཆུང་ལ་ཡན་ལག་དོད་པ་དཔག་ཏུ་མེད་པ་སིབ་སིབ་ཐིམ་པས་ནད་གདོན་སྡིག་སྒྲིབ་དང་མི་གཙང་བ་ལ་སོགས་པ་སང་སང་དག་པར་གྱུར།
གནས་ཁང་རྗེ་བཙུན་མས་མེར་གྱིས་ཁེངས་ནས་སྔགས་ཀྱི་སྒྲ་དི་རི་རི་སྒྲོག་པར་གྱུར། རང་ཉིད་ལྷ་སྐུ་སྒྱུ་མ་ལྟ་བུར་ལྷག་པར་གསལ་བས་རོལ་པས། སྐུ་གསུང་ཐུགས་ཀྱི་དམ་ཚིག་ཆགས་ཉམས་དང་ལས་ངན་སྡིག་སྒྲིབ་ཐམས་ཅད་སངས་ཀྱིས་དག །བདེ་སྟོང་ལྷན་ཅིག་སྐྱེས་པར་གྱུར། མདུན་གྱི་མཎྜལ་གསང་སྦྱང་།
སྟོང་པའི་ངང་ལས་མདུན་གྱི་ནམ་མཁར། ཆོས་འབྱུང་གཉིས་བརྩེགས་ཕྱི་དཀར་ལ་ནང་དམར་བ། བདེ་སྟོང་དུ་འཆར་ཞིང་རྒྱུ་བའི་དབུས་སུ་པདྨ་ཉི་མ་མི་རོའི་གདན། དེའི་སྟེང་དུ་བྃ་ཡིག་དམར་པོ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་རྣལ་འབྱོར་མ་ལི་ཁྲིའི་མདངས་ཅན། དམར་ཞིང་བཀྲ་བའི་སྤྱན་གསུམ་གཡོ་བ། མཆེ་བའི་མྱུ་གུ་གཙིགས་ཤིང་ཁྲོ་གཉེར་ཡིད་ཙམ་བསྡུས་པ་གཏུམ་པའི་ཉམས་ཅན། གཞོན་ནུ་མ་ལང་ཚོ་ལ་བབས་པ་སྐེད་སྐབས་ཕྲ་ཞིང་བརླ་དང་སྐྱེ་གནས་ནུ་འབུར་མཐོ་ལ་རྒྱས་པ། གཅེར་བུ་དབུ་སྐྲ་སིལ་བུར་གྲོལ་བས་སྐུ་བསྟོད་ཁེབས་ཤིང་མཛེས་སྡུག་ཡིད་དུ་འོང་བ། ཕྱག་གཡས་རྡོ་རྗེ་མཐུར་དུ་བསྣུན་ཅིང་གཡོན་ཐོད་ཁྲག་སྟེང་དུ་བཟུང་བ་ལ་ཞལ་རས་ཕྱོགས་པས་བདེ་བའི་རྒྱུན་གསོལ་བ། གྲུ་མོ་གཡོན་པར་ཐབས་ཀྱི་རང་བཞིན་ཁ་ཊྭཱྃ་ག་དཀར་པོ་འཆང་བ། ཐོད་སྐམ་ལྔའི་དབུ་རྒྱན་དང་ཐོད་རློམ་ལྔ་བཅུའི་དོ་ཤལ། རུས་པའི་ཕྱག་རྒྱ་ལྔས་སྤྲས་པ། ཞབས་གཡས་བརྐྱངས་པས་མི་རོའི་སྙིང་གར་བརྫིས་ཤིང་གཡོན་ཕྲག་པར་བཀལ་བ། ཡེ་ཤེས་ཀྱི་མེ་འབར་བའི་ཀློང་ན་བཞུགས་པར་གྱུར།
།ཐུགས་ཀ་ནས་འོད་ཟེར་འཕྲོས། ཨོ་རྒྱན་གྱི་གནས་དང་མཁའ་སྤྱོད་རྡོ་རྗེའི་གྲོང་ཁྱེར་ཆེན་པོ་ནས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་འཁོར་དང་བཅས་པ་སྤྱན་དྲངས་བཛྲ་ས་མཱ་ཛཿ འབར་བའི་ཕྱག་རྒྱ་དཔྲལ་བར་བསྐོར་ཞིང་།
ཕཻཾ། ཆོས་སྐུ་སྤྲོས་བྲལ་དག་པ་ལས། །ལོངས་སྐུ་སྒྱུ་མའི་ཚུལ་སྟོན་པ། །མཁའ་འགྲོའི་ཚོགས་བཅས་རྣལ་འབྱོར་མ། །ཕྱག་རྒྱ་ཆེན་པོའི་དབྱིངས་ནས་བཞེངས། །སེམས་ཅན་དོན་ལ་དགོངས་མཛོད་ལ། །སྐད་ཅིག་ཙམ་གྱིས་གཤེགས་སུ་གསོལ།
།ཕེཾ་བཛྲ་ཨཱ་རལླི་ཧོཿ ཛཿཧཱུྃ་བྃ་ཧོཿ བཛྲ་ཌཱ་ཀི་ནཱི་ས་མ་ཡ་སྟྭཾ་དྲྀ་ཤྱ་ཧོཿ
རྗེ་བཙུན་མཁའ་སྤྱོད་མ་ལ་ཡེ་ཤེས་ཀྱི་ཌཱ་ཀི་སྡེ་ལྔ་སོགས་རིགས་བཞིའི་མཁའ་འགྲོ་བྱེ་བ་རྡུལ་སྙེད་ཀྱིས་བསྐོར་བ། སྟེང་ན་རྩ་བརྒྱུད་ཀྱི་བླ་མ། བར་ན་ཡི་དམ་གྱི་ལྷ་ཚོགས། འོག་ཏུ་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་སོགས་ཆོས་སྐྱོང་དམ་ཅན་རྒྱ་མཚོས་བསྐོར་བ་སྤྱན་དྲངས། མདུན་བསྐྱེད་དང་གཉིས་སུ་མེད་པར་བཞུགས་པར་གྱུར། ཛཿཧཱུྃ་བྃ་ཧོཿ
ཨོཾ་བཛྲ་པུཥྤེ་ནས། ཤབྡ་ཨཱཿཧཱུྃ། བར་གྱིས་མཆོད།
དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །སོགས་ཤློ་ཀ་གཅིག་གིས་བསྟོད།
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མས་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་མོས་གུས་ཤུགས་ཀྱིས་གསོལ་བ་བཏབ་པས།
རང་གི་ལྟེ་བའི་ཨ་ཐུང་གི་འོད་ཟེར་ཆོས་འབྱུང་ལ་ཕོག །བག་ཆགས་ཐམས་ཅད་སྦྱངས། རྗེ་བཙུན་མའི་གསང་བའི་ཆུ་སྐྱེས་ལས་འོད་ཟེར་འཕྲོས། རང་ལ་ཕོག་པས་སྡིག་སྒྲིབ་ཐམས་ཅད་སྦྱངས་བར་གྱུར། ཨོཾ་གསུམ་མ་ཅི་ནུས་བཟླས། མཆོད་པ་རྣམས་ལ་བསང་སྦྱང་།
སྟོང་པའི་ངང་ལས་ཨོཾ་ཨཱཿཧཱུྃ་ལས་བྱུང་བའི་རྡོ་རྗེའི་མཆོད་པའི་སྤྲིན་ཕུང་ཟག་མེད་ཀྱི་བདེ་བ་སྐྱེད་པར་བྱེད་པ་ཡུལ་དུས་ཆད་པ་མེད་པར་ནམ་མཁའི་མཐའ་ཀླས་པར་གང་བར་གྱུར།
ཨོཾ་བཛྲ་ཨརྒྷཾ་སྭཱ་ཧཱ། པཱདྱཾ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་ནས། ཤབྡ་ཨཱཿཧཱུྃ། བར་གྱིས་བྱིན་བརླབ།
དྭངས་ཤིང་དྲི་མེད་ཡིད་འོང་བའི། །སྔགས་ཀྱི་ཡོན་ཆབ་མཆོག་འདི་དག །མཆོག་ཏུ་དད་པས་ཁྱེད་ལ་འབུལ། །ཅི་བདེ་བར་ནི་བཞེས་སུ་གསོལ།
།ཨོཾ་ཤྲཱི་བཛྲ་ཡོ་གི་ནཱི་ས་པ་རི་བཱ་ར་ཨརྒྷཾ་པྲ་ཏི་ཙྪ་ཧཱུྃ་སྭཱ་ཧཱ། དེ་བཞིན་ཏུ་ཡོན་ཆབ་དང་ཨརྒྷཾ་གྱི་གནས་སུ། ཞབས་བསིལ་དང་། པཱདྱཾ་སྦྱར།
མེ་ཏོག་བདུག་སྤོས་སྣང་གསལ་དང་། །དྲི་ཆབ་ཞལ་ཟས་རོལ་མོ་རྣམས། །བདག་གིས་དད་པས་ཁྱེད་ལ་འབུལ། །བཞེས་ནས་བདག་ལ་དགྱེས་པར་མཛོད།
།སྔགས་གོང་མ་ལྟར་ལ། བཛྲ་པུཥྤེ་ནས། ཤབྡ་ཨཱཿཧཱུྃ།
དཡང་དག་དགའ་བའི་མེ་ཏོག་གི །རྡོ་རྗེ་ཉི་མ་པདྨ་ཕྱུང་། །མེ་ཏོག་བདག་ཉིད་ལ་མཆོད་པ། །རྡོ་རྗེ་གསུམ་གྱི་བདག་ཉིད་མཆོག །ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། རྣམ་རྟོག་ཚོགས་ཀྱི་ཡུལ་མིན་ཅིང་། །ལྟེ་བར་གཏུམ་མོ་འབར་བ་ཡི། །ངེས་པར་བསྲེགས་པ་དེ་ཡི་སྤོས། །ཐུགས་ཀྱི་རྡོ་རྗེ་ལ་དབུལ་བྱ། །དྷཱུ་པེ༴ ཡི་གེ་ཧཱུྃ་ལས་ཡང་དག་བྱུང་། །སྔགས་ཀྱི་འོད་ཟེར་ཤིན་ཏུ་གསལ། །མར་མེ་འབར་བའི་ཡང་དག་འོད། །ཐུགས་ཀྱི་རྡོ་རྗེ་ལ་དབུལ་བྱ། །དཱི་པཾ༴ །བདེ་བ་ཆེན་པོའི་ནམ་མཁར་གནས། །བྱང་ཆུབ་སེམས་ནི་སད་པ་དང་། །དེ་ཉིད་ཀྱིས་ཀྱང་བྱུག་པ་ནི། །ཐུགས་ཀྱི་རྡོ་རྗེ་ལ་དབུལ་བྱ། །གནྡྷེ༴ །འདིར་ནི་གང་དང་གང་ལོངས་སྤྱོད། །དབང་པོ་ཐམས་ཅད་ཡང་དག་བརྟན། །དེ་དག་ཐམས་ཅད་ཐུགས་རྡོ་རྗེ། །བཟའ་བའི་མཆོད་པས་མཆོད་པར་བྱ། །ནཻ་བིདྱེ༴ །རྡོ་རྗེ་པདྨ་ཡང་དག་སྦྱར། །ཞུགས་པ་ལ་སོགས་རིམ་ལས་བྱུང་། །རྣལ་འབྱོར་པ་ཡི་གཞོམ་མེད་སྒྲ། །ཐུགས་ཀྱི་རྡོ་རྗེ་ལ་དབུལ་བྱ། །ཨོཾ་བཛྲ་ཤབྡ་ཨཱཿཧཱུྃ།
སྲབ་འཇམ་ཡངས་པ་སོགས་ཀྱིས་གོས་ཟུང་འབུལ།
རང་གི་སྙིང་ག་ནས་ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨེ་ཨཻ་ཨོ་ཨཽ་ཨཾ་ཨཿརྣམས་སྤྲོས་པ་ལས་མཆོད་པའི་ལྷ་མོ་བཅུ་དྲུག་ནམ་མཁའ་གང་བར་གྱུར། ཨོཾ་བཱི་ཎི་བཛྲ་ཧུཾ་ཧཱུྃ་ཕཊ། དེ་བཞིན་ཏུ། བཾ་སེ། མྲྀ་དཾ་གེ། མུ་ར་ཛེ། ཧཱ་སྱ། ལཱ་སྱ། གཱི་ཏཱི། ནྲྀ་ཏཱི། པུཥྤེ། དྷུ་པེ། ཨཱ་ལོ་ཀེ། གནྡྷེ། རཱུ་པ། ར་ས། སྤརྴེ། ངྷརྨ་ངྷཱ་ཏུ་བཛྲི་ཎཱི། ཞེས་སྦྱར་བས་རིག་མ་བཅུ་དྲུག་གིས་མཆོད།
ཕྱོགས་དུས་ཀུན་ན་གཟུགས་སྒྲ་དྲི་དང་རོ། །རེག་བྱ་ཁྱད་པར་འཕགས་པ་ཅི་མཆིས་པ། །མོས་བློས་རྗེ་བཙུན་མ་ལ་བདག་འབུལ་ན། །བཞེས་ནས་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །སྔགས་མཐར། རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་པྲ་ཏི་ཙྪ་ཧཱུྃ་སྭཱ་ཧཱ།
།ཞིང་འདིར་རིན་ཆེན་སྣ་བདུན་གྱིས། །མཁས་པ་དག་གིས་ཡོངས་བཀང་སྟེ། །དངོས་གྲུབ་འདོད་པ་སྦྱིན་པའི་ཕྱིར། །ཉིན་རེ་ཤེས་རབ་ཅན་གྱིས་འབུལ། །སཔྟ་མ་ཧཱ་རཏྣ༴ །ནང་མཆོད་བྱིན་བརླབས་ལ་ཐིགས་གཏོར་འབུལ་ཞིང་། ཨོཾ་གསུམ་མ་ལ་འབྲུ་གསུམ་བཏགས་པ་དང་།
རྒྱལ་བ་ཀུན་ཡུམ་རྗེ་བཙུན་མཁའ་སྤྱོད་མ། །རིགས་ལྔ་མཁའ་འགྲོའི་ཞལ་དུ་ཨོཾ་ཨཱཿཧཱུྃ། །རྡོ་རྗེ་འཆང་སོགས་ནམ་མཁའི་དབྱིངས་གང་བའི། །རྩ་བརྒྱུད་བླ་མའི་ཞལ་དུ་ཨོཾ་ཨཱཿཧཱུྃ། །འཁོར་ལོ་སྡོམ་པ་ལ་སོགས་ཡི་དམ་ལྷ། །བར་སྣང་ཁྱབ་པའི་ཞལ་དུ་ཨོཾ་ཨཱཿཧཱུྃ། །མ་མགོན་ལྕམ་དྲལ་དམ་ཅན་ཆོས་སྐྱོང་བ། །ས་གཞི་ཁྱབ་པའི་ཞལ་དུ་ཨོཾ་ཨཱཿཧཱུྃ། །སྐྱེ་བཞི་ལམ་རྒྱུད་ལྔས་བསྡུས་སེམས་ཅན་ཀུན། །རྣལ་འབྱོར་མར་གསལ་ཞལ་དུ་ཨོཾ་ཨཱཿཧཱུྃ། །སླར་ཡང་འབྲུ་གསུམ་གྱིས་བདུད་རྩིར་མྱང་།
ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཏྨ་ཀོ྅་ཧཾ།
འདིར་ནི་ཐོག་མ་དབུས་མཐའ་མེད། །སྲིད་མེད་མྱ་ངན་འདས་པ་མེད། །བདག་མེད་གཞན་ཡང་མེད་པ་སྟེ། །འདི་ནི་མཆོག་ཏུ་བདེ་ཆེན་ཉིད། །ཅེས་པའི་དོན་ལ་མཉམ་པར་བཞག་པ་རྣམས་ཀྱིས་མཆོད། མཆོད་ཕྲེང་རྒྱས་པར་སྤྲོ་ན་རིགས་མཐུན་གཞན་ནས་བླང་བར་བྱའོ།
།དེ་ནས་བསྟོད་པ་རྐང་བརྒྱད་ནི་རོལ་མོ་དང་ཅང་ཏེའུའི་སྒྲར་སྦྱར་བས།
ཨོཾ་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་འཕགས་མ་ནི། །གཞན་གྱི་མི་ཐུབ་འཇིག་རྟེན་གསུམ་ཡུམ་རིགས་མ་སྟེ། །དབང་ཕྱུག་འབྱུང་པོའི་འཇིགས་པ་ཀུན་སེལ་རྡོ་རྗེ་ཆེ། །རྡོ་རྗེའི་གདན་མ་མི་ཕམ་དབང་མཛད་གཞན་མི་རྒྱལ། །སྤྱན་འཕྲུལ་དུག་སྐེམ་དྲག་མོ་ཁྲོ་མོ་མཆེ་གཙིགས་མ། །སྐྲག་བྱེད་གསོད་བྱེད་འཇོམས་བྱེད་རྣམ་རྒྱལ་གཞན་ལས་རྒྱལ། །རྨུགས་བྱེད་རྨོངས་བྱེད་རེངས་བྱེད་རྡོ་རྗེ་ཕག་མོ་ནི། །རྣམ་འབྱོར་ཆེན་མོ་འདོད་པའི་དབང་མོ་མཁའ་འགྲོར་འདུད། །ཧཱུྃ་ཧཱུྃ་ཕཊ། ཞེས་དང་།
དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མ་ཡི་འཁོར་ལོས་བསྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་ཉིད། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་བསྟོད། །ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ། །ཀུན་ཏུ་རྟོག་པ་འཆིངས་གཅོད་ཅིང་། །འཇིག་རྟེན་བྱ་བ་རབ་འཇུག་མ། །དེ་སྙེད་རྣམས་ལ་ཕྱག་འཚལ་བསྟོད། །ལྟེ་བའི་དབུས་གནས་འབྱུང་བཞི་འཕྲོ། །ཆོས་དང་ལོངས་སྤྱོད་རྫོགས་པར་ལྡན། །མཁའ་འགྲོ་མ་རྣམས་སྡུད་མཛད་མ། །རྗེ་བཙུན་མ་ལ་ཕྱག་འཚལ་བསྟོད། །ཞེས་པ་ཙམ་མམ། སྤྲོ་ན།
ཧཱུྃ། དཔལ་དང་ལྡན་པའི་བཅོམ་ལྡན་འདས་མ་ཁྱེད། །མཁའ་མཉམ་བདེ་རོལ་འགྲོ་བ་ཀུན་བདག་མོ། །ལོངས་སྤྱོད་སྒྱུ་མའི་གཟུགས་དང་ཆགས་པའི་མདངས། །མཁའ་འགྲོ་དྲྭ་བ་སྡོམ་ལ་ཕྱག་འཚལ་བསྟོད། །རྣམ་དག་མི་གཡོ་ཆོས་ཀྱི་དབྱིངས་ཉིད་ལས། །ལྷན་ཅིག་སྐྱེས་པ་བདེ་བ་སྟོང་པའི་ཞལ། །འགྱུར་མེད་བདེ་བ་སྟོང་པའི་གཟུགས་འཛིན་མ། །རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་བསྟོད། །རྒྱལ་བ་བདག་པོ་ལྔ་ཡི་ཕྱག་རྒྱ་ཅན། །རྣམ་དག་སྐུ་ལ་མི་བསྐྱོད་རྟགས་ཀྱིས་མཛེས། །རིགས་དྲུག་འཁོར་ལོས་སྒྱུར་བའི་གོ་ཆར་ལྡན། །འཁོར་ལོ་ཀུན་གྱི་ཡུམ་ལ་ཕྱག་འཚལ་བསྟོད། །ཁྱོད་ནི་རྣམ་དག་ཕུང་པོ་ལྔ་སྟོན་ཞིང་། །འབྱུང་ལྔ་རྣམ་དག་ཚངས་པའི་གནས་བཞིར་ལྡན། །བདུད་ལས་མཐར་མཛད་སྤྲུལ་པའི་ཞལ་མངའ་མ། །འཁོར་ལོ་སྡོམ་པའི་ཡུམ་ལ་ཕྱག་འཚལ་བསྟོད། །མདུན་གྱི་མཁའ་ལ་ལྷ་མོ་ཁྱོད་བཞུགས་ནས། །ལུས་ངག་ཡིད་གསུམ་བྱིན་གྱིས་བརླབས་པ་དང་། །བེམ་རིག་བྲལ་ཚེ་བར་གཅོད་མེད་པ་རུ། །ཡང་དག་མཁའ་སྤྱོད་གནས་སུ་དྲང་དུ་གསོལ། །ཅེས་བསྟོད། སླར་ཡང་།
རྒྱལ་བ་རྒྱ་མཚོའི་ཡུམ་གྱུར་བཅོམ་ལྡན་མ། །ཆོས་དབྱིངས་ཤེས་རབ་ཕ་རོལ་ཕྱིན་མའི་དངོས། །ཟག་མེད་བདེ་སྟོང་ལྷན་ཅིག་སྐྱེས་མའི་སྐུ། །རྡོ་རྗེ་བཙུན་མོའི་ཞབས་ལ་ཕྱག་འཚལ་ལོ། །ཕྱི་ནང་གསང་བའི་མཆོད་སྤྲིན་རྒྱ་མཚོའི་འབུལ། །ཉེས་བྱས་ཐམས་ཅད་སྙིང་ནས་སོ་སོར་བཤགས། །ཡི་རང་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །རྟག་ཏུ་བཞུགས་གསོལ་དགེ་བ་བྱང་ཆུབ་བསྔོ། །ཇི་སྲིད་བྱང་ཆུབ་བར་དུ་སྐྱབས་སུ་མཆི། །བླ་མེད་ཐེག་པར་བདག་གིས་སེམས་བསྐྱེད་དོ། །དབང་བཞི་མནོས་ཤིང་དམ་ཚིག་ལམ་ལ་གནས། །བྱིན་རླབས་རྒྱུད་སྦྱངས་རིམ་པ་གཉིས་ལ་སློབ། །ངོ་མཚར་སྤྱོད་པ་གསུམ་གྱིས་རོལ་པ་སོགས། །མཐའ་དག་ལམ་རྣམས་བདག་གིས་བསྟེན་པར་བགྱི། །ཏིང་འཛིན་བརྟན་ཅིང་ཕྲིན་ལས་ཐོགས་མེད་འགྲུབ། །ཕོ་ཉ་གསུམ་འདུས་གྲུབ་པ་བརྒྱད་སོགས་ཐོབ། །འགྲོ་བའི་དོན་སྤྱོད་མཐུ་དང་ལྡན་པ་ཡི། །ཚེ་འདིར་ཧེ་རུ་ཀ་དཔལ་ཐོབ་པར་ཤོག །ཅེས་བརྗོད། བཟའ་བཏུང་སྣ་ཚོགས་ཀྱི་གཏོར་མ་ལག་མཐིལ་གཡོན་པར་བཞག །གཡས་པའི་མཐེབ་སྲིན་གྱིས་བཟུང་ལ་བསང་སྦྱང་།
སྟོང་པའི་ངང་ལས་ཨ་དཀར་པོ་ལས་ཐོད་པ་ཕྱི་དཀར་ལ་ནང་དམར་བ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཧཱུྃ་བྷྲཱུྃ་ཨོཾ་ཛིཾ་ཁཾ་རྣམས་ཀྱིས་མཚན་པའི་ཤ་ལྔ་བདུད་རྩི་ལྔས་ཡོངས་སུ་གང་བར་གྱུར།
ཨོཾ་ཨཱཿཧཱུྃ། ལན་གསུམ། དམ་ཚིག་གི་བདུད་རྩིར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ། ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། རྗེ་བཙུན་མའི་འཁོར་དང་བཅས་པའི་ལྗགས་འོད་ཟེར་གྱི་སྦུ་གུས་དྲངས་ཏེ་གསོལ་བས་ཟག་པ་མེད་པའི་བདེ་བས་དགྱེས་པར་གྱུར། ཨོཾ་གསུམ་མ་ལ་འབྲུ་གསུམ་བཏགས་པ་ལན་གསུམ་གྱིས་ཕུལ།
ཨརྒྷཾ་སོགས་ཀྱིས་མཆོད། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །སོགས་ཀྱིས་བསྟོད། མཆོད་སྦྱིན་གཏོར་མ་འདི་བཞེས་སོགས་ཕྲིན་བཅོལ་སྤྱི་ལྟར་བྱ། འདིར་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོའི་གཏོར་འབུལ་དང་། མཁའ་འགྲོ་སྤྱི་གཏོར་ཡང་སྤྲོ་ན་བྱས་ལ། གཏོར་མ་གཙང་སར་གཤེགས།། །།