Myur mdzad ye shes mgon po'i gtor sgrub lag len

From Shangpa Resource Center








Resource ID SCv6p335
Title dpal myur mdzad ye shes kyi mgon po'i gtor sgrub chen mo'i lag len bltas mchog tu bkod pa dngos grub rdzing bu
Topics Chadrupa
Sub-Topics Various
Author Jamgön Kongtrül Lodrö Thayé
Link BDRC W23922

༄༅། །དཔལ་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོའི་གཏོར་སྒྲུབ་ཆེན་མོའི་ལག་ལེན་བལྟས་མཆོག་ཏུ་བཀོད་པ་དངོས་གྲུབ་རྫིང་བུ་ཞེས་བྱ་བ་བཞུགས་སོ།།

ན་མོ་གུ་རུ་ཛྙཱ་ན་ནཱ་ཐཱ་བྷེ་ད་པཱ་དཱ་ཡ།
།བསམ་དོན་མྱུར་དུ་འགྲུབ་མཛད་ནོར་བུའི་རྒྱལ། །སྙིང་རྗེའི་སྤྱན་རས་འགྲོ་ལ་བུ་ལྟར་གཟིགས། །ཁྲོ་རྔམས་ཚུལ་གྱིས་སྲིད་གསུམ་བདུད་སྡེ་འཇོམས། །བླ་མ་ནག་པོ་ཆེ་ཞབས་སྤྱི་བོར་མཆོད། །རྒྱུད་དང་རྒྱ་གཞུང་གྲུབ་པའི་མན་ངག་གིས། །ལེགས་པར་བརྒྱན་པའི་སྒྲུབ་ལུགས་ཁྱད་འཕགས་པ། །གཏོར་མ་ལ་བརྟེན་ཞི་རྒྱས་དབང་གི་ལས། །གཙོ་བོར་སྒྲུབ་པའི་ལག་ལེན་བསྡེབ་པར་བྱ།
།དེ་ལ་ཡེ་ཤེས་ལས་དང་འཇིག་རྟེན་གྱི་ཆོས་སྐྱོང་བ་སྤྱི་དང་། བྱེ་བྲག་ཡེ་ཤེས་མགོན་པོ་འདི་ཉིད་ཀྱི་བསྙེན་སྒྲུབ་ལས་གསུམ་གྱི་བྱ་བ་ཐམས་ཅད་གཏོར་མ་ལ་རགས་ལསཤིང་། ཐུགས་དམ་སྐོང་བ་དང་། བར་ཆད་བསལ་བ་དང་། དངོས་གྲུབ་སྒྲུབ་པ་སོགས་ཞི་རྒྱས་དབང་དྲག་གི་ཕྲིན་ལས་ཐམས་ཅད་གཏོར་མ་ལ་བརྟེན་ནས་བསྒྲུབ་དགོས་པ་ཡིན་ཅིང་། གཏོར་མའི་རྣམ་དབྱེ་མང་དུ་ཡོད་ནའང་སྐབས་འདིར་ཞི་རྒྱས་དབང་གསུམ་གྱི་ཕྲིན་ལས་སྒྲུབ་པ་ལ་ཆེད་དུ་བསྔགས་པ་གཏོར་སྒྲུབ་ཀྱི་ལག་ལེན་བཤད་པ་ལ་དོན་གསུམ།
ཐོག་མར་དཀྱིལ་འཁོར་བཅས་བཤམ་གྱི་རིམ་པ། བར་དུ་སྒྲུབ་པ་ཉམས་ལེན་གྱི་འདོན་འགྲིགས། མཐར་གཏོར་མ་བཏང་ཚུལ་བསླབ་བྱ་དང་བཅས་པའོ།
།དང་པོ་ནི། རྣལ་འབྱོར་པ་མགོན་པོ་འདིའི་བཀའ་སྤྱི་དང་བྱེ་བྲག་པ་རྣམས་ཐོབ་ཅིང་དམ་ཚིག་ལ་གནས་པས། འདི་ཉིད་ཆོས་སྐྱོང་གི་གཙོ་བོར་འཛིན་པ་དག་གིས་གནས་སྐབས་ཆོས་སྒྲུབ་པའི་བར་ཆད་བསལ་བ་དང་། ཚེ་བསོད་ལོངས་སྤྱོད་རྒྱས་ཤིང་འགྲོ་བ་དབང་དུ་འདུ་བ་དང་། མཐར་ཐུག་མཆོག་གི་དངོས་གྲུབ་ལ་ཉེ་བར་སྦྱོར་བའི་སླད་དུ་གཏོར་མ་ལ་བརྟེན་པའི་སྒྲུབ་ཆེན་བྱེད་ན། སྤྱིའི་དུས་ཕྲིན་ལས་གང་བསྒྲུབ་དགོས་པའི་གནས་སྐབས་དེ་དང་། བྱེ་བྲག་གི་དུས་བར་ཆད་སེལ་བ་གཙོ་བོར་བྱེད་ན་མར་ངོའི་ཕྱོགས། ཚེ་བསོད་རྒྱས་པ་སོགས་གཙོ་བོར་བྱེད་ན་དཀར་ཕྱོགས་ཀྱི་བརྒྱད་དང་བཅོ་ལྔས་མཚོན་གཟའ་སྐར་འཕྲོད་སྦྱོར་ལེགས་པ་ལ་དབུ་འཛུག་པ་སོགས་དང་མཇུག་ཁེལ་བ་བྱ། ཁྱད་པར་གྱི་དུས་ཆེན་ཉི་ཤུ་དགུ་ལྷག་པར་གལ་ཆེ་བས་ཞི་རྒྱས་དབང་གསུམ་ཡིན་ཀྱང་དེར་གཞུང་ཁེལ་བའམ་དབུ་འཛུག་པ་གང་རུང་གིས་ཡར་ངོ་ལ་གྲོལ་ན་ལེགས་པར་འགྱུར་རོ།
།གང་དུ་བྱ་བའི་སྒྲུབ་གནས་དབེན་ཞིང་ཉམས་དགའ་བར་བྱི་དོར་ལེགས་པར་བྱས་ཤིང་སྐོང་བའི་རྫས་སོགས་སྤྱན་གཟིགས་ཅི་འབྱོར་པ་བཀྲམ་པའི་གུང་དུ་མགོན་པོའི་སྐུ་བརྙན་བྲིས་འབུར་གང་འབྱོར་དང་། ཡི་དམ་རྟ་མགྲིན་གྱི་ཞལ་ཐང་སོགས་བཤམ་པའི་མདུན་དུ། སྟེགས་བུ་ལ་དྲི་བཟང་གི་ཆུས་བྱུགས་པའི་སྟེང་དུ་རྡུལ་ཚོན་གྱིས་ཟླུམ་སྐོར་ཁྲུ་གང་ལས་མི་ཆུང་བ་ཕྱི་ནང་གཉིས་རིམ་དུ་བྱས་པའི་དབུས་སུ་གྲུ་གསུམ་མེ་རི་དང་བཅས་པ་རྩེ་མོ་རྒྱབ་ངོས་སུ་བསྟན་པའི་དབུས་སུ་གྲི་གུག་གི་ཡུ་བར་ཧཱུྃ་མཐིང་ནག་གིས་མཚན་པ། གྲུ་གསུམ་མཐིང་། གཞི་ཟླ་གམ་ལྗང་། མུ་ཁྱུད་སྔོ། དེ་རྒྱབ་གྲུ་བཞི་ཕྱོགས་མདོག་ཏུ་བྱས་པའི་ཕྱི་རོལ་དུ་བསིལ་བ་ཚལ་མཚོན་པའི་རི་དང་མཆོད་རྟེན་ཆུ་ཤིང་མེ་སྤྲིན་རྣལ་འབྱོར་པ་ཞིང་སྐྱོང་བཾ་རོ་ཅེ་སྤྱང་སོགས་དུར་ཁྲོད་གཅིག་གི་མཚན་ཉིད་ཚང་བར་བྲི། གཏོར་སྣོད་ཟངས་སོགས་རིན་པོ་ཆེ་ལས་བྱས་པ་གས་ཆགས་བུག་པ་སོགས་ཡེ་མེད་པ་གཙང་ཞིང་ཆེ་བའི་ནང་དུ་གུར་གུམ་དང་གི་ཝཾ་བསྲེས་པས་པདྨ་འདབ་བརྒྱད་སྣོད་ནང་ཁེངས་པ་བྲི། ནས་ནག་བརྗེན་བཏགས་ཀྱིས་གཏོར་ཆེན་བཞེངས་དགོས་ཀྱང་མ་འབྱོར་ན་ཇི་ཙམ་རྙེད་པ་ལ་སྨན་དང་། རིན་ཆེན་ཕྱེ་མ་དྲི་བཟང་བསྲེས་པའི་ཕྱེ་གཙང་མ་བདུད་རྩི་རིལ་བུ་སྦྱར་བའི་ཆང་གི་ཉིང་ཁུས་སྒྲུབ་པ་ལ་བཤོས་བུ་ཟླུམ་པོ་བརྗིད་ཅིང་ལྷུན་ཆགས་པ་ཁྲུ་གང་ལས་མི་ཆུང་བ་པདྨའི་ལྟེ་བར་བཞག །འདབ་མའི་སྟེང་དུ་མཐེབ་སྐྱུ་བརྒྱ་རྩ་བརྒྱད་བཅད་ཁ་ནང་དུ་བསྟན་པས་བསྐོར་ཅིང་རྩི་སེར་པོ་བྱུག རྩེ་མོར་གསེར་དངུལ་ལས་བྱས་པ་དངོས་སམ་མ་འབྱོར་ན་མར་ལ་རིན་པོ་ཆེ་བདར་བས་ནོར་བུ་དབང་རྒྱལ་ཟུར་བརྒྱད་པའི་དབྱིབས་བྱས་པས་བརྒྱན། ནང་རྟེན་མདའ་དམར་སེར་ལ་གསང་རྟེན་དང་། གས་ཆག་མེད་པའི་མེ་ལོང་ངོས་སུ་ནང་མཆོད་བདུད་རྩི་རིལ་བུ་གུར་གུམ་གྱི་ཝཾ་ལི་ཁྲི་རྣམས་སྦྱར་བས་ཧྲཱིཿརིང་ཆ་ཚེགས་དྲགས་དང་བཅས་པ་དབུས་སུ་གཅིག །མཐའ་བསྐོར་དུ་མགོ་ཕྱིར་བསྟན་བཅུ་གཉིས་ཀྱིས་བསྐོར་བ་བཏགས་པ་དབུས་སུ་གཟུག གཡས་གཡོན་ཏུ་དར་འཕན་ཇི་ལྟར་འབྱོར་པས་བརྒྱན་ཏེ་དཀྱིལ་འཁོར་གྱི་དབུས་སུ་མཉྫི་ཆེན་པོའི་ཁར་བཞག འདིར་བར་ཆད་སེལ་བ་གཙོ་བོར་བྱེད་ན་མཐེབ་སྐྱུ་རྣམས་བཅད་ཁ་ཕྱིར་བསྟན། གཏོར་རྒྱུ་ལ་བདུད་རྩི་རིལ་བུ་ཁོ་ན་བསྲེ་ཞིང་རྩི་དཀར་པོ་བྱ། ནང་རྟེན་མདའ་དར་དམར་ནག་ལ་གསང་རྟེན་བཏགས་པ་ཁོ་ན་བཙུག །ལོངས་སྤྱོད་འཕེལ་བ་དང་དབང་སྡུད་གཙོ་བོར་བྱེད་ན་རྒྱུ་གོང་དང་མཚུངས། རྩི་དམར་པོ་བྱ། མདའ་དར་དམར་ནག་ལ་མེ་ལོང་ངོས་སུ་བདུད་རྩི་ནང་མཆོད་ལི་ཁྲི་མཚལ་རྣམས་བསྲེས་པས་ཧྲཱིཿགོང་བཞིན་བྲིས་པ་ཁོ་ན་བཙུག །ཚེ་བསོད་ཆོས་སོགས་རྒྱས་པའི་ཆེད་དུ་གཙོ་བོར་བྱེད་ན་གོང་སྨོས་ལྟར་ལ་ནང་རྟེན་མེ་ལོང་ཁོ་ནར་བཏགས་པ་བཤད་ཀྱང་གསང་རྟེན་ལ་དགོས་པ་གཞན་ཡོད་པས་ཕྱོགས་གཅིག་བྱས་པའོ། །རྒྱབ་ཕྱོགས་སུ་འཕྲུལ་སྟེགས་མཐོ་བར་རྒྱུད་སྡེ་ལྔའི་གཏོར་འབུལ་ཟླུམ་གཏོར་ལྔ་ཚར་རམ། ཀར་ལུགས་ཕྱག་བཞེས་ལྟར་ན། དབུས་དང་གཡས་སུ་ཡི་དམ། མདུན་ཏུ་བླ་མ། རྒྱབ་ཏུ་མཁའ་འགྲོ། གཡོན་ཏུ་གྲུ་གསུམ་ཐོག་མདེལ་ལྟ་བུ་བཞག་ལ་རྒྱན་སྤྲོས་ཁྱད་པར་ཅན་བྱ། དེའི་གཡས་ཕྱོགས་ཀྱི་གྲལ་མགོར་རྟ་མགྲིན་ལ་དཔལ་གཏོར་དམར་པོ་རྒྱན་སྤྲོས་དར་གདུགས་ཅན། གཡོན་གྱི་གྲལ་མགོར་ལྷ་མོའི་གཏོར་མ་མཐེབ་སྐྱུ་ཤིན་ཏུ་ཆེ་བ་བཅད་ལ་མདུན་ཏུ་བསྟན་པ་དྲུག་བརྩེགས་སྟེང་། མཐེབ་སྐྱུ་དེ་འདྲ་བ་བཅད་ཁམས་སྟེང་དུ་བསྟན་ཅིང་མཐེབ་རྗེས་མདུན་བསྟན་གྱེན་དུ་བསླངས་ནས་བཙུགས་པའི་མཐར་མཐེབ་སྐྱུ་བསྐོར། གཏོར་ཆེན་གྱི་མདུན་ཕྱོགས་སུ་ཀྵེ་ཏྲ་པཱ་ལའི་གཏོར་མ་གྲུ་གསུམ་གསུམ་བརྩེགས་བང་རིམ་གྱི་རྣམ་པ་ཡོད་པའི་སྟེང་དུ་བཤོས་བུ་ཟུར་གསུམ་བཞག །བང་རིམ་འོག་མ་ལ་ནུབ་ཙམ་པའི་མཐེབ་སྐྱུས་མཐའ་བསྐོར། གཏོར་ཆེན་གཡས་ངོས་སུ་ཛི་ན་མི་ཏྲ། རྒྱབ་ཏུ་ཊཱ་ཀི་རཱ་ཛ། གཡོན་ཏུ་ཏྲཀྴད་ཀྱི་གཏོར་མ་གསུམ་ཀ་གྲུ་གསུམ་རྩེ་མོ་གཡས་ཕྱོགས་སུ་ཅུང་ཟད་བཅུས་པའི་མཐའ་མཐེབ་སྐྱུས་བསྐོར་ཞིང་དེ་དག་ལའང་མེ་རི་ལ་སོགས་པའི་རྒྱན་དང་རང་མདོག་དང་མཚུངས་པའི་དར་འཕེན་གྱིས་བརྒྱན། མདུན་གཡས་སུ་མཁའ་འགྲོ་སྤྱི་གཏོར་དང་། མདུན་གཡོན་གཞི་བདག་གཏོར་མ་དཀར་ཟླུམ་ཆེ་བ་རྒྱན་ལྡན་རེ་བཞག ཁྱད་པར་མགོན་པོ་ལྕམ་དྲལ་སྤྱིའི་མཆོད་རྫས་ཛམྦུ་དྭི་པའི་ཞལ་ཟས་ལ། ལག་ལེན་མི་འདྲ་བ་འགའ་ཞིག་སྣང་ཡང་དཔལ་ཇོ་ནང་པའི་ཕྱག་བཞེས་སུ། ཤ་ཕྱེ་ཁྲག་ཚིལ་གྱིས་བརླན་པ་ལ། སྒ་སྐྱ། གཡེར་མ། འུ་སུ། གོ་སྙོད། ལན་ཚྭ་སོགས་སྤོད་ཀྱི་རིགས་སྣ་ཚོགས་བསྲེས་ཏེ་བག་ཕྱེ་འཐག་པོས་ཕྱི་གཡོགས་བྱས་ཏེ་མར་ཁུ་ནང་དུ་བཙོས་པ་དེ་འདྲ་མང་དུ་བཙོས། དབྱིབས་གང་འདོད་བྱས་པས་གཏོར་མ་ཀུན་ལ་བརྒྱན། དེ་དག་མ་གཏོགས་པའི་ཆོས་སྐྱོང་གཞན་གྱི་གཏོར་མ་མཉམ་དུ་བཤམས་པ་དང་བསྔོ་བ་སོགས་གཏན་ནས་བྱེད་དུ་མི་རུང་། དེའི་མདུན་དུ་ཁྲག་གི་མཆོད་ཡོན། དུག་ཆུའི་ཞབས་བསིལ། དབང་ལྔའི་མེ་ཏོག །བཞི་མཉམ་གྱི་སྦྱར་སྤོས། ཚིལ་ཆེན་གྱི་མར་མེ། མཁྲིས་པའི་དྲི་ཆབ། ཤ་རུས་སམ་བཤོས་བུ་དམར་ནག་གི་ཞལ་ཟས། དྲག་པོའི་རོལ་མོ་རྣམས་བཤམས། རྒྱབ་ངོས་སུ་མགོན་པོའི་སྐུ་བརྙན་དེ་གཏོར་ཆེན་དང་རང་ལ་ཞལ་གཟིགས་པ་འདྲ་བར་བྱས་ལ་ཐུགས་ཀ་ནས་གཟུངས་ཐག་འཐེན་ལ་མདའ་དར་མེ་ལོང་ཅན་གྱི་མགུལ་དུ་བཏགས། དེ་ནས་གཟུངས་ཐག་སྣེ་གཉིས་སུ་འཐེན་ལ་གཅིག་རྡོར་སློབ་དང་། གཅིག་བསྙེན་རྒྱུན་ཕྱག་ཏུ་སླེབ་ཚོད་བྱ། དེ་ནས་གཏོར་སྒྲུབ་ལ་གལ་ཆེ་བ་ཁྱུང་པོའི་མན་ངག་ཡིག་རྙིང་ལས། ཐུན་དྲུག་ཏུ་གཏོར་མ་འབུལ་བའི་ཐུན་རེ་རེ་ལའང་གཏོར་ཆུང་ཉི་ཤུ་རྩ་གཅིག་རེ་ཕུལ། ཅེས་གསུངས་པའི་གཏོར་བསྟབ་ནི་ཐུན་རེ་བཞིན་གཏོར་ཆེན་གྱི་མདུན་ངོས་སུ་གཏོར་སྣོད་ལྔ་རེ་བསྒྲིགས་པའི་སྣོད་དང་པོར་མཐེབ་སྐྱུ་གསུམ་བཅད་ཁ་ཕྱིར་བསྟན། ལྟག་པ་གསུམ་སྤྲད་ནས་གྲུ་གསུམ་གྱི་རྣམ་པར་བཞག་པའི་སྟེང་དབུས་སུ་མཐེབ་སྐྱུ་གཅིག་གདན་ཐབས་སུ་བཞག །དེ་སྟེང་བཅད་ཁམས་སྟེང་དང་མཐེབ་རྗེས་མདུན་ཏུ་བསྟན་པ་གྱེན་བསླང་དུ་བཞག །སྣོད་གཞན་བཞིར་དེ་དང་འདྲ་བ་ལས་གདན་ཐབས་ཀྱི་མཐེབ་སྐྱུ་དེ་མི་བཞག །དེ་ལྟར་ན་སྣོད་དང་པོར་ལྔ་དང་། གཞན་རྣམས་སུ་བཞི་རེ་སྟེ་ཉེར་གཅིག་རེ་མ་ལྷག་མ་ཆད་པ་དགོས། ཉིན་ཞག་གཅིག་ལ་ཐུན་དྲུག་ཏུ་བྱས་པའི་ཐུན་རེ་རེའི་མཐར་གཏོར་བསྟབས་ཚར་རེ་དགོས་པས་ཉིན་ཞག་བདུན་ཕྲག་གཅིག་ལ་ལྔ་ཚན་དེ་འདྲ་བ་བཞི་བཅུ་ཞེ་གཉིས་དགོས་པས་མཚོན་ནོ། །གཞན་ཡང་ཡི་དམ་སྡེ་གཉིས་དང་། །ཐུན་དྲུག །དགོངས་མོའི་རྗེས་ཆོག་བཅས་ལ་མཆོད་པ་རེ་རེ་བཞིན་ཁ་གསོ་དགོས་པས་ཞལ་ཟས་དགུ་རེ་དང་འབྲུ་ལ་སོགས་པ། རྟ་མགྲིན་ལ་བགེགས་གཏོར། རྒྱལ་ཆེན་དཀར་གཏོར་མཐེབ་རིལ་བཞི་ལྡན། ཚོགས་དང་བརྟན་མའི་གཏོར་མ་རྣམས་ཀྱང་ཚང་བར་བསྡོགས། སྤྱན་འདྲེན་དང་སྐོང་བའི་སྤོས་སྦྱོར་ཆེ་ཆུང་བེ་བུམ་ལས་འབྱུང་བ་བཞིན་ཚུལ་བཞིན་བསྒྲུབས་པའམ། མ་འབྱོར་ནའང་གུ་གུལ་ནག་པོ་ཤ་ཆེན་བཙན་དུག་ཡུངས་ཀར་བཞི་སྦྱར་བའི་སྤོས་གང་མང་། གཡབ་དར་ནག་པོ། ཐོད་རྔ་རྐང་གླིང་། རོལ་མོའི་རིགས་རྣམས་ཀྱང་འདུ་བྱའོ།
གཉིས་པ་ནི། མཁས་གྲུབ་ཁྱུང་པོའི་ཡིག་ཆུང་རྒྱས་འབྲིང་བསྡུས་གསུམ་ཀར། དེ་ནས་བདག་ཉིད་ཡི་དམ་གྱི་ལྷ་གང་རུང་བར་བསྐྱེད་ལ། ཞེས་དང་། ས་ར་ཧའི་རྒྱ་གཞུང་ལས། བདག་ཉིད་ཧེ་རུ་ཀར་བསྐྱེད་ལ། ཞེས་སོགས་འབྱུང་བས་བདག་བསྐྱེད་ཧེ་རུ་ཀ་སོགས་ཡི་དམ་གང་ཡང་རུང་བའམ། སྤྲུལ་གཞི་ཡིན་པའི་གནད་ཀྱིས་སྤྱན་རས་གཟིགས་དབང་དྲག་པོ་རྟ་མགྲིན་གྱི་ཚུལ་དུ་སྒྲུབ་པ་དང་། དེའང་བརྒྱུད་པ་འདི་དང་འབྲེལ་ཆགས་པའི་དབང་གིས་སྐྱེར་སྒང་ལུགས་ཀྱི་གསང་སྒྲུབ་ལ་བྱེད་པའི་ལག་ལེན་མཆིས་པ་ལས། འདིར་ཇོ་ནང་རྗེ་བཙུན་ཆེན་པོའི་གནད་ཀྱི་བཞེད་པ་དང་གསུང་རབས་རྣམས་ཀྱི་བཀའ་སྲོལ་མཚུངས་པའི་དབང་དུ་བྱས་ཏེ་ལག་ཏུ་ལེན་བྱ་དངོས་ལ། སྒྲུབ་པ་པོ་རྣམས་ནངས་སྔ་བར་འདུས་ཏེ། རྗེ་བཙུན་རིན་པོ་ཆེ་སོགས་བརྒྱུད་པའི་གསོལ་འདེབས་འོས་བསྟུན་སྔོན་ཏུ་འགྲོ་བས། རྒྱུད་སྡེ་ལུས་དཀྱིལ་གཙོ་བསྡུས་ཀྱི་བདག་བསྐྱེད་བཟླས་པ་བསྡུ་ལྡངས་ཀྱི་བར་དུ་བྱ། དེ་ནས་རྟ་མགྲིན་གསང་སྒྲུབ་ཀྱི་ལས་བྱང་དྲེགས་པ་ཀུན་འདུལ་ཟུར་འདེབས་སྦྱར་བའི་སྐྱབས་སེམས་ནས་བརྩམས། བདག་བསྐྱེད་བསྡུས་པའི་བར་དང་། མདུན་བསྐྱེད་སྐོང་བཤགས་ཡན་བཏང་། དེ་ནས་གཏོར་ཆོག་ཕྲིན་ལས་གཏེར་མཛོད་ལྟར་ཐོག་མར་གཏོར་ཆེན་བྱིན་རླབས་དམིགས་པ་གསལ་ངོས་ནན་ཏན་བྱ། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་ཟླ་བའི་འོད་ཟེར་ལྟ་བུ་རྒྱུན་མི་ཆད་པ་བཀུག་སྟེ་ཐིམ་པར་མོས། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿབརྒྱ་རྩ་བརྒྱད་བཟླ། ནང་མཆོད་ཡི་དམ་ལྟར་བྱིན་རློབ། དེ་ནས་གནས་ཡོ་བྱིན་རླབས་བྱས་ལ་རོལ་ཆེན་དང་གུ་གུལ་དུད་པ་སོགས་བཏང་ལ་བྱིན་དབབ། མངོན་རྟོགས་ཚིག་ལྷུག་རྒྱས་པས་བསྐྱེད་ལ་སྦྱར་སྤོས་གཡབ་དར་ཐོད་རྔ་རོལ་ཆེན་དབྱངས་དང་བཅས་པས་སྤྱན་འདྲེན་གཞུང་ཟུར་བསྡེབ། ཕྱི་མཆོད་དང་ནང་མཆོད་གཟུགས་སྒྲ་དྲི་རོ་རེག་བྱ་རྟེན་ཅིང་འབྲེལ་འབྱུང་འགྲེས་བཤང་སྦྱར། བདུད་རྩི་ལག་མཆོད་ཟུར་འདེབས་ལྟར་ལ། གཙོ་འཁོར་སྔགས་ལ་འབྲུ་གསུམ་བཏགས་པས་ཀྱང་འབུལ་ཞིང་བསྟོད་ཐུང་གི་ཕྱག་བྱ། བླ་མགོན་དབྱེར་མེད་ཀྱི་དམིགས་པ་གསོལ་འདེབས་སྔགས་སོགས་གཞུང་ཟུར་སྤེལ་ལ་མོས་གུས་ཆེན་པོས་དར་དྲགས་ཡུན་རིང་དང་རོལ་མོའི་སྒྲས་ཡེ་ཤེས་པ་དབབ། གྲིབ་སེལ་གྱི་དམིགས་པ་གསལ་བཏབ་ལ་དམིགས་སྔགས་བསྡུས་པ་དང་བཤགས་པ་ཚིག་དལ་ཞིང་ཡིད་གདུང་ཤུགས་དྲག་པོ་དང་ལྡན་པའི་གཤམ་དུ་སྐོང་བ་རིང་ཐུང་ཚར་རེ་སྦྱར། དེ་ནས་མཁའ་འགྲོ་དབང་སྡུད་ཀྱི་དམིགས་པ་གསལ་བཏབ། གཟུངས་ཐག་གཉིས་སློབ་དཔོན་དང་ཐུན་དཔོན་ནས་བཟུང་སྟེ། རྒྱས་པ་གཙོ་བོར་བྱེད་སྐབས། མགོན་པོ་འཁོར་བཅས་འཛུམ་ཁྲོ་བ་ཁྲོ་བརྗིད་ཅིང་ཤིན་ཏུ་དགྱེས་པའི་ཉམས་དང་ལྡན་པ་དང་། མགོན་པོའི་དབུ་གཙུག་གི་བླ་མ་སྐུ་མདོག་སེར་པོ་ནོར་བུ་དབང་རྒྱལ་བསྣམས་པ། མགོན་པོའི་དཔྲལ་བའི་མཁའ་འགྲོ་མ་རྣམས་ཀྱང་གསེར་གྱི་མདོག་ཅན་བླ་མ་མགོན་པོ་མཁའ་འགྲོ་མ་རྣམས་ལས་འོད་ཟེར་སེར་པོ་གསེར་གྱི་ཁ་དོག་ལྟ་བུ་འཕྲོས་པས་རང་དང་གནས་མལ། གང་གི་ཚད་དུ་བྱེད་པའི་གང་ཟག །དགེ་འདུན་དང་གཙུག་ལག་ཁང་། དཀོར་མཛོད་ལ་སོགས་པ། ཕྱི་ནང་མེད་པར་ཁྱབ་པས་ཐམས་ཅད་གསེར་གཙོ་མའི་མདངས་ལྟ་བུ་སྣུམ་འོད་དང་ལྡན་པར་བྱས། ཚེ་བསོད་དབང་ཐང་ཆོས་ཀྱི་འབྱོར་པ་ལ་སོགས་པ་རབ་ཏུ་རྒྱས་པར་བྱས་པར་མོས་ལ།
ཨོཾ་བཛྲ་ན་ར་ཀྲིཾ་ཀྲིཾ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཨཱ་ཡུཿཔུཎྱེ་དྷརྨ་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཞེས་བཟླ། སྙིང་པོ་བཟླ་བའི་སྐབས་མདུན་བསྐྱེད་མགོན་པོའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་མཐིང་ག་གསལ་འདེབས། ཆགས་མེད་རིན་པོ་ཆེས་ཉི་སྟེང་གྲི་གུག་ཡུ་བ་ཧཱུྃ་གིས་མཚན་པ་གསལ་འདེབས་པར་བཞེད། བདག་ཉིད་ཡི་དམ་གྱི་ཐུགས་ཀའི་ས་བོན་ལས་སྔགས་ཕྲེང་བེཌཱུརྱའི་ཕྲེང་བ་ལྟར་སྔོ་ཞིང་འོད་ཟེར་སེར་པོ་འཕྲོ་བ་ཐོལ་གྱིས་བྱུང་། ཞལ་ནས་ཐོན། མགོན་པོའི་ཞལ་དུ་ཞུགས། ཐུགས་ཀའི་ཧཱུྃ་ལ་ཐིམ་པས་ཐུགས་ཀྱི་རྒྱུད་བསྐུལ་ཞིང་མཉེས། དེ་ལས་སྔགས་ཕྲེང་ཆད། ལྟེ་བ་ནས་རང་གི་ལྟེ་བར་བརྒྱུད་སྙིང་གའི་ས་བོན་ལ་ཐིམ་པས་བྱིན་རླབས་དངོས་གྲུབ་ཐམས་ཅད་ཐོགས་མེད་དུ་ཐོབ་པར་མོས་པ་དང་། གོང་གི་དམིགས་པ་དེ་དང་སྦྲགས་ལ་སྔགས་ཐུང་ཉེར་གཉིས་མ་གཙོ་བོར་བཟླ། སྔགས་ཤམ་གོང་གི་འགྲེ། ཐུན་མཇུག་ཏུ་རྩ་སྔགས་རྣམས་ཀྱང་ཅུང་ཟད་རེ་བཟླ། འཁོར་རྣམས་ཀྱི་ཐུགས་ཀར་ཉི་དཀྱིལ་སྟེང་ལྷ་མོ་ལ་བྷྱོ། གནོད་སྦྱིན་ཀྵེཾ། དབང་ཕྱུག་ལ་ཧཱུྃ། གཤིན་རྗེ་ལ་ཊཾ། བདུད་མགོན་ལ་ཧཱུྃ་གི་མཐར་སོ་སོའི་སྔགས་ཕྲེང་གཡས་བསྐོར་དུ་འཁོད་པ་ལ་རང་གི་ཐུགས་ཀའི་འོད་ཟེར་གྱིས་མགོན་པོ་བསྐུལ། དེས་འཁོར་རྣམས་བསྐུལ། དེ་དག་ལས་ཀྱང་འོད་ཟེར་སེར་པོ་འཕྲོས་པས་རྒྱས་པའི་ལས་ཐམས་ཅད་སྐད་ཅིག་གིས་འགྲུབ་པར་མོས།
ཡང་བར་ཆད་ཞི་བ་གཙོ་བོར་བྱེད་ན། བླ་མ་དཀར་པོ་རྡོར་ཐོད་བསྣམས་པ་དཔྲལ་བའི་མཁའ་འགྲོ་དཀར་མོ། ཐམས་ཅད་ལས་འོད་ཟེར་དཀར་པོ་ཟླ་ཟེར་ཞུན་མ་ལྟ་བུ་འཕྲོས། བདག་ཅག་དཔོན་སློབ་འཁོར་དང་ཡུལ་སྡེ་སོགས་ལ་ཁྱབ་པས་སྡིག་སྒྲིབ་ནད་གདོན་བར་ཆད་ཐམས་ཅད་ཞི་བར་མོས་ལ་སྔགས་ཤམ། སྡིག་སྒྲིབ་ནད་གདོན་བར་ཆད་ཐམས་ཅད་྄ཤཱིནྟཾ་ཀུ་རུ་ལྟ་བུར་བསྒྱུར། སྙིང་པོ་བཟླ་སྐབས་ཀྱང་འོད་ཟེར་དཀར་པོ་འཕྲོ་བར་བསྒྱུར་བ་སོགས་རིགས་འགྲེ།
དབང་སྡུད་གཙོ་བོར་བྱེད་ན། བླ་མ་དང་མཁའ་འགྲོ་དམར་པོ་གཞུང་གསལ་ལྟར་ལ། མགོན་པོ་འཁོར་བཅས་ཅུང་ཟད་ཁྲོ་ཞིང་ཆགས་པའི་ཉམས་དང་ལྡན་པ། སྐུའི་འོད་ཟེར་དམར་སྨུག་གློག་ཞགས་ལྟ་བུས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ། ལྷ་ཀླུ་མི་དང་མི་མ་ཡིན་པ་ལ་སོགས་པ་གང་དབང་དུ་བྱ་བ་རྣམས་ལ་ཕོག་པས་དེ་རྣམས་ཀྱི་ལུས་དམར་ལམ་ལམ་སོང་། སེམས་བདག་ཉིད་ལ་ཆགས་པའི་བསམ་པ་དུང་དུང་སྐྱེས། འོད་ཟེར་དེ་དག་གི་རྩེ་མོ་ལྕགས་ཀྱུ་ལྟ་བུས་སེམས་ཅན་དེ་དག་གི་སྙིང་དང་སྐྱེ་གནས་ནས་ཕུག་སྟེ་རང་དབང་མེད་པར་བདག་གི་རྐང་པའི་དྲུང་དུ་དྲན་པ་ཉམས་ཤིང་འགྱེལ་བར་བསམ་ལ་སྔགས་ཤམ། སརྦ་ལོ་ཀ་པ་ཤཾ་ཀུ་རུ་ལྟ་བུ་སྦྱར། རྒྱས་པ་དང་དབང་གཉིས་ཀར་ཁྱད་པར་གྱི་དམིགས་གནད། བླ་མས་སྤྱན་ནམ་མཁར་གཟིགས་ཤིང་ཌཱ་མ་རུ་དྲག་ཏུ་འཁྲོལ་བས་མགོན་པོ་དང་མཁའ་འགྲོ་བཅུ་གསུམ་བསྐུལ། དེ་དག་གིས་ཀྱང་སྤྱན་ནམ་མཁར་ཧྲིག་ཧྲིག་གཟིགས་ཤིང་ཐོད་རྔ་དྲག་ཏུ་འཁྲོལ་བས། གནས་གསུམ་དང་ཡུལ་ཉི་ཤུ་རྩ་བཞིའི་དཔའ་བོ་རྣལ་འབྱོར་མ་ཐམས་ཅད་བསྐུལ་ཏེ་རང་དབང་མེད་པ་ནམ་མཁའ་ལ་སྤྲིན་བཞིན་འདུས་ཏེ་མཆོག་ཐུན་མོང་གི་དངོས་གྲུབ་དགོས་འདོད་ཐམས་ཅད་ཆར་བཞིན་ཏུ་འབེབས་པར་མོས། ཕྲིན་ལས་བཅོལ་བའི་སྐབས་སུའང་། ཞི་བ་ལ། སྡིག་སྒྲིབ་ནད་གདོན་བར་ཆད་སོགས་དམིགས་སུ་སྨོས་ནས་ཞི་བར་མཛད་དུ་གསོལ། ཅེས་དང་། རྒྱས་པ་ལ། ཚེ་དང་བསོད་ནམས་དབང་ཐང་ལོངས་སྤྱོད་དཔལ་འབྱོར་སྙན་གྲགས་ཉམས་དང་རྟོགས་པ་ལ་སོགས་པའི་ཡོན་ཏན་ཐམས་ཅད་དར་ཞིང་རྒྱས་པར་མཛད་དུ་གསོལ། ཅེས་དང་། དབང་ལ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྣོད་བཅུད་དབང་དུ་འདུ་བར་མཛད་དུ་གསོལ། ཅེས་དམིགས་སུ་སྦྱར་ཤེས་པར་བྱ།
གལ་ཏེ་དྲག་པོའི་ལས་སྒྲུབ་ན། གནད་འབེབས་དང་ཐལ་རྡེབ་ཀྱི་དམིགས་པ་སོགས་གཙོ་བོར་བྱ་དགོས་པ་ཡིན་རུང་། དྲག་ལས་ནི་གཏོར་ཆེན་ཉིད་དུ་བསྔགས་པ་ཡིན་པས་འདིར་མ་བཤད་ཀྱང་། ཞར་བྱུང་ལས་བཞི་ཤུགས་ལས་སྒྲུབ་པའི་དབང་དུ་བྱས་ཏེ། རྩ་སྔགས་བཟླས་པའི་ཚེ་དམིགས་པ་གཞུང་གསལ་དང་། སྐབས་སྐབས་སུ་སྔགས་ཕྲེང་ལས་མེ་ལྕེ་དཔག་ཏུ་མེད་པ་འཕྲོས་པའི་གསེབ་ནས་གྲི་གུག་ལ་སོགས་པ་མཚོན་ཆའི་ཆར་མེ་སྟག་འཕྲོ་བ་ལྟ་བུས་དགྲ་བགེགས་གནོད་བྱེད་ཐམས་ཅད་གཏུབས་ཤིང་མེས་བསྲེགས་ཏེ་ཐལ་བ་ཙམ་ཡང་མ་ལུས་པར་བྱས་པར་བསམ། འདི་ནས་བརྩམས་ཏེ་གཏོར་སྒྲུབ་ཚར་བའི་མཇུག་གི་གཏོར་བསྟབ་ཀྱི་བར་དུ་བསྙེན་རྒྱུན་སྐད་ཅིག་ཀྱང་མ་ཆད་པ་བྱེད་དགོས་པས་ཐུན་པ་བརྒྱད་ཡོད་ན་བཞིས་མཁའ་འགྲོ་དབང་སྡུད་དང་བཞིས་སྙིང་པོ་བཟླ་བས་མཚོན་སྔགས་དེ་གཉིས་ཕྱེད་མར་བཟླ་བ་ཡིན་ནོ། །བཟླས་པ་གྲུབ་པ་དང་། ཐོག་མར་ཡི་དམ་རྒྱུད་སྡེ་ལྔའི་མཆོད་གཏོར་བྱིན་རླབས་འབུལ་བ་ནས་ནོངས་བཤགས་བརྟན་བཞུགས་ཀྱི་བར་དུ་བྱ། དེ་ནས་རྟ་མགྲིན་གཏོར་མ་བྱིན་རླབས་ནས་ཕྲིན་བཅོལ་གྱི་བར་དུ་གྲུབ་པ་དང་། མངོན་རྟོགས་དབུ་ནས་འབྱུང་བ་ལྟར་གཏོར་ཆུང་རྣམས་བྱིན་བརླབ། དཔོན་སློབ་ཐམས་ཅད་དང་། ཁྱད་པར་ལས་རྡོར་ནས་རིག་པ་ལེགས་པར་བསྒྲིམ་ཞིང་དམིགས་པ་གསལ་བཏབ། ཡིད་ཚབ་ཚུབ་ཏུ་མ་སོང་བར་བློ་ཤུགས་དྲག་པོའི་ངར་དང་ལྡན་པས་གཏོར་ཆེན་མགོན་པོར་གསལ་བའི་ཕྱོགས་སུ་གཏོར་ཆུང་དང་པོ་བཏེགས་ལ། མ་གཡེལ་མ་བརྗོད། དེ་ནས་ཧཱུྃ་དྲུག་གི་བྱིན་རླབས་ནི། དེའང་རྒྱས་པ་དང་དབང་གི་སྐབས་སུ། ཧཱུྃ། ཞེས་བརྗོད་པས་གཏོར་ཆུང་རྣམས་ཀྱི་སྟེང་དུ་ཧཱུྃ་རེ་རེ་གསལ་བར་གྱུར། ཧཱུྃ། ཞེས་པས། གཏོར་མའི་སྟེང་གི་ཧཱུྃ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་ཕྱོགས་བཅུར་འཕྲོས་པས་དཔའ་བོ་རྣལ་འབྱོར་མ་ཐམས་ཅད་ཀྱི་ཐུགས་ཀ་ནས་བྱང་ཆུབ་སེམས་ཀྱི་བདུད་རྩི་བཀུག་ནས་གཏོར་མ་ལ་ཐིམ་པར་བསམ། བར་ཆད་ཟློག་པའི་སྐབས་སུ། འོད་ཟེར་ལྕགས་ཀྱུ་ལྟ་བུ་ཕྱོགས་བཅུར་འཕྲོས་པས་དགྲ་བགེགས་དང་བར་ཆད་ཐམས་ཅད་བཀུག་ནས་གཏོར་མ་ལ་བཅུག་པས། ངོ་བོ་དགྲ་བགེགས་ཀྱི་ཤ་ཁྲག་ལ་རྣམ་པ་བདུད་རྩིའི་རྒྱ་མཚོར་གྱུར་པ་བསམ། མི་ཁ་དགྲ་མཆུ་དང་ནད་ཡམས་སོགས་གང་ན་ཡོད་པའི་ཕྱོགས་ནས་ཁ་དོག་སྔོ་དམར་གྱི་རྣམ་པར་བཀུག་སྟེ་གཏོར་མ་ལ་ཐིམ་པས་གཏོར་མའང་སྔོ་དམར་ཤིགས་སེར་ཡོད་པར་བསམ། རྨི་ལམ་ངན་པ་ལ་ཇི་ལྟར་རྨིས་པའི་རྣམ་པ་དེ་བཀུག་ནས་བདུད་རྩི་དང་དབྱེར་མེད་དུ་འདྲེས་པར་མོས། ཧཱུྃ། ཞེས་པས། མགོན་པོ་འཁོར་དང་བཅས་པའི་ལྗགས་ཧཱུྃ་ལས་སྐྱེས་པའི་རྡོ་རྗེ་དམར་པོ་རྩེ་གཅིག་པའི་འོད་ཀྱི་སྦུ་གུ་གཏོར་མ་ལ་ཟུག་པར་བསམ། སླར་ཡང་། ཧཱུྃ་ཧཱུྃ་ཧཱུྃ། གིས་མགོན་པོ་འཁོར་དང་བཅས་པའི་ལྗགས་འོད་ཀྱི་སྦུ་གུས་བདུད་རྩིའི་བཅུད་སིབ་སིབ་རྔུབས་ཏེ་གསོལ་བ་བསམས་ལ། སྙིང་པོ་ལ་གཏོར་སྔགས་བཏགས་པ་ལན་བདུན། རྩ་སྔགས་ཤཱ་ས་ན་ལ་ཨི་དཾ་བ་ལིཾ་ཁ་ཁ་སོགས་གཏོར་སྔགས་བསྒྱུར་བ་ལན་བདུན་བརྗོད་ལ་གཏོར་ཆུང་རྣམས་གཏོར་ཆེན་ནང་དུ་ཕུལ། ལྷ་མོ་དང་གནོད་སྦྱིན་བཞིའི་གཏོར་སྔགས་རྣམས་ཀྱང་ལན་གསུམ་རེ་བརྗོད་ལ། སྒོས་གཏོར་རྣམས་རང་རང་གིས་གསོལ་བར་བསམ་ལ་ཕྱི་ནང་གི་སྔགས་མཆོད་དང་གཙང་སྦྱར་མའི་གཏོར་བསྟབ་རྒྱས་པར་བྱ། འདིར་རྒྱས་པ་དང་དབང་གི་སྐབས་སུ་ཐལ་སྦྱར་བཅས་འདོད་དོན་སྐབས་སྦྱར་ཞུ། ཐལ་རྡེབ་མི་བྱ། བར་ཆད་མི་མཐུན་ཕྱོགས་སེལ་བའི་གཏོར་སྒྲུབ་ལ་དེ་དག་གི་ཕྲིན་ལས་བཅོལ་བའི་རྗེས་སུ། རང་གི་ཐུགས་ཀའི་ཧཱུྃ་གི་འོད་ཟེར་ལྕགས་ཀྱུ་ལྟ་བུས་གནོད་བྱེད་ཐམས་ཅད་སྐད་ཅིག་ལ་བཀུག་སྟེ། རང་གི་ལག་མཐིལ་གཉིས་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་སྟོང་པ་རེ་རེ་གྱུར་པའི་ནང་དུ་བཅུག ཐལ་མོ་བརྡབས་པས་དེ་དག་རྡུལ་ཕྲན་བཞིན་དུ་བརླག ཤ་ཁྲག་རུས་པ་རྣམས་མགོན་པོ་འཁོར་དང་བཅས་པས་ལྷག་མ་མེད་པར་བཞེས་པར་དམིགས། དེ་ནས་བསྟོད་བསྐུལ་རྣམས་རྒྱས་པར་བྱ་དགོས་པ་ལས། ཐུན་དང་པོར་མྱུར་མཛད་མ་དང་། ལྷ་མོ་ལ་རླུང་འཚུབས་གོང་མ་ཙམ་དང་། འཁོར་བསྟོད་ཉིན་ཐུན་གསུམ་ཀར་རྒྱས་པ་བྱ། དེ་ནས་བྱིན་རླབས་སྔོན་ཏུ་འགྲོ་བས་ཟུར་གསལ་མངའ་གསོལ་རྒྱས་བསྡུས་ཚིག་ལྷུག་གསོལ་འདེབས་བཅས་བཏང་། ཡིག་བརྒྱ་ལན་གསུམ་དང་བཟོད་གསོལ། དད་གུས་དྲག་པོས་བླ་མགོན་དབྱེར་མེད་གསོལ་འདེབས་ཉེར་གཅིག་བརྗོད་པ་ཐུན་དང་པོ་གྲུབ། ཐུན་གཉིས་པ་ལ་གཏོར་མ་གཙོ་འཁོར་ཐམས་ཅད་དང་། མཆོད་པ་ཁ་གསོས་ལ། བདུད་རྩི་དང་མཆོད་པ་བྱིན་བརླབ། མངོན་རྟོགས་ཚིགས་བཅད། སྤྱན་འདྲེན་སོགས་ཐུན་དང་པོ་ལྟར་ལ། མཆོད་པའི་སྐབས་ཕྱི་མཆོད་ནང་མཆོད་ཟུར་འདེབས་སྦྱར། བདུད་རྩིའི་སྔགས་མཆོད་བཞག །བླ་མགོན་དབྱེར་མེད་གསོལ་འདེབས་བཟླས་པ་ཅུང་ཟད་ཉུང་བར་བྱས་ནས། གྲིབ་སེལ་རྡོར་སེམས་བསྒོམ་བཟླས་འགྲེས་རྐང་རྒྱས་པ་དང་ཡིག་བརྒྱ་མང་དུ་བཟླ། སྐོང་བ་ནས་འཁོར་སྔགས་བཟླ་བ་ཡན་ཆད་སྔར་དང་འདྲ་ཞིང་། རྒྱུད་སྡེ་ལྔའི་གཏོར་འབུལ་བསྐྱར་མི་དགོས་པས། རྟ་མགྲིན་གཏོར་འབུལ་ནས་གཙང་སྦྱར་མ་ཡན་ཆད་ཀྱང་སྔར་ལྟར་བྱ། བསྟོད་པ་ཨོཾ་འགྲུབ་པར་གྱུར་ཅིག་སོགས་དང་། ལྷ་མོའི་རླུང་འཚུབས་འོག་མ། འཁོར་བསྟོད་རྒྱས་པ། མངའ་གསོལ་དཀྱུས་ལྟར། ཡིག་བརྒྱ་བཟོད་གསོལ་གསོལ་འདེབས་ཀྱི་བར་རོ། །ཐུན་གསུམ་པར་དེ་དང་འདྲ་བ་ལས། མཆོད་པ་རྟེན་ཅིང་འབྲེལ་འབྱུང་འགྲེས་བཤང་། གྲིབ་སེལ་བསྒོམ་བཟླས་བསྡུས་པ། སྐོང་བ་རྒྱས་བསྡུས་རྗེས་སུ། ཧཱུྃ། ས་བཅུའི་དབང་ཕྱུག་སོགས་བསྐུལ་བཟློག་ཚང་བ་སྦྱར། ཤཱ་ས་ན་དང་འཁོར་སྔགས་སྐབས། རྒྱས་པ་དང་དབང་ལའང་འདིར་དྲག་པོའི་དམིགས་པ་ཁྱུག་ཙམ་སྦྱར། བསྟོད་པ་གཞུང་གསལ། མྱུར་མཛད་མ་དང་། ཁྲག་མཚོ་ཆིལ་ཆིལ། རྣམ་དག་དབྱིངས་ལས། དཀའ་བ་དང་བླང་། འཁོར་བསྟོད་རྒྱས་པ། མངའ་གསོལ་བསྡུས་པ་ནས་གསོལ་འདེབས་ཡན་སྔ་མ་ལྟར་བྱ། དེ་ནས་ལས་རྡོར་ནས། ཚོགས་ཀྱི་ཡོ་བྱད་རྣམས་ལ་བྱིན་རླབས་མཛད་པར་ཞུ། རྟ་མགྲིན་གྱི་ཚོགས་བྱིན་རླབས་དང་བྱིན་འབེབས་ནས་བརྩམས། གཞུང་ཟུར་འདེབས་སྦྱར་ནས་མཐར་དབྱུང་ཞིང་། ནོངས་བཤགས་སྐབས་ཡིག་བརྒྱ་ལན་གསུམ་བརྗོད་ལ་བརྟན་བཞུགས་བྱ། བཀྲ་ཤིས་བཀའ་མ་རྒྱ་བརྗོད་དོ། །མཚན་ཐུན་དབྱུང་སྲོད། ནམ་གུང་། ཐོ་རངས་གསུམ་བྱ་བའི་གསུམ་ཀར་བདུད་རྩི་དང་མཆོད་གཏོར་བྱིན་རླབས་ནས་བརྩམ། བཟོད་གསོལ་གསོལ་འདེབས་ཡན་བཏང་དགོས་པ་ལས། མཆོད་བསྟོད་འདོན་རེས་ཉིན་ཐུན་གསུམ་པོ་ལྟར་བྱ། གྲིབ་སེལ་བསྡུས་པ་དང་སྐོང་བ་རྒྱས་བསྡུས་གཉིས་ཀ་བཏང་། རྒྱས་པ་དང་དབང་གི་སྐབས་སུ་བསྐུལ་བ་ཐལ་རྡེབ་ཐུན་གསུམ་ཀར་མི་བྱའོ།
།གསུམ་པ་ནི། དེ་ལྟར་ཞག་བདུན་ཕྲག་གཅིག་ནས་གསུམ་ལ་སོགས་པ་ཇི་ཙམ་བསྒྲུབ་པའི་དུས་སམ་རྟགས་རྫོགས་པའི་ཞག་ཐ་མའི་ཐོ་རངས་ཀྱི་ཐུན་ལ། འདོན་བྱ་ཐམས་ཅད་རྒྱུན་གྱི་སྔ་དྲོ་དང་འདྲ་བར་བྱ། ནམ་ལངས་པར་ཉེ་བ་ན་བསྙེན་པ་གྲུབ་པར་བྱས་ནས། གཏོར་ཆེན་ལ་བསྐྱེད་པའི་མགོན་པོ་འཁོར་དང་བཅས་པ་སྟེང་གི་ནམ་མཁའ་ལ་བཞུགས་པར་མོས་ལ་གཏོར་ཆེན་མཐེབ་སྐྱུ་གསོས་པ་དང་། གཏོར་ཆུང་གསར་བཤམས་གཉིས་ཀ་སླར་བྱིན་རླབས་པར་བྱ། མ་གཡེལ་མ་དང་ཧཱུྃ་དྲུག་བྱིན་རླབས་ཕྱིན་ཆད་རྒྱུན་ལྟར་དང་། བསྟོད་པ་མངའ་གསོལ་ཡན་སྔ་དྲོའི་ཐུན་ལྟར་གྲུབ་ནས། གཏོར་ཆེན་ལ་ཕུལ་བའི་མཐེབ་སྐྱུ་ཁ་ཅིག་ལྷ་མོ་དང་གནོད་སྦྱིན་བཞིའི་གཏོར་མ་ལ་བཞག ཡི་དམ་གྱི་གཏོར་མ་དང་གཏོར་ཆེན་ཆེ་བ་མ་གཏོགས་གཞན་ཐམས་ཅད་དང་། གསེར་སྐྱེམས་སྨན་རཀ་གི་ཕུད་རྣམས་སྤོས་སུ་སེར་སྦྲེང་བཅས་ཐོག་ཁར་ཁྱེར་ལ་ཤར་ལྷོའི་ཕྱོགས་སུ་ཁ་བསྟེན་བསྒྲིག །ནང་མཆོད་ཀྱིས་བྲན་ལ་གཏོར་མ་བྱིན་རླབས་དཀྱུས་ལྟར་བྱ། རང་གི་སྙིང་གའི་ཧཱུྃ་ལས་སོགས་དང་སྤྱན་འདྲེན་རྒྱས་བསྡུས་བརྗོད་པའི་ཚེ། ཤར་ལྷོ་བསིལ་བའི་ཚལ་གྱི་དུར་ཁྲོད་ནས་མགོན་པོ་འཁོར་དང་བཅས་པ་ཌཱ་མ་རུ་དང་དྲིལ་བུ་གཡེར་ཁའི་སྒྲ་དང་བཅས་ནས་བྱོན་ཏེ། མདུན་གྱི་ནམ་མཁར་ཞལ་ཚུར་གཟིགས་ནས་བཞུགས་པར་མོས། རྟེན་ཅིང་འབྲེལ་འབྱུང་སོགས་ཕྱི་ནང་གསང་བ་བདུད་རྩི་སྔགས་མཆོད་ཙམ། གཞུང་བསྟོད་མྱུར་མཛད་མ་སོགས་དཀྱུས་ལྟར་མཐར་ཆགས་སུ་བཏང་ནས། མགོན་པོ་འཁོར་བཅས་དགྱེས་པ་ཆེན་པོས་གཏོར་མ་བཞེས་པར་བསམ་ལ།
སྤྱི་བཏབ་དཔལ་ལྡན་མགོན་པོ་མ་ཧཱ་ཀཱ་ལ་དང་། མ་གཅིག་འདོད་ཁམས་དབང་ཕྱུག་རེ་མ་ཏི། །ལྕམ་དྲལ་ཁྱེད་ཀྱི་བཀའ་ལས་མི་འདའ་བའི། །གནོད་སྦྱིན་ཀྵེ་ཏྲ་པཱ་ལ་འཁོར་དང་བཅས། །དབང་ཕྱུག་ཛི་ན་མི་ཏྲ་འཁོར་དང་བཅས། །གཤིན་རྗེ་ཊཱཀྐི་རཱ་ཛ་འཁོར་དང་བཅས། །བདུད་མགོན་ཏྲཀྴད་ནག་པོ་འཁོར་དང་བཅས། །ཕྱོགས་སྐྱོང་གཙང་རིས་མགོན་པོ་འཁོར་དང་བཅས། །ཡུལ་ལྷ་གཞི་བདག་གཉན་པོ་འཁོར་དང་བཅས། །དཔལ་ལྡན་ནག་པོ་ཆེན་པོ་འཁོར་བཅས་རྣམས། །འདིར་གཤེགས་རྒྱན་གྱི་གཏོར་མ་འདི་བཞེས་ཤིག །ཤ་ཁྲག་དམར་གྱི་གཏོར་མ་སོགས་བརྗོད་ལ། གཏོར་མ་རྣམས་ཀྱི་རྩེ་མོ་ནས་བཅད་དེ་ཤར་ལྷོའི་མཚམས་སུ་གཏོར། སྨན་རཀ་གསེར་སྐྱེམས་སོགས་ཀྱང་འཐོར། མགོན་པོ་འཁོར་བཅས་དགྱེས་བཞིན་རང་གནས་སུ་གཤེགས་པར་བསམ། གཏོར་མ་ལྷག་མ་དེ་མ་ཐག་བསྡུས་ནས་ནང་དུ་རང་མལ་འཇོག །གལ་ཏེ་བར་ཆད་ཟློག་པའི་གཏོར་སྒྲུབ་ཡིན་ན་འབུལ་ཚུལ་སྔར་ལྟར་ལ། སྤྱི་བསྟབ་ཟིན་འཕྲལ་མགོན་པོ་འཁོར་བཅས་ཞལ་ཕར་གཟིགས་ཏེ་སྤྲུལ་པའི་ཕོ་ཉ་འཇིག་རྟེན་གང་བ་སྤྲོས། འཇིགས་པའི་མཚམས་རྔམས་དཔག་ཏུ་མེད་པ་མཛད་ཅིང་བར་དུ་གཅོད་པ་ཐམས་ཅད་བཟློག་པ་དང་དགྲ་བགེགས་ཚར་གཅོད་པའི་ཕྲིན་ལས་མཛད། །གཏོར་མའི་ལྷག་མ་མེ་དང་མཚོན་ཆའི་ཕུང་པོར་གྱུར་བས་གནོད་བྱེད་ཐམས་ཅད་གཏུབ་ཅིང་བསྲེགས་ནས་ཐལ་བ་ཙམ་ཡང་མ་ལུས་པར་བསམ་ལ། ཡི་དམ་གྱི་ང་རྒྱལ་བརྟན་པོས་ཤཱ་ས་ན་བརྗོད་ཅིང་གཏོར་རྩེ་ཕར་ལ་བསྟན་ནས་ཁ་སྦུབ་ཏུ་བཞག་ལ། ཐལ་མོ་བརྡབ་བོ། འདི་ནི་དུས་ཀྱང་དགོངས་ཐུན་གྱི་མཐར་བྱ་བ་ལེགས་སོ། །དེ་ནས་ནང་དུ་ལོག་ལ་མཆོད་པ་ཁ་གསོས་ཏེ་བྱིན་རླབས་བྱ། བླ་མ་ཡེ་ཤེས་མགོན་པོ་སོགས་ཀྱིས་ཕྱི་མཆོད། སྣོད་བཅུད་སྣང་བས་ནང་མཆོད། བདུད་རྩི་ལག་མཆོད་སྔགས་བཅས་ཀྱིས་གསང་མཆོད་ཕུལ། བསྟོད་པ་ཨོཾ་འགྲུབ་པར་གྱུར་ཅིག་སོགས་འཁོར་བསྟོད་རྒྱས་པའི་བར་མཐར་ཆགས་སུ་བཏང་། ཡིག་བརྒྱ་ཉེར་གཅིག་ལས་མི་ཉུང་བ་དང་བཟོད་གསོལ་བྱ། གསོལ་འདེབས་ཉེར་གཅིག་བརྗོད། ནམ་མཁའི་མགོན་པོ་འཁོར་བཅས་འབྲིས་འབུར་སོགས་རྟེན་ལ་དམིགས་ཏེ་བརྟན་བཞུགས་བྱ། དེ་ནས་རྟ་མགྲིན་གྱི་ཚོགས་བྱིན་རླབས་ནས་བརྩམས་བསྔོ་སྨོན་དང་བཀྲ་ཤིས་བཀའ་རྒྱ་མ་བརྗོད་པ་ཡན་དཀྱུས་ལྟར་བྱས་པས་གྲུབ་བོ།
།ད་ནི་དེ་དག་ལ་གལ་ཆེ་བའི་བསླབ་བྱ་རྣམས་བརྗོད་པར་བྱ་སྟེ། ཐོག་མར་སྒྲུབ་པ་པོ་རྣམས་དམ་ཚིག་གཙང་ཞིང་ནང་སེལ་མ་ཞུགས་པ་ཁོ་ན་དགོས། གཏོར་ཆེན་རྒྱུ་ལ་རང་དང་རྩ་བའི་གྲྭ་རིས་དང་སྦྱིན་བདག་དམ་སེལ་མེད་པ་མ་གཏོགས་པ་ཆོས་བརྒྱུད་ལ་སེལ་ཡོད་པ་དང་དམ་ཚིག་ལ་ཐེ་ཚོམ་ཡོད་པ་དང་གྲིབ་ཅན་སྡིག་ཅན་བསྟན་དགྲ་སོགས་ཀྱི་ཕྱེ་དང་ཆང་གཏན་ནས་མ་འདྲེས་པ་གལ་ཆེ། རང་གི་གཏོར་ཕྱེ་ལའང་མ་ཉམས་ཤིང་འབགས་པ་དང་། ཁ་རླངས་མཆིལ་སྣབས་དྲི་མ་ཕྲན་བུ་ཙམ་ཡང་མ་ཤོར་བ་དགོས། གཏོར་མའི་སྣོད་མ་ཁེངས་ན་དངོས་གྲུབ་འགྲུབ་དཀའ་ཞིང་ལོངས་སྤྱོད་ལ་གནོད། སྣོད་ལས་ཕྱིར་ཐལ་ན་འཁོར་དང་རྟ་ཕྱུག་ལ་གཟན་པས་ལེགས་པར་ཁེངས་ཤིང་མ་ཐལ་བ་བྱ། །གཏོར་མ་ནང་མཆོད་སྤྱན་གཟིགས་རྣམས་ཐོག་མར་བྱིན་གྱིས་བརླབས་པ་ནས་ཞག་གྲངས་རྫོགས་པའི་མཇུག་གི་བཀྲ་ཤིས་མ་ཚར་བར་ཕྱགས་བདར་མི་བྱེད། གདན་མི་བསྒུལ། སྒྲུབ་རྫས་ཆེ་ཕྲ་གང་ཡང་ཕྱིར་མི་འདོན། ནང་མཆོད་ཀྱི་ཀ་པཱ་ལ་དང་གཏོར་ཆེན་བསྒུལ་བསྐྱོད་གཏན་ནས་མི་བྱེད། སྒྲུབ་པ་པོ་རྣམས་ཁ་ཤག་དང་རྩོད་འཛིངས་མི་བྱེད། གཏོར་སྒྲུབ་དེ་ལ་གཏོགས་ཚད་གནས་ཁང་གཞན་ཏུ་མི་ཉལ། གྲིབ་ཅན་གྱི་ཟས་མི་ཟ། མི་ངོ་གསར་པ་སུ་དང་མི་འཕྲད། ཆོ་ག་སླ་ཆོས་སུ་མ་སོང་ཞིང་བླ་མ་མགོན་པོ་དབྱེར་མེད་ལ་ཡིད་ཆེས་མོས་གུས་དད་པ་དྲག་པོ་རྒྱུན་མ་ཆད་པ་བྱ། དེའི་རིང་ཆོས་སྐྱོང་གཞན་ལ་གཏོར་མ་མི་བསྔོ། སྔགས་རྒྱུན་པ་རྣམས་གཏོར་མའི་དྲུང་མ་གཏོགས་པ་གཞན་ཏུ་སྔགས་མི་བཟླ། ཐོག་མར་བསྙེན་རྒྱུན་ཚུགས་ནས་ཞག་གྲངས་རྫོགས་པའི་ཐུན་ཐ་མའི་གཏོར་འབུལ་གྲུབ་ཀྱི་བར་དུ་སྔགས་སྒྲ་ཉིན་མཚན་གཉིས་ཀར་སྐད་ཅིག་ཀྱང་མ་ཆད་པ་བྱ་དགོས། གཏོར་མ་ཆེ་བ་ནི་སྒྲུབ་པ་པོ་དམ་ཚིག་གཙང་ཞིང་ཆོས་སྐྱོང་གཅིག་པ་ཁོ་ནས་དངོས་གྲུབ་ཏུ་དམིགས་ནས་ཁ་ཟས་སུ་ལོངས་སྤྱོད་པ་ལས། གཞན་མི་དང་མི་མ་ཡིན་པ་སུ་ལའང་སྦྱིན་པར་མི་བྱ་སྟེ། བྱིན་ན་དངོས་གྲུབ་ཉམས་ཤིང་བར་ཆད་འབྱུང་བར་གསུངས། གཞན་ཡང་ནག་པོ་ཆེན་པོའི་སྤྱིའི་དམ་ཚིག་བྱ་ནག་ཁྱི་ནག་ལ་རྡོ་མི་རྡེག་པ་སོགས་གཞུང་ནས་ཇི་སྐད་བཤད་པ་རྣམས་ཀྱང་སྤང་བླང་ཚུལ་བཞིན་བྱ་བ་གལ་ཆེ་ཡི། དམ་ཚིག་ལས་འགལ་ན་བར་ཆད་འབྱུང་བ་སོགས་འདོད་པའི་དོན་ལས་ཕྱིན་ཅི་ལོག་ཏུ་འགྱུར་བས་རེ་བའི་འབྲས་བུ་ཅུང་ཟད་ཙམ་ཡང་འབྱུང་བ་མ་ཡིན་ཅིང་། དམ་ཚིག་རྣམས་ཚུལ་བཞིན་བསྲུང་ན་ཇི་ལྟར་འདོད་པའི་དངོས་གྲུབ་ཐམས་ཅད་བདེ་བླག་ཏུ་འབྱུང་བ་ཆོས་ཉིད་ཡིན་ནོ། །འདི་དག་གི་སྐབས་སུ་ཉེ་བར་མཁོ་བ་དགྲ་བོ་བྱད་མ་ལ་སོགས་པའི་གཏོར་ཕྱེ་ཆང་ཕུད། བཟའ་བཏུང་སོགས་བསྲེ་བ་དང་ལོངས་མི་སྤྱད་ཀ་མེད་བྱུང་བ་དང་དགྲ་ལ་ལྷན་ཅིག་སྡོད་དགོས་པ་བྱུང་ན། དགྲ་བོ་ཚོགས་སུ་ཟ་བ། བཟའ་བཏུང་གིས་ཚར་གཅད་པ། བྱད་ཤ་སྤགས་པའི་མན་ངག་ཞལ་ཤེས་དང་བཅས་པ་ནི་གཞན་ཏུ་ཤེས་པར་བྱ་དགོས་སོ།
།གསོལ་བ་བཏབ་པ་ཙམ་གྱིས་བྱིན་གྱིས་རློབས། །མཆོད་གཏོར་ཕུལ་བས་དངོས་གྲུབ་ཐོགས་མེད་རྩོལ། །བླ་མ་ཡི་དམ་ཆོས་སྐྱོང་མ་ལུས་པ། །གཅིག་ཆོག་མྱུར་མཛད་མགོན་པོའི་མན་ངག་ལས། །བྱ་སླ་ཚེགས་ཆུང་གཏོར་མ་ལ་བརྟེན་ནས། །སྒྲུབ་པའི་ལག་ལེན་འཁྲུལ་མེད་བཀོད་པ་འདི། །ལག་ཏུ་བླངས་ཚད་གྲུབ་གཉིས་ཐོགས་མེད་འགྲུབ། །བླ་མ་མགོན་པོས་རྗེས་སུ་འཛིན་གྱུར་ཅིག
།ཅེས་པའང་རང་གནས་ཙཱ་འདྲ་རིན་ཆེན་བྲག་གི་སྒྲུབ་པའི་སྡེ་ལ་ཉེ་བར་མཁོ་བས་མཚམས་སྦྱར་ཏེ། མུས་ཆེན་ནམ་མཁའི་རྣལ་འབྱོར་ནས་བརྒྱུད་པའི་ལག་ལེན་ཁུངས་བཙུན་པའི་ཡིག་ཆ་ཅུང་ཟད་འཐོར་བ་དག་ལས་སྙིང་པོར་ཕྱུངས་ཏེ་བཀོད་པ་པོ་ནི་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་བློ་གྲོས་མཐའ་ཡས་པའི་སྡེའོ།། །།