Ni gu chos drug gdan thog gcig ma

From Shangpa Resource Center
Revision as of 15:18, 20 January 2020 by Sengue (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)








Resource ID SCv7p497
Title ni gu chos drug gdan thog gcig ma mkhas grub ngag dbang chos grags kyis mdzad pa
Topics Six doctrines of Niguma
Sub-Topics gdan thog gcig ma
Author Ngawang Chödrak
Link BDRC W23922
BDRC W23922
BDRC W23917 (p. 387)
BDRC W1KG4284

༄༅། །ནི་གུ་ཆོས་དྲུག་གདན་ཐོག་གཅིག་མ་མཁས་གྲུབ་ངག་དབང་ཆོས་གྲགས་ཀྱིས་མཛད་པ་བཞུགས་སོ།།

ཌ་ཀྐིའི་སྡེ་དཔོན་འཆི་མེད་རིག་འཛིན་བརྙེས། །ས་སྟེང་འགྲོ་འདིར་མཁའ་འགྲོ་ནི་གུར་གྲགས། །ཁྱབ་བདག་རྒྱལ་དབང་མཆོག་དང་མ་གཉིས་པའི། །རྣལ་འབྱོར་དབང་མོ་གང་དེས་བདག་ལ་སྐྱོངས། །འགྲན་བྲལ་གྲུབ་མཆོག་ཐང་སྟོང་རྒྱལ་པོ་དང་། །ཐུགས་སྲས་བརྒྱུད་འཛིན་བློ་གྲོས་རྒྱལ་མཚན་དཔལ། །འཇིག་རྟེན་མིག་གྱུར་འགྱུར་མེད་བདེ་ཆེན་ལ། །བྱང་ཆུབ་བར་དུ་འདུད་དོ་ཐུགས་རྗེས་སྐྱོངས། །རྣམ་འདྲེན་མཆོག་གི་གསུང་གི་བདུད་རྩིའི་རྒྱུན། །རང་གི་ཡིད་ལ་ཡུན་རིང་བསྒོམ་པའི་དོན། །རྒྱུན་གྱི་ཉམས་ལེན་སྙིང་པོར་གནད་དྲིལ་ཏེ། །སྐལ་ལྡན་སློབ་མའི་དོན་དུ་འདིར་འགོད་བྱ།
།མདུན་གྱི་ནམ་མཁར་སེང་གེས་བཏེག་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ་སྣ་ཚོགས་པདྨ་ཟླ་བ་ཉི་མའི་གདན་ལ་རྩ་བའི་བླ་མ་རྡོ་རྗེ་འཆང་གི་རྣམ་པ་སྐུ་མདོག་དག་བྱེད་ཨའི་སྟོང་ར་དང་འབྲེལ་བ་སྐབས་འདིར་དཀར་པོ། ཐབས་ལམ་མན་ཕལ་ཆེར་སྔོན་པོ་བྱ། བྱིན་རླབས་ཀྱི་གཟི་འོད་འབར་བ་ལ་ནི་གུ་བརྒྱུད་པའི་བླ་མ་རྣམས་དང་། སངས་རྒྱས་བྱང་སེམས་ཀྱི་ཚོགས་ཀྱིས་བསྐོར་བ་མངོན་སུམ་ལྟ་བུར་བསམ་ནས། བདག་དང་སེམས་ཅན་ཐམས་ཅད་སྒོ་གསུམ་གུས་པའི་སྒོ་ནས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བར་བསམས་ལ། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ། །ཞེས་པ་ཉེར་གཅིག་གམ་བརྒྱ་རྩ་ལ་སོགས་པ་ཇི་ལྟར་རིགས་པ་དང་། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ཞེས་སོགས་ཚད་མེད་བསྒོམ། བླ་མ་སངས་རྒྱས་རིན་པོ་ཆེ་ལ་གསོལ་བ་འདེབས་སོ་ཞེས་པ་ཚར་ཅི་མང་དང་། སྤྲོ་ན། སངས་རྒྱས་རྡོ་རྗེ་འཆང་ཆེན་ལ་གསོལ་བ་འདེབས་སོ་ཞེས་པ་ནས། དྲིན་ཅན་རྩ་བའི་བླ་མ་ལ་གསོལ་བ་འདེབས་སོ་ཞེས་པའི་བར་དཀྱུས་མ་བཞིན་དང་། རེས་འགའ་གདངས་དང་བཅས་བརྒྱུད་འདེབས་ཀྱང་བྱ།
བླ་མ་རིན་པོ་ཆེ་བདག་གི་ནད་གདོན་ཞི་བར་མཛད་དུ་གསོལ། སྡིག་སྒྲིབ་འདག་པར་མཛད་༴། ཏིང་ངེ་འཛིན་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་པ་འདི་ཚར་གཅིག་གམ་གསུམ་གང་རུང་དུ་ངེས་པར་བྱ།
ཡང་བླ་མ་རིན་པོ་ཆེ་བདག་ལ་ཏིང་ངེ་འཛིན་གྱི་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས།
བླ་མའི་དཔྲལ་བའི་ཨོཾ་ལས་འོད་ཟེར་དཀར་པོ་འཕྲོས། བདག་གི་དཔྲལ་བར་ཐིམ་པས་ལུས་ཀྱི་སྡིག་སྒྲིབ་དག །བུམ་དབང་ཐོབ་སྐུའི་བྱིན་རླབས་ཞུགས། མགྲིན་པའི་ཨཱཿདང་ཐུགས་ཀའི་ཧཱུྃ་ལས་གསང་དང་ཤེས་རབ་དབང་སྔར་བཞིན། བླ་མ་བརྒྱུད་པ་དང་བཅས་པ་དང་སངས་རྒྱས་བྱང་སེམས་རྣམས་འོད་དུ་ཞུ་ནས་བདག་གི་ལུས་ངག་ཡིད་གསུམ་ལ་ཐིམ་པས་སྒོ་གསུམ་གྱི་སྡིག་སྒྲིབ་དག །དབང་བཞི་པ་ཐོབ། སྐུ་བཞིའི་རྟོགས་པ་སྔོན་དུ་བྱས་པ་ཡིན་སྙམ་དུ་བསམ། དེ་ནས་རང་གི་ཐོད་པ་དུང་ཁང་གི་ནང་དུ་ཀླད་པ་རྣམས་ཡེ་མི་དམིགས་པར་ཆོས་འབྱུང་གི་རྣམ་པ་ཅན། རྩ་བ་ཕྲ་བ་མགྲིན་པར་ཟུག་པ། ཟུར་གཅིག་སྨིན་མཚམས་དང་། ཟུར་གཉིས་རྣ་ལྟག་གཡས་གཡོན་གྱི་གོང་ཙམ་དུ་བསྟན་པ་ཕྱི་དཀར་ལ་ནང་དམར་བ་སྟོང་སེང་ངེ་བ་དེའི་ནང་དུ་སེམས་ཀྱི་ངོ་བོ་ཨ་དཀར་པོ་ཨའི་སྒྲ་སྒྲོག་བཞིན་གཅིག་བསམ། ཨ་ཨ་ཞེས་བརྗོད་པས། ཨ་ལས་བདུད་རྩིའི་རྒྱུན་དཀར་ལ་དྭངས་པ་བྱུང་། ཆོས་འབྱུང་གི་ནང་ཁེངས་པས་ཁ་ནས་ལུད། ལུས་ཀྱི་ཕྱི་ནང་ཐམས་ཅད་བཀྲུས་པས་ལུས་ཀྱི་བཤང་གཅིའི་ལམ་དང་། བ་སྤུའི་བུ་ག་ནས་ནད་གདོན་སྡིག་སྒྲིབ་ཐམས་ཅད་ནག་བུན་བུན་ཐོན་འགྲོ་བར་བསམས་ལ་ཨ་བརྒྱ་སྟོང་ལ་སོགས་པ་བཟླ། མཐར་ཨ་ཉིད་ཀྱང་བདུད་རྩིར་ཞུ་སྟེ་ལུས་ཀྱི་ནང་ཐམས་ཅད་གང་བར་བསམ།
རང་གི་སྤྱི་བོར་བླ་མ་རྡོ་རྗེ་འཆང་བསྒོམས་ལ། བླ་མ་རིན་པོ་ཆེ་བདག་ལ་བདེ་དྲོད་ཀྱི་ཏིང་ངེ་འཛིན་སྐྱེ་བར་མཛད་དུ་གསོལ། བདག་ལ་བདེ་སྟོང་གི་ཡེ་ཤེས་སྐྱེ་བར་༴། ཞེས་གསོལ་བ་བཏབ། སྤྲོ་ན་དབང་བཞི་བླང་། དེ་མིན་རང་ལ་སྟིམ། དེ་ནས་རང་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ་གྲི་གུག་དང་ཐོད་ཁྲག་འཛིན་པ། ཐོད་སྐམ་ལྔའི་དབུ་རྒྱན་དང་། ལྔ་བཅུའི་དོ་ཤལ། རུས་པའི་རྒྱན་ཆ་ལྔ་དང་ལྡན་པར་གསལ་བའི་ལུས་གནད་ཙོག་བུ་ལ་མེ་ཐབ་དྲུག་ཆིངས་ཀྱི་ཕྱག་རྒྱ་བྱས་ལ། ལུས་ཀྱི་ནང་ཐམས་ཅད་རྫ་གསར་མེས་བསྲེགས་པ་ལྟ་བུ་ཁོག་སྟོང་དེའི་ལྟེ་བ་ནས་བཟུང་། རྩ་དབུ་མ་ཁ་དོག་དམར་གསལ་སྦོམ་ཕྲ་སྦ་ལྕག་འབྲིང་པོ་ཙམ་གཡས་ན་ཡར་རོ་མ་དམར་མོ། གཡོན་ན་ཡར་རྐྱང་མ་དཀར་མོ་གཉིས་ཀྱང་གྲོ་སོག་འབྲིང་པོ་ཙམ། རྩ་གསུམ་གྱི་ཡས་སྣེ་སྤྱི་གཙུག་ཏུ་ཟུག་པའི་ཡས་སྣེར་ཧཾ་དཀར་པོ་མགོ་ཐུར་བསྟན་ཁམས་དྭངས་མས་གང་བ་དབུ་མའི་མས་སྣེར་ཉི་མའི་དལ་སྲན་མ་ཕྱེད་ཀས་ཙམ་གྱི་སྟེང་དུ་རཾ་ལས་མེ་གླ་བའི་རིལ་མ་ཙམ་རིལ་བ་ཅིག་བསྒོམ། སུམ་མདོའི་མེ་དང་། བཤང་སྒོར་རླུང་གི་དལ་གཞུའི་དབྱིབས་ཅན་ཡང་གསལ་བཏབ་ནས་རླུང་རོ་རྣམས་ཕྱིར་སོང་བ་ཅིག་བུས། འོག་སྒོ་ཕྱེ་ནས་གྱེན་དུ་བསྐྱོད་ཙམ་བྱས་པས་སུམ་མདོའི་མེ་སྦར་སྟེ། དབུ་མའི་མས་སྣེའི་ཉི་མ་དང་མེ་གླ་བའི་རིལ་མ་ཙམ་ལ་ཐུག་པས། མེ་དེ་ལས་མེ་ལྕེ་ཕྲ་མོ་ཅིག་དབུ་མའི་ནང་ནས་ཡར་སོང་། རྩེ་མོ་སྙིང་གར་སླེབས་པས་དེའི་དྲོད་ཀྱིས་སྤྱི་གཙུག་གི་ཧཾ་ལས་བདུད་རྩིའི་རྒྱུན་ཐིག་ལེ་བྱུང་སྟེ། དབུ་མའི་ནང་བརྒྱུད་སྙིང་གི་མེ་ལྕེའི་རྩེ་མོར་སོར་སྒྲ་དང་བཅས་ཏེ་བབས་པར་བསམ། རླུང་བུམ་པ་ཅན་བཟུང་མི་ཐུབ་ན་དལ་བུས་བཏང་། གཏུམ་མོའི་དམིགས་པ་རྒྱུན་དུ་འདི་ཙམ་གྱིས་ཆོག་ལ། དགུན་གྲང་བའི་དུས་སུ་ལུས་གནད་སྔར་བཞིན་ལ། རྗེ་བཙུན་མར་གསལ་བའི་སྐུ་ལུས་ཀྱི་ནང་ཁོག་པ་སྟོང་རྫ་གསར་པ་མེས་བསྲེག་པ་ལྟར། ཁ་དོག་དམར་ལ་རེག་བྱ་ཚ་བ་སྟོང་སང་ངེ་བ་དེའི་ལྟེ་བ་དང་། ལྟེ་བའི་གཡས་གཡོན་མཁལ་ཁུང་གཉིས་དང་། ལྟེ་བའི་རྒྱབ་ཀྱི་ཐད་ཀྱི་སྒལ་ཚིགས་པ་དང་བཞིར་མེ་དམར་རིལ་བ་ཆེ་ཆུང་བྱའི་སྒོ་ང་ཙམ་དྲོད་ཀྱི་རང་བཞིན་འབར་ལ་ཁད་པ་རེ་བསྒོམས་ལ་རླུང་བུམ་ཅན་བཟུང་། རླུང་མ་བཏང་གི་བར་ལ་དམིགས་པ་རྩེ་གཅིག་ཏུ་གཏད།
ཡང་སྤྱི་བོར་པད་ཟླའི་སྟེང་དུ་བླ་མ་རྡོ་རྗེ་འཆང་བྱིན་རླབས་ཀྱི་གཟི་འོད་འབར་བ་བསྒོམས་ལ། བླ་མ་རིན་པོ་ཆེ་བདག་འཛིན་བློས་མཐོང་པར་མཛད་དུ་གསོལ། །དགོས་མེད་རྒྱུད་ལ་སྐྱེ་བར་༴། །སྒྱུ་ལུས་རྨི་ལམ་འབྱོངས་པར་༴ ཞེས་གསོལ་བ་བཏབ། བླ་མ་རང་ལ་བསྟིམ་པས་རང་ཉིད་བདེ་མཆོག་ལྷན་སྐྱེས་སྐུ་མདོག་དཀར་པོ་ཕྱག་གཉིས་ཀྱི་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་ནས་འཛིན་པ། རལ་པའི་ཐོར་ཅོག་དང་། རུས་པའི་རྒྱན་ཆ་དྲུག་དང་ལྡན་པ། ཞབས་གཡས་བརྐྱང་གཡོན་བསྐུམ་པ་སྣང་ལ་རང་བཞིན་མེད་པའི་སྐུ་ཅན་དུ་གྱུར། དེ་ལ་སེམས་ཅུང་ཟད་གཏད་ལ། སྐུ་མདོག་ཕྱག་མཚན། རྒྱན་ཆ་ལུགས་རྣམ་པ་བཞུགས་ཚུལ་དང་ལྡན་པ་འདི་རང་གི་བློས་བཀོད་པ་མ་གཏོགས། ཕྱི་རོལ་ན་དོན་ལོགས་སུ་གྲུབ་པ་གཅིག་ཀྱང་མེད། སྣང་ནི་སྣང་། བདེན་ནི་མི་བདེན་སྒྱུ་མ་ཡིན་སྙམ་དུ་བསམ། དེ་བཞིན་དུ་ཕྱི་རོལ་གྱི་དགྲ་སྡང་བ། གཉེན་བྱམས་པ། རང་ཕྱོགས་གཞན་ཕྱོགས་རི་རྡོ་ཁང་པ། རྩི་ཤིང་ནགས་ཚལ་ལ་སོགས་པ་འདི་རྣམས་རང་གི་བློས་བཀོད་པ་མ་གཏོགས་ཕྱི་རོལ་ཏུ་དོན་ལོགས་སུ་གྲུབ་པ་གཅིག་ཀྱང་མེད། སྣང་ནི་སྣང་བདེན་ནི་མི་བདེན་རྨི་ལམ་ཡིན་སྒྱུ་མ་ཡིན་སྙམ་དུ་བསྒོམ། ཡང་རང་གི་ལྟེ་འོག་ཏུ་ཆོས་འབྱུང་ཕྱི་དཀར་ལ་ནང་དམར་བ་རྩ་བ་ཕྲ་བ་གསང་གནས་སུ་ཟུག་པ། གདེངས་ཁ་ཆེ་ལ་གྱེན་ལ་བསྟན་པ། རྒྱ་ཁྱོན་དང་ལྡན་པ་ཞིག་བསྒོམ། དེའི་ནང་དུ་འོག་ཏུ་དམྱལ་བ་ནས་བཟུང་རིགས་དྲུག་གི་སེམས་ཅན་ཐམས་ཅད་མས་རིམ་བཞིན་དུ་གནས་པ་རང་རང་གི་བདེ་སྡུག་གི་སྣ་ཚོགས་ལ་ལོངས་སྤྱོད་པའི་རྫི་བིར་བིར་གཅིག་བསམ་ལ། ཨ་འདི་ཐམས་ཅད་ནི་སྣང་ནི་སྣང་བདེན་ནི་མི་བདེན། རྨི་ལམ་ཡིན་སྒྱུ་མ་ཡིན་སྙམ་དུ་བསམ། སྒྱུ་མའི་དམིགས་པ་རྒྱུན་དུ་འདི་ཙམ་གྱིས་ཆོག །སྐབས་སུ་རང་ལ་གནོད་པའི་གདོན་རྣམས་བཀུག་ལ། འོག་ནས་རླུང་རྩ་ཐེན་ཙམ་བྱས་པས། རླུང་དང་བསྡོངས་ནས་ཆོས་འབྱུང་གི་ནང་དུ་བཅུག་ནས་སྒྱུ་མར་བསྒོམ་པས། གནོད་བྱེད་དེའི་གདུག་རྩུབ་དང་དེའི་སྡིག་སྒྲིབ་ཞི་ནས་བདེན་མེད་དུ་ཆམ་སོང་བར་བསམ། ཡང་རླུང་དང་བསྡོངས་ནས་ཕྱིར་བཏོན་ལ་གཏོར་མའམ་ཆངས་བུ་གཅིག་སྦྱིན་ལ་བུ་ལོན་ཁྱེར་ལན་ཆགས་བྱང་བར་གྱུར་ཅིག །ཅེས་སྨོན་ལམ་བཏབ་ལ་ཕྱིའི་རྒྱ་མཚོའི་མཐར་སོང་བར་བསམ།
ཡང་འདི་ལྟར་བསམ་སྟེ། སྔར་སྐྱེས་ཟིན་པའི་སེམས་ཅན་ལ་མ་ཤི་བ་གཅིག་ཀྱང་མེད། མ་འོངས་པ་ན་སྐྱེས་པ་ཐམས་ཅད་འཆི་བར་འགྱུར། ད་ལྟ་སྐྱེས་ནས་ས་སྟེང་ན་གནས་པ་ཐམས་ཅད་ཀྱང་ངེས་པར་འཆི་བས་བདག་ཀྱང་མྱུར་དུ་འཆི། གང་གིས་ཀྱང་དགོས་པ་མེད་ཅི་བྱེད་སྙམ་དང་། རང་ལས་རྒན་པ་དང་། གཞོན་པ་ན་ཟླ་ཁྱིམ་མཚེས། རྒྱལ་ཁམས་ཀྱི་མི་ཐམས་ཅད་ཤི་ནས་མེད་པར་འགྲོ་བ་ཡིན། ཚེ་འདིའི་བྱ་བ་ཅི་བྱེད་དོན་མི་འདུག །ཆོས་རྣམ་དག་ཅིག་བྱའོ་སྙམ་པ་སྙིང་གི་དཀྱིལ་དུ་བསྒོམས་ལ། རང་གི་སྤྱི་བོར་པད་ཟླའི་གདན་ལ་བླ་མ་རྡོ་རྗེ་འཆང་འོད་དཔག་མེད་སྐུ་མདོག་དམར་པོ་ཕྱག་གཡས་པདྨ་དང་། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་ཐུགས་ཀར་བསྣོལ་ནས་འཛིན་པ་བྱིན་རླབས་ཀྱི་གཟི་འོད་འབར་བ་ཅིག་བསྒོམས་ལ་ཁྱེད་ཤེས་ཁྱེད་མཁྱེན་སྙམ་པ་དང་། བླ་མ་རིན་པོ་ཆེ་བདག་འཛིན་བློས་ཐོངས་པར་མཛད་དུ་གསོལ། དགོས་མེད་རྒྱུད་ལ་སྐྱེ་བར་༴ རྨི་ལམ་ཟིན་པར་༴ ཅེས་གསོལ་བ་བཏབ་བླ་མ་རང་ལ་བསྟིམ། རང་བདེ་མཆོག་ལྷན་སྐྱེས་སྔར་བཞིན་དུ་གྱུར་པའི་སྤྱི་བོར་ནས་ཐིག་ལེ་དཀར་པོ་སྲན་མ་གཅིག་བྱུང་། དབུ་མའི་ནང་བརྒྱུད་སྙིང་གར་སླེབས། གསང་གནས་ནས་ཡར་ཐིག་ལེ་དམར་པོ་ཅིག་བྱུང་། སྙིང་གར་སླེབས་དེར་ཐིག་ལེ་གཉིས་པོ་གཡས་ཕྱོགས་སུ་ཁྲ་འཁོར་བ་འགྲོས་འདེད་ཀྱིས་འཁོར་བ་སེམས་གཏད། འདི་རྨི་ལམ་ཡིན། སྒྱུ་མ་ཡིན་སྙམ་པ་དང་། མཐར་དེ་གཉིས་གཅིག་ཏུ་འདྲེས་ཏེ་འཁོར་བས་ཇེ་ཕྲ་ཇེ་ཕྲ་ལ་རང་ཡལ་དུ་སོང་བར་བསམས་ལ་འཛིན་མེད་དུ་བཞག །ཉིན་མོ་ཡང་རྒྱུན་གྱི་ཆག་མེད་དུ་བསྒོམ། ཁྱད་པར་ཐོ་རངས་གཉིད་སད་མཚམས་ལ་བླ་མ་ལ་གསོལ་བ་དྲག་ཏུ་བཏབ་ཅིང་། འདི་བསྒོམས་ལ་གཉིད་ཐུམ་ཆུང་ངུ་རེ་ལོག་ལ། ཡང་སད་པ་ན་སྔར་བཞིན་གཉིད་འཕྲན་བུ་བཀུག །དེ་ལྟར་ཡང་བྱས་པ་རྨི་ལམ་ཟིན་ནོ། །དེ་ནས་རང་རང་གི་གནས་ཁང་དང་གྲོགས་པོ་ཀུན་ཀྱང་རྨི་ལམ་ཡིན། སྒྱུ་མ་ཡིན་སྙམ་པ་དང་། ང་གཉིད་དུ་སོང་རྨི་ལམ་གང་སྦྱངས་སྦྱངས་ཡིན་བསམ་པའི་ཡིད་ཀྱིས་རང་གི་ལུས་དེ་མཁར་གྱི་རྩེར་ཕྱིན་ལ་གཡང་ལ་ཆེད་བཏང་བ་ལ་བར་སྣང་ལ་ཡལ་སོང་བ་བསྒོམས། འདི་རྨི་ལམ་ཡིན་སྙམ་དུ་བསམ། ཡང་སྣང་བ་འདི་རྨི་ལམ་གྱི་སྣང་བར་འདུག །ལུས་འདི་ཡིད་ཀྱི་ལུས་སུ་འདུག །རྨི་ལམ་དང་ཡིད་ལུས་ལ་གང་སྦྱངས་སྦྱངས་ཡིན་བདེན་པར་གྲུབ་པ་མེད་སྙམ་དུ་བསམ་ལ། གྱང་དང་རི་ལ་སོགས་ལ་ལུས་འདི་ཕར་ཐལ་ཚུལ་ཐལ་དུ་སྦྱངས་ཡང་སྣང་བ་འདི་ལམ་དུ་འདུག །རྨི་ལམ་ཇི་ལྟར་སྤེལ་སྤེལ་དང་། གང་སྤྲུལ་སྤྲུལ་ཡིན་སྙམ་དུ་བསམས་ལ་རང་གི་གནས་ཁང་དེའམ། མདུན་དུ་སྣང་བའི་དངོས་པོ་གང་མཐོང་བ་གཅིག་ལ་བཅུ། བཅུ་ལ་བརྒྱ་ལ་སོགས་པ་སྤེལ་ལ་འདི་རྨི་ལམ་ཡིན་སྙམ་དུ་བསྒོམ། དེ་བཞིན་དུ་བྱི་བ་འདུལ་བ་ལ་རང་བྱི་ལ་དང་། ཁྱི་ལ་སྤྱང་ཀི །སྤྱང་ཀི་ལ་སྟག །སྟག་ལ་སེངྒེ། མི་འདུལ་བ་ལ་སྲིན་པོ་ལ་སོགས་པར་བློས་སྤྲུལ་ཞིང་སྤེལ་ནས་དེད་པ་དང་། ཟ་བ་ལ་སོགས་པ་བྱེད་ཅིང་རྨི་ལམ་ཡིན་སྙམ་དུ་བསམ། དེ་བཞིན་དུ་ཀླུ་འདུལ་བ་ལ་ཁྱུང་། རྒྱལ་པོ་འདུལ་བ་ལ་རྟ་མགྲིན། ཀླུ་བདུད་དང་ཀླུ་སྲིན་ལ་སྤྱན་རས་གཟིགས་སེངྒེ་སྒྲ། སྲིན་པོ་དང་གནོད་སྦྱིན་ལ་སོགས་པ་ལ་རང་ཕྱག་ན་རྡོ་རྗེ་ལ་སོགས་པར་བློས་སྤྲུལ་ཞིང་། སྤེལ་ནས་ཕྱག་མཚན་གྱིས་ལུས་དུམ་བུར་གཏུབ་ཅིང་ཚར་བཅད་པས། ཁོའི་སྲོག་སྔགས་ཕུལ་བར་བསམ་ལ། འདུལ་བྱ་འདུལ་བྱེད་ཐམས་ཅད་སེམས་སྣང་རྨི་ལམ་གྱི་རོལ་རྩེད་དུ་འདུག་སྙམ་བསྒོམ། སྦྱང་སྤེལ་འདི་རྣམས་ནི་གདན་ཐོག་གཅིག་ཏུ་ཐུན་གྱི་ཉམས་ལེན་ལ་འཆག་མེད་དང་། འགྲོ་འཆག་བཟའ་བཏུང་ལ་སོགས་པའི་གནས་སྐབས་ཀུན་ཏུ་ཡང་དྲན་པའི་རྩིས་ཟིན་པར་བྱས་ལ་ཡང་ཡང་བསྒོམ། གཉིད་དུས་རྨི་ལམ་ཟིན་པ་ན་ལས་དང་པོ་པས་དེ་མ་ཐག་སྦྱོང་སྤེལ་གྱི་བརྩོལ་རྩོལ་མི་བྱ་བར། ཨ་འདི་རྨི་ལམ་དུ་འདུག་ཆོས་ཐམས་ཅད་འདི་དང་འདྲ། རྨི་ལམ་གྱི་སྣང་བ་ལ་བདེན་པར་མ་གྲུབ་པས་བདེ་སྡུག་དང་ཆགས་སྡང་བྱེད་པ་རང་འཁྲུལ་པ་ཡིན་སྙམ་པ་དང་། དེའི་ངང་ནས་སད་འབྱམས་དང་འཁྲུལ་འབྱམས་སུ་མ་ཤོར་ན། རང་གང་ཉམས་ལེན་བྱེད་པའི་ཡི་དམ་གྱི་ལྷའི་སྐུ་ཅིག་ཏུ་གསལ་ལམ་གྱི་བསྒོམས་ལ། ཞལ་ཕྱག་རྣམས་གསལ་ཨེ་ཐེབས་བལྟ། རྨི་ལམ་དུ་རང་ལྷར་སྒོམ་ཐུབ་ན་བར་དོར་ལྷ་སྐུ་འཚང་རྒྱ་བའི་༼ནི་གུ་མས་སྒྱུ་མ་ལམ་རིམ་ལས། རྨི་ལམ་ཟིན་ནས་ལྷ་ཡི་སྐུ། རང་ཤར་ཡུད་ཙམ་བྱུང་གྱུར་ན། །བར་དོ་ཟིན་པར་ཐེ་ཚོམ་མེད། ཅེས་གསུངས་སོ།༽ས་བོན་ཐེབས་པ་ཡིན་པས་འདི་ཕན་ཡོན་ཆེ་བར་བཤད། རྨི་ལམ་རྒྱུན་དུ་ཡང་ཡང་ཟིན་ཅིང་ཅུང་ཟད་བརྟན་པར་གྱུར་ན་ཉིན་མོ་བསྒོམས་པའི་རྨི་ལམ་སྦྱོང་སྤེལ་ལ་སོགས་པ་རྨི་ལམ་ཟིན་པའི་དུས་དེར་ཡང་བྱ་ཞིང་། ཡུལ་སྣང་བལྟ་བ་ཇི་ལྟར་འཚམ་པར་བྱའོ། །རྨི་ལམ་ཟིན་ནས་གཉིད་སད་པ་དང་སྔར་གྱི་རྨི་ལམ་གྱི་སྣང་བ་དང་སད་པའི་སྣང་བ་གཉིས་ཁྱད་པར་མི་འདུག །གཉིས་ཀ་རང་གི་སེམས་སྣང་ཡིན་པར་ནི་མཚུངས། རྨི་ལམ་གྱི་སྣང་བ་ནི་རྒྱུ་གཉིད་ཀྱིས་བསླད་པའི་བག་ཆགས་འཁྲུལ་པ་ཡིན། སད་པའི་གནས་སྐབས་ཀྱི་སྣང་བ་ནི། རྒྱུ་ཐོག་མ་མེད་པའི་ནས་བག་ཆགས་ཀྱིས་བསླད་པའི་སེམས་ཉིད་གཟུང་འཛིན་གྱི་འཁྲུལ་པ་ཡིན། འབྲས་བུ་ཡང་གཉིས་ཀས་ཆགས་སྡང་བདེ་སྡུག་སྐྱེད་པའི་དོན་བྱེད་ནུས་པར་མཚུངས་པས་ཁྱད་པར་ཅི་ཡང་མི་འདུག་སྙམ་དུ་ད་ལྟར་གྱི་སྣང་བ་ཐམས་ཅད་དང་བསྲེས་ནས་བཞག །ནི་གུ་མས། གཉིད་ལོག་སད་པར་གྱུར་པ་དེས། སྔར་གྱི་རྨི་ལམ་ཟིན་པ་དང་། །སད་པའི་འཁྲུལ་སྣང་ཁྱད་མེད་བསྒོམ། །ཞེས་གསུངས་སོ།
༈ བཞི་པ་འོད་གསལ་ནི། སྔར་གྱི་སྦྱོང་སྤེལ་གྱི་རྗེས་དེ་མ་ཐག་རང་གི་སྤྱི་བོར་པད་ཟླའི་གདན་ལ་བླ་མ་རྡོ་རྗེ་འཆང་སྔར་བཞིན་བསྒོམས་ལ། སྐྱབས་གནས་བསྟིམ། སྐུ་བཞི་ཡེ་ཤེས་ལྔ་དང་ལྡན་པ་བྱིན་རླབས་ཀྱི་བདག་ཉིད་ཡིན་སྙམ་དུ་བསམ་ནས། བསྟོད་པ་དང་གསོལ་བཏབ་ཅི་ནུས་དང་། བླ་མ་རིན་པོ་ཆེ་བདག་འཛིན་བློས་མཐོང་པར་མཛད་དུ་གསོལ། །དགོས་མེད་༴། འོད་གསལ་འབྱོངས་པར་༴། ཞེས་གསོལ་བ་བཏབ་ལ་དབང་བཞི་བླང་པ་འམ་ཡང་ན་རང་ལ་སྟིམ་པ་ཙམ་བྱ། རང་བདེ་མཆོག་ལྷན་སྐྱེས་སྔར་བཞིན་དུ་གསལ་བའི་གསང་གནས་ནས་བཟུང་། ཚངས་བུག་གི་བར་དུ་རྩ་དབུ་མ་ཁོག་དམར་གསལ་སྦུབས་སྟོང་ཕྲུ་མ་ཕུས་བཏབ་པ་ལྟ་བུ་གསལ་བཏབ། ལྟེ་འོག་སོར་བཞིར་དབུ་མའི་ནང་དུ་རང་གི་སེམས་ཀྱི་ངོ་བོ་ཨ་དཀར་ལ་འཚེར་བ་གསལ་ལ་དྭངས་པ་འོད་ཀྱི་རང་བཞིན་ཅན་ཅིག་བསམ་ལ། ཨའི་རང་བཞིན་སྐྱེ་མེད་དུ་ཤེས་པར་བྱས་ལ། གསལ་སྟོང་འཛིན་མེད་དུ་མཉམ་པར་བཞག །ཡང་རང་གི་ཀླད་རྒྱ་དང་ཐོད་པའི་བར་དུ་བདག་མེད་དཀར་མོ་གྲི་གུག་དང་ཐོད་པ་འཛིན་པ་ཆུང་ངུ་ཞིག་ཐུགས་ཀར་ཨ་དཀར་པོ་དེ་ལས་འོད་འཕྲོས་ཀླད་པ་ཐམས་ཅད་མི་དམིགས་པར་གཙང་སིང་སྟེ་སྦྱངས། ཐོད་པ་དུད་ཁང་གི་གཞལ་ཡས་ཁང་འོད་ཀྱི་རང་བཞིན་ཁ་དོག་དཀར་པོ་སྐྱ་ལྡེམ་མེ་བ་ལ་སེམས་གཏད། ཡང་རང་བདེ་མཆོག་ལྷན་སྐྱེས་སུ་གསལ་བའི་ཐུགས་ཀར་བླ་མ་རྡོ་རྗེ་འཆང་༼རྡོ་རྗེ་༽དང་དྲིལ་བུ་ཐུགས་ཀར་བསྣོལ་ནས་འཛིན་པ་དངུལ་ཆུ་དྭངས་པའི་མདོག་ཅན་ཐིག་ལེའི་ངོ་བོ་ཡིན་པ་ལ་བདེ་བའི་རང་བཞིན་ཅན། དེའི་ཐུགས་ཀར་ཧཱུྃ་དཀར་པོ་དེ་ལས་འོད་ཟེར་འཕྲོས་པས་བླ་མའི་སྐུ་གསལ་སིང་ངེ་བྱས། བླ་མ་ལས་འོད་འཕྲོས་པས། རང་ཉིད་ཡི་དམ་གྱི་སྐུར་གནས་པ་གསལ་སིང་ངེ་བྱས་པར་བསམས་ལ་དམིགས་པ་གཏད། རྒྱུན་དུ་འོད་གསལ་གྱི་དམིགས་པ་གསུམ་ཆར་ཐུབ་ན་རབ་འབྲིང་ན་ཐོག་མཐའ་གཉིས་སམ། ཡང་ན་ཨ་ལ་སེམས་བཟུང་བའི་དམིགས་པ་དེས་ཆོག
།འཕོ་བ་ནི་རང་ལྷན་སྐྱེས་སུ་གསལ་བའི་སྤྱི་བོར་སེངྒེས་བཏེག་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ་པདྨ་དང་ཟླ་བའི་གདན་ལ། བླ་མ་རྡོ་རྗེ་འཆང་སྔར་བཞིན་བསྒོམས་ལ་ཁྱེད་ཤེས་ཁྱེད་མཁྱེན་སྙམ་པ་དང་། རང་གི་ལུས་ལོངས་སྤྱོད་ཐམས་ཅད་ཀྱང་མཆོད་པའི་སྤྲིན་ཚོགས་བསམ་གྱིས་མི་ཁྱབ་པར་བློས་སྤྲུལ་ནས་ཕུལ་བར་བསམ། བླ་མ་རིན་པོ་ཆེ་བདག་འཛིན་བློས་ཐོངས་བར་༴ དགོས་མེད་༴ ལམ་མཆོག་འཕོ་བ་འབྱོངས་༴ ཞེས་གསོལ་བ་བཏབ། རང་གི་སྙིང་གི་དབུས་སུ་རང་གི་སེམས་ཉིད་ཨ་དཀར་པོ་ཅིག་ཏུ་བསམ་ལ། ཡར་བླ་མ་ལ་མོས་གུས་བྱས་པས་སྤྱི་གཙུག་གི་བུ་ག་ཁ་ཕྱེ་བ་ལྟར་བསམ་ལ། རིགས་ཀྱི་བུ་ཡར་ལ་ཤོག་གསུང་བའི་སྣང་བ་བྱུང་བས་རང་སེམས་ཨ་དེ་དབུ་མའི་ནང་ན་ཡར་བྱ་འཕུར་བ་བཞིན་སོང་ནས་བླ་མའི་ཐུགས་ཀར་ཐིམ། བླ་མ་དང་རང་སེམས་འདྲེས་པའི་ངང་ལ་འཛིན་མེད་དུ་ཆམ་མེར་བཞག །ནམ་ཞིག་ལས་ལ་སྦྱར་བ་ན། རང་སེམས་བླ་མའི་ཐུགས་ཀར་ཐིམ་མ་ཐག །བླ་མ་མཁའ་དབྱིངས་མཐོན་པོར་ཡུད་ཙམ་གྱིས་བྱོན་ནས་འོག་མིན་དུ་སླེབས་སོ་སྙམ་པ་དང་། རང་སེམས་བརྗོད་བྲལ་གྱི་ངང་དུ་འཇོག་པ་ཡིན་གསུང་། ད་ལྟ་རྒྱུན་དུ་མི་དགོས། སླར་ཡང་རང་སེམས་ཨ་དེ་ཐུགས་ཀ་ནས་ཐོན་སྤྱི་གཙུག་ནས་མར་དབུ་མའི་ནང་འརྒྱུད། རང་གི་སྙིང་གར་སླེབས་སྤྱི་གཙུག་གི་བུ་ག་ཆུ་ཤུའི་ཁ་ཚངས་བཞིན་བཀག་སྟེ་བསྲ་ཞིང་བརྟན་པར་བསམ་ཞིང་སྤྱི་བོའི་བླ་མ་རང་ལ་སྟིམ་པའམ། མི་དམིགས་པ་གང་བདེ་བྱ།
བར་དོའི་ཉམས་ལེན་ནི། ཡང་སྤྱི་བོར་བླ་མ་སྔར་བཞིན་བསྒོམ་ལ། བདག་འཛིན་བློས་༴ དགོས་མེད་༴ བར་དོ་རྒྱལ་བ་རིགས་ལྔར་འཚང་རྒྱ་བར་༴ ཞེས་གསོལ་བ་བཏབ། བླ་མ་རང་ལ་ཐིམ་ནས། ཨ་པ་ང་ཤི་འདུག །ངའི་ལུས་འདི་བར་དོའི་ཡིད་ལུས་སུ་འདུག །ཟས་གོས་གནས་ཁང་ལ་སོགས་པ་འདི་ཐམས་ཅད་བར་དོའི་སྣང་བར་འདུག་གོ་སྙམ་པ་དང་། སྣང་བ་ཐམས་ཅད་བདེན་མེད་རྨི་ལམ་སྒྱུ་མ་ཡིན་སྙམ་དུ་བསྒོམ། རང་གི་མདུན་དུ་ཆོས་འབྱུང་གྲུ་གསུམ་མཐིང་ནག་གི་ནང་དུ་རང་སེམས་ཧཱུྃ་དུ་བསྒོམ། དེ་ལས་འོད་ཁ་དོག་ལྔ་འཕྲོས་པས་འདས་མ་འོངས་ད་ལྟ་དུས་གསུམ་གྱིས་བསྡུས་པའི་སྐྱེ་གནས་བཞི་ལས་ཚོགས་དང་དྲི་མ་སྦྱངས། ཧཱུྃ་དེ་ཡོངས་སུ་གྱུར་པ་ལས་རང་བདེ་མཆོག་ཡབ་ཡུམ་དང་། ཆགས་སྡང་གི་ཡུལ་ཕོ་མོར་སྣང་བ་ཐམས་ཅད་ཀྱང་བདེ་མཆོག་དང་རྡོ་རྗེ་ཕག་མོའི་སྐུར་གྱུར། སྒྲ་ཐམས་ཅད་སྔགས་ཀྱི་སྒྲ་དང་། དྲན་རྟོག་ཐམས་ཅད་གསལ་སྟོང་འཛིན་མེད་ཀྱི་ངང་དུ་དར་གཅིག་བཞག །བསྔོ་བ་སྨོན་ལམ་གྱི་རྒྱས་འདེབས་ཅི་ཤེས་བྱ། དེ་ལྟར་ཆོས་དྲུག་ལ་ཆིག་དྲིལ་བྱས་ཏེ་དྲན་འདུན་དྲག་པོས་ཉམས་སུ་བླངས་ན་རབ་ཚེ་འདིར་སངས་རྒྱས་ཏེ་འཁོར་བ་མ་སྟོངས་ཀྱི་བར་དུ་སེམས་ཅན་སྨིན་ཅིང་གྲོལ་བར་འགྱུར་རོ། །རྗེས་ངས་ལེ་ལོའི་དབང་དུ་མ་བཏང་བར། །དད་དང་ངེས་འབྱུང་དྲག་པོས་རྒྱུད་བསྐུལ་ནས། །ཉམས་ལེན་འདི་ལ་སྙིང་ནས་འབུངས་གྱུར་ན། །སྐྱེ་བ་བསྟན་གྱི་དོན་ཆེན་འགྲུབ་པར་དགའ། །ཅེས་པ་འདི་ནི་རྗེ་བླ་མ་རྣམས་ཀྱི་བྲན་གྱུར་པ་དགེ་སློང་རྡོ་རྗེ་འཛིན་པ་ངག་དབང་ཆོས་གྲགས་ཀྱིས། དབོན་པོ་པདྨ་གར་གྱི་དབང་ཕྱུག་གིས་ནན་དུ་བསྐུལ་བའི་ངོར། གྲུབ་ཆེན་ཁྲིད་ཡིག་སྙིང་པོ་ཀུན་འདུས་ཀྱི་དགོངས་པ་བཞིན། ལྕག་ཕོ་སྤྲེའུ་ལོར་མང་མཁར་དགོན་གསར་གྱི་གཙུག་ལག་ཁང་དུ་སྦྱར་བའི་ཡི་གེ་པ་ནི་ཆོས་གྲགས་བཟང་པོའོ།
།འདིས་ཀྱང་རང་གཞན་གྱི་འགྲོ་བ་མང་པོ་ལ་ཕན་ཐོགས་ཏེ་བསམས་པའི་དོན་ཐམས་ཅད་འགྲུབ་ཅིང་བཀྲ་ཤིས་པར་གྱུར་ཅིག