Ni gu chos drug gi sgo nas bka' so so'i phyag len

From Shangpa Resource Center








Resource ID SCv10p625
Title ni gu chos drug gi sgo nas bka' so so'i phyag len bzlas chog gsal ba'i me long
Topics Initiation
Sub-Topics Six doctrines of Niguma
Author Ngawang Chödrak
Link BDRC W23922
BDRC W23917 (p.91)
BDRC W1KG4284
BDRC W8LS32725 (p.270)

༄༅། །ནི་གུ་ཆོས་དྲུག་གི་སྒོ་ནས་བཀའ་སོ་སོའི་ཕྱག་ལེན་བཟླས་ཆོག་གསལ་བའི་མེ་ལོང་བཞུགས་སོ།།

བླ་མ་ཡི་དམ་ཆོས་སྐྱོང་ལ། །གུས་བཏུད་མཆོད་པས་མཉེས་བྱས་ནས། །གང་ཞིག་སྣོད་ལྡན་བརྒྱུད་བཅས་དོན། །བྱིན་རླབས་ཆོ་གའི་གསལ་བྱེད་བྲི།
།དེ་ལ་འདིར་སྒྱུ་ལུས་དབང་མོ་ཆེར་གྲགས་པ་ནི་ཀུན་མཁྱེན་གངས་ཁྲོད་པའི་ཡི་གེ་སོར་བཞག་མཛད།

༈ དེ་ནས་ཐབས་ལམ་གྱི་དབང་བསྐུར་ན། རྡུལ་མཚོན་གྱི་མཎྜལ་པདྨ་འདབ་བཞི་ལྟེ་བ་སེར། འདབ་མ་ཕྱོགས་ཚོན། དབུས་སུ་ཚོན་སྤུངས་སྔོན་པོ། མཐར་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་ལྔ་དང་གཏོར་མ་བཤམས། བགེགས་གཏོར་གཅིག་ཀྱང་ལོགས་སུ་བཤམས། དེ་ནས་སློབ་དཔོན་གྱིས་སྐྱབས་སེམས་སྔོན་དུ་འགྲོ་བས་རང་ཉིད་བདེ་མཆོག་ལྷན་སྐྱེས་ཡབ་ཡུམ་གྱི་བསྐྱེད་ཆོག་གཞུང་བཞིན་བྱ། གནས་གསུམ་བྱིན་རླབས་ཡེ་ཤེས་པ་སྤྱན་དྲངས་ནས་བསྟིམ། ཡི་གེ་བདུན་མ་ཉེར་གཅིག་ལ་སོགས་པ་བཟླ། བདག་བསྐྱེད་འདི་བྱིན་རླབས་གཞན་ཕལ་ཆེར་ལ་ཡང་རིགས་འགྲེ། མདུན་གྱི་མཎྜལ་ལ་དམིགས་ཏེ་སུམ་བྷ་ནིས་བགེགས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཡེ་ཤེས་ཀྱི་སྣང་བ་ལས་གྲུབ་པའི་གཞལ་ཡས་ཁང་གི་དབུས་སུ་སེང་ཁྲི་པདྨ་ཉི་ཟླ་འཇིགས་བྱེད་དུས་མཚན་དང་བཅས་པའི་སྟེང་དུ་བླ་མ་དང་གཉིས་སུ་མེད་པའི་བདེ་མཆོག་ལྷན་སྐྱེས་ཡབ་ཡུམ་ལ་སྙིང་པོའི་རྣལ་འབྱོར་མ་བཞིས་བསྐོར་བ་སྒྱུ་ལུས་དབང་མོ་ཆེའི་སྐབས་བཞིན་བསྐྱེད། གནས་གསུམ་བྱིན་རླབས། ཡེ་ཤེས་ཀྱི་ལྷ་སྤྱན་དྲངས་ནས་བསྟིམ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཙཀྲ་སཾ་བྷ་ར་མཎྜལ་ས་པཱ་རི་ཝ་རེ་ཨརྒྷཾ་སྭཱ་ཧཱ། དེ་བཞིན་དུ་མཚན་སྔགས་རེ་རེའི་མཐར་པཱདྱཾ། པུཥྤེ་སོགས་སྦྱར་ཏེ་མཆོད། མཚན་སྔགས་སྔོན་འགྲོའི་མཐར་ཨོཾ་ཨཱཿཧཱུྃ་གི་ནང་མཆོད། ཆོས་དབྱིངས་རྣམ་དག་དབྱིངས་ལས་ཞེས་པ་ནས། ཀུན་བཟང་ཧེ་རུ་ཀའི་ཚོགས་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། གཏོར་མ་ལ་དམིགས་ཏེ་ཨོཾ་ཨཱཿཧཱུྃ་གི་བདུད་རྩིར་བྱིན་རླབས་ལ་མཚན་སྔགས་ཀྱི་མཐར། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོཿ ཞེས་སོགས་ལན་གསུམ་གྱིས་གཏོར་མ་ཕུལ། ཕྱི་ནང་གིས་མཆོད། བསྟོད་པས་བསྟོད། དཔལ་འཁོར་ལོ་བདེ་མཆོག་གི་ལྷ་ཚོགས་རྣམས་མཆོད་སྦྱིན་གྱི་གཏོར་མ་འདི་བཞེས་ལ་བདག་དང་སློབ་མར་བཅས་པ་རྣམས་ཀྱི་རྒྱུད་བྱིན་གྱིས་བརླབས་ཏེ་རྟོགས་པ་ཁྱད་པར་ཅན་སྐྱེ་བར་མཛད་དུ་གསོལ། སྤྱི་བོར་བདེ་མཆོག་ལྷ་ལྔ་བསྐྱེད་པ་ནས་དབང་བཞི་པའི་བར་སློབ་མ་ལ་ཇི་ལྟར་བྱ་བ་བཞིན་རང་ཉིད་ཀྱིས་ཀྱང་བླང་། དེ་ནས་སློབ་མ་མདུན་དུ་འཁོད་པ་ལ་དམིགས་ནས། སརྦ་བིགྷྣན་ན་མ་སརྦ་སོགས་ལན་གསུམ་གྱིས་བགེགས་ལ་གཏོར་མ་བསྔོས་ལ་རྡོ་རྗེ་གསོར། དྲིལ་བུ་བསིལ་ཞིང་འདིར་བྱིན་རླབས་ཀྱི་བཀའ་ནོད་པ་ལ་བར་དུ་གཅོད་པའི་བགེགས་དང་ལོག་འདྲེན་རྣམས་གཏོར་མ་འདི་ཁྱེར་ལ་སའི་ཕྱོགས་འདིར་མ་གནས་པ་གཞན་དུ་སོང་ཞིག་ཅེས་བརྗོད་ལ་གཏོར་མ་ཕྱིར་དོར། སུམྦྷ་ནི་བརྗོད་འདི་བྱིན་རླབས་གཞན་ཀུན་ལའང་རིགས་འགྲེ། དེ་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཞེས་སོགས་སེམས་བསྐྱེད་བརྡ་སྤྲད། ཐབས་ལམ་གྱི་སྒོ་ནས་བཀའ་ཞུ་བའི་ཡོན་དུ་མཎྜལ་འབུལ་དུ་གཞུག དགའ་ཆེན་ཁྱོད་བདག་སོགས་ལན་གསུམ་གྱིས་གསོལ་བ་བཏབ། དེ་ནས་མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་འཁོར་ལོ་བདེ་མཆོག་གི་ལྷ་ཚོགས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པས་བསྐོར་བ་མངོན་སུམ་ལྟ་བུར་བཞུགས་པའི་སྤྱན་སྔ་ན་ཡར་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་རྣམས་མཐོལ་ཞིང་བཤགས་སྙམ་པ་དང་། རང་གཞན་གྱི་དགེ་རྩ་ལ་རྗེས་སུ་ཡི་རང་སྙམ་པའི་དགའ་བ་བསྒོམ་པ། དུས་ད་ནས་བཟུང་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་སྐྱབས་གནས་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། སེམས་ཅན་གྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་སྙམ་པའི་སྨོན་པ་སེམས་བསྐྱེད་པ་དང་། སངས་རྒྱས་ཐོབ་པའི་ཕྱིར་དུ་ལམ་ལ་སློབ་སྙམ་པ་འཇུག་པ་སེམས་བསྐྱེད་པ། དགེ་བའི་རྩ་བ་ཅི་བྱས་ཐམས་ཅད་སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་པའི་རྒྱུར་གྱུར་ཅིག་སྙམ་པའི་བསྔོ་བ་སྟེ་དེ་རྣམས་གསལ་བཏབ་པའི་སྒོ་ནས་འདིའི་རྗེས་ཟློས་གསུང་བ་ཞུ། དཀོན་མཆོག་གསུམ་ལ་བདག་སྐྱབས་སོགས་ལན་གསུམ། སློབ་དཔོན་དང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཁྱེད་རང་རྣམས་ཀྱི་སྐུ་ལུས་ལ་ཕོག་པས་ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་དག་རྣམ་སྨིན་གདོས་བཅས་ཀྱི་ཕུང་པོ་གཙང་སིང་སྦྱངས་ཏེ་འོད་ཀྱི་རང་བཞིན་དུ་གྱུར། དེ་ལ་དམིགས་ཏེ་ཨོཾ་སྭ་བྷཱ་ཝ་སོགས་བརྗོད་པས་ཕུང་ཁམས་སྐྱེ་མཆེད་ལ་སོགས་པ་སྣང་ཞིང་སྲིད་པའི་ཆོས་ཐམས་ཅད་དམིགས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་ཁྱེད་རང་རྣམས་སྐད་ཅིག་གིས་འཁོར་ལོ་བདེ་མཆོག་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ་ཞེས་སོགས་ཡུམ་དང་བཅས་པའི་བསྐྱེད་ཆོག་དཀྱུས་བཞིན། དེའི་དཔྲལ་བར་ཨོཾ་སོགས་གནས་གསུམ་བྱིན་རླབས། སློབ་དཔོན་དང་མདུན་བསྐྱེད་ཀྱི་ཐུགས་ཁ་ནས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་བདེ་མཆོག་ལྷ་ལྔའི་རྣམ་པར་བྱོན་ནས་ཁྱེད་རང་རྣམས་ཀྱི་སྐུ་ལུས་ལ་སིབ་སིབ་ཐིམ་པས་ཐུགས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད། ཌཱ་དྲིལ་ལམ་དྲིལ་བསིལ་དང་བསྟུན་ལ་ཡི་གེ་བདུན་པའི་མཐར་ཨ་བྷྱ་ཤ་ཡ་ཨ་ཨ་ཨ་བཏགས་པ་ཚར་ཅི་རིགས་བརྗོད། ཡེ་ཤེས་དབབ་པ་འདི་ཡང་བྱིན་རླབས་ཀུན་ལ་རིགས་འགྲེ། དབང་དངོས་གཞིའི་སླད་དུ་ཐུགས་འདུན་འདི་བཞིན་དུ་གནང་བ་ཞུ། ཁྱེད་རང་རྣམས་ཀྱི་སྤྱི་བོར་པད་ཟླའི་སྟེང་དུ་བླ་མ་དང་གཉིས་སུ་མེད་པའི་འཁོར་ལོ་བདེ་མཆོག་སྐུ་མདོག་སྔོན་པོ་ཡུམ་བཅས་སྙིང་པོའི་རྣལ་འབྱོར་མ་བཞིས་བསྐོར་བ་བསྐྱེད་ཆོག་བཞིན་གསལ་བཏབ། དེའི་ཐུགས་ཁ་ནས་འོད་ཟེར་འཕྲོས་པས་སངས་རྒྱས་བྱང་སེམས་ཐམས་ཅད་འོད་དང་འོད་ཟེར་གྱི་རྣམ་པར་བྱོན་ནས་སྤྱི་བོའི་བླ་མ་ལ་ཐིམ། བླ་མ་དེ་ལ་རང་གི་ལུས་ལོངས་སྤྱོད་དུས་གསུམ་གྱི་དགེ་རྩ་ཐམས་ཅད་ཕྱི་ནང་གསང་བའི་མཆོད་པའི་རྣམ་པར་བསྒྱུར་ནས་ཕུལ་བས་ཐུགས་མཉེས་པར་བྱས་པའི་མོས་པ་གནང་། གསོལ་བ་བཏབ་པ་འདི་ཡང་གསུང་བ་ཞུ། བླ་མ་རིན་པོ་ཆེ་བདག་ལ་དབང་བཞི་རྫོགས་པར་བསྐུར་དུ་གསོལ། ལན་གསུམ། སྤྱི་བོའི་བླ་མའི་སྐུ་ལས་བདུད་རྩིའི་རྒྱུན་སྐྱ་ནར་ནར་བྱུང་སྤྱི་བོར་ཐིམ་པས་སྨིན་མཚམས་ཡན་ཆད་གང་ལུས་ཀྱི་སྡིག་སྒྲིབ་ཐམས་ཅད་དག་བུམ་པའི་དབང་ཐོབ་སྙམ་པའི་མོས་པ་གནང་བ་ཞུ། ཌཱ་དྲིལ་དང་ཡི་གེ་བདུན་པའི་མཐར་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག ད་ལྟ་ཉིད་དུ་བྱིན་གྱིས་རློབས་ཤིག མྱུར་བ་ཉིད་དུ་བྱིན་གྱིས་རློབས་ཤིག འདུག་ས་འདི་ཉིད་དུ་བྱིན་གྱི་རློབས་ཤིག ཅེས་བརྗོད། ཡང་སྔར་གྱི་བདུད་རྩིའི་རྒྱུན་དེ་མགྲིན་པར་སླེབས་ཏེ་མགྲིན་པའི་རྩ་འཁོར་ཐམས་ཅད་གང་། ངག་གི་སྒྲིབ་པ་དག གསང་བའི་དབང་ཐོབ་སྙམ་པའི་མོས་པ་གནང་བ་ཞུ། ཌཱ་དྲིལ་ཡི་གེ་བདུན་པ་སོགས་སྔར་བཞིན། ཡང་བདུད་རྩིའི་རྒྱུན་དེ་སྙིང་གར་སླེབས་ཏེ་དེའི་རྩ་འཁོར་ཐམས་ཅད་གང་། ཡིད་ཀྱི་སྒྲིབ་པ་དག ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་སྙམ་པ་སོགས་འདྲ། ཡང་བདུད་རྩིའི་རྒྱུན་དེ་ལྟེ་བར་སླེབས་ཏེ་དེའི་རྩ་འཁོར་ཐམས་ཅད་གང་བས་སྒོ་གསུམ་གྱི་སྒྲིབ་པ་བག་ཆགས་དང་བཅས་པ་དག དབང་བཞི་པ་ཐོབ་སྙམ་པ་སོགས་འདྲ། རྗེས་གཙོ་བོས་སོགས་སྤྱི་དང་འདྲ། སླར་སློབ་དཔོན་གྱི་མདུན་བསྐྱེད་ལ་མཆོད་བསྟོད་བྱས་ལ་ཡིག་བརྒྱ་ཚར་གསུམ། མ་འབྱོར་བ་དང་སོགས་ཀྱིས་ནོངས་པ་བཟོད་གསོལ་བཛྲ་མུཿ རྡུལ་ཚོན་གྱི་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་བདག་ལ་ཛཿཧཱུྃ་བཾ་ཧོས་བསྟིམ། རས་བྲིས་ཡིན་ན་བརྟན་བཞུགས་བྱ། དགེ་བ་བསྔོ།།

༈ སྒྱུ་ལུས་ཀྱི་དབང་བསྐུར་བའི་ཚེ་མཎྜལ་པདྨ་འདབ་བཞིའམ་འདབ་བརྒྱད་གང་རུང་གསུངས་ཀྱང་འདབ་བརྒྱད་ཕྱག་ལེན་ལ་མཛད། ལྟེ་བ་དང་ཤར་སྔོ། ལྷོ་སེར། ནུབ་དམར། བྱང་ལྗང་མཚམས་བཞི་མཛེས་ཚོན། མཆོད་གཏོར་སོགས་སྔར་བཞིན། སློབ་དཔོན་རང་ཉིད་སྐྱབས་སེམས་སྔོན་དུ་འགྲོ་བས་སྐད་ཅིག་གིས་པད་ཉིའི་སྟེང་དུ་ཀྱེ་རྡོར་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་དྲིལ་བུ་འཛིན་པ་ཡུམ་བདག་མེད་མ་སྔོན་པོ་གྲི་ཐོད་ཅན་དང་མཉམ་པར་སྦྱོར་བ། གནས་གསུམ་བྱིན་རླབས་ལ་ཡེ་ཤེས་པ་བསྟིམ། དེ་ཝ་པི་ཙུ་ཉེར་གཅིག་ལ་སོགས་པ་ཇི་ལྟར་རིགས་པ་བཟླ། མདུན་བསྐྱེད་ཀྱི་མཎྜལ་བསངས་སྦྱངས།
སྟོང་པའི་ངང་ལས་ཡེ་ཤེས་རང་སྣང་གི་གཞལ་ཡས་ཁང་གི་དབུས་པདྨ་འདབ་བརྒྱད་ཀྱི་ལྟེ་བར་སེང་ཁྲི་པད་ཉི་ཚངས་པ་བརྒྱ་བྱིན་གྱི་སྟེང་དུ་ཀྱེ་རྡོར་གོང་བཞིན། འདབ་མ་བརྒྱད་ལ་ཤར་དུ་གཽ་རཱི། ལྷོར་ཙཽ་རཱི། ནུབ་ཏུ་བཻ་ཏ་ལཱི། བྱང་དུ་གྷསྨ་རཱི། བྱང་ཤར་དུ་པུཀྐ་སཱི། ཤར་ལྷོར་རི་ཁྲོད་མཱ། ལྷོ་ནུབ་ཏུ་གདོལ་པ་མོ། ནུབ་བྱང་དུ་གཡུང་མོ་རྣམས་བསྐྱེད་ཆོག་ཇི་ལྟ་བ་བཞིན་ནམ། མཚན་ཙམ་བརྗོད་པས་ཀྱང་ཆོག ཤྲཱི་ཧེ་བཛྲ་མཎྜལ་ས་པ་རི་ཝ་རི་ཞེས་པའི་མཚན་སྔགས། ཨརྒྷཾ་སོགས་རེ་རེའི་དབུར་སྦྱར་ཏེ་མཆོད། ཤཔྟ་ནས་དྲིལ་བསིལ་བྱ་ཞིང་། དྷརྨཱ་ར་ཎི་ཏ་བརྗོད། མཚན་སྔགས་ཀྱི་མཐར་ཨོཾ་ཨཱཿཧཱུྃ་གི་ནང་མཆོད། ཐམས་ཅད་དངོས་པོའི་རང་བཞིན་སོགས་ཀྱིས་བསྟོད། གཏོར་མ་འབུལ་ཚུལ་ཐབས་ལམ་གྱི་སྐབས་ཀྱི་འགྲོས་སྦྱར་བས་ཤེས། དེ་ནས་རང་གི་སྤྱི་བོར་པདྨ་འདབ་བརྒྱད་པད་ཉི་དང་བཅས་པའི་སྟེང་དུ་ཀྱེ་རྡོར་ལྷ་དགུ་གསལ་བཏབ་པ་ནས་བཟུང་དབང་བཞི་པའི་བར་འོག་ཏུ་སློབ་མ་ལ་ཇི་ལྟར་བྱ་བ་བཞིན་བླངས། དེ་ནས་བགེགས་གཏོར་དཀྱུས་བཞིན། མཎྜལ་གསོལ་བཏབ། རྒྱུན་བཤགས། སློབ་མ་ཀྱེ་རྡོར་དུ་བསྐྱེད་པ་ལ་ཡེ་ཤེས་དབབ་པ་རྣམས་སྔར་གྱི་འགྲོས་སྦྱར་བས་ཤེས། དངོས་གཞི་ལ་ཐུགས་འདུན་དམིགས་པ་འདི་བཞིན་དུ་གནང་བ་ཞུ། ཁྱེད་རང་རྣམས་ཀྱི་སྤྱི་བོར་པད་ཉིའི་སྟེང་དུ་བླ་མ་དང་ཐ་མི་དད་པའི་ཀྱེ་རྡོར་ཡབ་ཡུམ་བཞུགས་པའི་མོས་པ་གནང་། ལུས་ཀྱི་གསང་གནས་ནས་བཟུང་དབུས་དྲང་པོར་རྩ་དབུ་མ་དཀར་གསལ་ཡས་སྣེ་ཚངས་བུག་ཏུ་ཁ་གཤགས་ཏེ་ཕྱེ་བ་དབུ་མའི་མས་སྣར་ཡི་གེ་རཾ་གཅིག་གསལ་གདབ། སྤྱི་བོའི་བླ་མ་ལ་ཕྱི་ནང་གསང་གསུམ་གྱིས་མཆོད་པ་ཕུལ་ལ། བླ་མ་རིན་པོ་ཆེ་བདག་ལ་ཞེས་སོགས་སྔར་གྱི་གསོལ་བཏབ་དེ་ལན་གསུམ། དབུ་མའི་མས་སྣའི་རཾ་ལ་གཏུམ་མོ་ཡེ་ཤེས་ཀྱི་མེ་སྦར་ནས་དབུ་མའི་ནང་ན་ཡར་སོང་། སྤྱི་བོའི་བླ་མ་ཀྱེ་རྡོ་རྗེ་ལ་རེག་པས་དེའི་ཐུགས་ཁ་ནས་འོད་ཟེར་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས། སྤྱི་བོའི་བླ་མའི་ཐུགས་ཀར་ཞུགས་པ་དང་སྐུ་ལས་བདུད་རྩིའི་རྒྱུན་བབས། རང་གི་སྤྱི་བོའི་དབུ་མ་ན་མར་སོང་བས་བདེ་བ་སྐྱེས། ལུས་ཀྱི་སྡིག་སྒྲིབ་དག བུམ་པའི་དབང་ཐོབ་སོགས་འདྲ། ཌཱ་དྲིལ་དང་དེ་ཝ་པི་ཙུ། རྩ་བ་དང་བརྒྱུད་པར་བཅས་པའི་སོགས་སྔར་བཞིན་ཡང་ཐུགས་འདུན་འདི་བཞིན་དུ་གནང་བ་ཞུ། སྤྱི་བོའི་བླ་མ་ཡབ་ཡུམ་སྙོམས་འཇུག་བྱས་པའི་སྦྱོར་མཚམས་ནས་བྱང་སེམས་དཀར་དམར་བབས། སྤྱི་བོ་ནས་སོང་། མགྲིན་པའི་དབུ་མ་ཁེངས་ཏེ། བདེ་བ་སྐྱེས། གསང་བའི་དབང་ཐོབ་སྙམ་པ་དང་ཌཱ་དྲིལ་སོགས་འདྲ། ཡང་སྤྱི་བོའི་ལྷ་ལ་ཡིད་ཀྱིས་མཆོད་པ་ཕུལ་བས་ཡུམ་གྱི་ཐུགས་ཁ་ནས་ཡུམ་གཅིག་བྱུང་སྟེ་ཁྱེད་རང་ཀྱེ་རྡོར་དུ་གསལ་བ་དང་སྙོམས་འཇུག་བྱས་པས་ཡུམ་དང་རང་བདེ་བ་རྒྱས་ཤིང་འོད་ཀྱི་རྣམ་པར་གྱུར་པས་ཟག་མེད་ཀྱི་བདེ་བ་སྐྱེས་ཏེ་ཡིད་ཀྱི་སྡིག་སྒྲིབ་དག ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་སྙམ་པ་དང་ཌཱ་དྲིལ་སོགས་འདྲ། ཡང་ཐུགས་འདུན་འདི་བཞིན་དུ་གནང་བ་ཞུ། ཁྱེད་རང་ཀྱེ་རྡོར་ཡབ་ཡུམ་དུ་གསལ་བའི་ཡུམ་རང་ལ་ཐིམ། རང་ཉིད་འོད་དུ་ཡལ་སོང་སྟེ་སེམས་མ་བཅོས་པའི་ངང་ལ་དར་གཅིག་འཇོག་པ་ཞུ། ཌཱ་དྲིལ་སོགས་འདྲ། དེས་དབང་བཞི་པ་ཐོབ་པ་ཡིན། རྗེས་གཙོ་བོས་སོགས་དང་། མདུན་བསྐྱེད་ལ་མཆོད་བསྟོད་སོགས་འདྲ།།

༈ རྨི་ལམ་གྱི་དབང་བསྐུར་ནི་གནས་དབེན་པར་མཎྜལ་པདྨ་འདབ་བཞི། ལྟེ་བ་དང་ཤར་སྔོ། ལྷོ་སེར། ནུབ་དམར། བྱང་ལྗང་། མཆོད་གཏོར་སོགས་དཀྱུས་བཞིན། སློབ་དཔོན་གྱི་བདག་བསྐྱེད་བདེ་མཆོག་ལྷན་སྐྱེས་ཡབ་ཡུམ་དང་ཡི་གེ་བདུན་པ་བཟླས་པ་དཀྱུས་བཞིན། མདུན་གྱི་མཎྜལ་བསངས་སྦྱངས།
སྟོང་པའི་ངང་ལས་ཡེ་ཤེས་རང་སྣང་གི་གཞལ་ཡས་ཁང་གི་དབུས་དང་ཕྱོགས་བཞིར་པདྨ་དང་ཉི་མའི་གདན་རེ། དབུས་ཀྱི་གདན་གྱི་སྟེང་དུ་བླ་མ་དང་གཉིས་སུ་མེད་པའི་བདེ་མཆོག་ལྷན་སྐྱེས་ཡབ་ཡུམ། ཤར་དུ་དགེས་མཛད་རྡོ་རྗེ། ལྷོར་གསང་བ་འདུས་པ། ནུབ་ཏུ་མཧཱ་མཱ་ཡཱ། བྱང་དུ་རྡོ་རྗེ་འཇིགས་བྱེད་རྣམས་ཡམ་ཡུམ་དང་བཅས་པ་སྒྱུ་ལུས་དབང་མོ་ཆེའི་སྐབས་བཞིན་བསྐྱེད། གནས་གསུམ་བྱིན་རླབས། ཡེ་ཤེས་པ་བཅུག ཨོཾ་སརྦ་ཏ་ཐཱ་ག་ཏ་མཎྜལ་ས་པཱ་རི་ཝ་རེ་སྔོན་དུ་འགྲོ་བའི་ཨརྒྷཾ་སོགས་ཀྱིས་མཆོད། མཚན་སྔགས་ཀྱི་མཐར་ཨོཾ་ཨཱཿཧཱུྃ་གི་ནང་མཆོད། ཆོས་དབྱིངས་རྣམ་དག་དབྱིངས་ལས་སོགས་སམ། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །ཞེས་སོགས་ཀྱིས་བསྟོད། གཏོར་མ་བྱིན་གྱིས་བརླབས་ལ་མཚན་སྔགས་ཀྱི་མཐར། ཨི་དཾ་བ་ལིཾ་བཏགས་པ་སོགས་ཀྱིས་འབུལ། དེས་སློབ་དཔོན་རང་གི་སྤྱི་བོ་སོགས་གནས་བཞིར་ཧཱུྃ་དང་ཧྲཱི་ལ་སོགས་པའི་ས་བོན་བཞི་བསམ་སྟེ་དེ་ཞུ་བ་ལས་སྤྱི་བོར་བདེ་མཆོག་ལྷ་ལྔ་གསལ་བཏབ་པ་ནས་བཟུང་དབང་བཞི་པའི་བར་འོག་ཏུ་སློབ་མ་ལ་ཇི་ལྟར་བྱ་བ་བཞིན་བླངས། དེ་ནས་སློབ་མ་ལ་བགེགས་གཏོར་ཕྱིར་དོར། མཎྜལ་གསོལ་བཏབ་ནས་བཟུང་སློབ་མ་བདེ་མཆོག་ཏུ་བསྐྱེད་པ་ལ་ཡེ་ཤེས་དབབ་པའི་བར་སྔར་བཞིན། དངོས་གཞིའི་སླད་དུ་ཐུགས་འདུན་འདི་བཞིན་དུ་གནང་བ་ཞུ། ཁྱེད་རང་གི་སྤྱི་བོ། མགྲིན་པ། སྙིང་ག ལྟེ་བ་རྣམས་སུ་པདྨ་དང་ཉི་མའི་གདན་རེ་བསམ་པའི་སྟེང་དུ་སྤྱི་བོར་ཧཱུྃ། མགྲིན་པར་ཧྲཱིཿ སྙིང་གར་ཧཱུྃ་རྣམས་སྔོན་པོ་ལྟེ་བར་མཾ་དམར་སེར། སྤྱི་བོའི་ཧཱུྃ་འོད་དུ་ཞུ་བ་ལས་བདེ་མཆོག་ལྷ་ལྔ། མགྲིན་པའི་ཧྲཱིཿཞུ་བ་ལས་མཧཱ་མཱ་ཡཱ་ལྷ་ལྔ། སྙིང་གའི་ཧཱུྃ་ཞུ་བ་ལས་དགེས་མཛད་ལྷ་དགུ་བསྐྱེད་ཆོག་བཞིན། འཁོར་རྣམས་མཚན་ཙམ་བརྗོད་པས་ཀྱང་ཆོག ལྟེ་བའི་མཾ་ཞུ་བ་ལས་འཇམ་པའི་རྡོ་རྗེ་དམར་སེར་ཞལ་གསུམ་ཕྱག་དྲུག་པ་ཡུམ་འཇམ་པའི་རྡོ་རྗེ་མ་དང་བཅས་པ། དེའི་འཁོར་དུ་རྣམ་སྣང་ལ་སོགས་པའི་རིགས་བཞི། སྤྱན་མ་ལ་སོགས་པའི་ཡུམ་བཞི། གཟུགས་རྡོ་རྗེ་མ་ལ་སོགས་པའི་ལྷ་མོ་དྲུག གཤིན་རྗེ་གཤེད་ལ་སོགས་པའི་ཁྲོ་བོ་བཞི་སྟེ་ལྷ་བཅུ་དགུ་ཞེས་པའི་ཚིག་ཙམ་མམ་བསྐྱེད་ཆོག་རྒྱས་པ་བརྗོད་ནའང་རུང་། དེ་ནས་སྤྱི་བོའི་ལྷ་ཚོགས་ལ་ཡིད་ཀྱིས་མཆོད་པ་ཕུལ། སྐུ་ལས་འོད་ཟེར་འཕྲོས་པས་སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་འོད་ཀྱིས་ཁྱབ། དེ་ལ་བརྟེན་ནས་ལུས་ཀྱི་སྡིག་སྒྲིབ་དག བུམ་པའི་དབང་ཐོབ་སྙམ་པ་དང་ཌཱ་དྲིལ་སོགས་འདྲ། ཡང་མགྲིན་པའི་ལྷ་ལ་ཡིད་ཀྱིས་མཆོད་པ་ཕུལ། སྐུ་ལས་འོད་ཟེར་འཕྲོས་པས་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་འོད་ཟེར་གྱིས་ཁྱབ། ངག་གི་དྲི་མ་དག གསང་བའི་དབང་ཐོབ་སྙམ་པ་ཌཱ་དྲིལ་དང་། ཨོཾ་ཨཱཿཧྲཱི་ཧཱུྃ་སྭཱ་ཧཱ། བྱིན་རླབས་འདྲ། ཡང་སྙིང་གའི་ལྷ་ལ་ཡིད་ཀྱིས་མཆོད་པ་ཕུལ། སྐུ་ལས་འོད་ཟེར་འཕྲོས་པས་སྙིང་ག་ཆོས་ཀྱི་འཁོར་ལོ་ཁྱབ། ཡིད་ཀྱི་སྒྲིབ་པ་དག ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་སྙམ་པ་དང་ཌཱ་དྲིལ་དེ་ཝ་པི་ཙུ་བཟླ་བ་སོགས་འདྲ། ཡང་ལྟེ་བའི་ལྷ་ལ་ཡིད་ཀྱིས་མཆོད། སྐུ་ལས་འོད་ཟེར་འཕྲོས། སྤྲུལ་པའི་འཁོར་ལོ་འོད་ཟེར་གྱིས་ཁྱབ། ལུས་ངག་ཡིད་གསུམ་ཐ་དད་དུ་འཛིན་པ་དག དབང་བཞི་པ་ཐོབ་སྙམ་པ་དང་ཌཱ་དྲིལ། ཨོཾ་བཛྲ་དྷྲིག་ཧཱུྃ་བྱིན་རླབས་འདྲ། དེ་ནི་བསྐྱེད་རིམ་གྱི་དབང་བཞི་ཡིན། ཞུ་བདེའི་དབང་ལ་ཐུགས་འདུན་འདི་བཞིན་དུ་གནང་བ་ཞུ། ཁྱེད་རང་གི་སྤྱི་བོའི་ལྷ་ཚོགས་འོད་དུ་ཞུ་ནས་སྤྱི་བོའི་ནང་ཐམས་ཅད་གང་བར་བསམ། དེ་བུམ་དབང་ཡིན། སྤྱི་བོའི་འོད་དེ་མགྲིན་པའི་ལྷ་ལ་ཐིམ་པས། མགྲིན་པ་གང་བར་བསམ། དེ་གསང་དབང་ཡིན། ཡང་མགྲིན་པའི་ལྷ་ཚོགས་ཞུ་ནས་སྙིང་གའི་ལྷ་ལ་ཐིམ། ཡང་ལྟེ་བའི་ལྷ་ཚོགས་ཞུ་ནས་ལྟེ་བ་མན་ཆད་འོད་ཀྱིས་གང་སྟེ་སླར་སྙིང་གར་ཐིམ་པ་དང་དེས་སྙིང་གའི་ལྷ་ཚོགས་རྣམས་འོད་དུ་ཞུ་ཞིང་འདྲེས་པས་ཟག་མེད་ཀྱི་བདེ་བ་སྐྱེས་ཏེ་ཡིད་ཀྱི་སྒྲིབ་པ་དག་པའི་མོས་པ་གནང་དེ་ཤེར་དབང་ཡིན། དེ་ལྟར་བདེ་བ་སྐྱེས་པ་དེ་འཛིན་མེད་ཀྱི་ངང་དུ་བཞག་ནས་སེམས་མ་བཅོས་པ་དར་ཞིག་འཇོག་པ་ཞུ། དེ་དབང་བཞི་པ་ཡིན། རྨི་ལམ་གྱི་ཁྱད་པར་གྱི་བྱིན་རླབས་ནི་ཁྱེད་རང་རྣམས་བདེ་མཆོག་ཏུ་གསལ་བའི་སྨིན་མཚམས་སུ་ཐིག་ལེ་དཀར་པོ་སྲན་མ་ཙམ་ཞིག་གི་ནང་དུ་ཡི་གེ་བདུན་པ་ཁ་དོག་སྔོན་པོ་འོད་ཀྱི་རང་བཞིན་ཁྲུག་ཁྲུག་པ་ལ་སེམས་གཏད་ལ་འདི་རྨི་ལམ་ཡིན་སྙམ་པའི་དྲན་འདུན་རེ་གནང་བ་ཞུ། རྗེས་གཙོ་བོས་སོགས་ནས་ཡིག་བརྒྱའི་བར་སོགས་འདྲ།།

༈ འོད་གསལ་གྱི་དབང་བསྐུར་བའི་ཚེ་མཎྜལ་པདྨ་འདབ་བཞི་ལྟེ་བ་སེར། ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་། མཆོད་གཏོར་སྔར་བཞིན་བཤམས། དེ་ནས་སློབ་དཔོན་བདེ་མཆོག་ལྷན་སྐྱེས་སུ་བསྐྱེད་པ་དང་བཟླས་པ་དཀྱུས་བཞིན། མདུན་གྱི་མཎྜལ་བསངས་སྦྱངས།
སྟོང་པའི་ངང་ལས་བདེ་མཆོག་ལྷ་ལྔ་བསྐྱེད་པ་ནས་མཆོད་པ་དང་གཏོར་མའི་བར་རིགས་འགྲེ། མཚན་སྔགས་ཀྱི་ཙཀྲ་སཾ་བྷ་ར་མཎྜལ་ས་པཱ་རི་ཝ་རེ་སོགས་སྦྱར། སློབ་དཔོན་རང་གི་སྤྱི་བོར་པདྨ་འདབ་བཞི་ལྟེ་བ་དང་བཅས་པར་བླ་མ་དང་གཉིས་སུ་མེད་པའི་བདེ་མཆོག་ཡབ་ཡུམ་ལ་སྙིང་པོའི་རྣལ་འབྱོར་མ་བཞིས་བསྐོར་བ་གསལ་བཏབ་པ་ནས་དབང་བཞི་པའི་བར་འགོ་ནས་འབྱུང་བ་བཞིན་བླང་། དེ་ནས་སློབ་མ་ལ་བགེགས་གཏོར་ནས་བཟུང་བདེ་མཆོག་ཏུ་བསྐྱེད་ལ་ཡེ་ཤེས་ཕབ་པའི་བར་སྔར་བཞིན་དབང་གི་དངོས་པོའི་སླད་དུ་ཁྱེད་རང་རྣམས་ཀྱི་སྤྱི་བོར་པདྨ་འདབ་མ་བཞིའི་ལྟེ་བར་བླ་མ་དང་གཉིས་སུ་མེད་པའི་བདེ་མཆོག་ཡབ་ཡུམ་དང་། འདབ་མ་བཞི་ལ་རྣལ་འབྱོར་མ་བཞི། དེ་དག་གི་མཐའ་འཁོར་དུ་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་བཞུགས་པའི་མོས་པ་གནང་ལ་རང་གི་ལུས་ལོངས་སྤྱོད་དང་དུས་གསུམ་གྱི་དགེ་རྩ་ཐམས་ཅད་རིན་ཆེན་སྣ་བདུན་དང་། ཕྱི་ནང་གསང་གསུམ་གྱི་མཆོད་པའི་རྣམ་པར་བསྒྱུར་ནས་དེ་དག་གི་སྤྱན་སྔ་ན་ཡར་ཕུལ་བས་ཐུགས་མཉེས་པར་བསམ། བླ་མ་རིན་པོ་ཆེ་བདག་ལ་དབང་བཞི་རྫོགས་པར་བསྐུར་དུ་གསོལ། ལན་གསུམ། སྤྱི་བོའི་བླ་མ་བདེ་མཆོག་གི་སྐུ་ལས་འོད་ཟེར་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕོག་པས་དེ་རྣམས་ཀྱི་སྨིན་མཚམས་ནས་ཡེ་ཤེས་ཀྱི་བདུད་རྩི་དཀར་པོ་བྱུང་སྟེ་བླ་མའི་སྤྱི་བོར་ཐིམ། བླ་མའི་སྐུ་ལས་བདུད་རྩི་དཀར་པོ་བྱུང་སྟེ་བདག་གི་སྤྱི་བོར་ཐིམ་པས་ལུས་ཀྱི་སྡིག་སྒྲིབ་ཐམས་ཅད་དག་ནས་བདེ་བ་སྐྱེས་བུམ་པའི་དབང་ཐོབ་སྙམ་པའི་ཌཱ་དྲིལ་དང་ཡི་གེ་བདུན་པ་སོགས་འདྲ། ཡང་སྔར་ལྟར་མཆོད་པས་བླ་མའི་ལྗགས་སྟེང་ནས་འོད་ཟེར་པདྨ་རཱ་ག་ལྟ་བུ་བྱུང་སྟེ་རང་གི་ལྕེ་ཐོག་ཏུ་ཐིམ་པས་ངག་གི་སྡིག་སྒྲིབ་ཐམས་ཅད་དག་ནས་བདེ་བ་སྐྱེས། གསང་བའི་དབང་ཐོབ་སྙམ་པའི་སོགས་འདྲ། ཡང་སྔར་ལྟར་མཆོད་པས་བླ་མའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་བཻཌཱུཪྻའི་མདོག་ལྟ་བུ་བྱུང་ནས་ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པས་ཡིད་ཀྱི་སྡིག་སྒྲིབ་དག་ནས་ཟག་མེད་ཀྱི་བདེ་བ་སྐྱེས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་སྙམ་པ་སོགས་འདྲ། ཡང་ཐུགས་འདུན་འདི་བཞིན་དུ་གནང་བ་ཞུ། ཁྱེད་རང་གི་སྤྱི་བོའི་བླ་མ་འཁོར་བཅས་འོད་དུ་ཞུ་རང་ལ་ཐིམ་པས། རང་ལུས་འོད་དུ་ཡལ་སོང་སྟེ། རང་སེམས་འོད་གསལ་ཕྱག་རྒྱ་ཆེན་པོ་ཅིར་ཡང་མི་རྟོག་པའི་ངང་ལ་དར་ཞིག་འཇོག་པ་ཞུ། དེས་ནི་དབང་བཞི་པ་ཐོབ་པ་ཡིན། ཌཱ་དྲིལ་སོགས་འདྲ། རྗེས་གཙོ་བོས་སོགས་དང་། མདུན་བསྐྱེད་ལ་མཆོད་བརྗོད་སོགས་འདྲ།།

༈ འཕོ་བའི་དབང་བསྐུར་བའི་ཚེ་མཎྜལ་ཟླུམ་སྐོར་ལ་ཆོས་འབྱུང་དམར་པོ་ཉིས་རྩེག་གི་གོང་རས་ལྗང་གུ་མུ་ཁྱུད་ནག་པོ་བྱ། ཆོས་འབྱུང་གི་དབུས་སུ་རྡོ་རྗེ་སྔོན་པོ་གཅིག་བྲིས། དེའི་སྟེང་མཉྫིའི་ཁར་མེ་ལོང་ལ་སིནྡྷུ་རའི་ཆོས་འབྱུང་ཉིས་རྩེག་དབུས་སུ་བཾ་ལ་ཨོཾ་ཨཱཿཧཱུྃ་ཚན་པ་གསུམ་གྱིས་བསྐོར། དེའི་ཕྱི་ལ་ཨ་དགུ་བྲིས། ཟུར་དྲུག་ལ་གོ་ཆའི་སྔགས་ཨོཾ་བཾ། ཧཾ་ཡོཾ། ཧྲྀཾ་མོཾ། ཧྲྀཾ་ཧྲྀཾ། ཧཱུྃ་ཧཱུྃ། ཕཊ་ཕཊ་བྲི། གོང་རས་དྲུག་ལ་གཡུང་དྲུང་འཁྱིལ་བ་རེ་བྲིས་ཏེ་བཞག མཆོད་གཏོར་དཀྱུས་བཞིན། སློབ་དཔོན་གྱིས་བདག་བསྐྱེད་བདེ་མཆོག་ལྷན་སྐྱེས་དང་ཡི་གེ་བདུན་པ་བཟླ། མདུན་གྱི་མཎྜལ་བསངས་སྦྱངས།
སྟོང་པའི་ངང་ལས་ཆོས་འབྱུང་ཉིས་རྩེག་ཕྱི་དཀར་ནང་དམར་བ་བདེ་བར་རྒྱུ་ཞིང་བདེ་བར་འཆར་བ་འོད་ཀྱི་རང་བཞིན་ཅན། དེའི་ནང་དུ་མི་རོ་དཀར་པོ་མགོ་གཡས་སུ་བསྟན་པའི་སྟེང་ན་མཁའ་སྤྱོད་མ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་མ་གཡས་རྡོ་རྗེ། གཡོན་ཐོད་པ་ཁ་ཊྭཱཾ་ག་དང་བཅས་པ། ཞབས་གཉིས་བགྲད་པ། ཌཱ་ཀི་མའི་འཁོར་གྱིས་བསྐོར་བ་དེའི་གནས་གསུམ་བྱིན་རླབས། འོག་མིན་ནས་མཁའ་སྤྱོད་མ་སྤྱན་དྲངས་ལ་བསྟིམ། ཨོཾ་བཛྲ་ཡོ་གི་ནི་ས་པཱ་རི་ཝ་རེ་རེ་རེའི་དབུར་སྦྱར་བའི་ཨརྒྷཾ་སོགས་ཀྱིས་མཆོད། མཚན་སྔགས་སྔོན་འགྲོའི་ཨོཾ་ཨཱཿཧཱུྃ་གི་ནང་མཆོད། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མ་ཡི་འཁོར་ལོས་བསྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་བརྙེས། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། གཏོར་མ་བྱིན་རླབས་ལ་མཚན་སྔགས་ཀྱི་མཐར་ཨི་དཾ་བ་ལིཾ་སོགས་ལན་གསུམ། ཕྱི་མཆོད་ནང་མཆོད་བསྟོད་པ་སོགས་བྱ། དེ་ནས་རང་གི་སྤྱི་བོར་ཆོས་འབྱུང་ཉིས་རྩེག་ཕྱི་དཀར་ལ་ནང་དམར་བ་བདེ་བར་རྒྱུ་ཞིང་ཞེས་པ་ནས་དབང་བཞི་པའི་བར་དང་། འཕོ་བའི་ཁྱད་པར་གྱི་བྱིན་རླབས་རྣམས་འོག་ཏུ་སློབ་མ་ལ་ཇི་ལྟར་བྱ་བ་བཞིན་བླངས། དེ་ནས་སློབ་མ་འཁོད་པ་ལ་མེ་ཏོག་བསྐྱེད་བསྡུ་དང་བགེགས་གཏོར་དཀྱུས་བཞིན་མཎྜལ་གསོལ་གདབ། རྒྱུན་བཤགས། སློབ་མ་བདེ་མཆོག་ཏུ་བསྐྱེད་པ་ལ་ཡེ་ཤེས་དབབ་པ་རྣམས་སྔ་མ་དག་གི་རིགས་འགྲོས་སྦྱར་བས་ཤེས། དངོས་གཞི་ལ་ཐུགས་འདུན་དམིགས་པ་འདི་བཞིན་དུ་གནང་བ་ཞུ། ཁྱེད་རང་རྣམས་ཀྱི་སྤྱི་བོར་ཆོས་འབྱུང་ཉིས་རྩེག་ཅེས་པ་ནས་ཌཱ་ཀི་མས་བསྐོར་བ་ཞེས་པའི་བར་མདུན་བསྐྱེད་བཞིན་གསལ་བཏབ། དེ་ལ་གུས་པ་དང་བཅས་ཏེ་དུས་གསུམ་གྱི་དགེ་རྩ་ལུས་ལོངས་སྤྱོད་ཐམས་ཅད་མཆོད་པའི་སྤྲིན་ཕུང་བསམ་གྱིས་མི་ཁྱབ་པའི་རྣམ་པར་བསྒྱུར་ནས་སྤྱི་བོའི་མཁའ་སྤྱོད་མ་ལ་ཡིད་ཀྱིས་མཆོད་པ་ཕུལ། བླ་མ་རིན་པོ་ཆེ་བདག་ལ་དབང་བཞི་རྫོགས་པར་བསྐུར་དུ་གསོལ། ལན་གསུམ་གྱིས་གསོལ་བ་བཏབ། དེ་ནས་བླ་མ་དང་དབྱེར་མེད་པའི་སྤྱི་བོའི་མཁའ་སྤྱོད་མའི་གསང་གནས་ནས་བྱང་སེམས་དམར་ལ་དཀར་བའི་མདངས་ཆགས་པ་བྱུང་ནས་སྤྱི་བོར་ཐིམ་པས་ལུས་ཀྱི་ནང་ཐམས་ཅད་གང་། ལུས་ཀྱི་སྡིག་སྒྲིབ་དག བུམ་པའི་དབང་ཐོབ་སྙམ་པའི་མོས་པ་གནང་བ་ཞུ། ཌཱ་དྲིལ་བྱ་ཞིང་། ཨོཾ་གསུམ་མ་བརྗོད། ཡང་ཡིད་ཀྱིས་མཆོད་པ་ཕུལ་ལ་མཁའ་སྤྱོད་མའི་གསང་གནས་ནས་བྱང་སེམས་དཀར་དམར་ཁྱེད་རང་གི་ལྕེ་ཐོག་ཏུ་བབས་པས་མགྲིན་པ་གང་སྟེ་ངག་གི་སྡིག་སྒྲིབ་དག གསང་དབང་ཐོབ་སྙམ་པའི་མོས་པ་དང་ཌཱ་དྲིལ་སོགས་འདྲ། ཡང་ཡིད་ཀྱི་མཆོད་དེ་གསང་གནས་ནས་བྱང་སེམས་དཀར་དམར་ཁྱེད་རང་གི་སྙིང་གར་ཐིམ་པས་སྙིང་ག་ཆོས་ཀྱི་འཁོར་ལོ་གང་སྟེ་ཡིད་ཀྱི་སྡིག་སྒྲིབ་དག ལུས་སེམས་ལ་ཟག་མེད་ཀྱི་བདེ་བ་སྐྱེས། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པའི་མོས་པ་སོགས་འདྲ། ཡང་མཁའ་སྤྱོད་མ་ལ་ཡིད་ཀྱིས་མཆོད་པ་ཕུལ་བས་མཁའ་སྤྱོད་མ་ཁྱེད་རང་གི་སྤྱི་བོར་ཐིམ་ནས་ལྟེ་བར་སླེབ་པ་དང་། བདེ་ལ་སྟོང་པས་ཁྱབ་སྟེ་བདེ་སྟོང་གཉིས་སུ་མེད་པའི་ངང་ལ་སེམས་མ་བཅོས་པ་དར་གཅིག་འཇོག་པ་ཞུ། དེས་ནི་དབང་བཞི་པ་ཐོབ་པ་ཡིན། ཌཱ་དྲིལ་སོགས་འདྲ། འཕོ་བའི་ཁྱད་པར་གྱི་བྱིན་རླབས་ཀྱི་སླད་དུ་དམིགས་པ་འདི་བཞིན་དུ་གནང་བ་ཞུ། ཁྱེད་རང་རྣམས་བདེ་མཆོག་ཏུ་གསལ་བའི་དཔུང་པ་གཉིས་ཀྱི་སྟེང་དུ་རྡོ་རྗེ་རྣལ་འབྱོར་མའི་ཞབས་བཞག དེའི་གསང་གནས་པདྨ་དམར་པོ་ཁ་ཕྱེ་བ་ལྟ་བུ་རང་གི་ཚངས་བུག་དང་སྤྲད་པའི་རྣམ་པར་གསལ་བཏབ། ལྟེ་བར་རང་སེམས་ཨཱཿདཀར་པོ་འཕུར་ལ་ཁད་པ་རྒོད་ཀྱི་ཐེ་ཐུང་ལྟ་བུ་རང་རླུང་གི་ཡོམ་ཡོམ་བསྐྱོད་བཞིན་པ་དེས་གྱེན་དུ་བལྟས་པས་ཚངས་བུག་སྐྱ་ཧར་རེ་བ་དེ་ནས་རྡོ་རྗེ་རྣལ་འབྱོར་མའི་གསང་གནས་མཐོང་། དེར་འགྲོ་བའི་བདུན་པ་དྲག་པོས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མས་བདག་དག་པ་མཁའ་སྤྱོད་ཀྱི་གནས་སུ་ཁྲིད་དུ་གསོལ། ལན་གསུམ། རྣལ་འབྱོར་མའི་ཐུགས་ཁ་ནས་འོད་ཟེར་དཀར་པོ་བ་ཐག་རྐྱང་པ་ལྟ་བུ་ནར་གྱིས་བྱོན། རང་གི་སྤྱི་བོ་ནས་ཞུགས། ལྟེ་བའི་ཨ་ལ་རེག་པས་ཁབ་ལེན་ལ་ལྕགས་འཇུ་བ་ལྟར་འཐེན་ནས་ལུས་ཀྱི་དབུས་ན་ཡར་ཡེ་རེ་རེ་སོང་། ཚངས་བུག་ནས་ཐོན། བྷ་ག་ནས་ཞུགས། ཐུགས་ཁར་སླེབ་པ་ཙམ་ལ་ཏོག་སྒྲ་དང་བཅས་རྡོ་རྗེ་རྣལ་འབྱོར་མ་ནམ་མཁའ་ལ་ཡེད་ཀྱི་བྱོན། བློས་འཁྱུད་ཚད་དུ་བྱོན་པ་དང་དག་པ་མཁའ་སྤྱོད་དུ་ཕེབས་པར་བསམ། རྣལ་འབྱོར་མ་འཇའ་ཡལ་བ་ལྟར་བསམ། མ་རིག་པ་བརྗོད་མེད་དུ་འཇོག་པ་ཞུ། ཌཱ་དྲིལ་དང་ཨོཾ་གསུམ་མ་བྱ། ཡང་ནམ་མཁའ་ལ་སྤྲིན་རྡོལ་བ་བཞིན་རྡོ་རྗེ་རྣལ་འབྱོར་མ་ལམ་གྱིས་བྱོན་མར་བབས། དཔུང་པའི་སྟེང་དུ་ཞབས་བཞག་པའི་ཐུགས་ཁ་ནས་རང་སེམས་ཨ་ཆད་ལྟེ་བར་སླེབ། ཡང་གསོལ་འདེབས་སོགས་གོང་བཞིན་སྟེ་དྲིལ་བས་ཚར་གསུམ་མཛད། མཐར་རྡོ་རྗེ་རྣལ་འབྱོར་མ་ནམ་མཁའ་ནས་ལམ་གྱིས་བྱོན་པ་འོད་དུ་ཞུ། སྤྱི་བོ་ནས་ཐིམ་པས་སྤྱི་བོ་སྲ་ཞིང་མཁྲེགས་པ་རྡོ་རྗེའི་རང་བཞིན་དུ་བསམ། རྗེས་གཙོ་བོས་སོགས་སྤྱི་དང་འདྲ། འོག་ཏུ་མེ་ཏོག་མཁའ་སྤྱོད་དཀར་དམར་ཞེས་འབྱུང་བའི་མཁའ་སྤྱོད་དམར་མོ་དེ་དང་གཅིག་ཡིན་གསུང་། ཁྱུང་པོ་རང་གིས་མཛད་པའི་འཕོ་བའི་སྒོ་ནས་བཀའ་ལ་འདི་ཀ་གསུངས་འདུག ཡང་ཡིག་རྙིང་འགའ་ཞིག་ཏུ་འཕོ་བའི་སྒོ་ནས་བཀའ་ལ་བདེ་མཆོག་ལྷ་ལྔ་ལ་བརྟེན་པའི་དབང་བཞི་དང་། སློབ་མ་བདེ་མཆོག་ཏུ་བསྒོམ་པའི་ལྟེ་བར་ཆོས་འབྱུང་གི་ནང་དུ་ཡི་གེ་ཨ་བསམས་ནས་སྤྱི་བོའི་སྟེང་གི་ཁྲུ་གང་ཙམ་གྱི་ནམ་མཁའ་ལ་པད་ཉིའི་སྟེང་དུ་བླ་མ་དམ་པ་བསྒོམས་པའི་ཐུགས་ཁར་ཨ་དེ་བསྟིམ་པའི་དམིགས་པའི་ཁྱད་པར་དང་བཅས་པ་བཤད་སྣང་ངོ་།།

༈ །དྲུག་པ་བར་དོའི་དབང་བསྐུར་ནི། མཎྜལ་པདྨ་འདབ་བརྒྱད་ཕྱོགས་བཞི་དམར་པོ། མེ་རླུང་སེར་པོ། བདེན་བྲལ་ལྗང་གུ། དབང་ལྡན་སྔོན་པོ། ལྟེ་བ་དང་འདབ་མ་བརྒྱད་ལ་ཚོན་སྤུང་སྔོན་པོ་རེ་དགོད། མཐར་མཆོད་གཏོར་སོགས་བཤམས། སློབ་དཔོན་གྱིས་སྐྱབས་སེམས་སྔོན་དུ་འགྲོ་བས། སྭ་བྷཱ་ཝ་སོགས་བརྗོད།
སྟོང་པའི་ངང་ལས་པད་ཉིའི་སྟེང་དུ་རང་སྐད་ཅིག་གིས་ཧེ་བཛྲ་སྐུ་མདོག་སྔོན་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ་ཡབ་རྐྱང་བསྐྱེད། བྱིན་རླབས་ཡེ་ཤེས་པ་བཅུག དེ་ཝ་པི་ཙུ་བཟླ། མདུན་བསྐྱེད་ལ་དམིགས་ཏེ་སྭ་བྷཱ་ཝ་བརྗོད།
སྟོང་པའི་ངང་ལས་ཡེ་ཤེས་རང་སྣང་གི་གཞལ་ཡས་ཁང་ཕྱི་དུར་ཁྲོད་རྡོ་རྭ་མེ་རིས་བསྐོར་བ། ནང་འདབ་མ་བརྒྱད་དང་ལྡན་པའི་དབུས་སུ་པད་ཉིའི་སྟེང་དུ་ཧེ་བཛྲ་ཡབ་རྐྱང་། འདབ་མ་བརྒྱད་ལ་བདག་མེད་མ་གྲི་ཐོད་ཅན་གཞོན་ཞིང་སྒེག་པ་བདེ་བ་རྒྱས་པ་བརྒྱད་བསམ། གནས་གསུམ་བྱིན་བརླབ། ཡེ་ཤེས་པའི་ལྷ་དགུ་སྤྱན་དྲངས་ནས་བསྟིམ། མཚན་སྔགས་སྔོན་དུ་འགྲོ་བའི་ཕྱི་མཆོད་ནང་མཆོད་ཕུལ། ཐམས་ཅད་དངོས་པོའི་སོགས་ཀྱིས་བསྟོད། གཏོར་མ་བྱིན་བརླབ་ལ་མཚན་སྔགས་ཀྱི་མཐར་ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ལན་གསུམ་གྱིས་ཕུལ། ཕྱི་ནང་གི་མཆོད་པ་དང་། བསྟོད་པ་བྱ། རང་གི་སྤྱི་བོར་པད་འདབ་ལྟེ་བ་དང་བཅས་པ་ལྷ་དགུ་བསྐྱེད་པ་ནས་དབང་བཞི་པའི་བར་སློབ་དཔོན་རང་ཉིད་ཀྱིས་བླང་། དེ་ནས་སློབ་མ་བོས་ལ་བགེགས་གཏོར་སོགས་དཀྱུས་བཞིན། སློབ་མ་དགེས་རྡོར་དུ་བསྐྱེད་པ་ལ་ཡེ་ཤེས་དབབ་པའི་བར་འདྲ། དངོས་གཞི་ནི་སློབ་མའི་སྤྱི་བོར་པད་མ་འདབ་བརྒྱད་ཁ་ཕྱེ་བའི་ལྟེ་བ་ལ་ཧེ་བཛྲ་དང་འདབ་མ་བརྒྱད་ལ་བདག་མེད་མ་བརྒྱད་སྔར་བཞིན་གསལ་བཏབ། དེ་ལ་ཡིད་ཀྱིས་སྤྲུལ་པའི་མཆོད་པ་དབུལ་དུ་གཞུག བླ་མ་རིན་པོ་ཆེ་བདག་ལ་ཞེས་སོགས་ཀྱིས་གསོལ་བཏབ་གསུམ། དེ་ནས་སྤྱི་བོའི་ལྷ་ཚོགས་རྣམས་ལས་འོད་ཟེར་དཀར་པོ་དཔག་ཏུ་མེད་པ་བྱུང་བས། ཁྱེད་རང་རྣམས་ཀྱི་ལུས་ཀྱི་ཕྱི་ནང་ཐམས་ཅད་ཁྱབ་པས་ལས་དང་ཉོན་མོངས་པའི་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག ལུས་སྣང་ལ་རང་བཞིན་མེད་པ་འོད་ཀྱི་རང་བཞིན་དུ་གྱུར། དེའི་ངང་ལས་ཁྱེད་རང་ཧེ་བཛྲ་དཔའ་བོ་གཅིག་པར་ལམ་གྱིས་གྱུར། དེས་བུམ་དབང་ཐོབ་པ་ཡིན་ཞེས་བརྡ་སྦྱར་ལ་དེ་ཝ་པི་ཙུ་དང་ཌཱ་དྲིལ། ཡང་ཡིད་ཀྱིས་མཆོད་པ་ཕུལ་བས་སྤྱི་བོའི་བདག་མེད་མ་བརྒྱད་གཅིག་ཏུ་གྱུར་ནས་ཡབ་ལ་འཁྱུད་པས་ཡབ་ཡུམ་བདེ་བ་རྒྱས་ཏེ་སྦྱོར་མཚམས་ནས་བྱང་སེམས་དཀར་དམར་བདེ་ཁྲི་ལི་ལི་བྱུང་ནས་རང་གི་ལྕེ་ཐོག་ཏུ་བབས་པས་ངག་གི་སྡིག་སྒྲིབ་དག བདེ་བ་སྐྱེས་གསང་བའི་དབང་ཐོབ་སྙམ་པའི་མོས་པ་བྱེད་དུ་གཞུག སྔགས་དང་ཌཱ་དྲིལ། ཡང་མཆོད་པས་ཡུམ་དེ་ལས་བདག་མེད་མ་བདེ་བ་རྒྱས་པ་གཅིག་ཆད་ནས་བྱུང་སྟེ་བདག་ཉིད་ཡབ་ཏུ་གསལ་བ་ལ་འཁྱུད་ནས་སྦྱོར་བ་བྱས་པས་ལུས་སེམས་ལ་ཟག་མེད་ཀྱི་བདེ་བ་སྐྱེས། སེམས་ཀྱི་སྡིག་སྒྲིབ་དག ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། སྔགས་དང་ཌཱ་དྲིལ། ཡང་སྤྱི་བོའི་ཡབ་ཡུམ་ལ་ཡིད་ཀྱིས་མཆོད་པ་ཕུལ་བས་ལྷ་ཡབ་ཡུམ་གདན་དང་བཅས་པ་འོད་དུ་ཞུ། ཁྱེད་རང་རྣམས་ཀྱི་སྤྱི་གཙུག་ནས་ཐིམ་པས་རང་ཉིད་ལྷ་སྐུ་སྔར་བས་ཀྱང་གསལ་བར་གྱུར་ཏེ་ལུས་ལྷ་སྐུ་གསལ་ལ་རྟོག་པ་མེད་པའི་ཟུང་འཇུག་ཕྱག་རྒྱ་ཆེན་པོའི་ངང་ལ་འཇོག དེས་དབང་བཞི་པ་ཐོབ་པ་ཡིན། སྔགས་དང་ཌཱ་དྲིལ་བྱ། ཡང་ཁྱད་པར་གྱི་བྱིན་རླབས་ཀྱི་སླད་དུ་ཐུགས་འདུན་འདི་བཞིན་དུ་གནང་བ་ཞུ། ཁྱེད་རང་རྣམས་ཀྱི་མདུན་དུ་ཆོས་འབྱུང་སྔོན་པོ་སྤང་རྒྱན་མེ་ཏོག་ཁ་ཕྱེ་བ་ལྟ་བུའི་ནང་དུ་རང་སེམས་ཧཱུྃ་སྔོན་པོ་གཅིག་ཏུ་བསྒོམ་མཛོད། དེ་ལས་འོད་ཟེར་འཕྲོས་པས་འདས་མ་འོངས་ད་ལྟར་གྱི་མངལ་གྱི་ལན་ཆགས་བག་ཆགས་དྲི་མ་ཐམས་ཅད་སྦྱངས། སྣང་སྲིད་ཐམས་ཅད་དགེས་རྡོར་ཡབ་ཡུམ་དུ་ལམ་མེར་གསལ་བ་ལ་རྨི་ལམ་སྒྱུ་མ་བར་དོའི་དྲན་འདུན་རེ་གནང་བ་དང་། མཐར་འཛིན་མེད་དུ་ཆམ་གྱིས་འཇོག་པ་ཞུ། རྗེས་གཙོ་བོས་སོགས་འདྲ། སྒོས་བཀའ་འདི་དག་ཁྲིད་ཀྱི་གནས་སྐབས་གང་དང་གང་དུ་བྱ་བ་ནི་དག་བྱེད་ཨའི་དམིགས་པ་གསུམ་སོང་ཚར་ནས་ཐབས་ལམ་གྱི་ཁྲིད་འཛུགས་པའི་ཉིན་མདུན་བསྐྱེད་ཀྱི་ཤོམ་རྣམས་གྲུབ་དང་བསྟུན། སློབ་མས་ཡིག་བརྒྱ་དང་བརྒྱུད་འདེབས་བྱ་རིན་ལ་སློབ་དཔོན་གྱིས་ཐུགས་དམ་བསྒྲུབ་པའི་རིམ་པ་རྣམས་བྱ། དེ་ནས་སྒོས་བཀའ་བསྐུར་ནས་ཁྲིད་འཛུགས། དེ་བཞིན་དུ་སྒྱུ་ལུས་སོགས་འོག་མ་རྣམས་ལའང་རིགས་འགྲེའོ།
།འདི་དག་ཁྱུང་པོའི་ཡིག་རྙིང་གཞིར་བཞག་ལ། །ཚར་ཆེན་ཆོས་ཀྱི་རྒྱལ་པོ་ཡབ་སྲས་ཀྱི། །གསུང་གི་གསང་བ་ཟབ་མོས་བརྒྱན་ཏེ་བཀོད། །དང་པོའི་ལས་ཅན་རྣམས་ལ་ཕན་གྱུར་ཅིག
།དེ་ལྟར་ཡེ་ཤེས་མཁའ་འགྲོའི་ཞལ་རླངས་ནི་གུ་ཆོས་དྲུག་གི་སྒོས་བཀའ་སོ་སོའི་ཕྱག་ལེན་འདི་ནི་རྗེ་བཙུན་བླ་མ་རྣམས་ཀྱི་བྲན་དུ་གྱུར་པ་དགེ་སློང་ངག་དབང་ཆོས་གྲགས་ཀྱིས་ཆུ་མོ་བྱའི་ལོ་སྤུ་དཀར་བླ་བྲང་རྫོང་དུ་གོ་བདེ་བཀླག་ཆོག་ཏུ་བཀོད་པའི་ཡི་གེ་པ་ནི་ཆོས་གྲགས་བཟང་པོའོ། །འདིས་ཀྱང་ཚར་ཆེན་ཡབ་སྲས་ཀྱི་བསྟན་པ་དྲི་མ་མེད་པ་ཡུལ་དུས་ཕྱོགས་ཀུན་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག། །།འདིའི་བསྟན་པ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག། །།