Ni gu chos drug gi sgyu lus kyi dbang

From Shangpa Resource Center








Resource ID ST3
Title ni gu chos drug gi sgyu lus kyi dbang
Topics Initiation
Sub-Topics Illusory body
Author Sangyé Tönpa
Link BDRC W3CN766


ན་མོ་གུ་རུ།
ཆུས་དྲུག་གི་དབང་འདི་ལ་གསུམ་སྟེ། བསྙེན་པ་ས་ཆོག་སྟ་གོན་རྣམས་གཞན་དང་མཐུན་པར་བྱའོ།
ས་བཏེག་སྟེང་དུ་པད་མ་འདབ་མ་བཞི་པའི་སྟེང་དུ་རྒྱུད་སྡེ་གཞིའི་ལྷ་ཚོགས་དང་། ཆོས་འབྱུང་གཉིས་བརྩེག་དཀར་པོའི་སྟེང་དུ་བདེ་མཆོག་ལྷ་ལྔ་དང་། ཆོས་འབྱུང་གཉིས་བརྩེག་དམར་པོའི་སྟེང་དུ་ཕག་མོ་ལྷ་ལྔ་དང་། གྲུ་གསུམ་མཐིང་ནག་མེ་རིས་བསྐོར་བའི་སྟེང་དུ། མགོན་པོ་ཕྱག་དྲུག་པ་བསྐྱེད། བུམ་པ་བཅའ་དཀྱིལ་འཁོར་རྣམས་གཞལ་ཡས་ཁང་དུ་བསྐྱེད། བགེགས་གཏོར་བཏང་། སློབ་དཔོན་བདག་འཇུག་བྱ། སློབ་མ་ལ་དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག་པའི་ཆོས་བཤད། སྡིག་པ་བཤག་པ། སྐྱབས་སུ་འགྲོ་བ། སེམས་བསྐྱེད་པ་བྱ།
དཀྱིལ་འཁོར་གྱི་ནང་དུ་གཞུག་པར་གསོལ་བ་གདབ་པ་ནི། །དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། ལ་སོགས་བྱ།
དེ་ནས་སྣང་བ་བྱིན་པ་ནི། བུ་ཚུར་ཐེག་པ་ཆེན་པོའི། ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ།
བློ་གུག་པ་ནི། རྟོག་པ་ཐམས་ཅད་ལེགས་པར་བསྡུས་ནི།
རིགས་ལྔའི་གསོལ་བ་གདབ་པ་ནི། སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ།
རིགས་ལྔ་སོ་སོའི་དམ་ཚིག་ནི། སློབ་དཔོན་འདི་ནི་བདག་ལ་གསོན། གཙོ་བོས་ཅི་ལྟར།
སློབ་མའི་སྙིང་ཁར་རྡོ་རྗེ་བཟུང་ནས། ཨོཾ་ཡོ་ག་ཙི་ཏྟ་ཨུ་པ་ཏ་ཡ་མི། སུར་ཡ་སྟྭཾ། སེམས་བདེ་སྟོང་དུ་བསྐྱེད་པ་ཡིན།
དེ་རིང་ཁྱོད་དཔའ་བོ་རྣལ་འབྱོར་མ་རྣམས་ཀྱི་ནང་དུ་དངོས་གྲུབ་ཐོབ་པར་འདོད་ན། ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱི།
སློབ་དཔོན་གྱི་དམ་ཚིག་བསྒྲུབ་པ་ནི། དེང་ནས་བཟུང་སྟེ་ཁྱོད་ཀྱི་དཔལ་ཧེ་རུ་ཀ་ང་ཡིན་གྱི། ཁྱོད་ཀྱི་ང་ལ་བརྙས་པ་མ་བྱེད་ཏ།
དམ་ཚིག་ཆུ་བླུང་པ་ནི། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ།
གཉིས་པ་དངོས་གཞི་ནི། སྤྱན་དར་བཏང་ནས།
ཡེ་ཤེས་དབབ་པ་ནི། སྤྱི་བོར་བདེ་མཆོག་ལྷ་ལྔ་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བརྒྱུད་པའི་བླ་མ་དང་བཅས་པས་བསྐོར་བ་རྣམས། གར་ཐབས་སུ་ལིང་ལིང་འདུག་པ་ལས། བདེ་མཆོག་ཆུང་ངུ་ཡན་ལག་དོད་པ་ཙམ་དཔག་ཏུ་མེད་པ། རང་གི་ལུས་ལ་སིབ་སིབ་ཐིམ་པར་བསྒོམ། དེས་རང་གི་ནད་གདོན་ཐམས་ཅད་དག་པར་བསམ། དེ་ནས་བདེ་མཆོག་ལུས་ལ་ཐིམ་པར་བསྒོམ། དཀྱིལ་འཁོར་ཁ་དོག་དྲི། དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས་བྱ། ལྷ་ངོ་སྤྲད། ་་་་ག་པའི་དཀྱིལ་འཁོར་འདིར་བདག་གི་སློབ་མ་གཞུག་པར་བྱ། ཅེས་མེ་ཏོག་དོར། སེམས་ཅན་སྟོབས་ཆེན་ཅེས་མེ་ཏོག་བཏག །རིག་པའི་དབང་བསྐུར། བུམ་པའི་ཆུ་བླུག་པས། སྤྱི་བོར་སླེབ། བུམ་དབང་ཐོབ། མགྲིན་པར་སླེབ། གསང་དབང་། སྙིང་ཁར་སླེབ། ཤེས་རབ་ཡེ་ཤེས། ལྟེ་བར་སླེབ་པས་དབང་བཞི་པ་ཐོབ། བསྐུར་བྱ་དང་ཐོབ་བྱ་དང་། དབང་བྱ་གཞན་དང་འདྲ། མི་བསྐྱོད་པ་ཆུའི་དབང་། རིན་ཆེན་འབྱུང་ལྡན་དབུ་རྒྱན་གྱི་དབང་། སྣང་བ་མཐའ་ཡས་དྲིལ་བུའི་དབང་། དོན་ཡོད་གྲུབ་པ་རྡོ་རྗེའི་དབང་། རྣམ་པར་སྣང་མཛད་མིང་གི་དབང་། གསང་མཚན་བར་འདིར་གདག །དེ་ནས་མཎྜལ་གཅིག་འབུལ། མཆོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་དང་། རང་གི་ལུས་ལོངས་སྤྱོད་དང་བཅས་པ་ཕུལ་ལ་གསོལ་བ་གདབ་པ་ནི། རྩ་བ་དང་བརྒྱུད་པའི་བླ་མ་རྣམས་ཀྱིས་བདག་ལ་ཡང་དག་པ་སྒྱུ་ལུས་རྨི་ལམ་འོད་གསལ་གྱི་དབང་བསྐུར་དུ་གསོལ། དེས་འགྲེ། ཡི་དམ་མཁ་འགྲོ་ཆོས་སྐྱོང་།
ཏིང་ངེ་འཛིན་གྱི་དབང་འདི་ལ་གཉིས། གདམ་ངག་དབང་དང་འབྲེལ་བ། དབང་གདམ་ངག་དང་འབྲེལ་བ།
རང་གི་སྤྱི་བོར་ཨོཾ་དཀར་པོ་གཅིག་བསྒོམ། དེ་ལས་འོད་ཟེར་དཀར་པོ་གཅིག་རྒྱང་བཅད་ནས་སོང་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡོན་ཏན་ཐམས་ཅད་འོད་ཟེར་དཀར་པོའི་ཚུལ་དུ་བསྡུས་ཏེ་ཨོཾ་ལ་ཐིམ་པ་དང་། ཨོཾ་དེ་འོད་དུ་ལྟེམ་ལྟེམ་ཡོ་ཡོ་ཁོང་པའི་ནང་དུ་མར་བྱོན། སྙོན་མོངས་པ་དུག་གསུམ་ཐམས་ཅད་སྦྱང་། དངས་མ་ཡེ་ཤེས་ཀྱི་ཆ་ལ་ཐིམ། ཐིག་ལེ་དཀར་པོ་དེ་ཁོང་པའི་དབུས་སུ་བསྒོམ། དེས་འགྲེ། ཨ་དམར་པོ་ཁོང་པའི་ནང་ན་མར་བྱོན་ནས་ཐིག་ལེ་དཀར་པོའི་རྒྱབ་དུ་བསྒོམ། དུག་ལྔ་དག །དངས་མ་ཡེ་ཤེས་ཆ་ལ་ཐིམ། ཧཱུྃ་སྔོན་པོ་མདུན། དྲ་སེར་པོ་གཡས། ཡོན་ཏན་ཐམས་ཅད་སྔོན་པོ་གཡོན། ཐིག་ལེ་ལྔ་པོ་དེ་ཡེ་ཤེས་ཀྱི་རླུང་ཐམས་ཅད་ཀྱང་དངས་མ་ཡེ་ཤེས་ཀྱི་ཆ་ལ་ཐིམ། ལྔ་པོ་དེ་འོད་དུ་དཀྲུག་དཀྲུག་འདྲེས་པས་རང་ཉིད་བདེ་མཆོག་ལྷན་སྐྱེས་སུ་བསྒོམ། དེས་གདམ་ངག་གཅིག་ཐལ།
ད་གདམ་ངག་དབང་དང་འབྲེལ་བ་ནི། གདན་སེང་གེ་ཟླ་བ་ཉི་མའི་ཁྲི་སྟེང་དུ། བླ་མ་དང་བདེ་མཆོག །དབྱེར་མེད་དུ་བསྒོམ་ལ། མཎྜལ་ཕུལ་གསོལ་བ་བཏབ་ནས། འདིར་ཏིང་ངེ་འཛིན་གྱི་དབང་བཞི་རྫོགས་སུ་བསྐུར། དེས་གདམ་ངག་དབང་དང་འབྲེལ་པ་ཐལ།
དབང་གདམ་ངག་དང་འབྲེལ་བ་ནི། སྟོང་པས་གཞི་བྱས་རིག་པས་རྩལ་སྣ་ཚོགས་སུ་འཆར་བ་དང་གཅིག །རྩའི་ས་ལམ་དབྱིངས་རིག་སྣ་ཚོགས་སུ་འཆར་བ་དང་གཉིས། ལུས་དག་ནས་ཡི་དམ་ལྷ་རུ་བསྒོམ་པ་དང་གསུམ།
དང་པོ་ནི། སྟོང་པས་གཞི་བྱས་རིག་པས་རྩལ་སྣ་ཚོགས་སུ་འཆར་བ་ནི། རང་གི་ལུས་བཅོམ་ལྡན་འདས་བདེ་ཆོགས་དུ་བསྒོམ་པའི། རྩ་དབུ་མ་ཡར་སྣེ་ཚང་བུག་ཏུ་སླེབ་པ། མར་སྣེ་གསང་གནས་སུ་སླེབ་པ། ཕྱི་དཀར་ལ་ནང་དམར་བ། འོད་ཀྱི་རང་བཞིན་ཅན་གཅིག་བསྒོམ། དེའི་སྙིང་ཁའི་ཐད་ཀར་རྩ་དབུ་མའི་ནང་དུ། རང་གི་སེམས་ཡི་གེ་ཨ་དཀར་པོ་འོད་ཀྱི་རང་བཞིན་ཅན་གཅིག་བསྒོམ། ངག་ཏུ་ཨ་མང་དུ་བརྗོད་པས། ཨ་དེ་ལ་འོད་ཟེར་སིང་དེ་བྱུང་པས། དབུ་མ་དེ་བྱེ་གསལ་བྱེ་གསལ་མཐར་སྟོང་ཉིད་ཀྱི་མཐར་ཆམ་དེ་བཞག་གོ
།གཉིས་པ་རང་བདེ་མཆོག་ཏུ་བསྒོམ་པའི་སྤྱི་བོར་རྩ་འདབ་སུམ་ཅུ་རྩ་གཉིས་ཀྱི་སྟེང་དུ་ཡི་གེ་ཧཾ། མགྲིན་པར་རྩ་འདབ་ཅུ་དྲུག་གི་སྟེང་དུ་ཨོཾ། སྙིང་ཁར་རྩ་འདབ་བརྒྱད་ཧཱུྃ། ལྟེ་བར་རྩ་འདབ་དྲུག་བཅུ་རྩ་བཞིའི་སྟེང་ཨ་བསམ་མོ།
དེ་ནས་སྤྱི་བོ་ཧཾ་ལས་འོད་ཟེར་སིང་ངེ་བྱུང་པས། སྤྱི་བོ་བདེ་བ་ཆེན་པོའི་རྩ་མདུད་གྲོལ་འོད་ཀྱིས་ཁྱབ། ཧཾ་གི་འོད་ཀྱིས་མགྲིན་པའི་ཨོཾ་གསོས། ཨོཾ་ལས་འོད་ཟེར་སིང་ངེ་བྱུང་པས། མགྲིན་པ་ལོངས་སྤྱོད་ཀྱི་རྩ་མདུད་ཐམས་ཅད་གྲོལ་འོད་ཀྱི་ཁྱབ། ཨོཾ་ལས་འོད་བྱུང་། སྙིང་ཁའི་ཧཱུྃ་གསོས། ཧཱུྃ་ལས་འོད་བྱུང་སྙིང་ཁའི་རྩ་མདུད་གྲོལ། འོད་ཀྱི་ཁྱབ། ཧཱུྃ་ལས་འོད་བྱུང་ལྟེ་བའི་ཨ་བསོས། ཨ་ལས་འོད་བྱུང་། ལྟེ་བའི་རྩ་མདུད་གྲོལ། ལུས་འདི་བདེ་སིང་སིང་པ་ལ་སེམས་འདི་དར་གཅིག་གདད། རྒྱུད་ལས་བྱང་ཆུབ་སེམས་དཔའ་རྩ་ལས་མདུད་པ་མི་མངའོ། །གསུང་པའི་དོན་དེ་ཡིན། དེའི་ངང་ལས་རང་བཞིན་ལྷན་སྐྱེས་སུ་ལམ་དེ་བསྒོམ། དེ་ལྟར་བསྒོམ་པའི་རྡོ་རྗེའི་ནོར་བུའི་རྩེ་མོར་ཧཱུྃ་སྔོན་པོ་མགོ་གྱེན་དུ་བསྟན་པའི་མགོ་ལ། ཐིག་ལེ་དམར་པོ་སྲན་མ་ཙམ་གཅིག་བསྒོམ། དེ་ནས་རྡོ་རྗེ་ནོར་བུའི་ཧཱུྃ་དེས། ནོར་བུ་རྒྱུ་མ་ལྡོག་པ་བཞིན་དུ་ལོག་ནས་ཏེ། སྙིང་ཁར་སླེབ་པ་དང་། སྨད་ཀྱི་ཉོན་མོངས་པའི་འདོད་ཆགས་ཐམས་ཅད་དག་པར་བསམ། སྤྱི་བོ་ནས་ཧཾ་དཀར་པོའི་མགོ་ལ། ཐི་ལེ་དཀར་པོ་སྲན་མ་ཙམ་གཅིག་ཆད་ནས། སྙིང་ཁར་སླེབ་པ་དང་། ཉོན་མོངས་པ་གཏི་མུག་ཐམས་ཅད་དག་པར་བསམ། ཞེ་སྡང་རང་དག་ཡིན་གསུང་། དེ་ནས་ཐིག་ལེ་དཀར་དམར་གཉིས་པོ་དེ། སྙིང་ཁར་འཁོར་བ་དེ་བུམ་པའི་དབང་། ཐི་ལེ་གཉིས་པོ་རེག་པ་གསང་དབང་། རེག་པས་བདེ་བ་བྱུང་བ་ཤེས་རབ་ཡེ་ཤེས། གཅིག་ལ་གཅིག་ཐིམ་ནས། མཐར་འོད་དུ་ཡལ་དུ་སོང་པ། བཞི་པ་ཕྱག་རྒྱ་ཆེན་པོའོ།
མཁའ་འགྲོ་མ་ནེ་གུ་མའི་ཞལ་ནས། ཆོས་དྲུག་འདིའི་དབང་བསྐུར་ཐོབ་ནས། །རྩ་བའི་དམ་ཚིགས་མ་ཉམས་ན། །བར་དོར་སར་རྒྱ་བར་གསུང་ངོ་།
རྗེས་ཚོགས་ལ་རོལ། གཏོར་མ་འབུལ། ཡི་གེ་བརྒྱ་པ་བརྗོད། ལྷག་གཏོར་བཏང་། ཡེ་ཤེས་པ་གཤེགས་སུ་གསོལ། དམ་ཚིག་པ་བདག་ལ་བསྡུ། རྗེས་མི་མངོན་པར་བྱ། བཀྲ་ཤིས་བརྗོད། སངས་རྒྱས་སྟོན་པས་མཛད་པ་རྫོགས་སོ། དགེའོ།