Ni gu dang su kha sid+d+hi la brten pa'i tshe sgrub zab mo dbang chog dang bcas pa

From Shangpa Resource Center
Revision as of 18:20, 23 January 2019 by Sengue (talk | contribs)








Resource ID SCv10p1
Title ye shes mkha' 'gro ni gu ma dang su kha sid+d+hi la brten pa'i nye brgyud tshe sgrub zab mo dbang chog dang bcas pa 'chi med grub pa'i myur lam
Topics Various
Author Jamgön Kongtrül Lodrö Thayé

༄༅། །ཡེ་ཤེས་མཁའ་འགྲོ་ནི་གུ་མ་དང་སུ་ཁ་སིདྡྷི་ལ་བརྟེན་པའི་ཉེ་བརྒྱུད་ཚེ་སྒྲུབ་ཟབ་མོ་དབང་ཆོག་དང་བཅས་པ་འཆི་མེད་གྲུབ་པའི་མྱུར་ལམ་ཞེས་བྱ་བ་བཞུགས་སོ།།

།ན་མོ་གུ་རུ་བེ།
འདིར་ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མའི་ཚེ་སྒྲུབ་ཟབ་མོ་ཉམས་སུ་ལེན་པར་འདོད་པས། སྐྱབས་སེམས་དང་། བདེ་མཆོག་སོགས་ཡི་དམ་གང་རུང་གི་བདག་བསྐྱེད་སྔོན་དུ་འགྲོ་བས།
སྭ་བྷཱ་ཝ་སོགས་ཀྱིས་ཆོས་ཐམས་ཅད་སྟོང་པར་སྦྱངས།
སྟོང་པའི་ངང་ལས་མདུན་གྱི་ནམ་མཁར་རྡོ་རྗེའི་ར་བ་མེ་རི་ཟླུམ་སྐོར་གྱི་ནང་དུ། སྣ་ཚོགས་པདྨ་འདབ་མ་འབུམ་ལྡན་གྱི་ལྟེ་བར་བདུད་རྩི་འོ་མའི་རྒྱ་མཚོ་ཀུན་ནས་འཁྱིལ་ཞིང་ནོར་བུ་སྣ་ཚོགས་ཀྱིས་གཏམས་པའི་དབུས་ན་ཡར། དཔག་བསམ་གྱི་སྡོང་པོ་ཡལ་ག་ལོ་འདབ་མེ་ཏོག་འབྲས་བུ་གཡུར་ཟ་ལྡེམ་པའི་ལྟེ་བར་སེང་ཁྲི་པདྨ་ཟླ་ཉི་ཀྲྀཥྞ་སཱ་རའི་ལྤགས་པའི་གདན་ལ་རྩ་བའི་བླ་མ་དང་གཉིས་སུ་མེད་པའི་མཁའ་འགྲོ་རུས་པའི་རྒྱན་ཅན་ནི་གུ་མ་སྐུ་མདོག་སྨུག་ནག་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་རྩེ་གསུམ་གྱི་ཕྱག་རྒྱ་དང་། གཡོན་བདུད་རྩི་གང་བའི་ཀ་པཱ་ལ་སྐུ་གཡོན་དུ་འཛིན་པ། དར་དང་རིན་ཆེན་རུས་པའི་རྒྱན་སྣ་ཚོགས་ཀྱིས་ཀུན་ནས་སྤྲས་ཞིང་། ཞབས་གཉིས་ཙོག་པུར་བཞུགས་པའི་སྐུ་ལ་འཇའ་འོད་ཀྱིས་བསྐོར་བར་བསམ་ལ།
གནས་གསུམ་བྱིན་གྱིས་རླབས་ཡེ་ཤེས་པ་གཞུག །དབང་བསྐུར།
བདེ་མཆོག་ལྷན་སྐྱེས་ཡབ་ཡུམ་གྱིས་དབུ་རྒྱན། ཕྱི་ནང་གིས་མཆོད།
བདེ་གཤེགས་ཀུན་གྱི་ཡུམ་གྱུར་མ། །འཇའ་ལུས་མཆོག་བརྙེས་མཁའ་ལ་གཤེགས། །སྣང་སྟོང་སྒྱུ་མའི་རོལ་རྩེ་མཁན། །ནི་གུ་མ་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད།
ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། །ཧཱུྃ་སྨུག་ནག་གི་མཐར་སྔགས་ཕྲེང་ཁ་དོག་སྣ་ཚོགས་པ་གཡས་སུ་འཁོར་བར་གྱུར། །ཨོཾ་ཨཱཿགུ་རུ་ཌཱ་ཀི་ནཱི་ཡེ་ནི་གུ་མ་ཨཱ་ཡུརྫྙཱ་ན་སིདྡྷི་མེ་པྲ་ཡཙྪ། །ཅི་ནུས་བཟླས་པས།
སྔགས་ཕྲེང་ལས་འོད་ཟེར་ཁ་དོག་སྣ་ཚོགས་དཔག་ཏུ་མེད་པ་འཕྲོས། ཕྱི་ནང་སྣོད་བཅུད་ཐམས་ཅད་དང་། ཕྱོགས་བཅུའི་བདེ་གཤེགས་རྣམས་ལ་ཕོག །དེ་རྣམས་ཀྱི་ཐུགས་རྗེ་བྱིན་རླབས། རོ་བཅུད་དྭངས་མ་ཐམས་ཅད་སྤྱན་དྲངས། ཡེ་ཤེས་ཀྱི་ཌཱ་ཀི་ནཱི་ནི་གུ་མའི་སྐུ་ལ་ཐིམ། དེ་ལས་འོད་ཟེར་འཆི་བ་མེད་པའི་བདུད་རྩིའི་རྒྱུན་དཔག་ཏུ་མེད་པ་བབས། བདག་གི་སྤྱི་བོ་ཚངས་པའི་བུ་ག་ནས་མར་ཞུ། ལུས་ཐམས་ཅད་མེར་ཁེངས། ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་སངས་དག །འཆི་མེད་དྭངས་མ་གསུམ་ལྡན་མཆོག་གི་སྤྲུལ་སྐུ་བླ་མ་འགྲུབ་པར་བྱིན་གྱིས་རླབས་པར་བསམ། མཐར། ཨོཾ་ཛྙཱ་ན་ཌཱ་ཀི་ནཱི་ནི་གུ་མ་ས་པ་རི་ཝཱ་ར་ཨཱརྒྷཾ་སོགས་ཀྱིས་ཕྱི་མཆོད་དང་། ཨོཾ་ཨཱཿཧཱུྃ་ གིས་ནང་མཆོད་འབུལ།
ལུས་མེད་ལུས་མཆོག་བདེ་བའི་སྐུ། །སྐུ་བཞི་མངོན་གྱུར་མཁའ་ལ་གཤེགས། །དངོས་གྲུབ་མཆོག་སྩོལ་ནི་གུ་མ། །རུས་པའི་རྒྱན་ཅན་ཁྱེད་རང་མཁྱེན།
།ཞེས་གསོལ་བ་བཏབ་པས། །མདུན་བསྐྱེད་ཀྱི་བླ་མ་གདན་ཁྲི་དང་བཅས་པ་འོད་དུ་ལྟེམ་ཞུ། རང་ཡི་དམ་དུ་གསལ་བའི་ལུས་ངག་ཡིད་གསུམ་ལ། སྐུ་གསུང་ཐུགས་གཉིས་སུ་མེད་པར་ཐིམ་པས་དབང་བཞི་སྟན་ཐོག་གཅིག་ཏུ་ཐོབ། གནས་སྐབས་བཞིའི་སྒྲིབ་པ་དག་ཅིང་། མཐར་ཐུགས་སྐུ་བཞིའི་གོ་འཕང་ཐོབ་པར་བསམ་ཞིང་།
རིག་པ་ཆོས་ཉིད་བྱ་རྩོལ་བྲལ་བའི་ངང་དུ་ཅི་གནས་སུ་བཞག །བསྔོ་སྨོན་བྱའོ།
འདིའི་སྒོ་ནས་སློབ་མ་རྗེས་སུ་འཛིན་ན། སྦྱོར་བ་དཀྱིལ་འཁོར་གྱི་དབུས་སུ་ཚེ་བུམ། ༼ཕྱག་ལེན་ལ་མདུན་དུ་རྣམ་བུམ་ཀྱང་བཤམས།༽ མདུན་དུ་མཆོད་གཏོར། གཡས་སུ་ཚེ་རིལ། གཡོན་དུ་ཚེ་ཆང་། ༼ཕྱག་ལེན་ལ་འོ་མ་དང་མངར་གསུམ་སྦྱར་བས་མཛད།༽ རྒྱབ་ཏུ་མདའ་དར་རྣམས་བཤམས། སྔོན་འགྲོ་གཏོར་མ་དང་། གནས་དང་མཆོད་པ་བྱིན་རླབས་སྔོན་དུ་འགྲོ་བས། བདག་མདུན་སྒྲུབ་མཆོད་དབང་བླང་བ། བཅས་གྲུབ་ནས། སླར་ཡང་མདུན་བསྐྱེད་སྔར་བཞིན་གསལ་བར་གྱུར་པར་བསམ་ལ་བཟླས་པ་ཅུང་ཟད་བྱའོ།
དེ་ནས་སློབ་མ་རྣམས་ལ་ཁྲུས་བྱས། བགེགས་གཏོར་བཏང་། སྲུང་འཁོར་བསྒོམ། མཎྜལ་འབུལ་དུ་བཅུག་ལ། མཚམས་སྦྱོར་གྱི་ཁྱད་པར།
ད་ལམ་འདིར་སྐབས་སུ་བབ་པ། གངས་ཅན་མཁས་གྲུབ་ཡོངས་ཀྱི་འཁོར་ལོས་བསྒྱུར་བ། ཀུན་མཁྱེན་བོ་དོང་པ་ཆེན་པོ་འཇིགས་བྲལ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བ་ཞེས་མཚན་ཉི་ཟླ་ལྟར་ཡོངས་སུ་གྲགས་པ་དེ་ཉིད་དགུང་གྲངས་བཅུ་དྲུག་བཞེས་པའི་དུས་སུ། འོད་གསལ་དག་པའི་སྣང་ངོར་ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མ་དང་། སུ་ཁ་སིདྡྷི་དང་། གྲུབ་པའི་རྒྱལ་མོ་སོགས་ཀྱིས་མངོན་སུམ་དུ་རྗེས་སུ་བཟུང་ཞིང་བྱིན་གྱི་རླབས་པ་ལས་བྱུང་བའི་ཉེ་བརྒྱུད་ཚེ་སྒྲུབ་ཀྱི་གདམས་པ་བྱིན་རླབས་ཀྱི་ཚན་ཁ་མཆོག་དང་ལྡན་པ་ཇི་སྙེད་ཅིག་མཆིས་པ་ལས། ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མའི་བྱིན་རླབས་ཚེ་དབང་ཟབ་མོ་གསན་པའི་སླད་དུ་མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ཏེ་ཐུན་མོང་དང་ཁྱད་པར་གྱི་གསོལ་བ་གདབ་པ་འདིའི་རྗེས་ཟློས་ལན་གསུམ་མཛོད།
ཀུན་མཁྱེན་ཡེ་ཤེས་སོགས། རྒྱུད་དག་པར་བྱ་བའི་སླད་དུ། མདུན་གྱི་གནས་འདི་ཉིད་དུ། བླ་མ་དང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་མཁའ་འགྲོ་མ་ལ་སྐྱབས་གནས་རྒྱ་མཚོས་བསྐོར་བ་མངོན་སུམ་ལྟ་བུར་བཞུགས་པའི་སྐྱབས་གསུམ་སྔོན་དུ་འགྲོ་བ་ཅན་གྱི་སྒོ་ནས་སྡོམ་པ་བཟུང་བ་འདིའི་རྗེས་ཟློས་ལན་གསུམ་མཛོད།
དཀོན་མཆོག་གསུམ་ལ་སོགས་ནས། ཡིད་ཀྱིས་བཟུང་།
དངོས་བཞིར་ལྷ་བསྐྱེད་པའི་སླད་དུ་སྤྱན་དམིགས་འདི་བཞིན་དུ་མཛོད།
ཨོཾ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་རྡོ་རྗེའི་ར་བ་ནས། གདན་ལ་ཁྱེད་རང་རྣམས་སྐད་ཅིག་གིས་ཡེ་ཤེས་ཀྱི་མཁའ་འགྲོ་རུས་པའི་རྒྱན་ཅན་ནས། འཇའ་འོད་ཀྱིས་བསྐོར་བའི་སྐུ་ཅན་རེ་རེར་ལམ་ཏེ་གྱུར་པའི་མོས་པ་དང་བཅས་ཏེ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད།
བླ་མ་དང་ཡེ་ཤེས་ཀྱི་མཁའ་འགྲོས་བདག་ལ་འཆི་མེད་ཚེའི་དངོས་གྲུབ་མ་ལུས་པ་རྩལ་དུ་གསོལ།
ཞེས་གསོལ་བ་བཏབ་པས་མདུན་གྱི་ཚེ་རྫས་རྣམས་ལ་འཆི་མེད་ཡེ་ཤེས་ཀྱི་མཁའ་འགྲོར་གསལ་བ་དང་། ཁྱེད་རང་རྣམས་ཀྱི་ཐུགས་ཀར་ཧྲཱིཿཡིག་དམར་པོས་མཚན་པ་ལས་འོད་ཟེར་འཕྲོས་པས། རང་རང་གི་བླ་ཚེ་གདོན་བགེགས་འབྱུང་པོས་འཕྲོག་པ། བརྐུས་པ། ཡར་བ། ཉམས་པ་ཐམས་ཅད་བསྡུས་ཏེ་མདུན་བསྐྱེད་ཀྱི་སྐུ་ལ་ཐིམ། དེ་ལས་འཆི་མེད་བདུད་རྩིའི་རྒྱུན་དཀར་ལ་དམར་བའི་མདངས་ཆགས་པ་དཔག་ཏུ་མེད་པ་བྱུང་། ཁྱེད་རང་རྣམས་ཀྱི་སྤྱི་བོ་ཚངས་པའི་བུ་ག་ནས་མར་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་། ཚེ་སྲོག་ཉམས་པ་སོར་ཆུད་ཅིང་། འཆི་མེད་ཚེའི་དངོས་གྲུབ་ཐོག་པའི་མོས་པ་མཛོད། ཚེ་བུམ་སྤྱི་བོར་བཞག་ཅིང་རྩ་སྔགས་བརྗོད།
བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བ་དང་། སོགས་ཤིས་བརྗོད་བྱ།
ཡང་དམིགས་པ་འདི་བཞིན་དུ་མཛོད།
མདུན་བསྐྱེད་དང་ཁྱེད་རང་རྣམས་ཀྱི་ཐུགས་ཀའི་ས་ ཐོག་མའི་འདི་ལ་རྣམ་བུམ་དང་། འོག་མ་གཉིས་ལ་ཚེ་བུམ་བཞག་པ་ཕྱག་ལེན། བོན་ལས་འོད་ཟེར་འཕྲོས་པས། ཕྱི་སྣོད་ཀྱི་འཇིག་རྟེན་འབྱུང་བ་བཞིའི་བཀྲག་དང་གཟི་མདངས་རོ་བཅུད་ནུས་པ་ཐམས་ཅད་དང་ནང་ཁམས་གསུམ་གྱི་སྐྱེ་འགྲོ་ཚངས་དབང་དྲག་པོ་འཁོར་ལོས་བསྒྱུར་བ་སོགས་འཇིག་རྟེན་ན་མངོན་པར་མཐོ་བ་རྣམས་ཀྱི་ཚེ་བསོད་དཔལ་འབྱོར་ཐམས་ཅད་བསྡུས། མདུན་བསྐྱེད་ཀྱི་སྐུ་ལ་ཐིམ། དེ་ལས་འཆི་མེད་བདུད་རྩིའི་རྒྱུན་ཁ་དོག་སྣ་ཚོགས་པ་དཔག་ཏུ་མེད་བྱུང་། སྤྱི་བོ་ཚངས་པའི་བུ་ག་ནས་མར་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་། བདུད་རྩིའི་དྭངས་མས་ལུས་ཀྱི་ཟུང་དང་སེམས་ཀྱི་རྟེན་དུ་གྱུར་ཅིང་། འཆི་མེད་ཚེའི་དངོས་གྲུབ་མ་ལུས་པ་ཐོབ་པའི་མོས་པ་མཛོད།
རྩ་སྔགས་དང་། བསོད་ནམས་རི་བོ་སོགས་བརྗོད།
སླར་ཡང་དམིགས་པ་འདི་བཞིན་དུ་མཛོད།
མདུན་བསྐྱེད་དང་ཁྱེད་རང་རྣམས་ཀྱི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས། ཕྱོགས་བཅུའི་རྒྱལ་བ་སྲས་དང་སློབ་མར་བཅས་པ་རྣམས་ཀྱི་མཁྱེན་བརྩེ་ནུས་པའི་ཡོན་ཏན་ཐམས་ཅད་སྤྱན་དྲངས། མདུན་བསྐྱེད་ཀྱི་སྐུ་ལ་ཐིམ། དེ་ལས་འཆི་མེད་བདུད་རྩིའི་རྒྱུན་དཀར་ལ་དམར་བའི་མདངས་ཆགས་པ་དཔག་ཏུ་མེད་པ་བྱུང་། སྤྱི་བོ་ཚངས་པའི་བུ་ག་ནས་མར་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་། ནད་གདོན་སྡིག་སྒྲིབ་དུས་མ་ཡིན་པའི་འཆི་བའི་འཇིགས་པ་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག །འཆི་མེད་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་མ་ལུས་པ་ཐོབ་པའི་མོས་པ་མཛོད།
རྩ་སྔགས་དང་། མི་འགྱུར་ལྷུན་པོ་སོགས་བརྗོད།
དེ་ནས་ཕྱག་གཡས་སུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་དམར་མོ་འོད་དུ་ཞུ་བ་ལས་བྱུང་བའི་འཆི་མེད་བདུད་རྩིའི་བཅུད་ལེད་གྱི་རིལ་བུ་འདི་ཉིད་བྱིན་ཅིང་མྱོང་བ་ལ་བརྟེན་ནས་ཐབས་བདེ་བ་ཆེན་པོ་མཆོག་ཏུ་མི་འགྱུར་བ་རྡོ་རྗེ་ཚེ་ཡི་དངོས་གྲུབ་ཐོབ་པའི་མོས་པ་མཛོད། སྔགས་བརྗོད།
ཕྱག་གཡོན་དུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་དཀར་མོ་འོད་དུ་ཞུ་བ་ལས་བྱུང་བའི་འཆི་མེད་བདུད་རྩིའི་བཏུང་བ་འདི་ཉིད་བྱིན་ཅིང་མྱོང་བ་ལ་བརྟེན་ནས་ཤེས་རབ་སྟོང་པ་ཉིད་རྡོ་རྗེ་ཚེ་ཡིད་དངོས་གྲུབ་ཐོབ་པའི་མོས་པ་མཛོད། སྔགས་བརྗོད།
མཐར་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཁྱེད་རང་རྣམས་ཀྱི་སྙིང་པདྨ་དམར་པོ་འདབས་མ་བརྒྱད་པ་ཁ་གྱེན་དུ་ཕྱོགས་པའི་ནང་དུ་ཐིག་ལེ་དམར་པོ་ཧྲཱིཿཡིག་གིས་མཚན་པ་ལ་ཕོག །དེ་ལས་འོད་ཟེར་དམར་པོ་དཔག་ཏུ་མེད་པ་འཕྲོས། རང་རང་གི་དབང་པོའི་སྒོ་དང་བ་སྤུའི་བུ་ག་ཐམས་ཅད་བཀག་ཅིང་། སྤྱི་བོར་སྣ་ཚོགས་རྡོ་རྗེས་རྒྱས་བཏབ་པའི་མོས་པ་མཛོད། སྔགས་མཐར། ཨོཾ་བཛྲ་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་རཀྵ་རཀྵཿ ཞེས་བརྗོད་ཅིང་ཚེ་མདའི་རྡོ་རྗེ་སྤྱི་བོར་རྒྱ་གྲམ་དུ་བཀོད། ཤིས་བརྗོད་རྒྱས་པར་བྱ། རྗེས་ཁས་བླང་བ་སོགས་སྤྱི་ལྟར་སྦྱར། མདུན་བསྐྱེད་ལ་མཆོད་བསྟོད་དང་བཟོད་གསོལ། རྟེན་ཡོད་ན་བརྟན་བཞུགས། མེད་ན་རང་ལ་བསྟིམ། བསྔོ་སྨོན་ཤིས་བརྗོད་བྱའོ།།

༈ ཡང་ཡེ་ཤེས་ཀྱི་མཁའ་འགྲོ་མ་སུ་ཁ་སིདྡྷི་སྟེ་བདེ་བའི་དངོ་གྲུབ་ལ་བརྟེན་པའི་ཚེ་སྒྲུབ་ཟབ་མོ་ཉམས་སུ་བླང་བར་འདོད་པས། སྐྱབས་སེམས་དང་བདག་བསྐྱེད་དགྱེས་རྡོར་ལྷན་སྐྱེས་ལྟ་བུ་གང་རིག་ས་བསྒོམ། མདུན་བསྐྱེད་སྐབས།
རྩ་བའི་བླ་མ་དང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་མཁའ་འགྲོ་བདེ་བའི་དངོས་གྲུབ་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ། ཞལ་གཅིག་ཕྱག་གཉིས་ཀྱི་གཡས་དཔྱི་ཟུར་གཡས་པའི་ཐད་ནས་གདན་ལ་བཙུགས་ཤིང་། གཡོན་རྩེ་གསུམ་གྱི་ཕྱག་རྒྱ་ཐུགས་ཀར་གཏོད་པ། དར་དང་རིན་པོ་ཆེ་དང་རུས་པའི་ཕྲེང་བས་ཀུན་ནས་མཛེས་པ། ཞབས་གཉིས་ཙོག་པུར་བསྣོལ་བའི་ཚུལ་གྱིས་འཇའ་འོད་འཁྱིལ་བའི་གུར་ཁང་ན་བཞུགས་པ། ཞེས་བསྒྱུར་བ། རིགས་བདག་དགྱེས་རྡོར་ཡབ་ཡུམ།
བསྟོད་པ། བཅུ་དྲུག་ལང་ཚོས་མཛེས་ཤིང་སྒེག །བདེ་སྟོང་མཁའ་དབྱིངས་དྭངས་མའི་སྐུ། །བརྗོད་བྲལ་སྐྱེ་མེད་ངང་ལ་བཞུགས། །བདེ་བའི་དངོས་གྲུབ་མ་ལ་བསྟོད།
།ས་བོན་ ཧཱུྃ་དཀར་ལ་དམར་མདངས་ཆགས་པ།
།སྔགས། ཨོཾ་ཨཱཿགུ་རུ་ཌཱ་ཀི་ནཱི་ཡེ་སུ་ཁ་སིདྡྷི་ཨཱ་ཡུརྫྙཱ་ན་སིདྡྷི་མེ་པྲ་ཡཙྪ།
གསོལ་འདེབས། འཇའ་ལུས་སྐུ་བརྙེས་མི་ཤིག་པའི། །དྭངས་མ་ལྷན་སྐྱེས་སྒྱུ་མའི་སྐུ། །འོད་གསལ་བདེ་ཆེན་ལོངས་སྤྱོད་རྫོགས། །སུ་ཁ་སིདྡྷི་ཁྱེད་རང་མཁྱེན། །ཞེས་སྦྱར་བ་མ་གཏོགས་གོང་འོག་གི་ཆིངས་གཞན་འདྲ།
སློབ་མ་རྗེས་སུ་འཛིན་ནའང་ལྷ་སྔགས་ཀྱི་ཁྱད་པར་བརྗེ་བ་མ་གཏོགས་གོང་བཞིན་ནོ།
འདི་དག་གི་བསྙེན་པ་བྱད་ན་གཟའ་སྐར་སྦྱོར་བྱེད་ཤིས་པའི་ཡར་ངོའི་ཚེས་དགེ་བའི་ཉི་ཤར་ནས་མདུན་བསྐྱེད་ཀྱི་རྟེན་རྗེས་གནང་གི་སྐབས་ལྟར་བཤམས་ལ། ཐུན་བཞིའི་རིམ་པས་བདག་མདུན་གོང་བཞིན་ལ། མདུན་བསྐྱེད་ཀྱི་བཟླས་པ་འབུམ་ཕྲག་བཞི་ཁ་སྐོང་དང་བཅས་པ་བྱ། གྲོལ་ཉིན་སྔ་འགྲོའི་ཐུན་གྱི་མཐར་བདག་འཇུག་བྱ་ཞིང་། ཚེ་བུམ་སྤྱི་བོར་འཇོག །ཚེ་རྫས་ལོངས་སྤྱོད། མདུན་བསྐྱེད་རྟེན་བྲིས་སྐུ་སོགས་ཡོད་ན་བརྟན་བཞུགས་དང་། ཡང་ན་རང་ལ་བསྡུ། བསྔོ་སྨོན་ཤིས་བརྗོད་རྒྱས་པར་བྱས་ལ་གྲོལ། ཐུན་གཉིས་སམ། ཕྱི་ཐུན་གྱི་མཐར་གཏོར་མ་འབུལ་ན། གཏོར་མ་ནང་མཆོད་ལྟར་བྱིན་གྱིས་རླབས་ནས། མཚན་སྔགས་ཀྱི་མཐར། ཨ་ཀཱ་རོ་བཏགས་པ་ལན་གསུམ་གྱིས་འབུལ། མཆོད་བསྟོད། བླ་མ་ཡེ་ཤེས་ཀྱི་མཁའ་འགྲོས་བདག་ལ་འཆི་མེད་ཚེའི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ། གཞན་མཚམས་ཀྱི་སྤང་བླང་སོགས་བསྙེན་ཡིག་སྤྱི་ལྟར་ཤེས་པར་བྱའོ།
ཞེས་པའང་རིག་འཛིན་གྱི་བཙུན་པ་མང་ཐོས་ཀུན་ཏུ་དགའ་བའི་དཔྱིད་མཉྫུ་གྷོ་ཥས་ཀུན་མཁྱེན་བོ་དོང་པའི་རིང་ལུགས་འཛིན་པའི་ཆོས་གྲྭ་ཆེན་པོ་བསམ་གྲུབ་ཆོས་སྡིང་དུ་གདམས་ཟབ་འདི་ཉིད་བཀྲིན་དུ་ནོས་སྐབས་ཟིན་བྲིས་སུ་བགྱིས་པ་ལས། སླར་ཡང་ཅུང་ཟད་གསལ་བར་ཕྱེ་བའི་དགེ་བས་འགྲོ་ཀུན་འཆི་མེད་ཡེ་ཤེས་ཀྱི་སྐུ་མི་ཞིག་དྭངས་མ་གསུམ་ལྡན་གྱི་གོ་འཕང་མྱུར་དུ་འགྲུབ་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།། །།