Ni gu ma'i tshe sgrub

From Shangpa Resource Center








Resource ID SCv10p1 dev
Title ye shes mkha' 'gro ni gu ma la brten pa'i nye brgyud tshe sgrub zab mo 'chi med grub pa'i myur lam
Topics Long life practice
Author Jamgön Kongtrül Lodrö Thayé
Associated Person Niguma
Link BUDA MW3CN2837 (p.1013)

༄༅། །ཡེ་ཤེས་མཁའ་འགྲོ་ནི་གུ་མ་ལ་བརྟེན་པའི་ཉེ་བརྒྱུད་ཚེ་སྒྲུབ་ཟབ་མོ་འཆི་མེད་གྲུབ་པའི་མྱུར་ལམ་ཞེས་བྱ་བ་བཞུགས་སོ།།

ན་མོ་གུ་རུ་ཝེ།
འདིར་ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མའི་ཚེ་སྒྲུབ་ཟབ་མོ་ཉམས་སུ་ལེན་པར་འདོད་པས། སྐྱབས་སེམས་དང་། བདེ་མཆོག་སོགས་ཡི་དམ་གང་རུང་གི་བདག་བསྐྱེད་སྔོན་དུ་འགྲོ་བས།
སྭ་བྷཱ་ཝ་སོགས་ཀྱིས་ཆོས་ཐམས་ཅད་སྟོང་པར་སྦྱངས།
སྟོང་པའི་ངང་ལས་མདུན་གྱི་ནམ་མཁར་རྡོ་རྗེའི་ར་བ་མེ་རི་ཟླུམ་བསྐོར་གྱི་ནང་དུ། སྣ་ཚོགས་པདྨ་འདབ་མ་འབུམ་ལྡན་གྱི་ལྟེ་བར་བདུད་རྩི་འོ་མའི་རྒྱ་མཚོ་ཀུན་ནས་འཁྱིལ་ཞིང་། ནོར་བུ་སྣ་ཚོགས་ཀྱིས་གཏམས་པའི་དབུས་ན་ཡར། དཔག་བསམ་གྱི་སྡོང་པོ་ཡལ་ག་ལོ་འདབ་མེ་ཏོག་འབྲས་བུ་གཡུར་ཟ་ལྡེམ་པའི་ལྟེ་བར་སེང་ཁྲི་པདྨ་ཟླ་ཉི་ཀྲྀཥྞ་སཱ་རའི་པགས་པའི་གདན་ལ་རྩ་བའི་བླ་མ་དང་གཉིས་སུ་མེད་པའི་མཁའ་འགྲོ་རུས་པའི་རྒྱན་ཅན་ནི་གུ་མ་སྐུ་མདོག་སྨུག་ནག་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་རྩེ་གསུམ་གྱི་ཕྱག་རྒྱ་དང་། གཡོན་བདུད་རྩིས་གང་བའི་ཀ་པཱ་ལ་སྐུ་གཡོན་དུ་འཛིན་པ། དར་དང་རིན་ཆེན་དང་རུས་པའི་རྒྱན་སྣ་ཚོགས་ཀྱིས་ཀུན་ནས་སྤྲས་ཤིང་། ཞབས་གཉིས་ཙོག་པུར་བཞུགས་པའི་སྐུ་ལ་འཇའ་འོད་ཀྱིས་བསྐོར་བ།
དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ།
དེ་ལས་འོད་འཕྲོས། ཡེ་ཤེས་པ་བཛྲ་ས་མཱ་ཛ། ཛཿཧཱུྃ་བྃ་ཧོཿ གཉིས་སུ་མེད་པར་གྱུར།
སླར་ཡང་ཐུགས་ཀའི་འོད་ཟེར་གྱིས་དབང་གི་ལྷ་སྤྱན་དྲངས། དབང་བསྐུར། སྐུ་གང་། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་བདེ་མཆོག་ལྷན་སྐྱེས་ཡབ་ཡུམ་གྱི་དབུ་བརྒྱན།
ཨོཾ་ཛྙཱ་ན་ཌཱ་ཀི་ནི་གུ་མ་བཛྲ་ཨརྒྷཾ་པྲ་ཏིཙྪ་སྭཱ་ཧཱ། དེ་བཞིན་དུ་པཱ་དྱཾ་སྦྱར། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་ནས་ཤབྡའི་བར་དང་།
ཨོཾ་པཉྩ་ཀཱ་མ་གུ་ཎ་མ་ཧཱ་སུ་ཁ་ཨཱཿཧཱུྃ་གིས་མཆོད།
བདེ་གཤེགས་ཀུན་གྱི་ཡུམ་གྱུར་མ། །འཇའ་ལུས་མཆོག་བརྙེས་མཁའ་ལ་གཤེགས། །སྣང་སྟོང་སྒྱུ་མའི་རོལ་རྩེ་མཁན། །ནི་གུ་མ་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད།
ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུྃ་སྨུག་ནག་གི་མཐར་སྔགས་ཕྲེང་ཁ་དོག་སྣ་ཚོགས་པ་གཡས་སུ་འཁོར་བར་གྱུར།
ཨོཾ་ཨཱཿགུ་རུ་ཌཱ་ཀི་ནཱི་ཡེ་ནི་གུ་མ་ཨཱ་ཡུརྫྙཱ་ན་སིདྡྷི་མེ་པྲ་ཡཙྪ། །ཅི་ནུས་བཟླས་པས།
སྔགས་ཕྲེང་ལས་འོད་ཟེར་ཁ་དོག་སྣ་ཚོགས་དཔག་ཏུ་མེད་པ་འཕྲོས། ཕྱི་ནང་སྣོད་བཅུད་ཐམས་ཅད་དང་། ཕྱོགས་བཅུའི་བདེ་གཤེགས་རྣམས་ལ་ཕོག
།དེ་རྣམས་ཀྱི་ཐུགས་རྗེ་བྱིན་རླབས། རོ་བཅུད་དྭངས་མ་ཐམས་ཅད་སྤྱན་དྲངས། ཡེ་ཤེས་ཀྱི་ཌཱ་ཀི་ནཱི་ནི་གུ་མའི་སྐུ་ལ་ཐིམ། དེ་ལས་འོད་ཟེར་འཆི་བ་མེད་པའི་བདུད་རྩིའི་རྒྱུན་དཔག་ཏུ་མེད་པ་བབས། བདག་གི་སྤྱི་བོ་ཚངས་པའི་བུ་ག་ནས་མར་ཞུགས། ལུས་ཐམས་ཅད་མེར་གྱིས་ཁེངས། ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་སངས་ཀྱི་དག །འཆི་མེད་དྭངས་མ་གསུམ་ལྡན་མཆོག་གི་སྤྲུལ་སྐུ་བླ་མ་འགྲུབ་པར་བྱིན་གྱིས་བརླབས་པར་བསམ། མཐར། གོང་ལྟར་ཕྱི་མཆོད་དང་།
ཨོཾ་ཨཱཿཧཱུྃ་ གིས་ནང་མཆོད་ཕུལ།
ལུས་མེད་ལུས་མཆོག་བདེ་བའི་སྐུ། །སྐུ་བཞི་མངོན་གྱུར་མཁའ་ལ་གཤེགས། །དངོས་གྲུབ་མཆོག་སྩོལ་ནི་གུ་མ། །རུས་པའི་རྒྱན་ཅན་ཁྱེད་རང་མཁྱེན།
ཞེས་གསོལ་བ་བཏབ་པས། མདུན་བསྐྱེད་བླ་མ་ཡེ་ཤེས་ཀྱི་མཁའ་འགྲོ་གདན་ཁྲི་དང་བཅས་པ་འོད་དུ་ལྟེམས་སེ་ཞུ། རང་ཡི་དམ་དུ་གསལ་བའི་ལུས་ངག་ཡིད་གསུམ་ལ། སྐུ་གསུང་ཐུགས་གཉིས་སུ་མེད་པར་ཐིམ་པས། དབང་བཞི་སྟན་ཐོག་གཅིག་ཏུ་ཐོབ། གནས་སྐབས་བཞིའི་སྒྲིབ་པ་དག་ཅིང་། མཐར་ཐུག་སྐུ་བཞིའི་གོ་འཕང་ཐོབ་པར་བསམ་ཞིང་། རིག་པ་ཆོས་ཉིད་བྱ་རྩོལ་བྲལ་བའི་ངང་དུ་ཅི་གནས་སུ་བཞག
།མཐར་ཟུང་འཇུག་གི་སྐུར་ལྡང་ལ་བསྔོ་སྨོན་ལམ་བྱའོ།
།འདི་དག་གི་བསྙེན་པ་བྱེད་ན་གཟའ་སྐར་སྦྱོར་བྱེད་ཤིས་པའི་ཡར་ངོའི་ཚེས་དགེ་བའི་ཉི་ཤར་ནས་མདུན་བསྐྱེད་ཀྱི་རྟེན་རྗེས་གནང་གི་སྐབས་ལྟར་བཤམ་ལ། ཐུན་བཞིའི་རིམ་པའི་བདག་མདུན་གོང་བཞིན་ལ། མདུན་བསྐྱེད་ཀྱི་བཟླས་པ་འབུམ་ཕྲག་བཞི་ཁ་སྐོང་དང་བཅས་པ་བྱ། གྲོལ་ཉིན་སྔ་གྲོའི་ཐུན་གྱི་མཐར་བདག་འཇུག་བྱ་ཞིང་། ཚེ་བུམ་སྤྱི་བོ་འཇོག །ཚེ་རྫས་ལོངས་སྤྱོད། མདུན་བསྐྱེད་རྟེན་བྲིས་སྐུ་སོགས་ཡོད་ན་བརྟན་བཞུགས་དང་། ཡང་ན་རང་ལ་བསྡུ། བསྔོ་སྨོན་ཤིས་བརྗོད་རྒྱས་པར་བྱས་ལ་གྲོལ། ཐུན་གཉིས་སམ། ཕྱི་ཐུན་གྱི་མཐར་གཏོར་མ་འབུལ་ན། གཏོར་མ་ནང་མཆོད་ལྟར་བྱིན་གྱིས་བརླབས་ནས། མཚན་སྔགས་ཀྱི་མཐར། ཨ་ཀཱ་རོ་བཏགས་པ་ལན་གསུམ་གྱིས་ཕུལ། མཆོད་བསྟོད་དང་། བླ་མ་ཡེ་ཤེས་ཀྱི་མཁའ་འགྲོས་བདག་ལ་འཆི་མེད་ཚེ་ཡི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ། གཞན་མཚམས་ཀྱི་སྤང་བླང་སོགས་བསྙེན་ཡིག་སྤྱི་ལྟར་ཤེས་པར་བྱའོ།
།ཞེས་པའང་རིག་འཛིན་གྱི་བཙུན་པ་མང་ཐོས་ཀུན་ཏུ་དགའ་བའི་དཔྱིད་མཉྫུ་གྷོ་ཥས་ཀུན་མཁྱེན་བོ་དོང་པའི་རིང་ལུགས་འཛིན་པའི་ཆོས་གྲྭ་ཆེན་པོ་བསམ་འགྲུབ་ཆོས་སྡིང་དུ་གདམས་ཟབ་འདི་ཉིད་བཀའ་དྲིན་དུ་ནོས་སྐབས་ཟིན་བྲིས་སུ་བགྱིས་པ་ལས། སླར་ཡང་ཅུང་ཟད་གསལ་བར་ཕྱེས་པའི་དགེ་བའི་འགྲོ་ཀུན་འཆི་མེད་ཡེ་ཤེས་ཀྱི་སྐུ་མི་ཤིགས་དྭངས་མ་གསུམ་ལྡན་གྱི་གོ་འཕང་མྱུར་དུ་འགྲུབ་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།།།།