Phyag chen ga'u ma'i khrid yig sa bon tsam gyur bdud rtsi'i thig pa

From Shangpa Resource Center








Resource ID SCv9p761
Title phyag chen ga'u ma'i khrid yig sa bon tsam gyur bdud rtsi'i thig pa
Topics Mahamudra Gauma
Sub-Topics Manual
Author Rigdzin Tsewang Norbu
Link BDRC W23922

༄༅། །ཕྱག་ཆེན་གའུ་མའི་ཁྲིད་ཡིག་ས་བོན་ཙམ་གྱུར་བདུད་རྩིའི་ཐིག་པ་ཞེས་བྱ་བ་བཞུགས་སོ།།

ན་མོ་མ་ཧཱ་མུ་དྲ་ཡ།
།རྩ་བའི་བླ་མ་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་དྲི་མ་མེད་པ་དེ་ལ་ཕྱག་འཚལ་ལོ། །སྐྱབས་སུ་མཆིའོ། བྱིན་གྱིས་བརླབ་ཏུ་གསོལ། །རྣམ་ཀུན་མཆོག་ལྡན་རང་བཞིན་འོད་གསལ་བ། །ཟབ་ཞི་སྤྲོས་བྲལ་འདུས་མ་བྱས་པའི་ཆོས། །རང་ཤར་ཕྱག་རྒྱ་ཆེན་པོའི་ངོ་བོ་ཉིད། །རྩ་བའི་བླ་མའི་ཞབས་ལ་གུས་ཕྱག་འཚལ། །རྒྱལ་བ་ཡོངས་ཀྱི་བགྲོད་པ་གཅིག་པའི་ལམ། །གྲུབ་གྱུར་སྐྱེས་བུ་ཀུན་གྱི་འབྱུང་ཁུངས་ཆེ། །མདོ་རྒྱུད་མ་ལུས་སྙིང་པོར་གྱུར་པའི་ཆོས། །གནས་ལུགས་ཕྱག་རྒྱ་ཆེ་ཞེས་ཡོངས་སུ་གྲགས། །ཆོས་ཀུན་རྩ་བ་སེམས་ཀྱི་གནས་ལུགས་ཉིད། །གཏན་ལ་ཕབ་བྱེད་ཡིན་ཞེས་རྒྱལ་བ་སྲས། །སློབ་མར་བཅས་པ་ཀུན་གྱིས་རབ་བསྔགས་ན། །དེ་དོན་ཇི་བཞིན་ལམ་འདིར་ཅི་མི་གུས། །དེས་ན་འདི་རུ་གདུལ་བྱའི་བསོད་ནམས་དང་། །རྒྱལ་བའི་ཐུགས་རྗེའི་འཇུག་པས་ཡོངས་སྣང་བའི། །རངཤར་ཕྱག་རྒྱ་ཆེན་པོའི་མན་ངག་ཞེས། །རྡོ་རྗེ་འཆང་གི་ཞལ་ལུང་ཁྱད་པར་ཅན། །གྲུབ་གྱུར་རྣམ་པ་གསུམ་གྱི་ཐུགས་ཀྱི་བཅུད། །རྣལ་འབྱོར་ཁྱུང་པའི་གཅེས་ཆོས་གའུ་མ། །རྨད་བྱུད་གདམས་པའི་ཉིང་ཁུ་མཆོག་དེ་ཡི། །ཁྲིད་ཡིག་ས་བོན་ཙམ་གཅིག་འདིར་བཀོད་བྱ། །དེ་ལྟར་ཕྱག་རྒྱ་ཆེན་པོ་གའུ་མའི་གདམས་པ་ཉམས་སུ་ལེན་པ་ལ་སྔོན་འགྲོ་དངོས་གཞི་རྗེས་དང་གསུམ་འབྲས།
དང་པོ་སྔོན་འགྲོ་ལ་ཡང་ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས།
།ཐུན་མོང་དུ་སྤྱིར་འཁོར་བ་སྡུག་བསྔལ་གྱི་རང་བཞིན་དུ་ཤེས་ཤིང་། དེ་ལས་གྲོལ་བ་ཐར་པ་སྟེ་དེའི་མཐར་ཐུག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་འདོད་དང་། །དེ་སྒྲུབ་པའི་རྟེན་དལ་འབྱོར་མི་ལུས་ཤིན་ཏུ་རྙེད་པར་དཀའ་ལ། །དེ་མི་རྟག་ཅིང་མྱུར་དུ་འཇིགས་ཤིང་གཡོ་བས་ཡིག་རྟེན་མེད་པར་བསམ་པ་སྟེ། དམ་པའི་ལྷ་ཆོས་སྙིང་ནས་དྲན་པར་བྱེད་པ་ལ་འདི་དག་ནི་ཤིན་ཏུ་གལ་ཆེ་བ་བསྟན་པ་སྤྱི་ཡི་ལམ་རིམ་སྟེ། །དེས་ན་ཉིན་རེ་བཞིན་ཐུན་གྱི་གྲངས་སུ་ཟུངས་ནས་བསྒོམ་པར་བྱའོ།
།དེ་ལྟར་འཁོར་བ་ལས་གྲོལ་བ་ལམ་གྱི་འཇུག་སྒོ་ནི་སྐྱབས་འགྲོ་དང་། ཡང་དག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་རྒྱུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་སྟེ། །དེ་ལ་འདིར་སྐྱབས་ཀྱི་མཐར་ཐུག་རྫོགས་པའི་སངས་རྒྱས་ཀུན་འདུས་པའི་ངོ་བོ་རང་གི་རྩ་བའི་བླ་མར་ཡོངས་སུ་དམིགས་པ་ཡིན་ལ། །གཞན་ཡང་དམ་པའི་ཆོས། འཕགས་པའི་དགེ་འདུན་ཡི་དམ་ལྷ། །མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་འདུས་པར་བསམ་ནས། བདག་དང་མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱི་བྱང་ཆུབ་སྙིང་པོའི་བར་དེ་ལ་སྐྱབས་སུ་འགྲོ་བར་ཞེ་ཐག་པ་ནས་འདུན་པ་དང་། །མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཕ་མར་ཤེས་ནས་སྙིང་བརྩེ་བས་དེ་དག་སངས་རྒྱས་པར་བཀོད་ཕྱིར་བདག་སངས་རྒྱས་བསྒྲུབ་པ་དང་། །དགེ་ཚོགས་བསྔོ་ཞིང་དབུག་གི་དགེ་སྡིག་གཏད་ལན་ལྷན་དུ་བསྒོམས་པ་སྟེ། །དེ་ཡན་ཐུན་མོང་གི་སྔོན་འགྲོའོ།
།གཉིས་པ་ལ་དག་བྱེད་ཨའི་སྟོང་ར་དང་། །བྱིན་རླབས་བླ་མའི་རྣལ་འབྱོར་གཉིས། དག་བྱེད་སྟོང་རར་སྤྱི་བོར་བླ་མ་བསྒོམ་ནས་ནན་ཏན་གྱི་གསོལ་འདེབས་གསུམ་བྱས་བླ་མ་རང་ལ་བསྟིམ། །མགོ་སྟོད་ར་ཆུའི་ལྦུ་བ་ལྟ་བུའི་ནང་དུ་ཆོས་འབྱུང་དཀར་པོ་དེའི་དབུས་དཀར་པོ་བསམ། ཨ་བརྗོད་པས་དེ་ལས་བདུད་རྩི་དཀར་པོས་རང་ལུས་སྦྱངས་བཀྲུས་ཁེངས་ནས་སྡིག་སྒྲིབ་ཐམས་ཅད་དག་པར་བསམ། །དེ་བཞིན་ཚ་གྲང་རླུང་ནད་ལ་བདུད་རྩི་དཀར་དམར་སེར་པོས་སྦྱངས་པ་དང་། །གདོན་ལ་ཁྲོ་ཆུ་མེ་འདག་མཚོན་ཆས་སྦྱང་བར་བསམ་ལ། །ཀུན་གྱི་མཐར་དམིགས་མེད་དུ་བཞག
།བླ་མའི་རྣལ་འབྱོར་ནི། །རང་ལུས་ཡིད་དམ་སྣང་སྟོང་གི་སྤྱི་བོར་རྩ་བའི་བླ་མའི་སྐུའི་རྣམ་པ་དེ་ཀའམ། །རྡོ་རྗེ་འཆང་གང་བདེར་བསྒོམ་ལ་ཡན་ལག་བདུན་འབུལ་ཞིང་། །གསོལ་འདེབས་བཞིས་ཕུར་ཚུགས་སུ་གསོལ་བ་བཏབ་ནས། ཚར་གསུམ་ཁུག་པའི་དབང་བླངས་མཐར། བླ་མ་རང་ལ་བསྟིམ་ནས་གནས་ལུགས་ངང་ལ་མཉམ་པར་བཞག་ཅིང་དགེ་བ་བསྔོ། དེས་ཐུན་མོང་མ་ཡིན་པའི་སྔོན་འགྲོ་གྲུབ། སྤྱི་དོན་གཉིས་པོ་དངོས་གཞི་ལ་ཡད། །སྦྱོར་བ་རང་བབས་རྣམ་གསུམ།
དངོས་གཞི་སྐྱོན་བཞི་རང་གྲོལ། རྗེས་སྐུ་གསུམ་རང་ཤར་ཁྲིད་དང་གསུམ་ལས།
དང་པོ་རང་བབས་ལ་ཡང་། སེམས་གནས་དང་། སེམས་ཚོལ་གྱི་ཁྲིད་ཞེས་སམ་ ཞི་གནས་ལྷག་མཐོང་གི་ཁྲིད་ཞེས་ཀྱང་བྱ་ལ།
དང་པོ་ལ། སྐྱབས་སེམས་བླ་མའི་རྣལ་འབྱོར་འཇུར་བ་གཅིག་བྱས་རྗེས། ལུས་རང་བབས་རྣམ་སྣང་ཆོས་བདུན། །ངག་རླུང་རོ་བསལ་བ་ཙམ་མ་གཏོགས་མ་བཅོས་རང་བབས། སེམས་ཡུལ་ལ་གཏད་པ་དང་། །ཚུར་ནང་དུ་བལྟ་ནས་སྒྲིམས་པ་ལྟ་བུ་མ་ཡིན་པར་མ་བཅོས་རང་བབས་དུ་བཞག་པར་བྱ་བ་ནི་རྩ་བ་སྟེ། །དེ་ལས་རྣམ་རྟོག་ཐོལ་སྐྱེས་རྦད་གཅོད་ངོ་བོ་ལ་བལྟ་བ། །འཕྲོ་འདུ་ལ་བལྟ་བ་དང་། དྲན་པས་ཙིས་བཟུང་བ་རྣམས་གང་གནད་དུ་འགྲོ་བ་དེ་བྱ། །འདི་དུས་སྐྱོ་ཤེས་དང་སེམས་མི་དགའ་བ། དགའ་ཡལ་སོགས་གང་བྱུང་བཟོ་བཅོས་དང་དགག་སྒྲུབ་མེད་པར་དེ་ཀའི་ངོ་བོར་བལྟས་ཏེ་སྐྱོང་བས་མཐར་སེམས་ཉིད་གཤིས་སུ་རང་དྭངས་འགྲོ་བ་ཡིན། །དེ་དག་གི་སྐབས་སུ་བལྟ་སྟངས་ལ་བསླབ་པར། སྟེང་འོག་ཐད་ཀ་གཡས་གཡོན། དེ་ཐག་ཉེ་རིང་བྱས་པ་བཅུ་དང་། དེ་ནས་སྔགས་བཟླ་མདོ་འདོན་ལ་བསླབས་པ་སྔགས་དང་མདོ་ཐུང་ངུ་རིང་པོ་གཉིས། །སྤྱོད་ལམ་ལ་བསླབ་པ། ཟས་ཟ་བ། གཏམ་ཕར་སྨྲ་བ། ཚུར་ཉན་པ། དེ་བཞིན་འགྲོ་བ་དལ་འབྲེལ་འཆག་པ་དང་། །ཉལ་བ། གཅིག་པུ། མང་པོའི་གསེབ་རྣམས་སེམས་ཀྱི་རང་ངོ་ལ་མ་ཡེངས་པར་སྐྱོང་ནས་དགེ་སྦྱོར་གྱི་རྩལ་འདོན་པ་ཡིན། །དེ་ཡན་སེམས་གནས་པར་བྱེད་པ་ཞི་གནས་ཀྱི་ཁྲིད་དོ།
།གཉིས་པ་སེམས་འཚོལ་བ་ལྷག་མཐོང་གི་ཁྲིད། སྔོན་དུ་སྐྱབས་སེམས་བླ་མའི་གསོལ་འདེབས་གོང་ལྟར་རྗེས་རང་བབས་རྣམ་གསུམ་དང་ལཚེར་གཏད་ཀྱི་བསྒྲིམས་པ་མ་ཡིན་པའི་སེམས། ཁོ་རང་གི་ངོ་བོ་ཆེར་རེ་ལྟས་ནས་བསྒོམས་པས་ ནམ་ཞིག་ན་སེམས་ཀྱི་གནས་ལུགས་རིག་སྟོང་བསམ་བརྗོད་ལས་འདས་པ་ཅིག་འཆར་བ་ཡིན། །དེ་ལོ་དགེ་སྦྱོར་སྐྱེས་ཞེས་བྱ།། འདེས་མས་ཚོལ་ཐམས་ཅད་ཀྱི་རྩ་བ་ལྟ་བུ་སྟེ། །གང་ཟག་དབང་པོའི་རིམ་པས་ཉམས་རྟོགས་ཅི་རིག་པར་སྐྱེ་ཐོན་ཡོད་བ་ཡིན། གཞན་ཡང་སེམས་ཀྱི་ངོ་བོ་ལ་ཚུར་བལྟས་པ་ལྟ་བུས། དེ་ལ་དབྱིབས་ཁ་དོག་དང་། མཐོང་ཐོས་རེག་བྱའི་དངོས་པོ་གྲུབ་མ་གྲུབ་ལ་ཡང་ལེགས་པར་བརྟག་པས་སྟོང་པའི་གཤིས་ལུགས་སུ་གོ་བ་ཚོད་འཇོག་མིན་པར་གཏན་ལ་ཕབ། དེ་བཞིན་ལུས་ཕྱི་ནང་གི་ཆ། གཟུགས་སྒྲ་དྲི་རོ་རེག་བྱ་སོགས་ལ་ཅི་ལྟར་གནས་དང་། དེ་དག་ལ་མི་གནས་ན་རིག་རིག་པོ་ཙམ་དུ་སྣང་བའི་སེམས་ཇི་ཞིག་འདུག་ལེགས་པར་བརྟག་པ་དང་། ཡང་སེམས་འདི་སྐྱེ་འགག་འདུག་གམ་མི་འདུག་དང་། རྣམ་རྟོག་གི་མཚན་ཉིད་དང་། ཡུལ་སྣང་གི་མཚན་ཉིད་རྣམས་ཇི་ལྟར་གྱི་ལེགས་པར་དཔྱད་ནས་སེམས་ཉིད་ཀྱི་ངོ་བོ་སྐྱེ་འགག་གནས་བྲལ་དུ་གཏན་ལ་ཕབ་པ་སྟེ། །དེ་རྣམས་སེམས་ཚོལ་ལྷག་མཐོང་གི་ཁྲིད་ཞེས་བྱའོ།
།དོན་གཉིས་པ་དངོས་གཞི་སྐྱོན་བཞི་རང་གྲོལ་དུ་ངོ་སྤྲད་པ་ནི། །ཐོག་མར་མཎྜལ་ཕུལ་ཞིང་། བརྒྱུད་པའི་བླ་མ་ལ་གསོལ་བ་ཕུར་ཚུར་སུ་གདབ་ནས། ལུས་གནད་ལྟ་སྟངས་དང་བཅས་མཉམ་པར་བཞག་ནས་ངོ་སྤྲོད་པ་དངོས་ལ།
ཉེ་གྲགས་ནས་ངོ་མ་ཤེས། ཟབ་དྲགས་ནས་ངོས་མ་ཟིན། སླ་དྲགས་ནས་ཡིད་མ་ཆེས། བཟང་དྲགས་ནས་བློར་མ་ཤོང་བའི་སྐྱོན་བཞི་སེལ་བ་སྟེ།
།དང་པོ་ནི། སེམས་ཀྱི་ངོ་བོ་ངོས་བཟུང་མེད་པ་རིག་སྟོང་བདེ་བར་འཆར་བ་འཁོར་བ་ཐོག་མ་མེད་པ་ནས་བྲལ་མ་མྱོང་། ཡང་ཡལ། ཡལ་གས་སྡོང་པོ་སྒྲིབས་པ་བཞིན་བཟུང་འཛིན་གྱི་རྐྱེན་དང་མིག་གི་མིག་ཁོ་རང་མ་མཐོང་བ་ལྟར་མ་རིག་པའི་དབང་གི་རང་ངོ་མ་ཤེས་པ་སྟེ། མི་སྤྱང་དྲུང་འཛོམས་པ་དང་། དགེ་བཤེས་པུ་ཏི་མང་པོར་ཐོས་པ་བྱས་པ་ཆེ་ཡང་ཧ་རེ་ལོང་དུ་གྱུར། །རང་རེས་ནི། །བླ་མའི་བྱིན་རླབས། རང་གི་མོས་གུས། གདམས་ངག་གི་ལྡེ་རྩེ་ནང་དུ་བསྒྱུར་བ་གསུམ་གྱི་སེམས་ཀྱི་ཡིན་ལུགས་གོང་དུ་བཤད་པ་དེ་ཚུལ་བཞིན་ངོ་ཤེས་པས། ཉེ་ཆེ་ནས་ངོ་མ་ཤེས་པའི་སྐྱོན་ལས་གྲོལ།
གཉིས་པ་ནི། སེམས་ཉིད་གསལ་སྟོང་འཛིན་མེད་དུ་ཤར་བ་འདི་ཐངས་ཆད་པ་དང་། སྤྱིར་དུས་དང་རྣམ་པ་ཐམས་ཅད་དུ་སེམས་འོད་གསལ་བའི་གནས་ལུགས་ཀྱི་ངོ་བོ་གྱུར་མེད་རྟག་པར་ཡོད་ལ། བྱེ་བྲག་ཏུ་གཉིད་དང་། ཕོ་མོ་འཁྲིག་འཕོའི་སྐབས་སུ་ཡོད་ཀྱང་ངོས་མ་ཟིན་པ་ལས་འདིར་བླ་མས་ངོ་སྤྲད་ལ་བརྟེན་དེ་ལྟར་གྱི་ཡིན་ལུགས་ཤེས་པས། ཟབ་དྲགས་ནས་ངོས་མ་ཟིན་པའི་སྐྱོན་ལས་གྲོལ་ལོ།
།གསུམ་པ་ནི། །དེ་ལྟར་སེམས་ཀྱི་ངོ་བོ་སྤྲོས་བྲལ་གསལ་སྟོང་རྗེན་པར་འཆར་བ་དེ་ཀ་བརྟན་པ་ཐོབ་པར་བྱེད་པ་སྟེ། །དེ་ཡང་གནས་ལུགས་དེ་ཀའི་རང་ངོ་བཟོ་མེད་རྟག་ཏུ་སྐྱོང་བས་སླ་ཆེས་ནས་ཡིད་མ་ཆེས་པའི་སྐྱོན་ལས་གྲོལ་ལོ།
།བཞི་པ་ནི། སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་ཞེས་བྱ་བ་ནི། སེམས་གསལ་ལ་ངོས་བཟུང་མེད་པ་སྤྲོས་པའི་མཐའ་ལས་འདས་པའི་དབྱིངས་འདི་ཀ་ལ་གཞན་ནམ་ཡང་མེད་ཀྱི། དེ་མ་ཡིན་པའི་སྟོང་པ་ཐོག་མེད་དམ། གསལ་སྣང་རྒྱ་ཆེན་པོའམ་བདེ་བས་ཁྱབ་ཆེས་པ་ལྟ་བུ་ཞིག་མེད་ཀྱི་དེ་དག་ནི་ཀུན་རྫོབ་རྒྱུ་རྐྱེན་གྱི་རྟེན་འབྲེལ་ཙམ་ཡིན་ལ། །ཆོས་ཀྱི་སྐུ་ནི་སེམས་ཉིད་ཀྱི་གནས་ལུགས་ད་ལྟ་ངོ་སྤྲད་པ་འདི་ལས་བཟང་བ་ཞིག་གཞན་ནས་འཚོལ་དུ་མེད་པར་ཁོ་ཐག་ཆོད་པ་ནི་བཟང་དྲགས་ནས་བློར་མ་ཤོང་བའི་སྐྱོན་ལས་གྲོལ་ལོ། །དེ་ལྟར་སྐྱོན་བཞི་རང་གྲོལ་ཏེ། དེ་ཡང་རང་གིས་བློ་མཐུས་སྙིང་པོར་དྲིལ་ན། སེམས་ཀྱི་ངོ་བོ་གཞི་མེད་རྩ་བྲལ་དུ་ངོ་འཕྲོད། །དེའི་ཡིན་ལུགས་རང་ངོ་ཤེས་ཙམ་པས་ངོས་ཟིན། དེ་མ་ཡེངས་དྲན་པས་སྐྱོང་བས་ཡིད་ཆེས། དེ་སེམས་ཉིད་ཆོས་སྐུའི་གནས་ལུགས་སུ་ཐག་ཆོད་པ་དང་བཞིར་འདུའོ། །དེ་དག་དངོས་གཞི་སྐྱོན་བཞི་རང་གྲོལ་གྱི་ཁྲིད་དོ།
།དོན་གསུམ་པ་རྗེས་སྐུ་གསུམ་རང་ཤར་གྱི་ངོ་སྤྲོད་ནི། །སེམས་ཀྱི་ངོ་བོ་གང་ཡིན་མཛུབ་ཚུག་བྱར་མེད་པ་འདི་ཡིན་སྤྲོས་པ་བྲལ་བ་དེ་ཆོས་སྐུ་རང་ཤར་འདི་ཡིན་མེད་པ་དེ་སྣ་ཚོགས་འཆར་རུང་ཡོད་པ་དེ་སྤྲུལ་སྐུ་རང་ཤར། དེ་གཉིས་ཀྱང་མིང་དང་བློས་མི་དཔྱད་དེ་ལྡོག་ཆའི་རྣམ་བཞག་ཙམ་ལས་དབྱེར་མེད་ཟུང་འཇུག་ཏུ་སྣང་བ་ནི་ལོངས་སྐུ་རོང་ཤར་ཏེ། དེ་ལྟར་སྐུ་གསུམ་ཀྱང་རང་བཞིན་གྱི་རང་ཤར་གདོད་ནས་རང་བཞིན་གྱི་གནས་ལུགས་ལས་གསར་དུ་བཅོས་ནས་བྱུང་བ་ཡང་མ་ཡིན་ལ། ད་ཕྱིན་ཆད་དེ་མངོན་དུ་གྱུར་པས་ན་རང་ཤར་ཞེས་བྱའོ། །ད་ནི་སྤྱི་དོན་གསུམ་པ་རྗེས་ཤེས་ལམ་དུ་བྱེད་པའི་རིམས་པ་ལ།
བོགས་འདོན་པ་དང་། གེགས་གསལ་བ་གཉིས། དང་པོ་ལ་ཡང་གསུམ།
ཐོག་མར་མོས་གུས་ཁྱད་པར་ཅན་གྱི་བོགས་འདོན་ནི། རྩ་བའི་བླ་མ་ལ་མོས་གུས་གདུང་ཤུགས་དྲག་ཏུ་སྐྱེད་ཅིང་། །སྐུ་ཡི་རྣམ་པ་སྤྱི་བོའི་སྙིང་ག་སོགས་ལུས་ཀྱི་གནས་དང་བཞུགས་གནས་སམ། དག་པའི་ཞིང་ཁམས། ཡང་ན་མཁའ་ཁྱབ་ཏུ་ཤེས་པས། གསོལ་བ་ཕུར་ཚུགས་གདབ་ནས་བླ་མའི་སྣང་བ་མོས་གུས་ཀྱི་བློ་རྣམས་ལ་གཅེར་ཏེ་བལྟས་ནས་རང་ཤར་ཕྱག་རྒྱ་ཆེན་པོའི་ངང་ལ་བཞག་པས་ནམ་ཞིག་ཕྱག་ཆེན་གྱི་ངོ་བོ་བླ་མའི་མོས་གུས་ཤར་བ་སྟེ། མོས་གུས་ཕྱག་རྒྱ་ཆེན་པོར་གྲགས་པ་དེ་ཡོང་བ་ཡིན། འདི་ནི་མེད་ཐབས་མེད་པའི་བོགས་འདོན་ཙམ་དུ་མ་ཟད་གསང་སྔགས་ཡོངས་ཀྱི་སྲོག་རྩ་ལགས་པས་ཅིས་ཀྱང་འབད་པའི་གནས་སོ།
།གཉིས་པ་ཚད་མེད་པའི་སྙིང་རྗེ་བོགས་འདོན་པ་ནི། །ཐོག་མར་རྩ་བའི་ཕ་མ་ལ་དྲིན་བཟོའི་སྙིང་རྗེ་སྐྱེད་ལ་སྙིང་རྗེ་སྐྱེས་ནས་དེ་ཀ་ཕྱག་ཆེན་ངོ་བོར་བསྐྱངས་ནས་སྙིང་རྗེ་དང་ཐ་མི་དད་དུ་ཡོང་བར་བྱ། དེས་རིགས་འགྲེ་རིམ་པས་རྒྱ་ཆེ་བར་བསླབས་ནས་མཁའ་ཁྱབ་ཀྱི་བར་དུ་སྙིང་རྗེ་བསྒོམ་པས་ཕྱག་ཆེན་གྱི་ངོ་བོ་སྙིང་རྗེར་ཤར་བ་ནི། སྙིང་རྗེ་ཕྱག་རྒྱ་ཆེན་པོ་ཞེས་བྱའོ།
།གསུམ་པ་ཐབས་ཁྱད་པར་ཅན་གྱི་བོགས་འདོན་པ་ནི། །ཡེ་ཤེས་མཁའ་འགྲོའི་ཚིགས་གསལ་ལས།
།ཐ་མལ་ཤེས་པ་རླུང་དང་བསྲེ། །རྣམ་རྟོགས་མ་རིག་འགག་པར་འགྱུར།
།ལྷ་སྐུ་གསལ་སྟོང་རླུང་དང་བསྲེ། །རྟོག་པ་ཡར་ངོ་བཞིན་དུ་འགྱུར།
།ཟུང་འཇུག་ཤེས་པ་རླུང་དང་བསྲེ། །སྐུ་གསུམ་ལོ་ཟླ་ཙམ་གྱིས་འགྲུབ།
།ཞེས་དོན་ཚན་གསུམ་བཅད་པ་ལས།
དང་པོ་ནི། །དམིགས་བཅས་ཀྱི་སྤྲོས་པ་གཞན་མེད་པར་སེམས་ངོས་བཟུང་བྲལ་བའི་གསལ་སྟོང་ངང་དུ་རླུང་བུམ་ཅན་བཟུང་བས་སེམས་ཀྱི་གཞོན་པ་ལས་རླུང་འགགས་ནས་མ་རིག་པའི་གཉིས་སོང་བ། རིག་པ་འོད་གསལ་གྱི་བོགས་བྱུང་བའོ།
།གཉིས་པ་ནི། །ལྷ་སྐུ་གསལ་བ་དང་སེམས་ངོས་བཟུང་བྲལ་བའི་སྟོང་པ་གདོད་ནས་ཟུང་འཇུག་ཏུ་སྣང་བ་དེ་ངར་དུ་རླུང་བུམ་ཅན་བཟུང་བས་ཡང་དག་པའི་རྟོགས་པ་ཟབ་གསལ་གྱི་གོང་འཕེལ་དུ་འགྱུར་རོ།
།གསུམ་པ་ནི། །གསལ་ཆ་ལྷ་སྐུ་ལ་གནས་ལུགས་སྟོང་ཉིད་སྤྲོས་བྲལ་རང་མདངས་བདེ་བ་ཆེན་པོས་རྒྱས་བཏབ་ཀྱིན་རླུང་བུམ་ཅན་བསྒོམ་པས་མཐར་ཟབ་གསལ་བདེ་བ་སྐུ་གསུམ་གྱི་ངོ་བོ་མྱུར་དུ་འགྲུབ་པ་སྟེ། །འདིས་ནི་སྔགས་ཀྱི་ཕྱག་རྒྱ་ཆེན་པོ་རྩོད་པ་མེད་པ་དངོས་དེ་ཉིད་འགྲུབ་པ་ཡིན་ནོ།
།གཉིས་པ་གེགས་གསལ་ཉམས་ཀྱི་ཆ་དང་རྟོགས་པའི་ཆ་གཉིས་ལས།
དང་པོ་ནི། །བདེ་གསལ་མི་རྟོག་པར་ཞེན་པ་སྟེ། དེ་ལ་དགག་སྒྲུབ་མེད་པར་རང་བབས་སུ་སྐྱོང་བའོ།
།གཉིས་པ། ཆོས་ཀུན་རྣམ་རྟོག་གི་རང་འགྲོས་སྟོང་ཉིད་དུ་ཤར་བས་དགེ་སྡིག་འདོར་ལེན་གཡེལ་ཞིང་སྙིང་རྗེ་དང་མོས་གུས་མ་སྐྱེས་པ་རྣམས་ཡིན་པས། སྙིང་རྗེ་མོས་གུས་གནད་དུ་བསྣུན་པའོ། །དེ་ལྟར་ཕྱག་རྒྱ་ཆེན་པོའི་མན་ངག་ཤིན་ཏུ་ཅེས་པ་གའུ་མའི་དམིགས་སྐང་གི་སྙིང་པོ་དྲིལ་ནས་བསྟན་པ་སྟེ། དེ་ཡང་མདོར་བསྡུ་ན་མ་ཡེངས་པའི་དྲན་པས་ཟིན་པ་ཙམ་ལས། གུད་དུ་གནས་ལུགས་ཕྱག་རྒྱ་ཆེན་པོར་དམིགས་ཡུལ་དུ་གྲུབ་པའི་བསྒོམ་པ་མེད་པ་ཅིར་སྣང་ཕྱག་རྒྱ་ཆེན་པོར་ཤར་བའོ། །དེ་རྟོགས་པའི་རྩ་བ་བླ་མའི་བྱིན་རླབས་ཁོ་ན་ཡིན་རྩ་བའི་བླ་མ་མི་དགྱེས་མེད་པའི་གང་དགྱེས་སྒྲུབ་དགོས་པ་གཞིར་བཞག །དུས་རྟག་ཏུ་སྙིང་གའི་དཀྱིལ་ནས་སངས་རྒྱས་ཐམས་ཅད་འདུས་ཤིང་སངས་རྒྱས་ལས་ཀྱང་ལྷག་པའི་མོས་གུས་ཀྱི་ཉིན་མཚན་མེད་པར་གསོལ་བ་གདབ་པ་ནི་མེད་ཐབས་མེད་པ་སྟེ་སྔགས་ཆོས་ཐམས་ཅད་ཀྱི་རྩ་བ་དེར་ཐུག །དེའི་གྲོགས་སུ་སེམས་ཅན་ལ་སྙིང་རྗེ་བསྒོམ་པ་ཡང་ཐེག་ཆེན་གྱི་རྩ་བའོ། །དེ་ནས་བླ་མའི་མོས་གུས། སེམས་ཅན་ལ་སྙིང་རྗེ། གནས་ལུགས་ཕྱག་རྒྱ་ཆེན་པོར་ཤར་བ་འདི་གསུམ་ལ་རབ་ཏུ་འབད་པའི་ཆོས་སོ་ཞེས་གལ་པོ་ཆེར་གདམས་པ་སྟེ། །གཞན་མཐའ་དག་ནི་ཡི་གེའི་ལམ་དུ་འདྲིར་ག་ལ་ལང་། སྤྱིར་ཡང་ཟབ་མོ་ནང་དོན་གྱི་གནད་རྣམས་དཔེ་བཤར་བཀླག་ཙམ་གྱིས་དོན་སྟོན་པ་མ་ཡིན་ལ། རྩ་བའི་བླ་མ་མཚན་ཉིད་དང་ལྡན་པའི་ཞལ་ལུང་ཉན་པ་དང་བྱིན་རླབས་ཀྱི་འཕོ་བ་ཐོབ་པ་ཁོ་ནས་ཡིན་ནོ་ཞེས་པ་ཡང་ཤེས་པར་བྱའོ། །དེ་ལྟར་ཕྱག་རྒྱ་ཆེན་པོའི་གདམས་པ་ནི། །རྨད་བྱུང་གྲུབ་པའི་ཞལ་ལུང་གའུ་མའི། ཁྲིད་ཡིག་རྣམ་གྲངས་དུ་མར་སྣང་བ་ལས། །འདི་ནི་སྙིང་པོ་མདོར་དྲིལ་བརྗོད་བྱང་ཚུལ། །རང་དང་ལས་མཐུན་མགུ་བ་བསྐྱེད་སླད་དུ། །རིག་འཛིན་ཚེ་དབང་ནོར་བུས་བཀོད་པ་ཡིན། །མདོ་སྔགས་ཐོས་བསམ་ཐར་པའི་རིགས་རྒྱུ་ཙམ། །ཚུལ་བཞིན་བསྒོམ་ན་མཐར་འབྲས་མྱུར་དུ་འགྲུབ། །གཞན་གྱུར་སྒྲ་ཚད་རྟོག་གེའི་རིག་པ་དང་། །ཁེ་གྲགས་ཀྱིས་བསླད་ཐོས་རྒྱས་ཅི་ཞིག་བྱ། །དེང་སང་སྙིགས་དུས་ཚེ་ཐུང་མྱུར་དུ་འཆི། །འདི་སྣང་རྨི་ལམ་ཇི་བཞིན་སྙིང་པོས་དབེན། །དེས་ན་དལ་འབྱོར་རྟེན་བཟང་ཐོབ་པ་ཡི། །སྙིང་པོ་གཏན་བདེའི་མདུན་མ་སྒྲུབ་རེ་རན། །ལས་འབྲས་དམ་ཚིག་སྙིང་ལ་གཟེར་བ་ཡི། །ཕྱག་ཆེན་བསྒོམས་མཛོད་ཁོ་བོས་གྲོས་ཆེན་གདབ། །དེ་ལྟར་བདག་བློ་དག་པས་སྨྲས་པ་འདིར། །དགེ་མཆིས་འགྲོར་བསྔོ་ཉེས་ཚོགས་བླ་མར་བཤགས། །འཁོར་བ་ཇི་སྲིད་དམ་པའི་ཆོས་འདི་གནས། །དེ་ཡིས་མ་ལུས་ཀུན་བཟང་སར་ཁོད་ཤོག
།ཞེས་ཚུལ་འདི་ལ་མོས་པ་དུ་མས་དུས་རིང་མོ་སྨྲེ་ཤིང་། ཉེ་བར་ཡོངས་ཀྱི་འདྲེན་མཆོག་གངས་ཅན་མགོན་པོ་ལག་ན་པད་དཀར་འཆང་བ་ངུར་སྨིག་གར་གྱི་རོལ་པའི་སྐུ་གོང་ཞབས་བདུན་པའི་ཞབས་ཀྱི་པདྨོར་བསྙེན་པའི་རིམ་གྲོ་བ་ཚང་སྐྱེས་བློ་ལྡན་གྱི་ནན་ཏན་ཆེན་པོ་གནང་བ་དང་། གཞན་ཡང་ལྷ་ལྡན་ནས་དོན་གཉེར་ཅན་དད་པའི་ཤུགས་སྙེད་པ་མང་པོས་བསྐུལ་བ་ལ་བརྟེན། ཀཿཐོག་སྤྲུལ་སྐུར་བརྗོད་པ་རིག་འཛིན་ཚེ་དབང་ནོར་བུས་འཕྲུལ་སྣང་གི་གཙུག་ལག་ཁང་དང་ཧ་ཅང་གི་མི་རིང་བ། ཞང་འགྲོ་བའི་མགོན་པོའི་གདན་ས་གུང་ཐང་སྐུ་འབུམ་ཆེན་པོའི་བུམ་པར་ས་རྟ་སྣོན་ཟླའི་དམར་ཕྱོགས་ཚེས་བཅུའི་དུས་མཆོད་ཀྱི་སྐབས་ཐུན་གཅིག་གི་ཁོངས་སུ། ཕྱག་ཆེན་ཁྲིད་ཡིག་ས་བོན་ཙམ་གྱི་དབུས་ནས་མཐར་ཚང་བ་བཀོད་པའི་ཡི་གེ་གཉིས་པར་སྤེལ་བ་པོ་དགེ་སློང་ཀུན་བཟང་གཞན་ཕན་ཏེ། འགྲོ་ཀུན་གནས་ལུགས་ཕྱག་རྒྱ་ཆེན་པོའི་རྟོགས་པ་མྱུར་དུ་སྐྱེས་ནས་བྱང་ཆུབ་ཆེན་པོ་ཐོབ་པའི་རྒྱུར་གྱུར་ཅིག། ཤུབྷཾ།། །།