Rang grol phyag rgya chen po

From Shangpa Resource Center
Revision as of 19:31, 11 December 2018 by Sengue (talk | contribs)








Resource ID SCv5p235
Title rang grol phyag rgya chen po
Alt. title svayaṃmukti mahāmudrā
Topics Mahamudra Gauma
Sub-Topics Chant
Author Niguma

༄༅། །རང་གྲོལ་ཕྱག་རྒྱ་ཆེན་པོ་བཞུགས་སོ།།ཆོས་སྐུ་ཡེ་ཤེས་མཁའ་འགྲོ་ལ་ན་མོ།།ཡིད་བཞིན་ནོར་བུ་ལྟ་བུ་ཡིས། །སེམས་ཉིད་ཁྱོད་ལ་ཕྱག་འཚལ་ལོ།།རྫོགས་པའི་སངས་རྒྱས་ཐོབ་འདོད་པས། །ཐ་མལ་རྣམ་རྟོག་དག་བྱའི་ཕྱིར། །རང་ལུས་ལྷར་གསལ་བླ་མ་ལ། །ལྷག་བསམ་དག་པའི་མོས་གུས་བྱ། །བླ་མ་ཡི་དམ་མི་དམིགས་ཤིང་། །དངོས་དང་དངོས་མེད་ལ་སོགས་པ། །གང་ཡང་ཡིད་ལ་མི་བྱ་བར། །མ་བཅོས་སྙུག་མའི་ངང་དུ་བཞག །རང་སེམས་མ་ཡེངས་ཆོས་ཀྱི་སྐུ། །དེ་ལ་མ་ཡེངས་སྒོམ་པའི་གནད། །མཐའ་བྲལ་ཆེན་པོར་རྟོགས་པར་བྱ། །འཁོར་བའི་རྒྱ་མཚོར་སྒྱུར་བྱེད་པའི། །ཉོན་མོངས་ཆགས་སྡང་རྣམ་རྟོག་འདི། །སྐྱེ་མེད་མཚོན་ཆ་རྣོན་པོ་ཡིས། །རང་བཞིན་མེད་པར་བཅད་པར་བྱ། །སྡོང་པོ་རྩ་བ་བཅད་གྱུར་ན། །ཡལ་ག་སྐྱེ་བར་མི་འགྱུར་རོ། །ཇི་ལྟར་དྭངས་པའི་རྒྱ་མཚོ་ལ། །ཆུ་སྦུར་བྱུང་ཞིང་ཆུ་ལ་ཐིམ། །དེ་བཞིན་རྣམ་པར་རྟོག་པ་ཡང་། །ཆོས་ཉིད་མིན་པ་གཞན་མེད་ཀྱི། །སྐྱོན་དུ་མ་ལྟ་གློད་ལ་ཞོག །གང་ཤར་གང་སྐྱེས་དེ་ཉིད་ལ། །དེར་འཛིན་མེད་པར་རང་སར་གྲོལ། །སྣང་གྲགས་ཆོས་རྣམས་རང་གི་སེམས། །སེམས་ལས་མ་གཏོགས་ཆོས་གཞན་མེད། །སེམས་ནི་སྐྱེ་འགག་སྤྲོས་དང་བྲལ། །སེམས་ཀྱི་དེ་ཉིད་ཤེས་པ་ངེས། །འདོད་ཡོན་ལྔ་ལ་སྤྱད་གྱུར་ཀྱང་། །ཆོས་ཉིད་ངང་ལས་གཡོས་པ་མེད། །དཔེར་ན་གསེར་གླིང་ཕྱིན་པ་ཡིས། །ས་རྡོ་རྩལ་བས་མི་རྙེད་ལྟར། །མཉམ་ཉིད་ཆོས་དབྱིངས་ཆེན་པོ་ལ། །སྤང་བླང་མཉམ་བཞག་རྗེས་ཐོབ་མེད། །གང་གི་ཚེ་ན་མངོན་དུ་གྱུར། །དེ་ཚེ་ལྷུན་བྱིས་གྲུབ་པར་འགྱུར། །འགྲོ་བའི་རེ་འདོད་སྐོངས་མཛད་པའི། །ཡིད་བཞིན་ནོར་བུ་ལྟ་བུར་འགྱུར། །གང་ཟག་དབང་པོ་རབ་འབྲིང་གསུམ། །བློ་ཡི་རིམ་པར་ཤེས་པར་བྱ།།རང་གྲོལ་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་ཡེ་ཤེས་མཁའ་འགྲོ་མ་ནི་གུ་མས་མཛད་པ་རྫོགས་སོ།།