Rang nyid la dbang dmigs pas len pa dang gzhan la gtor dbang bya ba'i yi ge

From Shangpa Resource Center
Revision as of 10:30, 15 February 2020 by Sengue (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)








Resource ID SCv11p67
Title rang nyid la dbang dmigs pas len pa dang gzhan la gtor dbang bya ba'i yi ge
Topics Initiation
Sub-Topics Chadrupa
Author Sangyé Tönpa
Link BDRC W23922

༈ རང་ཉིད་ལ་དབང་དམིགས་པས་ལེན་པ་དང་གཞན་ལ་གཏོར་དབང་བྱ་བའི་ཡི་གེ་བཞུགས་སོ།།

༈ ༼ཕ༽ ན་མོ་གུ་རུ།
སངས་རྒྱས་གཉན་སྟོན་ལ་སོགས་པའི། །རྗེ་གྲུབ་ཐོབ་རྣམས་ལ་སྐྱབས་སུ་མཆི། །མྱུར་མཛད་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །དངོས་གྲུབ་སྟེར་བའི་ཡི་དམ་ལྷ། །བར་ཆད་བསྲུང་བའི་ཆོས་སྐྱོང་ལ། །ཕྱག་འཚལ་དང་བས་སྐྱབས་སུ་མཆི།
།དཔལ་མགོན་པོའི་སྒོ་ནས་བྱིན་རླབས་བྱ་བ་ནི། མདུན་དུ་མགོན་པོ་སྒྲུབ་ཐབས་བཞིན་བསྐྱེད། ཡེ་ཤེས་པ་སྤྱན་དྲངས་པ་སོགས་སྤྱི་དང་མཐུན་པར་བྱ། མགོན་པོའི་སྤྱི་བོར་བླ་མ་བསྒོམ། དེ་ལ་ན་མོ་བུདྡྷ་ཡས་གསོལ་བ་དྲག་ཏུ་གདབ་བོ། །དེ་ནས་མགོན་པོའི་སྨིན་ཕྲག་ནས་འོད་ཟེར་ཁ་དོག་ལྔ་བྱུང་ནས་རང་གི་སྨིན་ཕྲག་ཏུ་ཕོག་པས་ལུས་ཀྱི་སྡིག་པ་དྲི་མ་ཐམས་ཅད་སང་སང་དག་པར་བསྒོམ་མོ། །ཡང་མགྲིན་པ་ནས་འོད་ཟེར་བྱུང་ནས་རང་གི་མགྲིན་པར་སིབ་སིབ་སོང་བས་ངག་གི་སྡིག་སྒྲིབ་དག་པར་བསྒོམ། ཡང་ཐུགས་ཀ་ནས་འོད་ཟེར་ཁ་དོག་ལྔ་བྱུང་ནས། རང་གི་སྙིང་གར་སིབ་སིབ་ཕོག་པས། ཡིད་ཀྱི་སྡིག་སྒྲིབ་ཐམས་ཅད་སང་སང་དག་པར་བསྒོམ། མགོན་པོའི་སྐུའི་ཆ་ཐམས་ཅད་ལས་འོད་ཟེར་དམར་སྨུག་ཕྲོམ་ཕྲོམ་བྱུང་ནས། རང་གི་ལུས་ཀྱི་ཆ་ཐམས་ཅད་ལ་ཐིམ་པས་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་དང་། ཁྱད་པར་དུ་ཡང་གདོན་བགེགས་ཐམས་ཅད་སང་སང་དག་པར་བསྒོམ། ལུས་འོད་བསྐོར་བཞིན་དུ་སྔོ་ཡལ་ལེ་བ་ལྷ་སྐུ་ཕྱག་རྒྱ་ཆེན་པོར་བསྒོམ། ད་དེ་ལ་གཏོར་དབང་བྱེད་པར་གདའ་ན་འདི་ལྟར་བྱ་སྟེ། གཏོར་མའི་སྟེང་དུ་ཧཱུྃ་ནག་པོ་གཅིག་བསྐྱེད། དེ་ལོག་རྩེར་ཡོངས་སུ་གྱུར་པ་ལས། ཡེ་ཤེས་ཀྱི་མགོན་པོ་རྒྱན་ཆ་ལུགས་ཇི་ལྟ་བ་བཞིན་བསྒོམ། དེ་ནས་བསྙེན་པ་ཅི་རིགས་པ་ཞིག་བཟླས་སོ།
།མགོན་པོའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ །ཐུགས་ཀར་ཧཱུྃ་བསམ། རང་གི་གནས་གསུམ་དུ་ཡང་བསམ། མགོན་པོའི་ཨོཾ་ལས་འོད་དཀར་པོ་བྱུང་ནས་རང་གི་ཨོཾ་ལ་ཕོག་ལུས་ཀྱི་སྒྲིབ་པ་དག །མགྲིན་པའི་ཨཿདང་ཧཱུྃ་ལས་ཀྱང་ཁ་དོག་དམར་པོ་དང་ནག་པོ་བྱུང་། རང་གི་མགྲིན་པ་དང་སྙིང་གར་ཕོག་པས་ངག་དང་ཡིད་ཀྱི་སྡིག་སྒྲིབ་དག་པར་བསམ། དེ་ནས་མགོན་པོའི་དཔྲལ་བའི་ཨོཾ་དེ་རྦད་ཀྱི་ཆད་ནས་བྱུང་སྟེ། རང་གི་དཔྲལ་བའི་ཨོཾ་ལ་ཐིམ། དེ་བཞིན་དུ་མགྲིན་པའི་ཨཱཿདང་ཐུགས་ཀའི་ཧཱུྃ་གཉིས་ཀྱང་རིམ་པ་བཞིན་རྦད་ཀྱིས་ཆད་ནས་རང་གི་མགྲིན་པའི་ཨཱཿདང་ཐུགས་ཀའི་ཧཱུྃ་ལ་ཐིམ་པར་བསྒོམ། རང་གི་ཨོཾ་ཨཱཿལ་ཐིམ། ཨཱཿཧཱུྃ་ལ་ཐིམ། ཧཱུྃ་འོད་དུ་ལྷེམ་ལྷེམ་ཞུ་ནས་སྟོང་པར་སོང་བས་འོད་གསལ་ཕྱག་རྒྱ་ཆེན་པོའི་ངང་ལ་མཉམ་པར་བཞག་གོ །གཏོར་མ་མགོ་ཐོག་ཏུ་བཞག་ནས། ཐུག་ཐུག་འཇོག་རྩ་ན་ཡེ་ཤེས་ཀྱི་མགོན་པོ་མགོ་ཐོག་ཏུ་ཆེམ་ཆེམ་ཡོད་པར་བསམ། གཏོར་མ་ཡེ་ཤེས་ཀྱི་མགོན་པོ་གཏང་རག་གི་ཚུལ་དུ་དབུལ་ལོ། །ཟབ། ཨྀཐི།