Ras chen sangs rgyas seng+ge'i rnam thar

From Shangpa Resource Center








Resource ID SCv1p617
Title ras chen sangs rgyas seng+ge'i rnam thar
Topics Biography
Associated Person Sangyé Sengé
Link BDRC W23922

༄༅། །རས་ཆེན་སངས་རྒྱས་སེངྒེའི་རྣམ་ཐར་བཞུགས་སོ།།

༈ ན་མོ་རཏྣ་གུ་རུ་ཡེ།
རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་སངས་རྒྱས་སེངྒེ་འཁྲུངས་པའི་ཡུལ་ནི་མདོ་ཁམས་ཆོས་གླིང་དུ། ཡབ་ཨ་ཡུལ། ཡུམ་ངག་ཁེགས། སྲས་མིང་སྲིང་ལྔ་ཡོད་པའི་ཆེ་བ་ཡིན། ཡབ་མེས་རྣམས་ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཚེའི་ཆོས་སྐོར་གྱི་བརྒྱུད་པ་རྣལ་འབྱོར་པའི་ཆ་ལུགས་ཅན་བྱས་ནས། རི་ལ་བུ་སྨད་དང་བཅས་ནས་བཞུགས། འཚོ་བ་ཤུག་ཐོག་ལ་སོགས་པ་གང་བྱུང་ལ་བརྟེན་ནས། བྱིས་པ་སྨྲ་ཤེས་པ་ཡན་ཆད་ཀྱིས་མ་ཎི་གཅིག་པོ་འདྲེན་པས། བྱིས་པ་ཤི་བ་རྣམས་ཀྱང་འཇའ་རིང་བསྲེལ་དུ་སོང་བ་མང་པོ་བྱུང་གསུངས། ངས་ལོ་བཞི་པ་ལ་རྨི་ལམ་ལེགས་པོ་ཟིན། ང་ལ་ཕས་བཟོས་པའི་ལྷམ་ཡུ་བ་ཁྲ་བོ་སྣ་དམར་པོ་བྱས་པ་སོ་མ་ལེགས་པ་ཞིག་ཡོད་པ་དེ་གྱོན་ནས་བྱིས་པ་གྲོགས་པོ་རྣམས་དང་རྩེ་མོར་ཕྱིན་པས། ལྷམ་དེ་བོར་ནས་དར་ཞིག་ཙམ་ནས་ཕ་སླེབ་བྱུང་། ལྷམ་གཏོར་བ་མཐོང་བ་དང་། ང་ལ་རྡུང་ཐག་ཡག་པོ་ཞིག་བྱས། དེ་ནུབ་ཁྱིམ་མཚེས་ཀྱི་ས་རུ་ཉལ་བའི་རྨི་ལམ་དུ་ལྷམ་དེ་ངའི་ལག་ཏུ་འདུག །འདི་རྨི་ལམ་ཡིན་པར་འདུག །སད་ཙ་ན་མ་བོར་བ་ཞིག་བྱ་དགོས་སྙམ་གསུང་། བྱིས་པའི་དུས་ཆོས་སྣང་གཅིག་པུ་ཡོད་ཀྱང་། རང་དབང་མ་ཐོབ་པས། ཉེ་ཚན་རྣམས་ཀྱིས་ཆུང་གཉེན་སྒྲིག་ཡོད་པ་ལ། དགུང་ལོ་དྲུག་པ་ལ་སྐུ་མཆེད་གཉིས་ཆུ་ལེན་དུ་ཕྱིན་པས། ངས་ཆུ་ཟམ་བཟུང་། ཁོས་གཟར་བུ་བཟུང་ནས་ཕྱིན་པས། འུར་རྡོ་ཞིག་རྙེད་ནས་ཁོས་འུར་རྡོ་དེ་འཕང་པས། ངའི་རྐང་པ་ཡ་གཅིག་ལ་རྒྱབ་ནས། ཡུན་རིང་ན་ནས་གཟུགས་པོ་ཡང་ན་ཞིང་རྐང་པ་རྐྱོག་པོར་སོང་ཆུང་གཉེན་ཀྱང་ཞིག་ལོ་དགུ་པ་ལ་རབ་བྱུང་བྱས། མིང་སངས་རྒྱས་སེངྒེ་བཏགས། སེངྒེ་སྒྲ་ཡིས་ལུང་ཞུས་ནས་བསྙེན་པ་ལེན་རེ་བྱས་པའི་རྨི་ལམ་དུ། ཡུལ་གྱི་འོག་ཏུ་ཐང་ཞིག་ཡོད་པ་དེའི་ཁར་བསྡད་འདུག་པས། ངའི་ལུས་ལས་སྦལ་ལྕོང་མང་པོ་འཐོན་པ་རྨིས་པས་ནད་དྲག་པ་ཡིན། སྙིང་རུས་བསྐྱེད་གསུང་ནས། བསྙེན་པ་ཟླ་བ་གཅིག་བསྐྱལ་བས་ཇེ་དྲག་ལ་སོང་། དགུང་ལོ་བཅུ་གཉིས་བ་ལ་བརྟག་གཉིས་ཀྱི་བཤད་པ་བྱས། བཅོ་བརྒྱད་པ་ལ་སྤྱོད་འཇུག་གི་བཤད་པ་བྱས། ཕར་ཕྱིན་ཡང་བློ་ལ་ཡོད་གསུངས། བཅུ་དགུ་པ་ལ་གཅོད་དུ་སོང་། མཚུར་ཕུ་ལོ་གཅིག་ཙམ་བསྡད། དེ་ནས་ས་སྐྱར་ཡོང་པས། མཁན་ཆེན་གནས་དྲུག་པ། དང་པོ་ཕ་སྤུན་ཙམ་ཡིན་པས་ཁོང་གིས་བོས། སྣ་ལེན་བཟང་པོ་མཛད་ནས། རྣམ་འགྲེལ་གྱི་གཞུང་ཞིག་དང་། ཁོ་རང་གི་མཛད་པའི་རྣམ་འགྲེལ་གྱི་ཊིཀྐ་ཞིག་ཀྱང་བྱིན་ཏེ། ཡུལ་གྱི་གསུང་གླེང་མང་པོ་མཛད་ནས་རྣམ་འགྲེལ་བསླབ། གཞན་པོ་ཏི་བསླབ་ཀྱང་དེང་སང་གྲགས་པ་མི་ཤོང་པར་གདའ། གྲོགས་དན་གང་དགོས་ང་རང་གིས་བྱེད་པ་ཡིན་གསུང་ནས་རྣམ་འགྲེལ་བསླབས། ལོ་རྩ་བརྒྱད་སོང་བ་དང་རྣམ་འགྲེལ་ཀྱང་གྲྭ་སྐོར་འཁོར། སེམས་པས་ཀྱང་འཇིག་རྟེན་གྱི་བྱ་བ་ལ་སྙིང་པོ་མེད་པར་དགོངས་ཤིང་། ད་ངས་འཆི་ཆོས་གཤའ་མ་ཞིག་བྱ་དགོས་བསམ་ནས། འབྲི་གུང་ནས་ཕྱིན་པས་ཆོས་རྗེ་མཁས་གྲུབ་པའི་སློབ་མ། ང་རང་གི་གྲོགས་པོ་བླ་མ་བློ་བཟང་བ་དང་འཕྲད། ང་ལ་བྱམས་པ་དང་མཇལ་བར་བྱེད་པའི་གདམས་པ་ཡོད་གསུངས། འོ་ན་ང་བྱམས་པ་ལ་ཤིན་ཏུ་དད་ཅིང་བྱམས་ཆོས་ལྔ་གསེར་གྱི་འབྲི་ཨེ་འགྲུབ་བསམ་པ་འདོག །གདམས་ངག་དེ་ཁྱོད་ལ་ཞུ་ཞུས་པས། འོ་ན་དེ་བཞིན་བྱེད་གསུང་ནས། ནི་གུ་ཆོས་དྲུག་གི་སྐོར་གནང་། དགེ་སྦྱོར་བཟང་པོ་སྐྱེས་སོ། །དེ་ནས་བླ་མ་བློ་བཟང་པ་ན་རེ། ཁྱོད་ལ་དགེ་སྦྱོར་ཕུན་སུམ་ཚོགས་པ་ཡོང་བར་འདུག་པས། ད་ཤངས་ན་ངའི་བླ་མ་ཚུལ་ཁྲིམས་མགོན་པོ་ཟེར་བའི་གྲུབ་ཐོབ་ཆེན་པོ་ཞིག་ཡོད། དེའི་དྲུང་དུ་བྱོན་ལ་ཆོས་ཞུས་གསུངས། དེར་ཕྱིན་ནས་ནི་གུ་ཆོས་དྲུག་ལ་ལོ་དྲུག་བྱས་ནས་སྒོམ་པར་ཞུས་པས། དགོས་མི་དགོས་བལྟ་ནས་བྱས་པས་ཆོག་གསུང་ནས་གནང་པས། གཏུམ་མོ་ལ་ཞག་བདུན་ནས་རས་ཐུབ་པར་བྱུང་། ད་ཐམས་ཅད་བཤད་པས་ཆོག་པར་འདུག་གསུང་པ་ལ། དེ་མི་གསུང་བར་ཞུ། ད་དུང་ག་ལེར་སྒོམ་པར་ཞུ་ཞུས་པས། ཁྱེད་རང་ཟེར་བ་བཞིན་བྱེད་གསུང་ནས་ག་ལེ་གནང་གསུངས། ནི་གུ་མས། ཟླ་དྲུག་ལོའམ་ཚེ་འདིར་སངས་རྒྱས་འགྱུར་གསུང་པར་འདུག་པས། སངས་རྒྱས་ལ་འདི་བས་སླ་བ་མེད། ཐ་ན་ཡང་ཚེ་འདིར་སངས་རྒྱས་པ་ཞིག་བྱེད་བསམ་ནས་བསྒོམས་པས། སྔར་གྱི་གྲུབ་ཐོབ་ཁྱུང་པོ་རྣལ་འབྱོར་ལ་སོགས་བཀའ་བརྒྱུད་རྣམས་ཀྱི་རྣམ་ཐར་ལ་བལྟས་པས། འདི་འདྲ་ཀུན་ངོ་མཚར་ཆེ་རྒྱུ་མི་འདུག་ཅིང་། འབྲི་རིངས་མི་ཆོག་པར་འདུག །ད་ལྟ་ཡང་འདི་ལྟར་ཡོང་བ་འདུག་སྟེ། ཟླ་བའམ་ལོའམ་ཅེས་པའི་ཚིག་འདིར་སངས་རྒྱས་ཤིག་ཨེ་འགྲུབ་བལྟ་དགོས་བསམ་པ་ཡང་ཡང་བྱུང་། རྟིང་སོར་ཟླ་བ་དྲུག་གམ་ལོའམ་སངས་རྒྱས་མ་བྱུང་བ་དེ། གོང་མའི་རྣམ་ཐར་རྣམས་ལ་འདི་འདྲ་གང་ནས་བྱས་ཀྱང་ཡོང་བར་འདུག་བསམ་པའི་བློ་ཚུད་ཀྱི་རྣམ་པ་བྱས་པས་ལན་པ་འདྲ་གསུངས། བླ་མ་འདི་ཉིད་ལ་ཁྱུང་པོ་རྣལ་འབྱོར་ནས་མཁས་གྲུབ་ཤངས་སྟོན་གྱི་བར་རྣམ་ཐར་རྣམས་དང་། སྒྱུ་མ་ལམ་རིམ་རྩ་འགྲེལ། མ་སྨིན་པ་སྨིན་པར་བྱེད་པའི་དབང་ལ་བདེ་མཆོག་ལྷ་ལྔ། ཆོས་དྲུག་སོ་སོའི་བཀའ་དྲུག །སྒྱུ་ལུས་དབང་མོ་ཆེ། མཁའ་སྤྱོད་དམར་མོའི་བཀའ། བར་དོ་སྒྱུ་ལུས་བཀའ། གའུ་མའི་བཀའ། སེམས་འཆི་མེད་ཀྱི་བཀའ། འཆུག་མེད་ལམ་ཁྱེར་གསུམ་གྱི་བཀའ། མཁའ་སྤྱོད་དཀར་མོའི་བཀའ་རྣམས་དང་། ཆོས་དྲུག་གི་ཚིག་རྐང་ཚིག་གསལ་ཐེམ་ཡིག །གཞི་ལམ་འབྲས་གསུམ། ནི་གུ་མའི་དམིགས་པ་བསྐོར་གསུམ། འབྱམས་གཅོད་རྩ་འགྲེལ་གཉིས། ཁྱད་འཕགས་ཀྱི་གདམས་པ་བཅོ་ལྔ། སྦྱང་པ་རྣམ་གཉིས། བར་དོ་གསུམ་གྱི་གདམས་པ། རིན་ཆེན་འོད་ཀྱི་ཕྲེང་བ། འོད་གསལ་འཆར་སྒོ་ངོས་འཛིན། དུག་གསུམ་དག་བྱེད་བདུད་རྩི། སྒྱུ་ལུས་འཛིན་པ་རང་གྲོལ། ཞུས་ལན་རིན་ཆེན་སྒྲོན་མེ། ཞུས་ལན་ཟླ་བའི་དལ། ཉམས་མྱོང་མ་རིག་མུན་སེལ། ཉམས་མྱོང་ཡོན་ཏན་རྒྱ་མཚོ། གའུ་མའི་ཚིག་རྐང་། ཚིག་གསལ་སེམས་འཆི་མེད་ཀྱི་ཚིག་རྐང་། དེའི་འགྲེལ་པ་རཏྣ་བིར་ཝས་མཛད་པ། དྷརྨ་སིངྷས་མཛད་པ། རྗེ་བཙུན་དྷརྨ་པྲཛྙས་མཛད་པ། སངས་རྒྱས་སྟོན་པས་མཛད་པ། འཆུག་མེད་ལམ་ཁྱེར་རྣམ་གསུམ་གྱི་རྡོ་རྗེའི་ཚིག་རྐང་། དེའི་ཁྲིད་མཁའ་སྤྱོད་སུམ་ཕྲུགས། མཁའ་སྤྱོད་མའི་སྒྲུབ་ཐབས་པཎྜི་ཏ་དཱི་པཾ་ཀ་ར་ཤྲི་ཛྙ་ནས་མཛད་པ་དེ་ཇོ་བོ་རྗེའི་ལུགས། ཁྱུང་པོའི་ལུགས་གཉིས་དམ་ཚིག་གསོ་བ། མཁའ་སྤྱོད་མའི་རིལ་བུ་སྒྲུབ་པ། མཁའ་སྤྱོད་དཀར་མོའི་འཕོ་བ། ནི་གུ་མའི་སྨོན་ལམ། གཞན་དོན་མི་འགྲུབ་མི་སྲིད་པའི་གདམས་ངག་དང་། བདེ་མཆོག་ལྷ་ལྔའི་མངོན་རྟོགས་མཆོད་ཕྲེང་། རྟ་མགྲིན་གསང་སྒྲུབ་བསྐོར། ཐུགས་རྗེ་ཆེན་པོ་སྐྱེར་སྒང་པ། ལུས་འཆི་མེད་ཀྱི་བཀའ་ལུང་། བྱིན་གྱིས་བརླབ་པའི་ལྷ་བཞི། གཞན་ཡང་མགོན་པོའི་སྐོར་ཐུན་མོང་བ་ཐམས་ཅད་གསན་ནོ།
།སྤྲེལ་ལོ་ཟླ་བ་བཞི་པའི་ཚེས་བཅུ་བཞི་ལ་མ་ཡུམ་གུམ་པས་འདི་ཚེས་བཅོ་ལྔའི་ནང་པར་ཡུམ་གྱི་དོན་དུ་རྗེའི་དྲུང་དུ་གཤིན་ཆོག་དང་བསྔོ་བ་ཞུས། དྲུང་གནས་རང་གིས་ཀྱང་ཆོ་ག་མཛད། གཞན་ཡང་ཡུམ་ལ་དམིགས་ནས་དགེ་རྩ་ཡང་དག་མཛད་འདུག་གོ། །དེ་ནས་ལོ་གཅིག་ཙམ་སོང་བ་དང་། གཅུང་པོ་གདན་འདྲེན་པ་སླེབ་པ་དང་། རང་རེའི་མ་ལ་སོགས་པ་ཐམས་ཅད་ཁམས་བདེ་བར་འདོག་པས་ད་འབྱོན་པར་ཞུ། ད་ལན་མ་བྱོན་ན་མ་ཡང་ཡི་ཆད་ནས་འགྲོ་བར་འདུག་གསུང་པས། ཁོ་དེ་ཁྱོད་ཀྱིས་རྫུན་སྒྲིགས་ཀྱང་མི་འགྲིགས། རང་རེའི་མ་སྤྲེལ་ལོ་ཟླ་བ་བཞི་པའི་ཚེས་བཅུ་བཞིའི་ནུབ་མོ་ཤི། ཁྱེད་རྣམས་ཀྱིས་རུས་པ་ཡང་ཚེས་བཅོ་ལྔ་ལ་བཞུ། དེ་སྲེག་པས་སྔས་པ་ཡིན། དེ་དུས་ཁྱེད་རྣམས་ཀྱིས་ཐུལ་བ་དེ་མ་སྲེག་ན་ཡོད་པར་ཡིན་ཏེ། དེ་ལ་ཤིག་མང་པོ་འདུག །སྡིག་པ་ཆེན་པོ་བྱས་གསུང་ནས། ཁོང་ཚོའི་བྱས་ལུགས་དེ་ཐམས་ཅད་ཇི་ལྟ་བ་བཞིན་གསུངས་པས། དེ་ཕྱིན་ཆད་རྫུན་བྱར་མི་ཉན་པར་གོ་འདུག །ཕྱིས་མཁན་ཆེན་གནས་དྲུག་པ་གཤེགས། ས་སྐྱར་ཕྱིན། ངས་རས་རྐྱང་གྱོན་ནས་གྲིབ་མ་ལ་བསྡད་པས། གྲོགས་མཆེད་རྣམས་ན་རེ། ནད་པ་འདྲ་བ་དེ་གར་སོང་། ཁྱོད་ཀྱིས་འདི་འདྲའི་ཆོས་ཤིག་བྱས་འདུག །སྙིང་རེ་རྗེ་ཟེར་བ་མང་བར་བྱུང་བས། ངའི་བསམ་པ་ལ་སྙིང་དག་ཁྱེད་ཚོ་རྗེ། གནས་ལུགས་ཀྱི་དོན་ནི་མ་རྟོགས། སློབ་གཉེར་ཅུང་ཟད་རེ་བྱེད་པ་ཡང་ཚེ་འདི་ཞེ་ཕུགས་སུ་བཞག་པ་ཡིན། ད་འདིར་ཡུན་རིང་བསྡད་ཀྱང་། རང་གཞན་གཉིས་ཀའི་ཟག་པ་འཕེལ་འགྲོ་བར་འདུག་བསམ་ནས། གློ་བུར་དུ་ལང་ནས་ཤངས་སུ་ཡོང་པས། གཏུམ་མོའི་ཡོན་ཏན་གྱིས་རྟ་ལས་མགྱོགས་པར་ཡོང་གིན་གདའ་གསུངས། མཁར་ལུང་ན་སྡོད་ཡོད་པའི་དུས་སུ། དབུས་པ་དུས་ཟིང་གི་མགོ་སྔ་མ་ལང་ཙམ་དེ་ལ། ཁུ་ལུང་པ་རྣམས་རྟག་ཚང་དུ་འགྲོ་བར་བྱས། དེའི་བང་ཆེན་པ་དང་གྲོས་བྱེད་ཅིང་འདུག་ཟེར་བ་དབུས་པས་ཐོས། ཁོ་གསོད་གྲབས་སུ་ཡོད་པ་ཁོ་རང་གིས་ཐོས་ནས་བྲོས་བྱུང་། དེ་རྟིང་ཁོ་འདེད་མི་མང་པོ་བྱུང་། ཁོ་ལ་རལ་གྲི་རྒྱབ་ནས་ཁྲག་མང་པོ་ཤོར་འདུག་པ་ང་ཡིས་ཞུ་རོགས་བྱས། བརྩོན་དེ་དེ་ནུབ་དད་ཅན་འཇོག་པ་ལ་རལ་གྲི་ཞིག་བྱིན། བརྩོན་དེ་ནུབ་བཞག །དེ་ནས་བླ་མས་སྟག་ལུང་དུ་བྱོན། བརྩོན་དང་ངེད་གཉིས་ལྷན་ཅིག་ཡོད་པས། ཁོང་ང་རང་གི་སྒོམ་ཆེན་པ་རྩ་ན་ཡོད་པ་རྣམས་ཀྱིས་ཀྱང་མ་ཚོར་བར་གྲོས་བྱས་ནས་ཁོ་སྦས། ནང་པར་རིན་སྤུང་ནས་བརྩོན་དགོས་ཟེར་བས་ང་ལ་རྒྱུས་མེད་ཁོ་མྱང་སྟོད་ཕྱོགས་ལ་སོང་བ་ཡིན་ལས་ཆེ་བྱས་པས། ཟོག་པོ་བརྩོན་མི་འདུག་ན་ཁྱོད་རང་ཁྲིད་ལ་ཤོག་ཟེར་བའི་ཞལ་བལྟ་ཡོད། འགྲོ་གྲབས་ཀྱིས་ཟེར། འགྲོ་བས་ཆོག་བྱས་ནས་ཕྱིན་པས། དེ་ནུབ་ཤར་སྒོ་མཁར་སྦུག་ཞིག་ཏུ་བཙུད་ནས་ཁོང་གསུམ་གྱིས་སྒོ་བཀག་ནས་ཉལ་བས་ཁོང་རྣམས་གཉིད་དུ་སོང་འདུག །ངའི་བསམ་པ་ལ་གྲི་ཐུང་ཞིག་ཁྱེར་ནས་བྲོས་ན་ཐར་བ་འདུག་སྟེ། དེའི་ཁ་ན་མེད་གང་དགའ་གྱིས་བསམ་ནས་བསྡད། ཡང་ཕྱིན་ནས་རིན་སྤུང་རྫིང་ཁ་དེར་བཞག་པས། ངའི་སློབ་མ་རྟ་རྫི་དབང་རྒྱལ་ཟེར་བ་ཞིག་ཡོད་པ་དེས་ཆང་བཟང་པོ་ཞིག་བྱིན། དར་ཞིག་ནས་སྒོ་སྤོར་ཤོག་ཟེར་ནས་ཕྱིན་མི་གཉིས་ཀྱི་གཉེར་ཆག་དེ་དྲང་ཚར་བ་ཡིན་པར་འདུག །དེ་ནུབ་སྤུ་ཤུ་ཁར་ས་རྗེན་ལ་བཞག་པས་ཤམ་ཐབས་དེས་གདན་བྱས་རས་ཙག་ཆོས་ཀྱི་ཆོས་གོས་ཤིག་ཡོད་པ་དེ་གོན་ནས་རླུང་བསྒོམས་པས་མི་བརྒྱད་འདུག་པ་རེས་མོས་བྱས་ལག་གནོམ་བྱེད་གིན་འདུག །ཐོ་རངས་བལྟ་རུ་བྱུང་། ཁོ་ན་རེ་ཁྱོད་ཀྱི་ཙ་རུ་འོང་ཙ་ན་ཚ་འུབས་འུབས་འདུག་ངོ་མཚར་ཆེ་ཟེར་ནས་སོང་། གྲོགས་རྣམས་ལ་སྒོམ་ཆེན་དེ་མེ་དཔུང་ལྟར་འདུག་ཟེར། དེར་ཁོང་རྣམས་གྲོས་ཤིག་བྱས་ནས། བུ་ཤི་ཟེར་བསྔོ་བ་ཞིག་ཞུས། ཆང་ཞིག་དྲངས་པ་དེས་རྐྱེན་བྱས་དྲོད་འབར་ནས་ནང་པར་རྩེ་ནས་བལྟས་པས་རླངས་པ་ཆེན་པོ་མཐོང་བ་སྐད་ཟེར། ཆང་དེའི་ནུས་པས་རླངས་པ་ཡོང་པ་ཡོད་པ་འདྲ། དེ་ནུབ་ཆུ་སྤེལ་མར་ཁྲིད་མཁན་རྣམས་ཀྱིས་བཟང་པོར་འདུག་བྱས་པས། དེའི་ཉིན་ཤིང་བཟོ་བ་མང་པོ་འདུག་པའི་ཁང་པ་ཞིག་ཏུ་བོས་ཆང་མང་པོ་བླུད། གཞན་ཡང་ཆང་མང་པོ་བྱུང་བས་ངས་ཀྱང་རྫུ་བག་བྱས་ནས། དེ་ཁར་ཨེན་ཙམ་ཞིག་བསྡད། ཁོང་རྣམས་དད་དུ་སོང་བ་སྙད་ཟེར་གིན་གདའ། དེ་ནུབ་སྟན་མང་པོ་བྱུང་ཡང་མ་གཏིང་། དེ་ནུབ་སྔར་ལས་དྲོད་ཆེར་སོང་ནས་ནང་པར་རླང་པ་ཡང་བྱུང་། ཧོར་འདྲ་རྣམས་ན་རེ། པ་ཤི་མཇལ་དུ་ཡོང་ཟེར་ཀྱང་མ་བྱུང་ཟེར་དེ་ནུབ་ལྷོ་ཕྱོགས་དེར་ཆུ་སྤེ་རྩིག་འགྲོ་ཞིག་འདུག་པའི་སར་བཞག །གོས་སྟན་ཡང་མ་བླང་། ཧོར་འདྲ་རྣམས་ཀྱིས་ཆང་མང་པོ་སྦྱིན་དྲོད་རྒྱས། སང་ཚ་ཐོག་ཏུ་པོས་ནས་བསུ་བ་ལ་པ་ཤི་ཁོ་བྱུང་པས། དར་ཁ་བཏང་ཕྱག་བྱས། ཁ་སང་ནས་འོ་རྒྱལ་བྱུང་བ་མཐོལ་ལོ་བཤགས་ཟེར། ཆུང་མ་ཡང་བྱུང་ནས་སྔར་བཞིན་བྱས། དེ་ནས་བཀུར་སྟི་ཕུན་སུམ་ཚོགས་པ་བྱས། དབང་དགོས་ཟེར་བས་མི་ཤེས་བྱས། མདོ་ཁམས་སོགས་གླེང་མོ་ཞིབ་ཏུ་བྱུང་། ཞབས་ཏོག་བྱེད་ཟེར། མི་སྡོད་བྱས་པས། འོ་ན་རྟ་ཆིབས་ཟེར་རོ། །མི་ཞོན་བྱས་པས། ཏེའུ་ཞིག་ལ་ཁལ་བཀལ། རྟ་རྫི་ཞིག་གིས་རྟ་ཞོན་ནས་ང་བསྐྱལ་བས། ཁོའི་རྟ་བས་ང་མགྱོགས་པར་བྱུང་འདུག །ཡང་རྟག་ཏུ་བཙུན་མ་ཞིག་སྦྲུམ་མ་དེ། ངོ་ཚ་ནས་མེད་པ་བྱས་དགོས་ཏེ་བསམ་པ་ལ། བཙུན་མ་དེ་ལ་འདི་མེད་པ་མ་བྱེད། ང་རང་གི་ངོས་ལེན་པ་ཡིན་བྱས་པས། རྟིང་སོར་བུ་མོ་ཞིག་སྐྱེས་པ་བླངས་ནས། མ་གཤེགས་བར་ཆོས་འཇིག་རྟེན་གཉིས་ཀས་བསྐྱངས་ཆིག་མགོ་ཐོན་པས། བཀུར་པ་སྣ་ཚོགས་བྱུང་བའི་བསྐལ་པ་དཔག་ཏུ་མེད་པའི་སྡིག་པར་འདག་འདུག་གསུངས། ལན་ཅིག་དགུན་ཨ་རང་སྒང་ལ་དྲོད་ཅི་ཙམ་འདུག་བལྟ་དགོས་བསམ་ནས། ཉེར་གནས་གྲུབ་ཆེན་པས་འཕྱར་བ་བཟང་པོ་ཞིག་གཡར་ནས་ཆུ་ལ་ལེགས་པར་བཙུད་ནས། ས་མ་སྲོས་ཙམ་ལ་གོན་ཏེ། གཏུམ་མོ་ཟས་སུ་ཟ་བའི་དམིགས་པ་གཟུང་ནས་གྲང་པ་ཞིག་ཏུ་བསྡད་པས། ནམ་སྟོད་མ་ཉལ་བས་གྲང་རབ་བྱུང་དེ་ནས་འཁྲུལ་འཁོར་བཅས་ནམ་ལང་པ་དང་། འཕྱར་བ་སེར་ཐག་ཆོད་འདུག་པས། ཉེ་གནས་པས་ཆོས་རྗེ་ལ་ཞུས་པས། ཆོས་ཞུ་མང་པོ་ཡོད་པ་ལ། ཁྱེད་རྣམས་དགེ་སྦྱོར་དང་ཁྱད་པར་གཏུམ་མོའི་ཡོན་ཏན་ཡོད་པར་བྱེད་ན་འདི་འདྲ་དགོས་པ་ཡིན་གསུངས། འཕྱར་བ་ཐམས་ཅད་ལ་བསྟན་པས་ངོ་མཚར་དུ་གྱུར་རོ། །དྲུང་དུ་ཕྱིན་པས་མདང་ཉེན་པོ་མ་བྱུང་ངམ་གསུང་། ནམ་སྟོད་ཉེན་པོ་བྱུང་། དེ་རྟིང་སྐྱིད་པོ་བྱུང་ཞུས་པས། དེ་མ་ཤེས་པ་ཡིན། གཉིད་དུར་ཕོ་བའི་ལུས་སྦྱོང་ཡོད་པ་ཡིན་ཏེ། རྟིང་ཕོར་ལུས་སྦྱོང་ཤེས་ཙ་ན། དྲུང་ནས་མེད་པར་གདའ། ཡང་ཆོས་རྗེ་མཁས་གྲུབ་པའི་དྲུང་དུ་བདེ་ཆེན་གྱི་བདག་པོ་ཞུ་བ་མང་པོ་འདུག་པས་མ་གནང་བར། ང་ལ་སློབ་དཔོན་ཁམས་པ་ངའི་ཤུལ་འདི་ཁྱོད་ཀྱི་བཟུང་དགོས་གསུང་པ་ལ། དེ་མི་ཡོང་ལགས་ཞུས་པས། དབུ་དཀར་པོ་དེ་བུག་སྒོར་གུག་མཛད་ནས། སློབ་དཔོན་ཁམས་པ་ངའི་མགོ་བོ་འདི་འདྲ་བ་ཡ་ང་བ་ཡིན། ལར་ཡང་སློབ་མ་སློབ་དཔོན་གྱི་ངག་མི་ཉན་པ་ལ་བཟང་པོ་བྱུང་བའི་སྲོལ་མེད་གསུངས་ནས། བདེ་ཆེན་གྱི་འཛིན་སྐྱོངས་དགོས་པ་བྱུང་བ་ཡིན་གསུང་། ཕག་ལོ་ཟླ་བ་དྲུག་པའི་ནང་དུ་སྤྲོད་ཡིག་གི་ལུགས་བཞིན་དཔང་པོ་དང་བཅས་ནས་སྤྲོད་དངོས་ཡོད་པ་རྣམས་དང་། མེད་པ་རྣམས་ལ་ཚབ་བརྩུད་ཅིང་། མཁས་གྲུབ་པའི་ཕྱག་དཔེ་རྣམས་ཕྱེ་ནས། ཕྱག་ཐམ་གྱིས་མནན་པ་ཟུར་དུ་བཞག །ད་གཟོད་ཁྱེད་ཚོས་མི་བྱེད་པ་ཡིན་གསུང་ནས། ཕག་ལོ་ཟླ་བ་བདུན་པ་ལ་བསྙུང་བའི་ཚུལ་བསྟན་པས། ཡུན་རིང་པོར་སུས་ཀྱང་མ་ཚོར་བར་མཛད། ཚོར་ནས་སྐུ་རིམ་སྨན་དཔྱད་ལ་སོགས་པ་གང་ཡང་མ་མཛད། སྙུང་གཡོག་པ་རྣམས་ཀྱི་དབུ་སྔས་དམས་པ་འདུག་པས་འཆོས་པར་ཞུས་ཙ་ན་མི་དགོས་གསུངས། ནད་པ་ཟེར་བ་ལ་བདེ་སྐབས་མེད་གང་བྱས་ཡིན་གསུངས། གསོལ་བ་འདེབས་ཤིང་། ཞིང་ཁམས་གང་དུ་ཕེབས་ལགས་ཞུས་བས། ནུབ་ཕྱོགས་བདེ་བ་ཅན་དུ་གསོལ་བ་བཏབ། ཕོ་ལོ་དྲུག་ཅུ་རེ་དགུའི་སྟེང་དུ་ཕག་ལོ་ཟླ་བ་བདུན་པའི་ཚེས་ཉི་ཤུའི་ཉི་མ་ཤར་བ་དང་མཉམ་པོར་ཁམས་དྭངས་སངས་སེ་མཉམ་པར་བཞག་སྟེ་མྱ་ངན་ལས་འདས་སོ། །དེ་ནས་སློབ་མ་རྣམས་ཀྱིས་སྤུར་བཞུ་ཕུལ་པའི་གསོལ་འདེབས་ཀྱི་བར་ལའང་། ནམ་མཁའ་ཡོངས་སུ་དག་པ་ལ་མེ་ཏོག་གི་ཆར་དང་། འཇའ་ཚོན་ལ་སོགས་པའི་ལྟས་དང་གདུང་རུས་ལ་རིང་བསྲེལ་ལ་སོགས་པ་བྱུང་ངོ་། །རྗེ་རྟོགས་ལྡན་གྱི་རྒྱལ་པོ་རས་ཆེན་སངས་རྒྱས་སེངྒེའི་རྣམ་པར་ཐར་པ་ཅུང་ཟད་བསྡེབས་པའོ། །སརྦ་དཱ་ཀ་ལྱཱ་ཎཾ་བྷ་ཝནྟུ། མངྒ་ལཾ།། །།