Rten bzhi'i gdam pa thun mong ma yin pa

From Shangpa Resource Center








Resource ID SCv11p775
Title rten bzhi'i gdams pa thun mong ma yin pa
Topics Chadrupa
Sub-Topics Various
Link BDRC W23922

༈ ཕྱི་རྟེན་ལུགས་སོགས་སྲོག་ཆགས། ནང་རྟེན་མདའ། གསང་རྟེན་གྲི་སྙིང་། དེ་ཁོ་ན་ཉིད་དེ་རྟེན་བཞིའི་གདམ་པ་ཐུན་མོང་མ་ཡིན་པ་བཞུགས་སོ།།

༼ཝུ༽ རྡོ་རྗེ་འཆང་དང་དབྱེར་མེད་པའི། །བླ་མ་དམ་པའི་ཞབས་བཏུད་ནས། །ཡེ་ཤེས་མགོན་པོ་ཕྱག་དྲུག་པའི། །རྟེན་བཞི་གནད་གསུམ་བྲི་བར་བྱ།
།དེ་ལ་ཡེ་ཤེས་མགོན་པོའི་རྟེན་ལ་བཞི་སྟེ། ཕྱི་ནང་། གསང་བ། དེ་ཁོ་ན་ཉིད་ཀྱི་རྟེན་ནོ།
།དང་པོ་ཕྱིའི་རྟེན་ནི། ཤིང་སྟག་པའམ། ཤུག་པའི་བྱང་བུ་ལ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཁྲེཾ་ཁྲེ་ཏ་བིགྷྣན་བི་ནཱ་ཡ་ཀ་ཧཱུྃ་ཕཊ། བདག་ཅག་དཔོན་སློབ་འཁོར་དང་བཅས་པ་དར་ཞིང་རྒྱས་པར་མཛད་དུ་གསོལ་ཕཊ་སྭཱ་ཧཱ། ཅེས་པ་ལོགས་ལ་གཅིག་བྲིས། ལོགས་གཅིག་ལ་འདི་མགོན་པོ་འཁོར་དང་བཅས་པ་ལ་ཟུངས་སུ་འབུལ། རྟེན་དུ་འཆའ་བ་ཡིན་པས་རྟེན་ལས་མ་འདའ། །འབེན་ལས་མ་གཡོ་བར་དགྲ་བགེགས་ཆོམ། ཉིན་གསུམ་བྱ་ར་མཛོད། མཚན་གསུམ་མེལ་འཚེ་མཛོད། ཅེས་པ་བྲིས་ལ་པྲ་རྩི་བཏང་། དེ་མགོན་པོར་བསྐྱེད་པ་ལ་རབ་གནས་བྱ། ཕྱིང་པའམ་རས་ནག་པོ་སོགས་ལ་དྲིལ། མགོ་འཇུག་མ་ལོག་པར་མགོན་པོ་བསྲུང་སྐུད་ཀྱི་ལུང་བྱས་ནས་གཡག་རོ་ནག་པོའམ། ལུག་ནག་དཔྱི་དཀར་ཤ་དང་རྭ་རྒྱས་ཤིང་འབྲས་བུ་མ་ཉམས་པའི་སོག་པ་གཡས་དང་མགུལ་པ་གང་རུང་ལ་གདགས། མགོན་པོའི་སྐུ་རབ་གནས་ཅན་དང་གཏོར་མ་ལེགས་པར་བཅས་པའི་མདུན་དུ་ཚར་དུ་དངར་ཏེ་མགོན་པོ་འཁོར་བཅས་ལ་མཆོད་གཏོར་རྒྱས་པར་ཕུལ་ཟིན་པའི་རྗེས་སུ། གཟུངས་རྣམས་གུ་གུལ་གྱིས་བདུག་བགེགས་བསྐྲད། དར་གྱི་ཅོད་པན་སོགས་ལེགས་པར་གདགས། འདི་དག་ཡེ་ཤེས་ཀྱི་མགོན་པོ་འཁོར་དང་བཅས་པ་ཁྱེད་རྣམས་ལ་གཟུངས་སུ་འབུལ། རྟེན་དུ་འཛུགས་པས་རྟེན་ལས་མ་གཡོ། འབེན་ལས་མ་འདས། བར་ཆད་སྲུངས། མཐུན་རྐྱེན་སྒྲུབས། དགྲ་བགེགས་ཐུལ། བསྟན་པ་དང་འཁོར་དང་ལོངས་སྤྱོད་དར་ཞིང་རྒྱས་པར་མཛད་དུ་གསོལ། ཞེས་བརྗོད། རོལ་མོའི་སྒྲ་བྱ། གཡག་ལ་སོགས་པའི་སྤྱི་བོར་མར་བྱུགས། ནང་མཆོད་བླུད། མགོན་པོ་འཁོར་བཅས་ཀྱིས་བསྟོད་བསྐུལ་རྒྱས་པར་བྱའོ། །དེ་ལྟར་ལོ་དུས་ལ་ལོ་རེ་བཞིན་གསོ་ཞིང་གསོ་བར་བྱའོ།
།གཉིས་པ་ནང་གི་རྟེན་ནི། མདའི་ཅ་ར་དང་སྟོང་ནག་པོ་ལ་མི་གྲི་བསད་པའི་མཚོན་ལ་མདེའུ་བྱ། རྒོད་ཀྱི་སྒྲོ་གསུམ་མེར་མ་ཤོར་བའི་བར་གསུམ་ལ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཁྲིཾ་ཁྲཻ་ཏ་བིགྷྣན་བི་ནཱ་ཡ་ཀ་ཧཱུྃ་ཧཱུྃ་ཕཊ་ཕཊ། བདག་ཅག་དཔོན་སློབ་འཁོར་དང་བཅས་པ་དར་ཞིང་རྒྱས་པར་མཛད་དུ་གསོལ་སྭཱ་ཧཱ། ཅེས་པ་གསེར་རམ་གྲི་ཁྲག་གིས་བྲིས་ལ་དར་ནག་པོ་ཁ་མ་ཉམས་པ་དང་། མགོན་པོའི་སྐུ་ཙཀླི་རབ་གནས་ལེགས་པར་བྱས་ལ་གདགས། དེ་མགོན་པོར་བསྐྱེད་ལ་མཆོད་གཏོར་རྒྱས་པར་དབུལ། དེ་མི་སྒྱེལ། མི་འགོམ། མིས་མི་མཐོང་བར་བྱས། གཏོར་མའི་རྒྱབ་བམ། རང་གི་མལ་གྱི་སྟེང་དུ་གཞུག་གོ
།གསུམ་པ་གསང་བའི་རྟེན་ནི། སྐྱེས་པ་དར་མ་གྲིར་བསད་པའི་སྙིང་གི་རྩ་གསུམ་བྱེ་མས་རྒྱངས་ལ། ཕྱི་དྲི་བཟང་གིས་བྱུགས་ཏེ་མ་རུལ་བར་གྲིབ་སྐམ་ལ་ལེགས་པར་བྱས་ནས། སྐམ་པ་ན་བྱེ་མ་གཏོན་པས་རྩ་སྦུབས་དང་ངོ་བོ་ཡངས་པོ་གསུམ་འོང་བས་དེའི་རྩ་སྦུབས་དབུས་མར་རོ་རས་སམ། དར་ནག་པོ་བཞི་པར་མགོན་པོའི་སྐུ་བྲིས་པའི་སྐྱ་བྲིས་མ་བླ་མ་རཱ་ཧུ་ལ་དང་མཻ་ཏྲི་པ་གཉིས་ཀྱི་བཞེད་པ་ལྟར་གནས་གསུམ་དུ་གྲི་ཁྲག་གིས་ཨོཾ་ཨཱཿཧཱུྃ་བཀོད་ནས་ཨོཾ་ནས་བརྩམས་ཏེ་ཐུགས་ཀའི་ཧཱུྃ་ཡན་ཆད་ལ་རྩ་སྔགས་སྤེལ་ཚིག་དང་བཅས་པ་གྲི་ཁྲག་གིས་བྲི། བི་ནཱ་ཡ་ཀ་ལ་ཨོཾ་གྷ་ཧཱུྃ་ཕཊ་བདག་གི་ལོངས་སྤྱོད་རྒྱས་པར་མཛད་དུ་གསོལ་སྭཱ་ཧཱ། ཅེས་པ་བྲི། མགོན་པོ་རང་གི་ཐུགས་ཀའི་འོག་ཙམ་བརླ་ཡན་ཆད་ལ་ཤཱ་ས་ན་ལ་དགྲ་བགེགས་མཱ་རཱ་ཡའི་སྤེལ་ཚིག་དང་བཅས་པ་བྲི། དེ་ཚོན་རྩིས་མནན། རབ་གནས་བྱ། གཡས་གཡོན་གཉིས་ནས་དབུས་སུ་དྲིལ་ལ་རྩ་དབུ་མར་གཞུག་གོ །དེ་ནས་རྩ་སྔགས་ཤཱ་ས་ན། ན་ར་ཀྲིཾ་ཀྲིཾ་གསུམ་བྲིས་པ་དང་། དར་ཚོན་འབྲུ་སྣ། རིན་པོ་ཆེ་དུ་མ། རྩ་གཞན་གཉིས་སུ་ཤོང་ཚད་བླུག་གོ །དེ་ནས་སྙིང་དེ་མགོན་པོར་བསྐྱེད་ལ་རབ་གནས་དང་མཆོད་བསྟོད་བྱས་ལ། །བསྒྲུབ་ན་དཀྱིལ་འཁོར་སྟེང་སྡོད་ན་མལ་གྱི་སྟེང་། འགྲོ་ན་མཆན་ཁུང་གཡོན་དུ་གདགས་སོ། །དེས་ལུས་དང་གྲིབ་མ་བཞིན་དུ་འབྲལ་མེད་དུ་གནས་བཞིན་བྲན་བཞིན་དུ་ཉན་པར་གྱུར་རོ།
།བཞི་པ་དེ་ཁོ་ན་ཉིད་ཀྱི་རྟེན་ནི། བླ་མ་ལ་མོས་གུས་འབྲལ་མེད། མགོན་པོ་ལ་ཡིད་ཆེས་ཤིང་ཁེལ་བར་བྱ། རྒྱུན་ཆད་མེད་པར་བླ་མ་མགོན་པོ་དབྱེར་མེད་དུ་རྟོགས་པར་བྱའོ།། །།