Sbyin sreg dang bum pa bca' thabs

From Shangpa Resource Center








Resource ID SCv11p266
Title sbyin sreg dang bum pa bca' thabs
Alt. title yid bzhin nor bu'i sbyin sreg
Topics White protector
Sub-Topics Fire offering
Link BDRC W23922
BDRC W1KG4284
Notes Same text as yid bzhin nor bu'i sbyin sreg

༈ སྦྱིན་སྲེག་དང་བུམ་པ་བཅའ་ཐབས་བཞུགས་སོ།།

༈ ༼ཛི༽ མགོན་པོ་འདིའི་སྦྱིན་སྲེག་ལ་གཉིས་ལས། རྒྱས་པའི་སྦྱིན་སྲེག་བྱེད་ན། ཐབ་ལ་སོགས་པ་ཐམས་ཅད་སྤྱི་དང་མཐུན་པར་བྱས་ནས། མེ་ཏོག་སེར་པོ་ལ་སོགས་པའི་སྲེག་རྫས་དང་། མགོན་པོ་ཡིད་བཞིན་ནོར་བུའི་ཐུགས་ཀའི་མཁའ་འགྲོ་མ་དང་བཅས་པ་ཐབ་ནང་དུ་འཇིག་རྟེན་མེ་ལྷའི་ཐུགས་ཀའི་མེ་གྲུ་གསུམ་གྱི་དབུས་སུ་བསྐྱེད་ནས་ཡེ་ཤེས་པ་བཞུགས་པ་སོགས་བྱ་སྟེ། འདས་པའི་མེ་ལྷ་ལ་སྲེག་རྫས་བརྒྱ་རྩ་བརྒྱད་རེ་འབུལ་བ་དང་། སྔགས་ནི། གུ་རུ་མ་ཧཱ་ཀཱ་ལ་ཡ་ཧ་རི་ནི་ས་སིདྡྷི་ཛཿ །བདག་མིང་འདི་ཞེས་བྱ་བའི་འཁོར་དང་ལོངས་སྤྱོད་དང་། ནོར་དང་། འབྲུ་དང་། རིན་པོ་ཆེ་ལ་སོགས་པའི་འབྱོར་པ་ཕུན་སུམ་ཚོགས་པ་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ། ཞེས་སྔགས་རེ་དང་སྲེག་རྫས་རེ་སྤེལ་བ་དབུལ། དེ་ནས་འདས་པའི་མེ་ལྷ་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྡུ། འཇིག་རྟེན་པ་ལ་ལྷག་མ་ཕུལ་ནས་འཇིག་རྟེན་པའི་མེ་ལྷ་ཡེ་ཤེས་པ་གཤེགས། དམ་ཚིག་པ་མེ་འབར་བའི་རྣམ་པར་གྱུར་པ་སོགས་ཆོ་ག་སྤྱི་དང་འདྲའོ།
།དབང་སྡུད་ལ་ཐབ་ཟླ་གམ་དམར་པོ་བྲིས་པའམ་རྩིག་པ་ལ་སྲེག་རྫས་སོགས་ཆོ་ག་གཞན་ཐམས་ཅད་དབང་གི་སྦྱིན་སྲེག་གི་ཆོ་ག་སྤྱི་དང་མཐུན་པ་ལ། མགོན་པོའི་ཐུགས་ཀའི་མཁའ་འགྲོ་མ་དང་བཅས་པ་ལ་བསྲེག་རྫས་འབུལ་བའི་ཚེ། གུ་རུ་མ་ཧཱ་ཀཱ་ལ་ཡ་ཧ་རི་ནི་སིདྡྷི་ཛཿ །ཆྒཻ་མོ་ཝ་ཤཾ་ཀུ་རུ་ཧོཿ །ཞེས་སྔགས་དེ་དང་རྫས་དེ་སྤེལ་ནས་འབུལ་བའི་དུས་སུ། ཐུགས་ཀའི་མཁའ་འགྲོ་མ་ལས་དེ་འདྲ་བ་དཔག་ཏུ་མེད་པ་འཕྲོས་པས། བསྒྲུབ་བྱའི་སྙིང་གའི་མ་བྷ་ག་ནས་ལྕགས་ཀྱུས་བཀུག །ཌཱ་མ་རུའི་སྒྲས་སེམས་མྱོས་པར་བྱས་ཏེ། རང་དབང་མེད་པར་བཀུག་ནས་བདག་གི་རྐང་པའི་དྲུང་དུ་བཞག་པར་མོས་པ་ཡང་ཡང་བྱའོ།
།ཐུག་པ་སྐོལ་བའི་མེ་ལ་ཡང་བསྐྱེད་ཆོག་མདོར་བསྡུས་བྱས་ནས། ཚ་དང་ཕྱེ་མར་ལ་སྔགས་དང་བཅས་ནས་ཅུང་ཟད་རེ་འབུལ་བའི་སྦྱིན་སྲེག་སྦྱར་རུང་གསུང་མོད། རྒྱུད་སྡེ་ལྟར་བྱས་ན་ལེགས་སམ་སྙམ་མོ། །ཨྀཐིཿ