Shangs lugs nyams len zhal gdams phrin las la gnang ba

From Shangpa Resource Center








Resource ID MLDS1
Title shangs lugs nyams len zhal gdams phrin las la gnang ba
Topics Six doctrines of Niguma
Sub-Topics Instructions
Author Minling Lochen Dharma Shri
Link BDRC W9140

ཤངས་ལུགས་ཉམས་ལེན་ཞལ་གདམས་ཕྲིན་ལས་ལ་གནང་བ།

ཨོཾ་སྭ་སྟི།
གཉུག་མའི་ཡེ་ཤེས་བདེ་བ་ཆེས། །ཐུགས་རྒྱུད་ལེགས་གཏམས་བླ་མ་ལ། །ཕྱག་བྱས་སྙིང་གཏམ་བདུད་རྩིའི་བཅུད། །དད་ཅན་ཕྲིན་ལས་སྙན་དུ་གདམས། ༡
།རྟེན་བཟང་མི་ལུས་རིན་ཆེན་ཐོབ། །བླ་མ་སངས་རྒྱས་དངོས་དང་མཇལ། །དམ་ཆོས་སྨན་མཆོག་རྙེད་དུས་འདིར། །མདོ་དོན་དམ་པའི་ཆོས་ལ་དྲིལ། ༢
།འཇིགས་རུང་འཁོར་བའི་ངང་ཚུལ་བསམ། །སྐྱོ་ཤས་དྲག་པོས་ཡིད་བསྐུལ་ནས། །སྐྱབས་ཀུན་འདུས་ཞལ་བླ་མ་ལ། །རེ་ལྟོས་བཅས་པའི་གསོལ་བ་ཐོབ། ༣
།འགྲོ་ཀུན་དྲིན་ཅན་ཕ་མ་རུ། །ངེས་ཤེས་བསྐྱེད་ལ་བྱམས་སྙིང་རྗེས། །དྲངས་པའི་ལྷག་བསམ་དྲག་པོ་ཡིས། །འགྲོ་སྒྲོལ་སྙིང་སྟོབས་ཕྲག་པར་ལོངས། ༤
།མ་དག་ལས་སྣང་ཞེན་པར་བཅས། །རྒྱུད་ལྔའི་བསྐྱེད་རིམ་འཁོར་ལོར་བསྒྱུར། །དག་རྫོགས་སྨིན་གསུམ་ལམ་ཁྱེར་གྱིས། །རིམ་པ་གཉིས་པའི་རྟེན་འབྲེལ་བསྒྲིགས། ༥
།གཏུམ་མོ་བདེ་དྲོད་རང་འབར་གྱིས། །ལས་རླུང་རྒྱུ་བ་དབུ་མར་ཆིངས། །ཙཎྜོ་ལི་འབར་ཁམས་ཞུ་བདེའི། །འགྲོ་འོང་འགྲོས་བཞིས་བདེ་སྟོང་སྤེལ། ༦
།སྒྱུ་ལུས་ཆགས་སྡང་རང་གྲོལ་གྱིས། །ཅིར་སྣང་ཆོས་ཀུན་སྒྱུ་མར་སྦྱོངས། །སྒྱུ་འཛིན་དྲི་མའང་ལེགས་བསལ་ནས། །གསལ་སྟོང་འཛིན་མེད་རྗེན་པར་སྐྱར། ༧
།ཉིན་པར་དྲན་འདུན་དྲག་པོ་དང་། །མཚན་མོ་བཙན་ཐབས་མན་ངག་གིས། །རྨི་ལམ་འཛིན་སྦྱོང་སྤེལ་བསྒྱུར་བཞིས། །ཉིང་འཁྲུལ་བག་ཆགས་རང་དག་འཚལ། ༨
།སྐྱོ་ཤས་མོས་གུས་དམ་རྫས་དང་། །སྤྱོད་ལམ་གནད་བཞིས་གཏི་མུག་མུན། །མི་རྟོག་བདེ་གསལ་དབྱེར་མེད་ཀྱི། འོད་གསལ་མཁའ་ལ་དྭངས་སུ་ཆུག ༩
།དམིགས་པ་འཆུག་མེད་འཁྲུལ་འཁོར་དང་། །བྱིན་རླབས་དག་སྣང་ལེགས་སྦྱར་ནས། །མྱུར་ལམ་འཕོ་བའི་རྣལ་འབྱོར་གྱིས། །འཁོར་བའི་ཡང་སྲིད་རྩ་བ་ཆོད། ༡༠
།ད་ལྟར་དྲན་འདུན་སྐྱོ་ཤས་ཀྱིས། །དགོས་དུས་མི་བསླུའི་གདེངས་བཙལ་ནས། །སྐུ་གསུམ་ལམ་ཁྱེར་གནད་ཟབ་མོས། །བར་དོའི་འཁྲུལ་སྣང་སྦྱོང་བ་གཅེས། ༡༡
།ལརན་དེ་དྲུག་བསྲེ་ཐབས་ཀྱིས། །མཁའ་ལྡིང་ཤིང་རྟ་ལ་ཞོན་ནས། །སྲིད་ཞི་གཉིས་མེད་སྐུ་གསུམ་གྱི། །དགའ་སྐྱིད་བདེ་བའི་གྲོང་དེར་སོངས། ༡༢
།དེ་སྐད་ཤངས་པའི་སྙིང་གཏམ་བཅུད། །ཉམས་མྱོང་བདུད་རྩིའི་སྨན་མཆོག་འདི། །སྨྱོས་བཙུན་དྷརྨ་ཤྲཱིས་གདམས། །སེམས་ལ་བསྟིམས་ནས་ཉམས་སུ་ལོངས། ༡༣