Slob dpon mtsho skyes kyis mdzad pa'i gnad lngas chos skyong drag tu bskul ba'i man ngag

From Shangpa Resource Center
Revision as of 13:26, 3 February 2019 by Sengue (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)








Resource ID SCv11p835
Title shog sgrol bzhi pa las slob dpon mtsho skyes kyi mdzad pa'i gnad lngas chos skyong drag tu bskul ba'i man ngag
Topics Chadrupa
Sub-Topics Various
Author Padmasambhava?
Link BDRC W23922

༈ ཤོག་སྒྲོལ་བཞི་པ་ལས་སློབ་དཔོན་མཚོ་སྐྱེས་ཀྱི་མཛད་པའི་གནད་ལྔས་ཆོས་སྐྱོང་དྲག་ཏུ་བསྐུལ་བའི་མན་ངག་བཞུགས་སོ།
༈ ༼ཨུ༽ ན་མོ་གུ་རུ།
སྒྲུབ་པ་པོས་ཆོས་སྐྱོང་རྣམས་འཁུལ་ཞིང་ལས་གང་བསྒོ་བ་ཉན་པར་འདོད་ན། མན་ངག་ལྔ་སྟེ། བསྙེན་པ་སྔོན་དུ་སོང་བས་ཆོས་སྐྱོང་གི་སྲོག་འཕྲོག་པ་དང་། འཁུ་ལྡོག་བྱེད་ན་སྲོག་བཅིང་བ་དང་། རང་ཉིད་གང་དུ་འགྲོ་ཡང་ཆོས་སྐྱོང་ཁྱི་བཞིན་ཁྲིད་པ་དང་། ཆོས་སྐྱོང་གཉིས་བསྟེན་ན་སྔ་མས་ཕྱི་མ་ལ་མི་འཁྲེན་པ་དང་། ཆོས་སྐྱོང་གཉིས་ཅིག་ཅར་དུ་བསྐུལ་ན་རྒོད་པོ་རུ་སྦྲེལ་བ་ལྟར་རྩལ་འགྲན་དུ་གཞུག་པའོ།
།དང་པོ་ནི། རང་ཉིད་ཡི་དམ་གང་བྱེད་ཀྱང་ཁྲོ་བོར་བསྒོམ། རང་གི་སྙིང་གར་པདྨ་འདབ་བརྒྱད་ཁ་ཕྱོགས་པར་བསྒོམས་ཏེ། དེའི་དབུས་སུ་རྡོ་རྗེ་སེམས་དཔའ་མཚོན་གང་བ་གཅིག་བསམ། ཡང་དེའི་ཐུགས་ཀར་པདྨ་འདབ་བརྒྱད་ཀྱི་སྟེང་དུ་རྡོ་རྗེ་རྩེ་ལྔ་པ་ལྗང་གུ་གྱེན་དུ་ལངས་པ་གཅིག་བསམ། དེའི་ལྟེ་བར་ཉི་མའི་སྟེང་དུ་ཧཱུྃ་ནས་རྡོག་ཙམ་གཅིག་བསྒོམ། དེའི་འོག་ཏུ་གདན་གྱི་ཚུལ་དུ་ཆོས་སྐྱོང་གང་བྱེད་དེའི་ས་བོན་བསམ། ཧཱུྃ་དང་ཆོས་སྐྱོང་དེའི་ས་བོན་གྱི་མཐའ་མ་ལ་ཆོས་སྐྱོང་དེའི་སྔགས་མགོ་ཕྱིར་བསྟན་ནས་ཕྲེང་ལ་བསྐོར་བར་བསམ། དེའི་མཐའ་ལ་ཨ་དཀར་པོ་མགོ་ཕྱིར་བསྟན་པས་བསྐོར་བར་བསམ། རང་སེམས་དཔའ་གསུམ་བརྩེགས་སུ་གསལ་བའི་མདུན་དུ་ཆོས་སྐྱོང་གང་ཡིན་པ་དེ་བསྐྱེད་ཅིང་། དེ་ལྟར་སེམས་དཔའ་གསུམ་བརྩེགས་དང་སྔགས་རྣམས་ལས་འོད་ཟེར་འཕྲོས་པས། རང་གི་སྣ་གཡས་ནས་ཐོན། ཆོས་སྐྱོང་དེའི་སྣ་གཡོན་ནས་ཞུགས། སྙིང་གར་ས་བོན་ལ་ཐིམ་པས་ཤིན་ཏུ་དགྱེས་པར་བསམ། ཆོས་སྐྱོང་དེའི་ནུས་པ་ཐམས་ཅད་བསྡུས་ནས་སྣ་བུག་གཡས་ནས་བྱུང་། རང་གི་སྣ་བུག་གཡོན་ནས་ཞུགས་སྙིང་གར་ས་བོན་ལ་ཐིམ་པས། རང་ནུས་པ་དང་ལྡན་པར་བསམ། དེ་ནས་རང་ནུས་པ་དང་ལྡན་པར་བྱ་བ་དང་། ཆོས་སྐྱོང་དབང་དུ་བྱ་བའི་གནད་ཟབ་མོའོ།
།གཉིས་པ་ཁུ་ལྡོག་བྱེད་ན་སྲོག་ཅིང་བ་ནི། རང་ཉིད་ཀྱི་སྙིང་གར་སྔགས་བསྒོམ་པའི་སྔགས་དེ་རྣམས་ཀྱི་ཕྱི་རུ་ཨ་ལི་ཀ་ལི་སྒྲ་ཡིས་བསྐོར་བར་བསམ་ལ་སྔགས་བཟླའོ།
།གསུམ་པ་ཁྱི་ལྟར་འཁྲིད་པ་ནི། སྔགས་བསྒོམ་པའི་ས་བོན་སྔགས་དང་བཅས་པ་ལས་འོད་ཟེར་འཕྲོས་རང་གི་སྣ་གཡས་ནས་ཐོན། ཆོས་སྐྱོང་གི་སྣ་གཡོན་དུ་ཞུགས། དེའི་ས་བོན་སྙིང་པོ་སྙིང་ཁྲག་དང་བཅས་པ་རྣམས་བསྡུས་ནས་འོད་དམར་པོ་བྱས་ཏེ་ཆོས་སྐྱོང་གི་ཡང་སྣ་གཡས་ནས་བྱུང་རང་གི་སྣ་གཡོན་པར་ཞུགས་ནས། རང་གི་སྙིང་གའི་ས་བོན་སྙིང་པོ་དང་བཅས་པ་ལ་ཐིམ་པར་བསམ། དེ་ལྟར་ཡང་ཡང་བྱས་པས་རང་གང་དུ་འགྲོ་བའི་རྗེས་སུ་འབྲང་ངོ་།
།བཞི་པ་ཆོས་སྐྱོང་སྔ་མས་རྗེས་མ་ལ་འཁྲེན་ན། རང་ཉིད་སྔར་གྱི་དམིགས་པ་བཞིན་བྱས། མདུན་དུ་ཆོས་སྐྱོང་སྔ་མ་དེ་བཀའ་སྡོད་ཀྱི་ཚུལ་དུ་བྱས། ཕྱི་མ་དེ་ཡང་བསྒོམ་སྟེ་རང་དང་ཆོས་སྐྱོང་སྔ་མ་དེའི་ས་བོན་དང་སྔགས་ཀྱིས་མཐའ་ལ་ཆོས་སྐྱོང་ཕྱི་མ་དེའི་སྔགས་ཀྱིས་བསྐོར་བར་བསམ། རང་གི་ས་བོན་ལས་འོད་འཕྲོས་སྣ་བུག་གཡས་ནས་ཐོན། ཆོས་སྐྱོང་སྔ་མ་དེའི་སྣ་བུག་གཡོན་དུ་ཞུགས། ས་བོན་སྔགས་དང་སྙིང་ཁྲག་བསྡུས་ནས་སྣ་གཡས་ནས་ཐོན། བདག་ལ་ཕྱག་རྟེན་གྱི་ཚུལ་དུ་ཕུལ་ནས་ཐིམ་པར་བསམ། ཆོས་སྐྱོང་ཕྱི་མ་ལ་ཡང་དེ་བཞིན་བྱའོ། །དེ་ནས་ཆོས་སྐྱོང་ཕྱི་མ་དེ་འོད་དམར་པོར་ཞུ་ནས་སྔ་མ་དེ་ལ་ཐིམ་པས། སྔ་མ་དེ་ཡང་འོད་དམར་པོར་ཞུ་སྟེ་རང་གི་ལྟེ་བའི་ཐད་ཀར་ཐིམ་པས་དེས་འཁུ་ལྡོག་བྱེད་མི་ནུས་ཏེ་རང་ཤ་རང་གིས་མི་ཟ། རང་ཁྲག་རང་གིས་མི་འཐུང་བས་གཉིས་སུ་མེད་པར་བསྲེ་བའི་མན་ངག་གོ
།ལྔ་པ་རྒོད་པོ་རུ་སྦྲེལ་ལྟར་རྩལ་འགྲན་དུ་གཞུག་པ་ནི་སྔར་དང་འདྲ་བ་ལས། ཆོས་སྐྱོང་སྔ་མའི་སྙིང་པོ་ལ་ཕྱི་མའི་སྙིང་པོས་བསྐོར་བར་བསམ། སྔ་མའི་རྐང་པས་ཕྱི་མའི་མགོ་མནན་པར་བསམ་སྟེ་འོད་ཀྱི་སྤྲོ་བསྡུ་སྔར་དང་འདྲ། དེ་ཆོས་སྐྱོང་གཉིས་པོ་རྩལ་འགྲན་ནས་བྱེད་དོ།
།ཡང་ན་ཆོས་སྐྱོང་གི་སྲོག་བསྡུ་བའི་དམིགས་པ་ནི། དམ་ཅན་མདུན་དུ་བསམས་ཏེ་ཚུར་བསྟིམ་པས་རང་ཤ་རང་གི་མི་ཟ་བཞིན་ལྡོག་མི་སྲིད་དོ། །འདིའི་འོད་ཟེར་ཐམས་ཅད་དམར་པོ་ཡིན། དམིགས་པ་ནི། ཐུན་གྱི་མགོ་ཞབས་སུ་བྱ་ཞིང་། ཆོས་སྐྱོང་སྒྲུབ་ཀྱང་འདི་བཞིན་བྱས་ན་བདེ་བླག་ཏུ་འགྲུབ་བོ། །གནད་འདི་མེད་པར་བསྒྲུབ་པ་ནི། རྟ་པ་ལ་སྤྱང་ཀི་ཟ་བ་དང་འདྲའོ། །གནད་འདི་ཡོད་ན་རང་གི་འབངས་ལ་བཀའ་སྒོ་བ་དང་འདྲའོ།
གནད་ལྔ་ཆོས་སྐྱོང་བྲན་དུ་བཀོལ་བའི་མན་ངག་སློབ་དཔོན་མཚོ་སྐྱེས་རྡོ་རྗེའི་གདམས་པ་རྫོགས་སོ།། །།རྒྱ་རྒྱ་རྒྱ། ཨྀཐིཿ