TA ra nA tha'i rnam thar

From Shangpa Resource Center








Resource ID SCv1p675
Title rje btsun thams cad mkhyen pa tA ra nA tha'i dgung lo bzhi pa yan gyi rnam thar mdor bsdus shig
Topics Biography
Associated Person Jetsün Taranatha
Link BDRC W23922

༄༅། །རྗེ་བཙུན་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་དགུང་ལོ་བཞི་པ་ཡན་གྱི་རྣམ་ཐར་མདོར་བསྡུས་ཤིག་བཞུགས་སོ།།

༈ ན་མོ་གུ་རུ།
རྗེ་བཙུན་ཐམས་ཅད་མཁྱེན་པ་ཆེན་པོ། ཁམས་གསུམ་ན་འགྲན་ཟླ་དང་བྲལ་བ། མཐོང་ཐོས་དྲན་རེག་ཏུ་གྱུར་པའི་འགྲོ་བ་རྣམས་ཀྱི་དེད་དཔོན་ཆེན་པོ་འདི་ཉིད་ནི་དང་པོ་ལྷུམས་སུ་ཞུགས་པ་དང་། སྐུ་བལྟམས་པའི་ངོ་མཚར་ཆེ་བ་རྣམས་མཐའ་ཡས་ཤིང་། བརྗོད་ཀྱིས་མི་ལང་བར་གདའ་སྟེ། དེ་དག་ལ་བདག་རང་རྒྱུས་ཆེ་ཞིང་། ཡུལ་མི་དེ་སྐབས་པ་རྣམས་དང་། ད་ལྟའི་གཏམ་རྒྱུན་བྱེད་པ་རྣམས་ཡིད་ཆེས་ཁུང་བཙུན་པ་ལྟར་ཡོད་ཅིང་། བཅོས་མ་མིན་པའི་ངེས་ཤེས་འདྲོངས་པ་རྣམས་ཡི་གེར་བཀོད་པ་ནི། གཡོན་དུ་བརྟན་མ་བཅུ་གཉིས་པའི་ནང་ནས། རྡོ་རྗེ་གཡུ་སྒྲོན་མའི་གནས། ཁ་རག་འབྲོང་གི་ཕུ། དང་པོ་ར་ལོ་ཙཱ་བ་ཆེན་པོ་དེ་ཚོའི་བརྒྱུད་པ་རིམ་པར་བྱོན་པའི་བསྟི་གནས། ད་ལྟ་ཆོས་འཁོར་སྡིང་དུ་གྲགས་པ་ན། གསང་སྔགས་ཀྱི་རྡོ་རྗེ་འཛིན་པ། རྗེ་ཚུལ་ཁྲིམས་རྒྱ་མཚོ་ལ་སྲས་བཞི་བྱུང་བའི་ཁབ་ཏུ། ཡུམ་རྡོ་རྗེ་བུ་དགའ་ལྷ་མོ་ཞེས་པ། དགེ་བ་ལ་དཀར་ཞིང་སྡིག་པ་ལ་འཛེམ་པ། ངན་ལོང་ལ་བྱམས་པ་ཞིག་ཡོད་དོ། །ཡུམ་དགུང་ལོ་བཅུ་གཉིས་ལ། རྗེ་བཙུན་འདི་ཉིད་ལྷུམས་སུ་ཞུགས་པའི་སྐབས། ཡུམ་གྱི་རྨི་ལམ་དུ་ཉི་མའི་ཟེར་ལས་གསེར་གྱི་རྡོ་རྗེ་འཁྲུ་གང་པ་འོད་ཟེར་འཕྲོ་བ་ཞིག་བབས་ཏེ། འོད་ཟེར་དེས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པར་གྱུར་ཏོ། །ཡང་འོད་ཟེར་རྣམས་དང་གསེར་གྱི་རྡོ་རྗེ་དྲི་མ་མེད་པ་དེ། ཡུམ་གྱི་སྤྱི་བོར་ཐིམ་ནས། ཡུམ་སྔར་བས་ཀྱང་སྐུ་གཟི་མདངས་དཔག་ཏུ་མེད་པ་རྒྱས་པ་དང་། གཞན་ཡང་སྐུ་ལ་དར་སྣ་ཚོགས་པའི་ན་བཟའ་དང་རིན་པོ་ཆེའི་ཁྲི་ལ་བཞུགས་པ་ལ། བུད་མེད་གཞོན་ནུ་མ་ལང་ཚོ་རྒྱས་པ་འགའ་ཞིག་གིས། རིན་པོ་ཆེའི་སྣོད་དུ་ཟས་སྣ་ཚོགས་ཕུལ་ནས་ཞུ་བ་དང་། ཕྱག་དང་བསྐོར་བ་བསྐུར་བསྟི་བསམ་ལས་འདས་པ་བྱེད་པ་དང་། མི་ནག་པོ་གསེར་གྱི་སྐེ་རགས་བཅིངས་པ། ལག་ན་གྲི་གུག་ཁུར་བ་གཅིག་གིས་སྒོ་བསྲུང་བ་དང་། བུ་དང་བུ་མོ་མང་པོས་ནམ་མཁའ་ནས་སྐུ་ཁྲུས་གསོལ་ཞིང་། མཆོད་བསྟོད་བྱེད་པ་དང་། སྐུ་ལ་རུས་པའི་རྒྱན་དང་། རིན་པོ་ཆེའི་ཆས་ཀྱིས་བརྒྱན་པ་ལ་སོགས་པའི་རྨི་ལྟས་བཟང་བ་ཇི་སྙེད་དུ་མ་བྱུང་བ་རྣམས་ཡུམ་གྱི་མི་རྣམས་ལ་འདི་ལྟར་རྨི་ཚུལ་བཤད་པས། མི་གཞན་མ་རྣམས་ཀྱིས་ནི་བརྗོད་མི་ཤེས་པར། ལ་ལས་ནི་རྨི་ལམ་རྣམས་དགའ་རྒྱུ་མེད་པས། ཡུམ་ལ་སྐུ་རིམ་དང་བརྟན་བཞུགས་སོགས་གང་དྲག་གིས་ཟེར། ཡིད་མི་བདེ་བ་ཙམ་བྱུང་། སྔགས་འཆང་ཆེན་པོ་ཚུལ་ཁྲིམས་རྒྱ་མཚོ་ཞེས་པ། མདོ་སྔགས་རིག་གནས་ཐམས་ཅད་ལ་མཁས་པ། ཡི་དམ་གྱི་ལྷ་དང་ཆོས་སྐྱོང་གི་གྲངས་བསྙེན་མང་དུ་སོང་ཞིང་། ཡི་དམ་གྱི་ཞལ་གཟིགས་པ་ཞིག་ཡོད་པ་ཉིད་ཀྱི་ཞལ་ནས། བུ་དགའ་ལྷ་མོའི་རྨི་ལམ་དེ་རྣམས་ཤིན་ཏུ་བཟང་བར་གདའ། དེང་སང་བདག་ལ་ཡང་རྨི་ལྟས་བཟང་བ་མང་དུ་བྱུང་བས། བུ་དགའ་ལྷ་མོ་ལ་གཙང་སྦྲ་ཆེ་བར་གྱིས། མི་གང་གི་བཟའ་བ་སོགས་སྤོངས། དེ་ནས་རྨི་ལམ་སོགས་ཀྱང་སུ་གང་ལའང་མ་བཤད་གསུངས་ནས། ཡུམ་ལ་ཤིན་ཏུ་གཅེས་པར་མཛད་དོ།
།དེ་ནས་ཕག་ལོ་ཧོར་ཟླ་དང་པོའི་ཚེས་བཅུའི་སྔ་ཞོགས། ཡུམ་སྙེལ་འཚེ་ཆེར་མེད་པའི་ངང་ནས་གྲོད་བུ་འཇའ་ཚོན་ཁ་དོག་ལྔ་ལྡན་ཡོད་པ་ཞིག་འཁྲུངས་སོ། །མེས་པོ་རིན་པོ་ཆེ་དེ་ཉིད་ཀྱི་ཞལ་ནས་ཨེ་ཨེ་ངེད་ཚོ་ལ་རིགས་བརྒྱུད་འདི་ལྟར་ཡོང་བ་ཡིན། འདི་ནི་ཞལ་འབྱེད་པར་བྱེད་པ་ལ། ལྕགས་དང་ཟངས་ཀྱི་རིགས་ཀྱིས་ཞལ་འབྱེད་མི་ཉན། འདི་ནི་ངེས་པར་དུ་ཤིང་གི་ལྡེ་མིག་གིས་སྒོ་འབྱེད་ཚུལ། ཐག་འཐག་པའི་འུ་ལུ་གཅིག་གིས་ཞལ་འབྱེད་པ་སོགས་བྱེད་དགོས་གསུངས་ནས། འུ་ལུ་དང་ཤིང་གི་ལྡེ་མིག་སོགས་ཀྱིས་ཞལ་ཕྱེ་བས་དེའི་ནང་ན་ཁྱེའུ་སྐུ་མདོག་དཀར་ལ་དམར་བའི་མདངས་ལྡན་སྐུ་ལ་ཤ་མཚན་ཁྲག་ཞག་གི་ཐིག་ལེ། ལི་ཁྲིའི་ཚངས་སྐུད་ཀྱི་རྣམ་པ་ཡོད་པ། ཕྱག་ཞབས་འཁོར་ལོས་མཚན་པ། ག་བུར་དང་གུར་གུམ་གྱི་དྲི་མཆོག་དང་ལྡན་པ་པདྨ་རྒྱས་པའི་མཆུ་སྒྲོས་ཅན། ཨུཏྤལ་མཆོག་གི་སྤྱན་ནི་ཕྱོགས་ཐམས་ཅད་ལ་ཧྲིག་ཧྲིག་གཟིགས་ཤིང་། ཞལ་ནས་ཨོཾ་སུམྦྷ་ནི་སུམྦྷ་སོགས་ཀྱི་སྔགས་ལན་གསུམ་དུ་མཛད་པ་ཞིག་སྐུ་བལྟམས་སོ། །ལྟེ་བ་གཅོད་པ་སོགས་ནི་མ་དགོས་སོ། །དེ་སྐབས་ཀྱི་སྐུ་འཁོར་བ་རྣམས་ནི་འདི་ལྟ་བུ་བཟང་ངན་གང་ཡིན། འདི་ཐམས་ཅད་ནས་ཡ་མཚན་པའི་རང་བཞིན་ཅན་ཡིན་པ་ལ་སྐྱེས་མ་ཐག་ཏུ་ལབ་ལབ་ཤེས་པ་ཞིག་འདུག་ཟེར་ནས། མེས་པོ་དྲུང་གི་ཞལ་ནས། ཤ་མཚན་དང་ལྟས་ཤིན་དུ་ངོ་མཚར་བ་འདུག་ལབ་ལབ་འདི་ནི་བསངས་སྦྱང་གི་སྔགས་མཛད་པར་གདའ། དང་པོ་ཆོས་རྗེ་ཀུན་དགའ་སེང་གེ་དེ་ཉིད་ཀྱི་དགོན་གནས་བ་ངེས་པ་མཛད་དུས་སྐབས་ས་སྤྱད་དང་རྟེན་འབྲེལ་གང་ལ་དཔག་ཀྱང་། ངེད་ཀྱི་མི་བརྒྱུད་ཁ་ཅིག་ནས། རྒྱུད་སྡེ་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་འཛིན་པ་ཆེན་པོ་ཞིག་འབྱོན་པར་གདའ་གསུངས་པ་དང་། འདི་ཉིད་ཡུམ་གྱི་ལྷུམས་སུ་ཞུགས་པའི་སྐབས་རྨི་ལྟས་བཟང་བ་བསམ་ལས་འདས་པ་ཡང་བྱུང་། ད་ནང་གཉིད་ཚད་གོང་དུ་འཕགས་པ་འཇམ་དཔལ་ཡིན་ཟེར་བའི་སྐྱེས་བུ་ཆེན་པོ། མཚན་དཔེའི་རབ་ཏུ་བརྒྱན་པ་ཞིག་གིས། རྒྱལ་བའི་གསུང་རབ་ཀྱི་པུ་ཏི་མང་པོ་ངེད་རང་གི་མཆོད་ཁང་དུ་སྤྱན་དྲངས་ནས། འདི་རྣམས་ཀྱི་བདག་པོ་ཁྱོད་ཡིན་གསུང་ཞིང་། གསུང་རབ་དེ་རྣམས་ལ་ལྷ་མོས་བཀུར་སྟི་མཆོད་པར་བསམ་ལས་འདས་པ་བྱེད་པ་རྨིས། འདི་ཉིད་རྒྱལ་བའི་གསུང་རབ་རྣམས་ལ་མཁས་པའི་མི་ཞིག་ཡོང་བར་འདུག །དེ་རིང་གུ་རུ་རིན་པོ་ཆེའི་དུས་བཟང་ལ་བྱོན་པས་འདིའི་མིང་དར་ཅིག་ལ་སྔར་གྱི་ཆུང་སྲི་ཞིག་ཡོད་པ་དེ་གནོན་པའི་ཕྱིར་དུ་པདྨ་སྲི་གཅོད་རྡོ་རྗེ་ཐོགས་ཤིང་། དེ་ནས་མཚན་དངོས་ནི། བྱང་ཆུབ་སེམས་དཔའ་ས་བཅུ་ཟིན་པ་ཞིག་གིས་གནང་བ་འདུག་གསུང་ཞིང་ཤིན་དུ་ནས་དགེ་བའི་གསུང་གླེང་མང་དུ་མཛད། བཙས་སྟོན་དེའི་ཉིན་ཤིན་ཏུ་རྒྱས་པར་མཛད་དོ། །དེ་སྐབས་མེ་ཏོག་ལྡུམ་རར་བརྒྱ་མན་ལྔ་ཙམ་ཁ་བྱེ་ཞིང་ཁ་འབུས་པ་ཡང་མང་དུ་བྱུང་། དེའི་འཁོར་གྱི་སེ་བ་རྣམས་ལ་ཡང་མེ་ཏོག་ཐོ་རེ་བ་ཤར། ཁམ་བུ་དང་ལོ་མ་རྣམས་ཞིང་འདེབས་ཀྱི་སྐབས་དང་འདྲ་བ་བྱུང་། འཁུར་མང་གི་མེ་ཏོག་ཀྱང་དེའི་ཉིན་རང་མང་དུ་ཤར། ནམ་མཁའ་ལས་མེ་ཏོག་གི་ཆར་ཞག་བདུན་ཉིན་མཚན་ཁོར་ཡུག་ཏུ་འབབས་པ་དང་། ནམ་མཁའ་གཡའ་དག་པའི་ངང་ནས་འཇའ་འོད་ཀྱི་གུར་ཁང་བཞི་ཉིན་མཚན་དུ་ཡོད་པ་དང་། བྱ་བྱེའུ་རྣམས་ཀྱང་སྐད་ཀྱི་རྣམ་འགྱུར་སྙན་པར་སྒྲོགས་ཤིང་། དགའ་སྤྲོའི་རྣམ་འགྱུར་མང་བ་དཔག་ཏུ་མེད་པ་བྱེད་པ་དང་། རི་དྭགས་རྣམས་ཀྱང་དགའ་བའི་རྩེ་འཕྱོ་བྱེད་ཅིང་ཐམས་ཅད་ཡུལ་དེར་འཁོར་ནས་ཡོང་བ་དང་། ད་ལྟ་བླ་བྲང་གི་ལྡུམ་ར་ན་སེ་བ་གཞན་ལས་སྟོབས་ཆེ་བ་མེ་ཏོག་རྒྱ་ཚོས་མདོག་ཏིང་པོར་ཙམ་དང་། སེ་འབྲུ་མི་རྒན་གྱི་མཐེ་བོང་ལས་ཆེ་ཞིང་། རོ་ཁ་བ་དང་སྐྱུར་བ་དང་། ནུས་པ་ཆེ་བ་དང་། ལན་ཚྭ་བ་ཡོད་པ་འདི་ཡང་དེ་སྐབས་སྐྱེས་པ་ཡིན། རིག་ན་འདུག་ལག །ཤིང་དེ་ཡར་གཞན་ལས་ངོ་མཚར་ཆེ་བ་ཡོད། བྱང་ཆུབ་ལྗོན་ཤིང་གི་མཚན་ཉིད་ཡོད་པ་ནི། དང་པོ་སྐུ་བལྟམས་སྐབས་མྱུ་གུ་སྐྱེས། རབ་ཏུ་བྱུང་སྐབས་མེ་ཏོག་ཤར། བསྙེན་པར་རྫོགས་སྐབས་སེ་འབྲུ་སྨིན། དེ་ལྟར་ཡལ་ག་ལོ་འདབ་བསམ་ལས་འདས་ཤིང་། ད་ལྟའི་མི་དྲག་ཞན་ཀུན་སེ་བ་དེའི་འབྲུ་མེ་ཏོག་ཚེར་མ་ཤུན་པ་རྣམས་བྱིན་རླབས་རྟེན་རྫས་སུ་ཞུ་ཞིང་ཐམས་ཅད་ཡ་མཚན་དུ་བྱེད་པ་ཡོད་དོ། །དེ་ནས་མི་ནད་ཕྱུག་ནད་མི་འབྱུང་ཞིང་། མི་རྒན་རྣམས་ནི་ཚེ་འཕེལ་ནས་གཞོན་ཤ་ཅན་དུ་འགྱུར་བ་དང་། ལོང་བ་རྣམས་ནི་མིག་རང་བྱེར་གྱུར་ནས་སྔར་བས་ཀྱང་གསལ་བར་བྱུང་བ་དང་། ནད་པ་ནད་གཞི་ཅན་རྣམས་དེ་ལས་གྲོལ་ནས་ལུས་གཞན་ལས་མཆོག་ཏུ་བཟང་། མདོར་ན་བཀྲ་ཤིས་པའི་དགེ་མཚན་བརྗོད་ཀྱིས་མི་ལང་བ་གྱུར་པ་བྱུང་ངོ་། །མཆོག་གི་སྤྲུལ་སྐུ་འདི་ནི་ཕྱི་ནང་གི་མི་ཀུན་གྱིས་གཅེས་པར་གྱུར་ཞིང་སྐུ་རྫི་བ་བཞི་དང་བཅས་ནས་བསྐྱེད་བསྲིངས་སོ། །སྐུ་ལྷུམས་སུ་ཞུགས་པ་དང་། བལྟམ་པའི་རྣམ་ཐར་བསྡུས་པའི་ལེའུ་སྟེ་དང་པོའོ།
།དེ་ནས་ཞག་བཅུ་ཙམ་ནས། ཁམས་པ་སྨྲི་ཏི་ལོང་བ་ཡིན་ཟེར་བའི་ལོང་ཁྲིད་བྱེད་དགོས་པ་ཞིག་བྱུང་ནས། ང་ཚོ་ལྷ་ས་བསམ་ཡས་བསྐོར་ནས་ཡོང་བ་ཡིན་ཏེ། འདིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་བཅུའི་དབང་ཕྱུག་ཆེན་པོ་ཞིག་བྱོན་པ། ང་ཚོས་སྲིན་པོ་རི་ནས་ཤེས་ནས་འདིར་ཡོང་བ་ཡིན། ཁྱེད་ཀྱི་སྲས་མཇལ་ཁ་དགོས་ཟེར་བས། སྐུ་གཅེས་པས་མཇལ་ཁ་མ་གནང་བས། ཁོང་རྣམས་བླ་བྲང་ལ་ཕྱག་འཚལ་བསྐོར་བ་བྱས་སྨོན་ལམ་མང་དུ་བཏབ་ནས་ལོག་སོང་ངོ་། །ཞལ་ངོ་ཡབ་ཡུམ་སྐུ་འཁོར་རྣམས་ཁ་ངན་གཏོང་ཞིང་མ་མགུ་བར་གྱུར་ནས་སོང་ངོ་། །དེ་སྐབས་ཡུལ་མི་ལ་ལས་མོ་འཁོར་གཉིས་ཙམ་བཏབ་འདུག་ཀྱང་། མོ་སྔ་ཕྱི་ཚང་མ་ཤིན་ཏུ་བདེན་པར་བྱུང་ཞིང་། མངོན་ཤེས་ལྡན་ཞིང་སྤྱོད་པ་ཀུན་ལ་ཉམས་ཆེ་ཞིང་མིང་འདོག་ཤེས་པ་ཞིག་བྱུང་། མོ་བཏབ་པ་ཐམས་ཅད་དུ། དེ་རྣམས་ལ་ཁྱོད་བསོད་ནམས་ཆེ་བྱང་ཆུབ་སེམས་དཔའི་སྐུ་བལྟམས་པའི་ས་ནས་ཆུ་བཏུང་པས་ངན་སོང་མྱོང་མི་དགོས་པ་ཡིན་པ་ལ། ཁྱོད་ཀྱི་ཡུལ་དུ་བྱང་ཆུབ་སེམས་དཔའ་བལྟམས་པ་ཡིན་པས་བསོད་ནམས་ཆེ། འདིས་ནི་སེམས་ཅན་གྱི་དོན་དཔག་ཏུ་མེད་པར་མཛད། གཙང་དབུས་ཀྱི་སྡེ་དཔོན་བསོད་ནམས་ཆེ་བ་རྣམས་ཀྱི་བཀུར་བསྟི་ཞུ་བར་གདའ། འདི་ནི་འབྲེལ་ཚད་དོན་ལྡན་རང་ཡིན་ནོ་ཟེར། དེ་རྣམས་ཡབ་ཡུམ་ལ་མི་རྣམས་འདི་བཞིན་ཟེར་བར་འདུག་ཞུས་པས། མེས་པོ་དྲུང་གི་ཞལ་ནས། དེ་ཡ་མཚན་པར་གདའ། དང་པོ་བདག་གི་བླ་མ་དབུས་སྨྱོན་པ་མཇལ་སྐབས། བླ་མ་དེ་རྟེན་འབྲེལ་དང་། མངོན་ཤེས་རང་མཛད་པ་གཅིག་གདའ་བས། བདག་ལ་ཡང་ཁྱོད་ལ་ཚ་བོ་སུས་ཀྱང་འགྲན་ནི་མི་ནུས་པའི་མཐུ་རྩལ་ཆེ་བ་ཞིག་འབྱོན་གསུང་པས། བདག་གི་བསམ་པ་ལ་ང་རྭ་ལོ་ཙ་པའི་བརྒྱུད་པ་ལ་སྔགས་འཆང་བཟང་པོ་ལོས་ཡོང་བསམ་པ་བྱུང་བས། དེ་ཡང་བླ་མས་མཁྱེན་ནས། དེ་ནི་ཁྱོད་ཀྱི་ཕ་མེས་རིགས་བརྒྱུད་ཐམས་ཅད་ལས་ལྷག་པར་གྱུར་གསུང་། འོ་ན་ཇི་ལྟ་བུ་ཞིག་འབྱུང་ཞུས་པས། དེ་ནི་བྱང་ཆུབ་སེམས་དཔའ་སྐད་གཉིས་སྨྲ་བ། རྡོ་རྗེའི་གླུ་ལེན་པ་སྙིགས་མའི་སྟོན་པ་གཉིས་པ་ཞིག་འབྱོན་པར་འདུག་གསུངས་པ་དང་། དེ་རྣམས་ཟེར་བ་མཐུན་པར་གདའ་གསུང་ངོ་། །དེ་ནས་མཆོག་གི་སྤྲུལ་སྐུ་དེ་ནི་མི་གཞན་གྱི་ཟླ་སྐྱེད་བས་ཁོང་གི་ཞག་སྐྱེད་ཆེ་བ་ཙམ་བྱུང་། ཟླ་བ་བརྒྱད་ནས་ཐམས་ཅད་ལ་འབྱོན་པ་བྱུང་། ཟླ་བ་བཅུ་གཉིས་ནས་སྨྲ་བརྗོད་མཁྱེན་ཞིང་ཤིན་ཏུ་ཡང་སྒོམ་པ་དང་། དབང་པོ་རབ་ཏུ་དངས་ཤིང་། གསུང་རབ་ཀློག་པ་དང་འབྲི་བ་དང་། ཡི་དམ་ཆོས་སྐྱོང་གི་མངོན་རྟོགས་རྩ་སྔགས། གཏོར་ཆོག་རྣམས་ནི་སུས་ཀྱང་སློབ་པའི་རྣམ་པར་དང་། དཀའ་སྤྱད་གཅིག་ཀྱང་མ་དགོས་པར་རང་ཤེས་སུ་མཁྱེན་པ་དང་། སྔར་གྱི་བྲིས་རྙིང་གི་ཐང་སྐུ་གཤིན་རྗེ་དགྲ་ནག་གདོང་དྲུག །འཆར་ཀ་ཚེ་བདག་ཁམས་གསུམ་རྣམ་རྒྱལ་ལ་སོགས་པའི་བྲིས་ཐང་དུ་བས་ནོག་པ་མང་བ་ཡོད་པས། སྔར་གྱི་ཡབ་མེས་རྣམས་ཀྱི་ཐུགས་དམ་ཐང་སྐུ་ཡིན་པས་མོས་པ་ཙམ་བྱས་ནས་བཞག་པ་མ་གཏོགས། དེ་དག་ལྷ་གང་ཡིན་དང་། རིགས་གང་ཡིན་སུ་ལའང་རྒྱུས་མེད་པ་ལ། མཆོག་གི་སྤྲུལ་སྐུས་ནི། ཐང་སྐུ་དེ་རྣམས་ཞལ་ཕྱེ་ནས་རེ་རེ་ནས་འདི་རྣམས་ལྷ་འདི་ཡིན་པ་གསུངས་ནས་དེ་ཐམས་ཅད་རེ་རེ་ནས་ངོ་མཁྱེན་པས་སྨྲས་སོ། །དྲུང་གི་ལེགས་པར་གཟིགས་པས། མཆོག་གི་སྤྲུལ་སྐུའི་གང་གསུང་པ་དེ་རྣམས་ཡིན་པར་འདུག་པས་ཤིན་ཏུ་དགེས་ཤིང་། དེ་དག་ཐམས་ཅད་མི་ཕྱེད་པའི་དད་པར་གྱུར་ཞིང་ཡ་མཚན་དུ་གྱུར་པ་དང་། ཁྱད་པར་དུ་མེས་པོ་དྲུང་གིས་མཚན་པདྨ་སྲི་གཅོད་རྡོ་རྗེ་ཕུལ་བ་ཡིན་ཡང་། མི་རྣམས་ཀྱིས་མཚན་མགྱོགས་བཅོས་སུ་བྱས་ནས། དབོན་པོ་སྲི་གཅོད་ཞུ་བ་བྱུང་བས། མཚན་ནས་བོས་པའི་ཚེ། དེ་ལ་མི་དགེས་པའི་ཚུལ་མཛད་ནས། ངའི་མིང་ནི་བླ་མ་འཇམ་མགོན་གྲུབ་པའི་དཔའ་བོ་དཔལ་ལྡན་ཀུན་དགའ་གྲོལ་མཆོག་ཟེར་བ་ཡིན། དབོན་པོ་སྲི་གཅོད་སུ་ལ་ཟེར་ང་ལ་དེ་སྐད་མ་ཟེར་ཅིག་གསུང་ནས། མཚན་ནས་བོས་ན་མི་མཉེས་ཤིང་། ཨ་ལན་ཡང་མི་མཛད་པ་སོགས་བྱུང་ནས། དེ་སྐབས་ཀྱི་མི་རྣམས་ནི། ཀུན་དགའ་གྲོལ་མཆོག་བྱ་བ་བླ་མའི་མཚན་སྔར་ཐོས་མ་མྱོང་ཟེར་ནས་ཡ་མཚན་དུ་གྱུར་ཏེ། དེ་ནས་མི་རྣམས་ཀྱི་དྲི་བ་ཞུས་པས། དེ་རྣམས་ལ་ཐོགས་པ་མེད་པར། སྐུ་ཚེ་སྔོན་གྱི་གནས་ཚུལ་དང་། སྦྱིན་བདག །གྲྭ་རིགས། དགོན་གནས། ཕྱག་རྫས་ཀྱི་སྐོར། དབང་རྫས། རྟེན་རྫས། མཆོད་རྫས་ལ་སོགས་པ་གང་ན་ཅི་ཡོད་པ་རྣམས་དང་། ཉེ་གནས་དཔལ་འབྱོར་གྱི་ཕྱག་ཕྱི་ཞུ་ནས། སྣ་དཀར་རྩེར་ཕེབས་པས། སྡེ་པ་བསྟན་འཛིན་པས་ཚོགས་འཁོར་རྒྱ་ཆེན་པོ་ཞུས་པ་དང་། དེ་ནས་རང་རིན་སྤུངས་ཀྱི་ཕྱོགས་འདི་མུན་པ་ནག་པར་འདུག་པ་དང་། འབྲང་གི་ལ་རི་དི་འོད་གསལ་ཆེ་བར་འདུག་པས། དེར་ངེད་གཉིས་ཀྱིས་ཡོང་ནས་ལ་ཁར་སྣ་དཀར་རྩེའི་འཁྱོས་མ་རྣམས་བཞེས་ལྷག་མ་རྣམས་དེ་ཁར་སྤུངས་ནས་བཞག་ཡོད། དེ་ནས་ལ་བབས་ནས་འོང་བའི་ཚེ། ཡུམ་གྱི་ཕྱུགས་ལ་ཆུ་བླུད་ནས་ཟུར་ཀ་རྒྱབ་ནས་ཕར་གཤེགས་སོང་པ། བདག་གིས་རྒྱུག་ནས་ཡུམ་གྱི་ན་བཟའ་ལ་འཇུས་ནས་ཡོད་པ་ཡིན། ཉེ་གནས་དཔལ་འབྱོར་གྲོང་ཕ་གི་ལ་སོང་བ་ཡིན་གསུང་ནས་ཕྱག་མཛུབ་བཙུགས་ཏེ་སྟོན་པ་སོགས་མཛད་པ་དང་། བདག་གི་ཉེ་གནས་གཞན་མ་དྲུང་ཀུན་ཆོས་པ། མཆོད་གྲོགས་གཞུང་པ། དཔལ་བ་ལ་སོགས་པའི་གྲྭ་པ་རྣམས་དང་། རྟ་དྲེལ་རྣམས་ཆོས་ལུང་ན་ད་ལྟ་ཡོད་གསུང་པ་སོགས་ཀྱི་གླེང་མོ་ཞིབ་པར་གནང་བས། སྤྱིར་གྱི་ཕུ་དྲག་པའི་མི་མཐོང་མྱོང་ཆུང་བ་ནི་ཀུན་གྱི་ཆོས་ལུགས་ཡིན་ཞིང་ཁྱད་པར་འབྲང་པུ་མདའི་མི་རྣམས་ནི་ཕུ་དྲག་གི་མི་དང་། ཕུ་དྲག་གི་ཆུའི་དཔེར་སོང་ནས་གོ་ཤེས་ཆུང་བ། མ་བཅོས་པའི་བྱ་བ་ལྷུག་གྲོལ་དུ་གནས་པ། སྦས་གསང་དང་། རྣམ་དཔྱོད་ཀྱི་དྲི་མས་མ་གོས་པ། ཕུ་གང་ལ་དང་། མདའ་ཐེན་པ་བྱེད་པའི་དཔེ་ལྟར། མཐོང་མྱོང་ཆུང་བ་ནི་འབྲང་གི་མི་རྣམས་ཀུན་གྱི་ཆོས་ལུགས་ཡིན་པས། དེ་དག་རྣམས་ཐོས་མ་མྱོང་བ་འདི་ཡ་རེ་མཚན། འདི་ཡི་ལབ་ལབ་མང་ལུགས་དང་། སྐུ་སྐྱེད་ཡོང་སྟངས་སོགས་གང་ལ་དཔགས་ན། ལྷ་བུ་ཆད་པ་ཞིག་ཡིན་པ་འདྲ། འདི་ནང་གི་སྦུག་ཏུ་བཞུགས་ཕྱི་ལ་མི་གཏོང་ཟེར་ནས། ནང་རང་དུ་སྦས་ཐབས་ཀྱི་སྒོ་ནས་སྐྱེད་བསྲིངས་སོ།
།དེ་ནས་རེ་ཞིག་ན་ཚོགས་པ་དགེ་འདུན་སྒང་པའི་མཆོད་གཞིས་འབྲང་སྣ་བཞི་རུ་ནས་གཉེར་བ་ཞིག་ཡོད་པའི་ནང་ནས། དཔལ་གནས་ཆོས་མཛད་བྱ་བ་ཞིག་ཁམས་ཅུང་ཟད་མི་བདེ་བས་ཁོང་གཉིས་འབྲང་ཕུར་སྨན་ཞུ་བ་དང་། རྩ་ཡུལ་སྤྱན་སྔར་ཕེབས་པར་བྱུང་བས། དེ་སྐབས་མེས་པོ་རིན་པོ་ཆེ་དང་ཨ་ཁུ་ལགས་ཀྱི་སྨན་དཔྱད་ལ་མངའ་ཤིན་ཏུ་མཉེས་པས། ཁོང་ཇོ་གདན་པ་གཉིས་ནང་དུ་བོས་ནས་བཞི་ལེན་རྒྱས་པར་མཛད་པ་དང་། སྨན་སོགས་གནང་ནས་ཡོད་སྐབས། མཆོག་གི་སྤྲུལ་སྐུ་དེ་ནི་རྒྱུན་དུ་མི་ཀུན་ལ་ཆོས་ཀྱི་ཆེ་བ་དང་། ལས་རྒྱུ་འབྲས། འཁོར་བའི་སྡུག་བསྔལ། དལ་འབྱོར་རྙེད་དཀའི་ཆོས་དང་། ཡང་དབང་རྗེས་གནང་སོགས་གནང་བ་ཞིག་ཡོད་པ་དེ། ཁོང་གཉིས་ཀྱིས་མཐོང་བ་ན། ཁོང་གཉིས་ནི་ཡ་མཚན་དུ་གྱུར་ནས་ཕྱག་འཚལ་ཞིང་བྱིན་རླབས་ཞུས། འདི་ནི་རྗེ་བཙུན་བླ་མ་ཀུན་དགའ་གྲོལ་མཆོག་པའི་སྐུ་སྐྱེ་གསལ་བར་འདུག །འདི་ནི་དབུས་གཙང་གི་སྡེ་དཔོན། ཆོས་སྡེ་སྣང་ཆེ་བའི་བླ་མ་ཡིན། ངེད་དགེ་འདུན་སྒང་པ་རྣམས་བླ་མ་དེ་ལ་མི་ཕྱེད་པའི་དད་པ་ཡོད། བླ་མ་དེ་ཀའི་ངེད་ཚོགས་པ་རྣམས་ལ་གསུང་ཆོས་མང་དུ་གནང་བ་ཡིན། ངེད་གཉིས་པོས་ཀྱང་གསུང་ཆོས་མང་པོ་ཐོབ་ཟེར་ནས། ཡབ་ཡུམ་རྣམས་ལ་རྗེ་གོང་མའི་ལོ་རྒྱུས་མང་དུ་ཞུས། འདི་བླ་མ་གཞན་དང་མི་འདྲ་བས་ངེད་རང་ཚོ་བསོད་ནམས་ཆེ་ཟེར་ནས་སོང་ངོ་། །ཁོང་གཉིས་ཀྱི་རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ལོ་རྒྱུས། རྒྱས་བཤད་དུ་བྱུང་བ་མ་གཏོགས། སུ་གང་གི་ཡང་ངོ་མི་ཤེས། དེ་ནས་ཡབ་རྣམ་རྒྱལ་ཕུན་ཚོགས་བྱ་བའི། ཡི་དམ་གཤིན་རྗེ་མཐའ་དག་དང་། བཀའ་བརྒྱད་སྐོར་དང་ཕྱག་རྡོར་རྣམས་ལ་འདྲིས་ཤིང་ཁྱད་པར་དུ་མ་ནིང་ལ་གྲངས་བསྙེན་མང་དུ་སོང་ཞིང་། མ་ནིང་གི་ཞལ་ཡང་ཡང་གཟིགས་པ་མཐུ་ནུས་ཆེ་བ། མདོར་ན་དྲག་སྔགས་ཀྱི་རྡོ་རྗེ་འཛིན་པ་ཆེན་པོ་ཡིན་པ་ལ་འཇིག་རྟེན་གྱི་བྱ་བ་མི་མཁྱེན་པ་མ་བཅོས་པའི་ཁུངས་དོགས་པ། བུ་གདུང་ཆེ་བ་ཞིག་ཡོད་པས། དེའི་གསུང་ནས། ངའི་བུ་གཅིག་པོ་འདི་དཔྲལ་བའི་མིག་དང་འདྲ། འདི་བླ་མའི་སྐུ་སྐྱེ་ཡིན་པ་འདུག་སུ་ཡིས་ཀྱང་བྱས་བྱུང་ན། རྐུབ་ལ་གཏོར་སྐམ་རླང་པ་ཐུ་ལེ་བ་ཞིག་ཡོད་པ་འདི་མི་རྒྱག་རེ་དཀོན་མཆོག་གསུམ། ངའི་བུ་གཅིག་པོ་འདི། ངེད་རང་གི་བརྒྱུད་པ་གསེར་གྱི་ཕྲེང་བ་ལྟ་བུ་འདི་ཟིན་ནས། ཆོས་རྗེ་ཀུན་དགའ་སེང་གེའི་རྡོ་རྗེ་གདན་འདི་དང་། སྦྱིན་བདག་ཁ་ཤས་འདི་སྐྱོང་དགོས་པ་ཡོད་དོ་གསུངས་ནས། ཐམས་ཅད་ལ་གསང་ནས་བཞུགས། དེ་ནས་ཞག་ཁ་ཤས་ཤིག་ནས། ནམ་ཞིག་ཞལ་ངོ་འཁོར་དང་བཅས་པ་ནང་དུ་གསོལ་བ་ཞིག་གི་སྐབས། ཡར་ལུང་ནས་ཡིན་ཟེར་བའི་རྣལ་འབྱོར་པ་སྐུ་ཤ་སྔོ་སང་ངེ་བ་སྐུ་ལ་རས་དང་སྟག་ལྤགས་ཀྱི་ན་བཟའ་གསོལ་ཞིང་། མི་ཐོད་རློན་པ་ལག་ཏུ་ཁུར་བ། རལ་པའི་ཐོད་བཅིངས་པ་ཞིག །སྒོ་འབྱེད་པ་དང་ཁྱི་འགེགས་པ་སོགས་མ་དགོས་པ་ནང་དུ་ཐལ་བྱུང་བས། ཚང་མ་ཤིན་ཏུ་འཇིགས་ཤིང་སྐྲག་པ་ཞིག་བྱུང་བ་ལ། མཆོག་གི་སྤྲུལ་སྐུ་ནི་ཤིན་ཏུ་དགེས་པར་མཛད་ཅིང་། རྣལ་འབྱོར་པ་དེ་ཡང་མཆོག་གི་སྤྲུལ་སྐུ་ལ་ཕྱག་འཚལ་ཞིང་ཐལ་མོ་སྦྱར་ནས། སྔར་འདྲིས་པ་བཞིན་གསུང་གླེང་མང་དུ་མཛད་ཅིང་། གསུང་གླེང་དེ་རྣམས་ཁོ་རང་དཔོན་སློབ་གཉིས་ཤིན་ཏུ་དམར་བ་གདའ། ཞལ་ངོ་འཁོར་བཅས་རྣམས་ཀྱིས་ནི་འབྲུ་གཅིག་ཀྱང་མ་གོ། དེ་ནས་རྣལ་འབྱོར་པ་དེ་ཉིད་ཀྱིས་མཆོག་གི་སྤྲུལ་སྐུ་དེ་ཉིད་ལ། རྡོ་རྗེ་རྣམ་འཇོམས་ཀྱི་ཁྲུས་ཆོག་ཞིག་ཕུལ། ལྕགས་ཀྱི་ཕུར་བུ་ཁྲུ་གང་པ་ཞིག་ཕུལ་ནས། ཕུར་བུ་འདི་སློབ་དཔོན་པདྨ་འབྱུང་གནས་ཀྱིས་ཡེ་ཤེས་མཚོ་རྒྱལ་ལ་གནང་། དེ་ནས་གནམ་ལྕགས་རྡོ་རྗེ་བདུད་འཇོམས་འདི་བསམ་ཡས་སུ་གཏེར་ལ་བཞུགས་ཏེ། ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ཀྱི་ལུང་བསྟན་ནས། བླ་མ་གཡུང་སྟོན་པས་གཏེར་ནས་བཏོན། དགྲ་བགེགས་ལན་གསུམ་བསྒྲལ་ནས། ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ཀྱི་ཕྱག་ཏུ་ཡུན་རིང་དུ་བཞུགས་པ་ཡིན། འདིས་ནི་བགེགས་དང་ལོག་འདྲེན་གྱི་མི་ཚུགས་པའི་ཕྱིར། སྐུ་ལ་འཆང་བར་ཞུ་ཞུས་ནས་ཕུལ། དེ་ནས་ཡུམ་དྲུང་གི་ཆང་ལེགས་པ་ཞིག་ཞུས་པས། རྟེན་འབྲེལ་ལེགས་གསུངས་ནས། མི་ཐོད་རློན་པ་ཤ་ཚལ་ལེ་བ་དེ་བཀང་ནས་ནང་མཆོད་བྱིན་རླབས་མཛད་ནས། མཆོད་སྤྲོ་བར་མཛད་དེ་གསོལ་ནས་ཐེགས་སོང་ངོ་། །རྣལ་འབྱོར་པ་དེ་ནི་སྒོ་ཕྱིར་མ་ཐོན་པ་ལ་མི་སྣང་བར་གྱུར། སྒོ་ཐོན་ནས་མི་སུས་ཀྱང་མཐོང་ཚོར་མ་བྱུང་བ་གདའ། དེ་ཡང་སྤྲུལ་པའི་རྣལ་འབྱོར་པ་ཞིག་ཡིན་འདུག་ཕུར་བུ་དེ་ཡང་མཆོག་གི་སྤྲུལ་སྐུ་ལ་བསྲུང་བའི་ཚུལ་དུ། ཕྱིས་མཁན་ཆེན་ལུང་རིགས་རྒྱ་མཚོས་སྤྱན་འདྲེན་མ་ཞུས་ཀྱི་བར་དུ་སྐུ་ལ་འཆང་། དེ་ནས་ཕུར་བུ་དེ་འབྲང་ཕུ་དགོན་པར་བཞུགས་པ་ནི། ད་ལྟ་མཆོད་ཁང་གི་ནང་རྟེན་གྱི་ཁྲོད་ན་བཞུགས་པ་འདི་ཡིན། གང་ལྟར་མཆོག་གི་སྤྲུལ་སྐུ་ཉིད་ནི་ངན་ལོང་རྣམས་ལ་བྱམས་ཤིང་། མི་རྣམས་ཐམས་ཅད་ལ་ཁོ་རང་རྣམས་དང་འབྲེལ་བའི་སྒོ་ནས། གང་ལ་གང་འཚམས་ཀྱི་ཆོས་དང་། སངས་རྒྱ་བའི་གདམས་ངག་རང་སྟོན་པ་དང་། བྱིས་པ་རྣམས་ལ་བྱིས་པ་དང་མཐུན་པའི་ཆོས་རྣམས་སྟོན་པ་དང་། མི་རྒན་རྣམས་ལ་མི་རྒན་རང་དང་མཐུན་པའི་ཆོས་སྟོན་པ་དང་། ཐམས་ཅད་ལ་རང་རང་དང་མཐུན་པའི་ཆོས་བསླབ་བྱ་དང་ཆོས་འབྲེལ་གནང་བ་ཞིག་བྱུང་། སེམས་ཅན་བྱོལ་སོང་རྣམས་ལ་སྙིང་རྗེ་ཆེན་པོའི་སྒོ་ནས། བྱིན་རླབས་དང་སྲོག་ལས་སྐྱོབས་པ་མང་དུ་མཛད་དོ། །བཟོ་དང་གསོ་བ་ལ་སོགས་པའི་རིག་པའི་གནས་མཐའ་དག་ལ་མངའ་བརྙེས་པ་བྱུང་། མཆོག་གི་སྤྲུལ་སྐུ་དེ་མི་ཀུན་གྱི་ཡ་མཚན་དུ་གྱུར་པའི་ལེའུ་སྟེ་གཉིས་པའོ།

༈ ན་མོ་གུ་རུ། སངས་རྒྱས་ཀུན་གྱི་ངོ་བོ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ། རིགས་རྣམས་ཀུན་གྱི་བདག་པོ། མཐོང་ཐོས་དྲན་རེག་རྣམས་ཀྱི་དེད་དཔོན་ཆེན་པོ། རྗེ་བཙུན་ཐམས་ཅད་མཁྱེན་པ་ཆེན་པོ་འགྲོ་བའི་མགོན་པོ་དེ་ནི། དགུང་ལོ་གསུམ་དང་ཟླ་བ་ཕྱེད་དང་དྲུག་བཞེས་པའི་སྐབས། ཉིན་གཅིག་ཉི་མ་སྔ་ཕྱེད་ཙམ་ལ་ཆོས་རྗེ་བསྟན་འཛིན་པའི་བང་ཆེན་པ་ཡིན་ཟེར་བའི་གྲྭ་པ་གཉིས་བྱུང་སྟེ། འདི་ན་ངེད་དཔོན་སློབ་ཀྱི་བླ་མ་དམ་པའི་སྐུ་སྐྱེ་འཁྲུངས་ཡོད་འདུག་པ། དེ་ཡིན་མིན་གཟིགས་པ་ཆོས་རྗེ་བསྟན་འཛིན་ཉི་མ་བཟང་པོ་ཕེབས་ཀྱིན་ཡོད་དོ། །དེ་ཁའི་ཁྱོད་ཞལ་ངོ་གང་དུ་མི་ཐེག་པ་ཞུ་ཟེར་བའི་སྔ་འགྲོས་པ་ཞིག་བྱུང་། མཆོག་གི་སྤྲུལ་སྐུའི་ཞལ་ནས། ང་ངོས་འཛིན་པའི་སྐལ་པ་ཁོ་ལ་མེད་དེ། ཐོག་མར་བསྟན་འཛིན་ཉི་མ་བཟང་པོ་བྱ་བ། ཁོ་བོ་རྟེན་འབྲེལ་བཟང་བར་ཤར་ཏེ། བདག་གི་རྩར་ཐོངས་ཤིག་གསུངས། དེ་ནས་ཉི་མ་སྔ་ཕྱེད་ཙམ་དགོན་གནས་མཐོང་སར་རྒྱ་གླིང་དང་དུང་དཀར་གཏོང་གིན་བྱུང་བས། དེ་ཡང་རྟེན་འབྲེལ་ལེགས་གསུངས། དེ་ནས་ཁོང་དཔོན་སློབ་རྣམས་བླ་བྲང་དུ་ཕེབས་ནས། ཁོ་རང་ལ་བཞུགས་ཁྲི་ཆེ་བ་ཞིག་བྱས། མཆོག་གི་སྤྲུལ་སྐུ་ལ་ཁོ་རང་གི་གཡས་སུ་གདན་དང་བཅས་པའི་བཞུགས་ཁྲི་ཞིག་གི་སྟེང་དུ་བཞུགས། ཕྱག་འཚལ་བ་ནི་མ་བྱས། ཇ་ཡང་ཁོ་རང་སྔོན་དུ་གསོལ། དེ་ནས་ཆོས་རྗེ་བསྟན་འཛིན་པས་མཆོག་གི་སྤྲུལ་སྐུ་ལ་དྲི་བ་སོགས་གང་ས་ནས་ཞུས་རུང་། མཆོག་གི་སྤྲུལ་སྐུ་ནི་ངེད་བླ་མ་ཡིན། ང་བས་སྤྲོས་པ་མིན་པ་ལ་ཁོ་རང་ཁམས་ཆེ་རུ་བྱེད་པ་ནི་དགའ་པོ་མིན་པ་འདུག་དགོངས་ནས། མི་མཉེས་པའི་ཚུལ་མཛད་ནས་བཀའ་ལུང་ཆེན་པོ་མི་གནང་བས། ཡང་ཆོས་རྗེ་བསྟན་འཛིན་པས་སྒོམ་ཆུང་ཞིག་ནས་ཙནྡན་དམར་པོའི་ཌཱ་མ་རུ་ཞིག་བཏོན་ནས། འདི་ཁྱོད་ཀྱི་ངོ་ཨེ་ཤེས། འདི་གང་ཡིན་པ་གདའ་ཞུས་པ། མཆོག་གི་སྤྲུལ་སྐུའི་ཞལ་ནས་དེ་ལོས་ཤེས། དང་པོ་ངེད་རང་གི་ཡིན་པ་ལ། ཁྱོད་ཀྱི་བྱང་སྟག་ལུང་དུ། བདེ་མཆོག་དུས་འཁོར་འཇིག་བྱེད་སོགས་ཀྱི་དབང་ཞུས། རྟེན་འབྲེལ་དང་བྱིན་རླབས་ཡིན་པས་བདག་ལ་བླ་ཆས་འོས་རིགས་དགོས་ཚུལ་ནན་གྱི་བྱུང་བས། དེ་དུས་ངེད་ཀྱི་བླ་ཆས་ཞིག་བྱིན་པའི་ནང་ཙནྡན་གྱི་ཌཱ་མ་རུ་དེ་ཡིན་པ་འདུག་གསུངས་པས། དེ་གཅིག་པོས་ཡིད་ཆེས་ནས་ཕྱག་འཚལ། རས་དར་གྱི་འབུལ་བ་དགུ་ཚན་ཞིག་ཕུལ། ཡུམ་ལ་ལྔ་ཚན་གྱི་ལྔ་ཚན་ཞིག་ཕུལ་ནས་ཁྱོད་ཀྱི་སྔོན་ཆད་གཙང་སྦྲ་ཐོན་པོ་བྱུང་འདུག །ད་རུང་སྔར་བཞིན་གྱི་གཙང་སྦྲ་ཐོན་པ། སྐས་ཁ་སོགས་ལ་སྐུ་རྦབ་མ་བྱུང་བ་མཛད་དགོས་འདི་ངེད་ཀྱི་བླ་མ་ཡིན། ད་ལྟ་སྤྱན་འདྲེན་སྔས་འོང་བ་གདའ། བདག་ཁ་རག་ལྗང་དུ་རབ་གནས་ཞིག་ལ་ཞག་གཅིག་སྡོད། དེ་ནས་ཆུ་བོ་རི་དང་གོང་དཀར་ཕྱོགས་ལ་འགྲོ། དེ་ཚོ་ཟླ་བ་ཁ་རེ་སྡོད་དགོས་ཤས་ཆེ། དེ་ནས་སླར་སྐུ་དྲུང་རིན་པོ་ཆེར་ཡོང་ངོ་གསུངས་ནས་ཐེགས་སོང་ངོ་། །དེ་མ་ཐག་ཏུ་ཡབ་དྲུང་པ་ནི་ཤིན་ཏུ་མ་མཉེས་ཏེ། ངའི་བུ་ཆུང་ལྷ་ཕྲུག་འདྲ་བ་འདི་ལ་ཁོང་མ་ཎི་བར་སོང་བས། ཟ་འདོད་ལང་པ་ཞིག་ཡིན་གྱི་གསུང་ནས། འབུལ་བ་དར་དཀར། གཟན་ལོགས་པ་གཅིག །རས་ཡུག་དཀར། དཀར་ཡོལ། སྣམ་དཀར་བུབ་གཅིག་རྣམས་བསྣམས་ནས། ཁོང་གི་རྗེས་ལ་ཐོན་ནས། ཆོས་རྗེ་བསྟན་འཛིན་པ་ཆིབས་ལ་འབྱོན་ཁར། ཡབ་དྲུང་གི་ཆོས་རྗེ་བསྟན་འཛིན་པ་ལ་འབུལ་བ་མཛད་ནས། ངེད་རྭ་ལོ་ཙ་བ་རྡོ་རྗེ་གྲགས་ཀྱི་བརྒྱུད་པ་གསེར་གྱི་ཕྲེང་བ་ལྟ་བུ་ཟམ་མི་འཆད་པ་འདི་དགོན་གནས་ཐབས་ཤེས་ཟུང་དུ་འབྲེལ་བ་འདིར་གསང་སྔགས་ཀྱི་བསྟན་པ་འཛིན་ཞིང་། དད་པ་དང་དམ་ཚིག་དང་ལྡན་པའི་སྦྱིན་བདག་རྒྱ་ཆེར་བ་ཡོད་པས། འདི་རྣམས་སྐྱོང་དགོས་པ་ཡོད་པས། ད་ལྟ་ངེད་རྒས་རྒན་ཤ་བའི་རྭ་ཅོ་འདྲ་བ་ཁ་ཅིག་ལ། བརྒྱུད་འཛིན་དཔྲལ་བའི་མིག་ལྟ་བུ་འདི་ཀ་ཡིན། གཅིག་པོ་འདི་གོང་དུ་ཞུས་པ་བཞིན་མི་གནང་བ་ཞུ། བུ་ཆུང་གཅིག་པོ་འདི་གར་དགོས་པ་ཡོད་པས། ཁྱོད་ཀྱི་བླ་མའི་སྐུ་སྐྱེ་ཡིན་པའི་འཕྲོས་མི་གནང་བ་ཞུ་ཞུ། དེའི་ཞུ་རྟེན་དུ་འབུལ་བ་འདི་རྣམས་མཛོད་གསུངས་པས། ཆོས་རྗེ་བསྟན་འཛིན་པའི་གསུང་ནས། ཁྱོད་དེ་འདྲ་མི་གསུང་བ་ཞུ། ཁྱོད་ཀྱི་བརྒྱུད་འཛིན་ད་རུང་ལོས་ཡོང་། སྐུ་ན་གཞོན་པར་གདའ་བ། ད་ལྟ་འདི་ནི་རྗེ་བཙུན་བླ་མ་དམ་པའི་སྐུ་སྐྱེ་གསལ་བ་ཡིད་ཆེས་པ་རང་གདའ། འདི་ཉིད་རང་ཚོས་སྐུ་སྐྱེ་མིན་བྱས་པས་བྱུང་དོགས་མེད། ཁྱོད་རང་ཞལ་ངོ་རྣམས་ཀྱང་ཕུན་སུམ་ཚོགས་པར་ཡོང་། འབྲང་ཞེས་པའི་ཕུ་འདི་ཙམ་ཞིག་ཁྱོད་ཡབ་ཡུམ་གྱི་ཕྱག་ཏུ་བླ་མ་དམ་པའི་སྤྲུལ་སྐུ་སྤྱན་འདྲེན་པའི་བསླུ་ཡོན་འབུལ་རྒྱུ་ཡོད་པ་རེད་ད་ལམ་བདག་གི་ཁ་རག་ཏུ་ཞག་ཅིག་མལ་ཞིག་བསྡད་ནས། འཕྲལ་དུ་གོང་ཀར་དུ་ཕྱིན་ནས། བླ་མ་དམ་པའི་སྤྲུལ་སྐུ་སྤྱན་འདྲེན་པ་དང་། བསླུ་ཡོན་དུ་མི་ཟེར་འདི་རྣམས་ཀྱི་རྒྱུ་མཚན་འབུལ་དུ་འགྲོ། དར་ཅིག་ལ་ཁྱོད་རང་གི་ཐུགས་འདོད་ཀྱང་ཡིན་ལ། དགོས་པ་ཞིག་ཀྱང་འདུག་པ། བླ་མ་དམ་པའི་སྐུ་སྐྱེ་ཡིན་པ་ཕྱི་ནང་ཐམས་ཅད་དུ་གསང་བར་ཞུ། ངེད་རྣམས་ཀྱང་གསང་ངོ་། །ཕུག་བླ་མའི་སྐུ་སྐྱེ་མིན་བྱས་ནས་གསང་པས་ངེད་རང་ལས་མི་ཐུས། དར་ཅིག་ངེད་རང་ཚང་མས་གསང་གསུང་ནས། ཡབ་ཀྱི་ཕྱག་ནས་ཅང་ཅང་མང་དུ་མཛད་ནས་ཐེག་སོང་ངོ་། །དེ་བཞིན་ཁ་རག་རྫོང་དུ་ཡང་། ཁོང་རྫོང་དཔོན་རྣམས་ཀྱིས་ཀྱང་སྐུ་སྐྱེ་ངེས་ཤེས་འབྲོང་གི་དྲི་བ་མཛད་འདུག་པས། ཡབ་དྲུང་དང་གསུང་ཆད་མཛད་པ་ལྟར། ད་ལམ་བདག་གི་ལམ་ཞོར་ལ་འདུག་པ་དང་། རྣ་ཐོས་ལ་གསུང་ཆོས་དང་། དབང་རྗེས་གནང་སོགས་སླབས་མི་དགོས་པར་རང་ཤེས་སུ་འདུག་ཟེར་བའི་སྙན་གྲགས་བྱུང་བས་ན། ཚུར་ལམ་ཞིག་བལྟས་པ་ཡིན་ཡང་། དེ་སྐྱེས་བུ་ཆེན་པོ་གཞན་དང་མི་འདྲ་བ་ཞིག་ཡིན་པ་འདུག་ཀྱང་རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་སྐུ་སྐྱེ་ཡིན་ཟེར་བའི་གསལ་བ་ནི་མི་འདུག །བླ་མ་ཀུན་དགའ་གྲོལ་མཆོག་གི་སྐུ་སྐྱེ་རང་ནི་མིན་པ་འདུག་གསུང་ནས་ཐམས་ཅད་ལ་གསང་ནས་བཞུགས་འདུག །དེ་ཁའི་དབུས་ཕྱོགས་ཀྱི་སྡེ་དཔོན་རྣམས་དང་གྲྭ་རིགས་ཚང་མ་ཐུགས་འཚོམ་པ་བྱུང་ནས། ངོས་འཛིན་ཆེ་འདུན་འགྱངས་པ་ཞིག་བྱུང་། དེའི་ངང་ནས་ཡུན་མི་རིང་བ་ནས་འདུག །མཁན་ཆེན་ལུང་རིགས་རྒྱ་མཚོས་ངོས་འཛིན་དང་སྤྱན་འདྲེན་ཞུས་སོང་ཟེར་ནས་ཀུན་ལ་གྲགས་པས། ཆོས་རྗེ་བསྟན་འཛིན་པ་ནི་ཞལ་སྐྱེང་པ་སྤྲེའུ་ཤིང་འབྲས་གཞན་གྱི་ཁྱེར་བའི་དཔེ་ལྟར་བྱུང་། ཁོང་ཞལ་སྐྱེང་པ་ཆེན་པོ་བྱུང་བའི་སྟབས་ཀྱིས། དེ་ནི་རྗེ་བླ་མའི་སྐུ་སྐྱེས་མིན་ནོ་ཞེས་པའི་གླེང་ཆེན་པོ་བཅུག་གོ་ཆོས་རྗེ་བསྟན་འཛིན་པ་ངོས་འཛིན་དང་མཇལ་ཁ་ཞུས་པའི་ལེའུ་སྟེ་གསུམ་པའོ། །

༈ ན་མོ་གུ་རུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལུང་རིགས་རྒྱ་མཚོ་དེ་ཉིད། དཔལ་འཁོར་ཆོས་སྡེ་ཆེན་པོའི་བླ་བྲང་སྐོར་ན་བཞུགས་པའི་སྐབས། སྟག་ལོ་ཧོར་ཟླ་བརྒྱད་པའི་ཚེས་བཅོ་ལྔའི་ཉིན། དཔལ་འཁོར་ལོ་སྡོམ་པའི་ཆོ་ག་མཛད་པའི་ནུབ་མོ། མནལ་ལམ་དུ་རྗེ་བཙུན་དེ་ཉིད་དང་ཞལ་མཇལ་ཞིང་། དགེས་པའི་ཞལ་འཛུམ་བག་དང་གསུང་གླེང་དངོས་འཇལ་གྱི་དགའ་བདེ་དཔག་ཏུ་མེད་པ་མཛད་བྱུང་། ཐོ་རངས་བུད་མེད་རྒྱན་གོས་འཆོར་བ་སོགས་མང་པོས། ནམ་མཁའ་ལ་དགྱེས་པའི་གར་བསམ་ལས་འདས་པ་བྱེད་ཅིང་། ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་དཔལ་ནག་པོ་སྤྱོད་པ་འགྲོ་བ་སེམས་ཅན་གྱི་དོན་ལ་བྱོན་པ་དེ་ནི། ལྷའི་ཡུལ་གྱི་བྱེ་བྲག །དཔའ་བོ་དང་མཁའ་འགྲོ་མའི་འདུ་ས། རྒྱ་བོད་ཀྱི་མཁས་གྲུབ་ཏུ་མ་བརྟེན་པའི་གནས། ཁ་རག་འབྲང་གི་ཕུ་ན་བྱོན་པ། ལུང་རིགས་རྒྱ་མཚོ་ཁྱོད། མཚན་ལྡན་བླ་མའི་ཞབས་དྲུང་དུ། །མྱུར་བ་ཉིད་དུ་གཤེགས་པར་འཚལ། །ཞེས་མགྲིན་གཅིག་ཏུ་ཟེར་རོ། །དེ་མ་ཁད་དུ་མནལ་ཡང་སད་པར་བྱུང་བ་དང་། ནམ་ལང་འདུག །སྐུ་ལུས་སྔར་དང་མི་འདྲ་བའི་བདེ་བ་ཆེན་པོས་གང་བ་དང་། ཐུགས་དགའ་སྤྲོ་བརྗོད་མི་ཤེས་པ་ཞིག་བྱུང་བས། བདག་གི་བླ་མ་དེའི་སྤྲུལ་སྐུ་ཞིག་གཅིག་ན་བྱོན་ཡོད་པ་ཐག་ཆོད་འདུག །མདང་རྨི་ལམ་ལ་བྱུང་བའི་བུད་མེད་རྣམས་མཁའ་འགྲོའི་ལུང་བསྟན་ཞིག་ཡིན་པ་གདའ་དགོངས་ནས་ཐུགས་དམ་གྲོལ་བ་དང་། སྔར་དང་མི་འདྲ་བའི་སྐུ་ལུས་བདེ་སང་སང་བྱེད་ཅིང་། རབ་གསལ་དུ་ཕེབས་པ་དང་། ཉི་མ་ཤར་བ་དང་། གསོལ་དཔོན་གྱིས་གསོལ་ཇ་ཁྱེར་བ་དང་། སྡེ་བ་སྣ་དཀར་རྩེ་བའི་བང་ཆེན་ཞུ་ཤོག་རྟེན་དང་བཅས་པ་འབྱོར་བ་དུས་མཉམ་དུ་བྱུང་བས། སྣ་དཀར་རྩེ་པའི་ཞུ་ཤོག་ལ་གཟིགས་པའི་འབྲང་ཕུ་ན་རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་སྐུ་སྐྱེ་ཡིད་ཆེས་ཤིང་གསལ་ལ་ངེས་པ་འདྲོངས་པ་ཞིག་འདུག་པ་སོགས་ཀྱི་རྒྱས་བཤད་དུ་འདུག་པ་ཁོང་བང་ཆེན་པ་གཉིས་སྐུ་གཞོག་སུ་བཏང་ནས། འབྲང་ཕུའི་དྲི་བ་གནང་བས། བང་ཆེན་གཉིས་ཀྱི་འབྲང་ཕུའི་གནས་ཚུལ་རྣམས་ཞུས་པས་དེ་དང་དང་པོ་མཁན་ཆེན་རང་ལ་ཞལ་གདམས་དང་། ཡུལ་བཀོད་ཤོག་ཁྲ་ཞིག་གནང་ཡོད་པ་དང་མཐུན་བྱུང་བས། མཁན་ཆེན་ཆར་འདོད་བྱེའུའི་འབྲུག་སྒྲ་བཞིན། དགའ་བ་བརྗོད་ཀྱི་མི་ལང་། བ་སྤུ་གཡོ་བ་ཞིག་བྱུང་ཞིང་། མཁན་ཆེན་པའི་གསུངས་ནས་མདང་རྨི་ལམ་དུ་ཡང་བདག་གི་བླ་མ་དང་མཇལ་བ་རྨི། ད་ནང་ནང་པ་ནས་རྟེན་འབྲེལ་སོགས་ཤིན་ཏུ་ལེགས། སྡེ་བ་བསྟན་འཛིན་པ་ཞེས་པའི་མིང་བཀྲ་ལེགས་པ་འདི་དག་གི་བདག་ལ་བླ་མའི་ལུང་བསྟན་མཛད་པ་འདི་རྟེན་འབྲེལ་སོགས་འདི་ལྟ་བུའི་ལེགས་པ་གསུང་ཤིན་ཏུ་དགྱེས་པར་གྱུར། དེའི་ཉིན་རང་གཙང་བྱང་གི་གྲྭ་རིགས་སྦྱིན་བདག་ཆེ་ཕྲ་རྣམས་ལ། མི་སྣ་སྤྲུལ་པའི་ཕོ་ཉ་ལྟར་བཏང་། དེ་དག་རྣམས་ནས་ཀྱང་མཆོག་གི་སྤྲུལ་སྐུ་སྤྱན་འདྲེན་གྱི་མི་སྣ་རྟ་བ་དཔོན་གཡོག་ལྔ་དྲུག་རེ་དང་། ཡབ་ཡུམ་རྣམས་ལ་འབུལ་བ་དང་བཅས་སོ་སོ་ནས་བྱུང་། མཁན་ཆེན་དཔོན་སློབ་ཀྱི་དབུ་མཛད་པའི་གཙང་བྱང་གི་གྲྭ་རིག་སྡེ་དཔོན་སོ་སོའི་མི་སྣ་དང་བཅས་པའི་རྟ་པ་བརྒྱད་ཅུ་རྩ་ལྔ་ཙམ་རང་རང་སོ་སོའི་ཡོ་བྱད་དང་། འཁོར་བུ་རྟ་མང་པོ་དང་བཅས་ཧོར་ཟླ་དགུ་པའི་ཡར་ཚེས་བཟང་པོ་བིས་སྤོན་གྱིས་འབྲུ་སྦྱོར་ལ། རྒྱལ་འཁོར་རྩེའི་དཔལ་འཁོར་བདེ་ཆེན་ནས། འབྲང་གི་ཕུ་ལ་མཆོག་གི་སྤྲུལ་སྐུ་སྤྱན་འདྲེན་པ་ཆས་སོ། །སྣ་དཀར་རྩེར་ཞག་ཅག་མལ་ཞིག་མཛད། འབྲང་བུར་སྔ་མགྱོག་རྟ་བ་གཉིས་བཏང་ནས། དེའི་ནུབ་ཡར་གཟིགས་སུ་ཕེབས་རྒྱུ་ལ། ཁོང་སྔོན་འགྱོག་པ་རྣམས་ཀྱི་འབྲང་བུར་བྱོན། མཁན་ཆེན་པ་དཔོན་སློབ་མཆོག་གི་སྤྲུལ་སྐུ་སྤྱན་འདྲེན་ཕེབས་ཀྱིས་ཡོད། འདི་ཚོར་སྙན་འབུལ་ཞུ་རུ་ཡོང་བ་ཡིན། ད་ལམ་ཁོང་དཔོན་སློབ་ཤིན་དུ་མང་བ་རང་ཡོད། དོ་ནུབ་ཡར་གཟིགས་སུ་ཕེབས་རྒྱུ་ཡིན་སོགས་འདིར་སྔ་བར་ཕེབས་པ་ཡོད། དེ་ཁའི་གྲབས་ཤམས་གནང་དགོས་ཟེར་བས། ཡབ་ཡུམ་རྣམས་ནི་མ་མཉེས་ཤིང་། ཁོང་དཔོན་གཡོག་མང་པོ་ཞིག་སྒྲིལ་ནས་ངེད་ཀྱི་བུ་ཆུང་འཕྲོག་རྩིས་ཨི་ཡིན། ཁོང་རྟ་ཧྲག་མི་ཧྲགས་ཡོང་ཡང་ངའི་བུ་ཆུང་ཅི་ལ་འཕྲོག་རྒྱུ་ཡིན་པ། ཁྱོད་གཉིས་པོ་ཡང་ད་ལྟ་སོང་ལ་འདི་ཚོར་མ་སྡོད་ཅིག །འཕྲལ་དུ་ལོག་པ་དགའ། ང་རང་གི་བུ་ཆུང་འཕྲོག་པ་བྱུང་ན་འདི་ལས་དགྲ་ཆེ་བ་མེད། ཁོང་རང་དཔོན་སློབ་རྣམས་ཀྱང་ངེད་སྔགས་པའི་དགྲ་འདི་མི་དགའ་འམ། ངེད་ལ་ཆོས་སྐྱོང་རི་དྭགས་ལ་ཤ་ཁྱི་ལས་རྦུད་བླ་བ། མཐུ་གློག་དམར་ལས་མྱུར་བ་ཞིག་ཡོད། སུ་དང་གང་གིས་ཀྱང་བརྙས་པ་མ་བྱེད་ཅིག་ཟེར། ཁོང་རྣམས་ལ་ཁྲིམས་གཏམ་མང་དུ་བསྒྱུར་ནས། ད་ལྟ་རང་སོང་ཟེར་ཞིང་གོང་བ་ནས་བཟུང་སྟེ་ཕྱིར་ཕུད། ལུང་པའི་མི་རྣམས་ཀྱང་བླ་བྲང་བའི་སྲས་འདི་འཁྲུངས། ཡུལ་འདི་བཀྲ་ཤིས་པར་བྱུང་། འདི་ནི་ཕྱིར་ཐེགས་སུ་མི་འཇུག །འདི་ཕྱོགས་གཞན་ལ་ཐེགས་ན་ཡུལ་འདི་ལ་ཡང་ཅི་འདྲ་ཞིག་ཡོང་མི་ཤེས་ཟེར་ཞིང་སྡུག་བསྔལ་བར་གྱུར། ཡབ་ཡུམ་རྣམས་ཤིན་ཏུ་ཡི་མུག་པར་བྱུང་སྟེ་མཆོག་གི་སྤྲུལ་སྐུ་ནི་ཤིན་ཏུ་མཉེས་པས། ལུང་རིགས་པ་ང་ཡི་གྲྭ་བ་དམ་ཚིག་དང་ལྡན་པ་སྨོན་ལམ་དང་འབྲེལ་བ་ཞིག་ཡིན་པས་འདི་ང་ཡི་རྩར་ཕེབས་ཏུ་ཆུག །ཁོང་སྔོན་མགྱོགས་པ་འདི་གཉིས་ལ་ཡང་ནང་དུ་ཁྲིད་ལ་ལྟོ་ཞིག་བྱིན། ཡབ་ཡུམ་རྣམས་ཀྱང་དེ་བཞིན་དུ་སྡུག་བསྔལ་པ་མ་མཛད་ཅིག །བདག་ཀྱང་བདག་རང་གི་དགོན་པ་དང་། གྲྭ་རིགས་རྣམས་དང་། དད་ལྡན་གྱི་འགྲོ་བ་སེམས་ཅན་གྱི་དོན་དུ་ཆོས་ཟབ་མོ་ཞིག་བྱས་ནས། རྒྱལ་ཁམས་ཐམས་ཅད་ལ་འགྲོ་བ་སེམས་ཅན་གྱི་དོན་དུ་ཉི་ཟླ་ལྟར་འགྲོའོ་གསུངས་ནས་ཡབ་ཡུམ་རྣམས་ཀྱི་ཐུགས་གསོ་ཞིང་། སྤྲོ་སེམས་གཞན་དང་མི་འདྲ་བའི་སྒོ་ནས་ཞལ་བཀོད་མཛད་ཅིང་། ཁོང་སྔོན་འགྱོགས་པ་གཉིས་ལ་ཡང་གཞི་ལན་རྒྱས་པར་གནང་། སང་མཁན་ཆེན་ལུང་རིགས་པ་ལ་བསུ་ཆང་གཅིག་གིས་ཤིག་གསུངས་སོ།
།སང་ཉིན་དེ་འབྲང་ལ་རུ་ཕེབས་པའི་ཚེ། མི་ལམ་རྒྱུས་པ་རྣམས་ཀྱིས་འབྲང་ཕུ་ཟེར་བ་དེ་འདི་ཡིན་ནོ་འཛུབ་མོ་བཙུགས་པས། མཁན་ཆེན་གྱི་ཕྱག་ན། དེ་སྔ་རྗེ་བཙུན་གོང་མའི་ཞལ་གདམས་དང་ཕྱག་དཔེ་ཤོག་ཁྲ་སོགས་གནང་འདུག་པ་དང་ཨེ་མཐུན་ཞལ་ཕྱེ་ནས་ལེགས་པར་གཟིགས་པས། འདི་གཉིས་ནི་ཐིག་བཏབ་པ་དང་འདྲའོ་གསུང་། འབྲང་གི་ཕྱོགས་ལ་ཕྱག་འཚལ་བར་མཛད་ནས་ཐུགས་དགེས་པར་གྱུར་ཅིང་། དང་པོ་བླ་མ་དམ་པ་དེ་ཉིད་ཀྱིས་བདག་ལ་ཤོག་ཁྲ་སོགས་གནང་བ་དེ་ཅི་ནི་རི་འདིའི་ཁོག་ཤར་གྱི་རི་མཎྜལ་ལྟར་ཡོད་པ། བྱང་རི་ནག་པོ་གནམ་དུ་ལངས་པ་འདྲ་བ། ནུབ་རི་གངས་དཀར་པོ་རྒྱལ་བློན་གྱི་ཚུལ་དུ་ཡོད་པ་མེ་ཏོག་པདྨ་ཁ་བྱེ་བ་འདྲ་བ། རྩ་བ་ཆབ་ལ་གནས་པ། ཡུལ་གྱི་ཆུ་ཐམས་ཅད་དབུས་སུ་བབས་པ། རི་ཀླུང་ཐམས་ཅད་སྨན་ལྗོངས་དྲི་ཞིམ་པོས་གང་བ། བྱ་དང་རི་དྭགས་སྣ་ཚོགས་པས་མཛེས་ཤིང་། ཤིང་ཚེར་མ་ཅན་གྱི་ནགས་ཚལ། རྒྱབ་རི་དར་དཀར་གྱི་ཡོལ་བ་འདྲ་ཞིང་། མདུན་རི་དཔའ་བོ་ཆས་སུ་ཞུགས་པ་འདྲ་བ། གནས་གཞི་བྱ་ངང་པའི་སྒོ་ང་འདྲ་བ་ཞིག་ཏུ་བྱོན་པར་མཛད་པ་ཡིན། ཤོག་ཁྲ་དང་ཞལ་གདམས་གཉིས་ཀ་ནས་འདི་བཞིན་གསལ་བར་གདའ། འདི་ལྟ་བུ་ཐམས་ཅད་མཁྱེན་པ་ཆེན་པོ་འཇིག་རྟེན་གྱི་ཁམས་ན། ད་ལྟ་ཞལ་མཇལ་གསུང་ཐོས་པ་འདི་རང་རེ་ཚོ་བསོད་ནམས་ཆེ། སྐལ་པ་བཟང་བ་ཡིན། ན་ནིང་ནས་ལྷོ་བདག་པོའི་སྐུ་སྐྱེས་ཆུ་ཤུལ་བ་དེ་ནས་སྤྱན་དྲངས་ཟེར་བ་དེ་ཡང་ཡུལ་འདི་འདྲ་སེ་བ་འདུག་པས། བདག་གི་བླ་མ་དེ་ཁོང་རྣམས་ཀྱི་བླ་མའི་ངོས་འཛིན་བྱས་པ་མིན་ནམ་བསམ། སེམས་མ་བདེ་བ་བྱུང་ཞིང་། བླ་མ་ལ་གསོལ་བ་དྲག་ཏུ་བཏབ་པས། ནུབ་གཅིག་ནམ་མཁའ་ལ་བདག་གི་བླ་མའི་ཆོས་སྐྱོང་ཡིན་ཟེར་བའི་མི་ནག་པོ་རྟ་ནག་པོ་ལ་ཞོན་པ། ལག་ན་མདུང་དར་ནམ་མཁའ་གང་བ་ཞིག་ཀླད་ལ་བསྐོར་ཞིང་། ཧ་ཧའི་གད་མོ་འབྲུག་སྒྲ་ལྟར་སྒྲོགས་པ། ནམ་མཁའ་ལ་མེ་དང་གློག་དམར་རབ་ཏུ་འཁྲུག་པ་ཞིག །ཉི་མ་དབུས་ཀྱི་ཕྱོགས་ན་མཚན་ལྡན་བླ་མའི་སྤྲུལ་སྐུ་བལྟམས་ནས་ཞག་གཅིག་སོང་། དེ་བསྐྱེད་བསྲིང་པའི་བར་ཆད་བསྲུང་པར་འགྲོ་བ་ཡིན་ཟེར་ཤིང་། ས་དང་བར་སྣང་ཐམས་ཅད་གཡོ་བ་ཞིག་བྱུང་བས། བླ་མ་དེ་དང་མཇལ་བ་འདུག་བསམ་ནས་བློ་བདེ་བར་བྱུང་། ཁྱད་པར་ཉི་མ་དེ་རིང་ནས་མི་བདག་གི་བསམ་དོན་འགྲུབ་སོང་གསུང་ཞིང་། དགྱེས་པའི་རྣམ་འགྱུར་མང་པོ་དང་བཅས་ཏེ་ལ་བབ་ནས་ཕེབས་པའི་ལ་རྨོངས་ཀྱི། ད་ལྟ་ལ་སྣང་སྟོང་པོར་དྲགས་པའི་མདུན་དུ་ཕེབས་པའི་ཚེ། ཆོས་འཁོར་ལྡིངས་གཟིགས་པའི་ཤོག་ཁྲ་ནས་ཡོད་པའི་སྤུ་ཙམ་གྱི་འཁྲུལ་བ་མི་འདུག །འདི་ལྟར་ཡོད་པ་འདི་ཐམས་ཅད་མཁྱེན་པའི་གཟིགས་པ་ཆེན་པོ་ཡིན་པ་འདུག །དེ་ལྟར་ན་ཁོ་བོ་ཡང་བྱང་ཆུབ་སེམས་དཔའ་ཆེན་པོ་ཞིག་ཡིན་པ་གདའ་གསུང་ཞིང་། ཞལ་འཛུམ་མུལ་གྱི་ཤོར་ནས། ཆིབས་བཤོལ་ནས་ཆོས་འཁོར་ལྡིངས་ལ་ཕྱག་མང་དུ་མཛད། ཐལ་མོ་སྦྱར། པུས་མོ་ས་ལ་བཙུག་ཏེ་མཎྜལ་རྒྱས་པ་གཅིག་དང་། ཡན་ལག་བདུན་པ་འཁོར་གསུམ་མཛད། དེ་ནས་ཆོས་འཁོར་ལྡིངས་པར་ཞབས་རྐྱང་ལ་ཕེབས་པ་ཡིན་ཞིང་། བཀྲ་ཤིས་ཁྲག་ཏུ་ཕེབ་པའི་ཚེ། བླ་བྲང་བསུ་ཆང་། ཆང་རྫའུ་ཤིན་ཏུ་ཆེ་བ་ལྔ། ཇ་བསྟིབ་དྲུག་བྱུང་བས། མཁན་ཆེན་གྱིས་གསུངས་ནས། ཕྱི་ནང་གི་རྟེན་འབྲེལ་ཤིན་ཏུ་ལེགས། ད་སེར་འཕྲེང་དང་རོལ་མོ་སོགས་ཀྱིས་གསུངས་ནས། དུང་ཆེན་ཆ་གཉིས། དུང་དཀར་ཆ་གཅིག རྒྱ་གླིང་ཆ་གཅིག །མཁར་རྔ་ལ་སོགས་པའི་རོལ་མོ་མང་པོའི་སྒྲ་དང་བཅས། ཆོས་འཁོར་ལྡིང་དུ་ཕེབས་སོ། །བཞུགས་ཡུལ་གཡུལ་ས་ཆེན་མོ་རུ། གུར་དཀར་པོ་བསམ་ལས་འདས་པ་ལ། ཡོལ་སྐོར་ཕྱི་ནང་མང་པོ་དང་། བླ་རེ། གདུགས་དང་། རྒྱལ་མཚན་དང་། ཐུགས་དང་། དར་ལྕོག་སོགས་བསམ་ལས་འདས་པ་ནི། ལྷའི་ཡུལ་རྣམ་པར་རྒྱལ་བའི་ཞིང་ཁམས་ལྟར། ལོངས་སྤྱོད་མངའ་ཐང་བརྗོད་ཀྱིས་མི་ལང་བར་བྱས་སོ། །རྗེ་བཙུན་སྤྲུལ་སྐུ་དང་། ཆོས་རྗེ་མཁན་ཆེན་པ་གཉིས་ནི། གཅིག་ནི་གཅིག་ལ་འཇུས་ཤིང་། དགེས་པའི་གསུང་གླེང་ཟམ་མི་ཆད་ཅིང་བཞུགས་ཁྲི་ཆེན་པོ་རྒྱ་སྤངས་མཐོ་བ་རེ་རེ་ལ་བཞུགས་སོ། །ཆོས་རྗེ་མཁན་ཆེན་གྱིས། རྗེ་བཙུན་སྤྲུལ་པའི་སྐུ་ལ་ཕྱག་མཇལ་གསེར་ཞོ་ཉི་ཤུ་རྩ་ལྔ་དང་གོས་དར་སོགས་ཀྱི་དགུ་ཚན་གཉིས་ཕུལ། དེ་སྐབས་མེ་ཏོག་གི་ཆར་བབས་ཤིང་། འཇའ་དཀར་པོའི་གུར་ཕུབ་པ་སོགས་བྱུང་། དེ་ནས་ཞག་དྲུག་ནས། མཁན་ཆེན་དཔོན་སློབ་གངས་དཀར་སོགས་ལ་ཞག་བདུན་པ་ཞིག་ཕེབས་ནས། མཆོག་གི་སྤྲུལ་སྐུ་གཙང་ཕྱོགས་ལ་སྤྱན་འདྲེན་གྱི་དགོངས་པ་ཞུ་བ་ཐེགས། དེ་སྐབས་འབྲང་བུར་འགོར་བའི་བདག་མཛད་སྐབས་སུ་ལགས་པར་ཕེབས་དུས། ལ་ནང་དཀར་མོ་བྱ་བའི་ཞིང་ཁར་གུར་ཕུབ་ནས། དེར་ཞག་བདུན་བཞུགས་པར་གནང་། མཆོག་གི་སྤྲུལ་སྐུ་ཡང་ཉིན་རེ་བཞིན་གུར་ལ་ཕེབས་པར་གནང་། གུར་དུ་ཕེབས་དུས་ནམ་མཁའ་ལ་མེ་ཏོག་གི་ཆར་དང་། འཇའ་དཀར་པོ་དང་། སིལ་སྙན་དང་། དུང་དཀར་དང་། པི་ཝང་དང་། རྔ་ཆུང་རྣམས་ཀྱི་སྐད་སྙན་པ་བསམ་ལས་འདས་པ་ཉིན་རེ་བཞིན་འབྱུང་། དེ་དུས་ཡབ་ཡུམ་རྣམས་ལ་གསེར་ཞོ་ལྔ་བརྒྱ། རྟ་ཕོ་སེར་པོ་གཅིག །བྱེ་རུ་སྤོས་ཤེལ་པད་བུ་གང་། ཟངས་ལྕགས་གོས་དར། རས་ལ་སོགས་པའི་དགུ་ཚན་བཅུ་གཅིག་འབུལ་བ་མཛད། སྣ་དཀར་རྩེ་ནས་སྡེ་བ་བསྟན་འཛིན་པས་སྐུ་རྫི་བ་གཅིག །རྟ་འཛམ་གླིང་རྡོར་མཇོགས་ཟེར་བ་རྟ་རྫི་དང་བཅས་མཆོག་གི་སྤྲུལ་སྐུ་ལ་ཕུལ། ཡབ་ཡུམ་རྣམས་ལ་གསེར་ཞོ་བཞི། ཁྲོ་གཅིག་རས་དར་གྱི་དགུ་ཚན་ཞིག །ས་ཆ་ཐེམ་སྐང་ཉི་ཤུས་བཀའ་གཞེས་དང་བཅས་གནང་། ཟླ་བ་བཅུ་པའི་ཚེས་བཞི་ལ་གཙང་ཕྱོགས་ལ་ཆིབས་ཁ་བསྒྱུར་བ་ཡིན་ཞིང་། ཡུལ་གྱི་མི་མང་པོ་དང་ཡབ་ཡུམ་གྱི་བཀྲ་ཤིས་བྲག་མདོ་ཐུག་ལ་ཕེབས་སྐྱེལ་ཕེབས། བཀྲ་ཤིས་བྲག་ལ་ཡི་གེ་རང་བྱོན་སྔར་གཅིག་ལས་མེད་པ་ལས། དེའི་ཉིན་མཆོག་གི་སྤྲུལ་སྐུའི་ཕྱག་རེག་པ་རྣམས་ལ་ད་ལྟ་ཡང་ཡི་གེ་གསལ་བར་ཡོད། འདི་ཡང་འཁོར་ལོ་སྡོམ་པའི་སྙིང་པོ་ཡིན། བྱ་བྱིའུ་དང་རི་དྭགས་རྣམས་ཀྱང་སྐྱོ་བའི་རྣམ་འགྱུར་དང་། ཕེབས་སྐྱེལ་གྱི་རྣམ་པ་བྱེད་པ་བྱུང་། ཡུལ་གྱི་མི་རྣམས་ནི་ཐམས་ཅད་མཁྱེན་པ་ལ་ལྟ་ཞིང་། འོ་དོད་ཆེན་པོ་འདོན་ཏེ། ལ་ལ་ནི་སྨོན་ལམ་བཟང་པོ་འདེབས། ལ་ལ་ནི་བདག་ལྟ་བུའི་སེམས་ཅན་སྐལ་བ་མེད་པ་རྣམས་ལ་ཐུགས་རྗེས་གཟིགས་ཤིག་ཟེར་ལུས་ས་ལ་རྡེབ། ལ་ལ་ནི་ངེད་ཡུལ་མི་རྣམས་ད་ཅིར་འདྲ་ཞིག་ཡོང་ན་ཟེར་ཞིང་། གདོང་མཆི་མས་གང་ཞིང་སྨྲེ་སྔགས་འདོན་པ་བྱུང་། ཡུལ་མི་ཕལ་ཆེར་བས་ལ་ཐོག་ཕྱག་ཕྱིར་འབྲངས་དེ་ཐོག་བྱ་རི་དྭགས་རྣམས་ཀྱིས་ཀྱང་ཕེབས་སྐྱེལ་ལ་ཡོང་། དུས་དེ་ནས་ལོ་བཅུའི་བར་དུ། མཆོག་གི་སྤྲུལ་སྐུ་འདི་བྱོན་སྐབས་བཞིན། མི་ལ་ཤི་ཆད་མེད་པ་དང་། ལོ་ཆུ་དང་འབྲས་བུ་རྒྱས་ཤིང་། བྱ་རི་དྭགས་རྣམས་ཀྱང་གོང་དུ་འཕེལ། མདོར་ན་ཡུལ་དེ་ཡང་ཁྱད་པར་འཕགས་པ་བྱུང་། ད་ལྟ་ཡང་མི་རྣམས་གཏམ་རྒྱུན་གླེང་ཞིང་། ཐམས་ཅད་ལ་རྒྱུས་ཡོད་པ་མང་པོ་ཡོད། ལྷག་པར་དུ་བདག་ཀྱང་ཤིན་ཏུ་ངེས་པས་ཡི་གེར་བྲིས་པ་ཡིན། དེ་ནས་མཆོག་གི་སྤྲུལ་སྐུ་དཔོན་སློབ་ཤིན་ཏུ་མང་བ་དང་བཅས། ཡར་འབྲོག་སྣ་དཀར་རྩེར་ཕེབས། སྡེ་པ་བསྟན་འཛིན་པ་ལ་སོགས་པའི་དཔོན་སློབ་རྣམས་ལ། བླ་མའི་རྣལ་འབྱོར་དང་། སྤྱན་རས་གཟིགས་ཀྱི་སྒོམ་ལུང་གཅིག་གནང་། ཚང་མ་ཧ་ལས་ཤིང་། ཆུང་ཆུང་ནས་རྣམ་དཔྱོད་དང་སྤོབས་པ་འདི་ལྟ་བུ་ཟེར་ཞིང་། དད་པ་ཆེན་པོས་གུས་པར་འདོད། དེ་ནས་ཞག་བཅོ་ལྔ་ནས་རྒྱལ་རྩེ་རུ་ཕེབས། ཐུགས་སྲས་ལྷ་དབང་གྲགས་པ་དང་། རྗེ་རྡོ་རིང་པ་དང་། རྗེ་ཀུན་དགའ་དཔལ་བཟང་ལ་སོགས་པའི་གྲྭ་པ་མང་པོ་དང་མཇལ། རྒྱལ་རྩེ་བདག་པོ་ཞལ་ངོ་རྣམས་ཀྱི་ཡུན་རིང་དུ་ཞབས་ཏོག་བསམ་ལས་འདས་པ་ཞུས། དེ་ནས་སྔར་གྱི་དྲི་བ་དང་གསུང་གླེང་ཡང་རྗེ་གོང་མའི་ཚེ་དང་དངོས་སུ་ཞལ་མཇལ་བ་ལྟར་བྱུང་། དེ་ནས་སྒྲ་དང་རྩིས་དང་ཚད་མ་རྣམ་འགྲེལ་ལ་སོགས་པའི་མདོ་ཕྱོགས་ལ་སྦྱངས་པ་མཛད། བླ་མ་ཡང་རྗེ་བྲག་སྟོད་པ་དང་། རྗེ་རྡོ་རིང་པ་དང་། ཡེ་ཤེས་དབང་པོ་དང་། ཀུན་དགའ་བཀྲ་ཤིས་དང་། རྗེ་བྱམས་པ་ལྷུན་གྲུབ་དང་། རྗེ་ལུང་རིགས་རྒྱ་མཚོ་ལ་སོགས་པའི་བླ་མ་རྣམས་བསྟེན་ནས། མདོ་རྒྱུད་ཐམས་ཅད་ལ་མཁས་པ་ཕུལ་དུ་ཕྱིན་པར་གྱུར།
དེ་ནས་སྐུའི་ཡོན་ཏན་དང་མཛད་པ་ཕྲིན་ལས་གོང་ནས་གོང་དུ་འཕེལ་ཞིང་རྒྱས་བ་ནི། ས་སྟེང་ལྷ་མི་ཐམས་ཅད་ལ་རྒྱུས་ཡོད་པ་དེ་ཡིན་པར་འདུག་པས་ཆེ་བ་བརྗོད་མ་དགོས་ཤིང་། རྗེ་བཙུན་ཐམས་ཅད་མཁྱེན་པ་རང་གིས་མཛད་པའི་རྣམ་ཐར་རྒྱས་བཤད་འདུག་པས་འདིར་མ་བཀོད། འདི་ནི་དགུང་ལོ་བཞི་པ་ཡན་གྱི་རྣམ་ཐར་གསལ་ཞིང་ནོར་འཁྲུལ་གཏན་ནས་མེད་པ་ཞིག་ཡིན། ཅེས་པ་རྗེ་བཙུན་བླ་མ་དམ་པ་དགུང་ལོ་བཞི་པ་ཡན་གྱི་རྣམ་ཐར་ཆུང་ངུ་འདི་ནི་སྙན་ངག་དང་སྡེབས་སྦྱོར་མེད་ཀྱང་རྒྱུས་ཆེ་བའི་སྒྲོ་སྐུར་མེད་པ་ཙིཏྟའི་མིང་ཅན་གྱིས་ཡི་གེར་བཀོད་པ་འདི་རྒྱལ་བའི་བསྟན་པ་རིན་པོ་ཆེ་ལ་ཕན་པ་དང་། འགྲོ་བ་སེམས་ཅན་ཐམས་ཅད་ལ་ཕན་བདེ་རྒྱ་ཆེན་པོར་གྱུར་ཅིག །སརྦ་མངྒ་ལམ། ཨེ་ཀ་པྲིཙྪ། ཚིག་བཅུ་དགུ་ཡོད།། །།