Yid bzhin nor bu'i rab gnas

From Shangpa Resource Center








Resource ID Gönkar15
Title yid bzhin nor bu'i rab gnas
Topics White protector
Sub-Topics Consecration
Author Namkha Tobygel Pelsang
Link BDRC W23681 (p. 248)

༄༅། །ཡིད་བཞིན་ནོར་བུའི་རབ་གནས་བཞུགས།

རབ་གནས་སྤྱི་དང་མཐུན་པའམ། འདིའི་སྒོས་ཀྱི་རབ་གནས་བྱ། ཡིད་ལ་འདོད་རྒུ་བདེ་བླག་ཏུ་སྩོལ་བ་དང༌། དངོས་གྲུབ་ཐམས་ཅད་ཚུལ་བཞིན་དུ་སྩོལ་བའི་གསོལ་བ་ཡུན་རིང་དུ་ཡེ་ཤེས་པ་ལ་གདབ། ཡེ་ཤེས་པ་གཞུག་པ་བརྒྱ་རྩ་ལ་སོགས་པ་བྱེད་པ་མན་ངག་ཡིན་ནོ། །བྲིས་སྐུ་བཞེངས་པའི་གནད་དོ། །མགོན་པོའི་རབ་གནས་ཞེས་ཀྱང་ཟེར། རབ་གནས་བཀའ་རྒྱ་མ་ཞེས་ཀྱང་ཟེར་ལ། རབ་གནས་གང་བྱེད་ཀྱང་ཐོག་མར་བསྙེན་པ་གལ་ཆེ་བས། རང་རྗེ་བཙུན་མ་སྒྲོལ་མར་བསྐྱེད། མདུན་གྱི་མེ་ཏོག་ཀྱང་སྒྲོལ་མར་བསྐྱེད། དེ་ལ་སངས་རྒྱས་བྱང་སེམས་དཔག་ཏུ་མེད་པ་བསྟིམ་ཞིང༌། རྟེན་འབྲེལ་སྙིང་པོ་བཟླ། སྤྱིའི་བསྙེན་པའོ། །མེ་ཏོག་གཏོར་ཙ་ན། ལྷ་གང་ཡིན་པར་བསྐྱེད་ནས། ལྷ་ལ་ཐིམ་པར་བསམ་ཞིང༌། འདི་གནད་ཆེ་བ་ཡིན་གསུངས། ཚེ་དང་བསོད་ནམས་རྒྱས་པར་བྱེད་པའི་འདོད་ལྷ་ལྟ་བུའི་རབ་གནས་བྱེད་ན། མེ་ཏོག་རིན་ཆེན་འབྱུང་ལྡན་དུ་བསམ་ཞིང་བསྙེན་པ་བྱ། གཏོར་བ་ན་ཡང་དེ་བཞིན་བྱ། དབང་གི་ལྷ་རབ་གནས་བྱེད་ན། སྣང་བ་མཐའ་ཡས་ཀྱི་ངོ་བོ་ཁྲོ་བོ་འདོད་པའི་རྒྱལ་པོ་གཡས་ལྕགས་ཀྱུ། གཡོན་ཞགས་པ། སྐུ་མདོག་དམར་པོ་རུ་མེ་ཏོག་རྣམས་བསྐྱེད་ལ། བསྙེན་པ་བསྐྱར། དགུག་གཞུག་བྱེད་གསུངས། ཡང་རྟེན་རྙིང་པ་འདྲེ་ཅན་ལ་རབ་གནས་བྱེད་ན། བདག་བསྐྱེད་མེ་ཏོག་ཁྲོ་བོར་བསྐྱེད། སངས་རྒྱས་བྱང་སེམས་ཐམས་ཅད་ཁྲོ་བོར་བྱོན་ནས། མེ་ཏོག་ལ་ཐིམ་པར་བསམ་ཞིང་བསྙེན་པ་བྱེད། གཏོར་ཙ་ན་ཡང་དེ་བཞིན་དུ་བྱེད་གསུངས། མེ་ཏོག་གི་ཞལ་གདམས་སངས་རྒྱས་རི་གོང་བའི་གསུང༌། ཤངས་པའི་ཞལ་གདམས་ཡི་གེར་བཀོད་པའོ།
།བླ་མའི་སྐུ་འབག་ལ་རབ་གནས་བྱེད་ན། སྔོན་འགྲོ་གཞན་དང་ཁྱད་པར་མེད། དངོས་གཞི་བླ་མ་ཡི་དམ་དུ་བསྐྱེད་ལ། ཡེ་ཤེས་པ་བསྟིམ། སྐུ་གསུང་ཐུགས་བྱིན་གྱིས་བརླབ། དབང་བསྐུར། རྒྱས་གདབ། སྤྱན་དབྱེ་སོགས་གཞན་དང་ཁྱད་པར་མེད། ལོངས་སྐུ་ཡིན་ན་སྐྲ་ཤད་ལ་སོགས་པས་མངའ་དབུལ་ལ། སེམས་ཅན་གྱི་སྣང་བ་ལ་སྤྲུལ་སྐུར་བསམ། བླ་མ་སྔགས་པ་ཡིན་ན་དེས་ཆོག །དབུ་སྐྲ་བསིལ་བའི་སྤུ་གྲི་གཏད་པ་སོགས་སྤྲུལ་སྐུའི་ཆོ་ག་དགོས་གསུངས། དེས་གཞན་ལ་འགྲེ། སྐུ་འབག་རབ་གནས་བླ་མའི་གསུང་བཀོད་པའོ།
།རབ་གནས་མེ་ཏོག་འཐོར་བ་ཙམ་ལ། རང་དང་མེ་ཏོག་སྒྲོལ་མ་ལྗང་སེར་ཅིག་ཏུ་བསམས་ལ། ན་མོ་བུདྡྷའི་གསོལ་འདེབས་ཀྱིས་འཐོར་གསུངས། སྒྲོལ་མ་ལས་ཀྱི་ལྷ་ཡིན། ལྗང་སེར་རྒྱས་པའི་ལས་འགྲུབ་པ་ཡིན། མེ་ཏོག་འཐོར་བའི་དུས་ཚོད་ནི། རི་རྩེ་ལ་ཉི་མ་ཤར་བར་བཤད་ཀྱང་ལག་ལེན་ནམ་ཕྱེད་ཡོལ། ལྷ་འདྲེ་མི་གསུམ་ཉལ་བའི་དུས་ཚོད། མིས་མ་ཚོར་བར་གཏོར་གསུངས། ཉི་མ་ཤར་བའི་དུས་ཀྱང་སྤྱི་དང་མཐུན་ནས་གཏོར་བ་ཡིན་གསུངས་སོ།
།ཁྱད་པར་མགོན་པོ་འདིའི་དབང་དུ་བྱས་ན། བདག་བསྐྱེད་ཁ་སརྤཱ་ཎིའི་ཐུགས་ཀར་མགོན་པོ། དེའི་ཐུགས་ཀར་དབང་སྡུད་ཀྱི་མཁའ་འགྲོ་མ་དང་བཅས་པ་བསྐྱེད། མེ་ཏོག་རྣམས་མགོན་པོ་དང་མཁའ་འགྲོ་མའི་ཚོགས་སུ་བསྐྱེད་པ་འདྲ་བ་ལ། ཡེ་ཤེས་སེམས་དཔའི་ཚོགས་དང༌། སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ། ཁྱད་པར་གནོད་སྦྱིན་ནོར་ལྷའི་ཚོགས་དཔག་ཏུ་མེད་པ་སྤྱན་དྲངས་ལ་བསྟིམ། རྩ་སྔགས་སིདྡྷི་མ་གྲངས་ཅི་མང་བྱས་ལ། འཐོར་དུས་དམ་ཚིག་པའི་རྟེན་དེ་ལ་མེ་ཏོག་མགོན་པོ་མཁའ་འགྲོ་མའི་ཚོགས་སུ་བསམས་ལ། དམ་ཚིག་པ་ལ་ཡེ་ཤེས་པ་ཆུ་ལ་ཆུ་དང༌། མར་ལ་མར་བཞིན་དབྱེར་མེད་དུ་གྱུར་པར་མོས་ལ། ངག་ཏུ་བསྙེན་པ་ཡེ་དྷརྨཱ་དང༌། ན་མོ་བུདྡྷའི་གསོལ་འདེབས་བརྗོད་ཅིང་གཏོར། མགོན་པོའི་སྤོས་སྦྱོར་བསྲེག །རོལ་མོ་བྱ། སྤྱི་དང་མཐུན་པར་བཀྲ་ཤིས་ཀྱི་ཚིགས་བཅད་དང༌། མེ་ཏོག་གཏོར་བ་བྱུང་ནའང་ལེགས་སོ། །མགོན་པོ་ཡིད་བཞིན་ནོར་བུའི་སྒྲུབ་སྐོར། ལས་ཚོགས། རྗེས་གནང༌། བྲིས་སྐུ་རབ་གནས་སོགས་ཡིག་ཆུང་ལ་གདམས་པ་རྣམས་ཀྱང་དཀྱུས་སུ་བྲིས་པ་ཟབ་ཁྱད་ལ་གནོད་ཀྱང༌། རང་གཞན་ལག་ལེན་བདེ་ཞིང༌། ཕན་བདེ་ཆེ་བ་ལ་བསམས་ནས། དགེ་སློང་རྡོ་རྗེ་འཛིན་པ་ནམ་མཁའ་སྟོབས་རྒྱས་རྒྱལ་མཚན་དཔལ་བཟང་པོས། དབེན་པའི་གནས་མཆོག་འོམ་བུག་གི་ཡང་དགོན་དུ་སྦྱར་བའོ།
།འདི་བཞེངས་དགེ་བའི་ཕན་ཡོན་གྱིས། །མཁའ་མཉམ་སེམས་ཅན་མ་ལུས་པ། །ཚེ་རིང་ལོངས་སྤྱོད་མངའ་བརྙེས་ཤིང༌། །ཕྱི་མ་སངས་རྒྱས་མྱུར་ཐོབ་ཤོག།