Difference between revisions of "Dpal nag po chen po'i rgyud"

From Shangpa Resource Center
Line 3: Line 3:
 
|Tibetan Title=དཔལ་ནག་པོ་ཆེན་པོའི་རྒྱུད།
 
|Tibetan Title=དཔལ་ནག་པོ་ཆེན་པོའི་རྒྱུད།
 
|Wylie Title=dpal nag po chen po'i rgyud
 
|Wylie Title=dpal nag po chen po'i rgyud
|Other titles=śrī mahākāla tantra
+
|Other titles=śrī mahākāla tantra,ye shes mgon po phyag drug pa'i rgyud le'u brgyad pa
 
|Subject=Chadrupa
 
|Subject=Chadrupa
 
|SubTopics=Tantra
 
|SubTopics=Tantra

Revision as of 17:02, 23 January 2025








Resource ID SCv11p1
Title dpal nag po chen po'i rgyud
Alt. title śrī mahākāla tantra
ye shes mgon po phyag drug pa'i rgyud le'u brgyad pa
Topics Chadrupa
Sub-Topics Tantra
Associated Person Amoghavajra
Khyungpo Neljor
Link W23922
W22084
W1PD96682 (vol.91 p.726)
84000
Notes Translated by Phurbu Ö, also named Shangpa Dugulungpa, a.k.a Khungpo Neljor.

༄༅། །དཔལ་ནག་པོ་ཆེན་པོའི་རྒྱུད་ལེའུ་བརྒྱད་པ་བཞུགས་སོ།།

༼ཀ༽ རྒྱ་གར་སྐད་དུ། ཤྲཱི་མ་ཧཱ་ཀཱ་ལ་ཏནྟྲ་ནཱ་མ།
བོད་སྐད་དུ། དཔལ་ནག་པོ་ཆེན་པོའི་རྒྱུད་ཅེས་བྱ་བ།
དབང་གི་རྟ་མཆོག་ལ་ཕྱག་འཚལ་ལོ།
།འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ཤར་ལྷོའི་དུར་ཁྲོད་ཧ་ཧ་དྲག་ཏུ་རྒོད་པའི་གནས་ན། ཤིང་ཙན་དན་གྱི་ནགས་ཚལ་དུ་དགའ་བའི་མིང་འདི་ཞེས་བྱ་བའི་མི་མ་ཡིན་ཕོ་མོ་འདུས་པའི་ཕོ་བྲང་དུ་དཔལ་ནག་པོ་ཆེན་པོ་ཞེས་བྱ་བ། བི་ནཱ་ཡ་ག་ལ་སོགས་པ་འཁོར་གདུག་པ་ཅན་རྣམས་ཀྱི་དབུས་ན་སྐྱེ་འགྲོའི་སེམས་ཅན་རྣམས་ཀྱི་སྲོག་དབུགས་ལ་དབང་བྱེད་པ་ཞིག་ཡོད་དེ། དེའི་དུས་ན་ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ན། མཐར་བྱེད་རྟའི་རྒྱལ་པོ་ཞེས་བྱ་བ་ལ། རྒྱལ་པོ་ཆེན་པོ་བཞི་ལ་སོགས་པའི་འཁོར་གྱིས་བསྐོར་བ། དྲེགས་པ་འདུལ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ལྕགས་ཀྱུའི་ཕྱག་རྒྱ་བཅས་ཏེ། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲྀ་བ་ཧཱུྃ། ཧུ་ལུ་ཧུ་ལུ་ཧཱུྃ་བཾ། ཞེས་བརྗོད་པས་དུར་ཁྲོད་ཧ་ཧ་དྲག་ཏུ་རྒོད་པའི་གནས་ནས། ནག་པོ་ཆེན་པོ་རང་དབང་མེད་པར་མཐར་བྱེད་རྟའི་རྒྱལ་པོའི་མངོན་དུ་བྱུང་སྟེ། ལས་ཅི་བྱ་ཟེར་ཞིང་རང་གི་སྲོག་སྔགས་ཀྱི་སྙིང་པོ་འདི་ཕུལ་ལོ། །ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྵེཾ་ཀྵེ་ཏྲ་བིགྷྣན་བི་ནཱ་ཡ་ཀཱ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་སྨྲས་སོ། །དཔལ་ནག་པོ་ཆེན་པོའི་རྒྱུད་ལས་གླེང་གཞིའི་ལེའུ་སྟེ་དང་པོའོ།

།དེ་ནས་རྒྱལ་པོ་ཆེན་པོ་མིག་མི་བཟང་གིས་མཐར་བྱེད་རྟའི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་པདྨ་ཁྲོས་པའི་བདག །ནག་པོ་ཁྲོས་པ་དྲག་ཤུལ་ཅན། །གསང་བའི་སྒྲུབ་པ་བཤད་དུ་གསོལ། །མགོན་པོ་བསྒྲུབ་པར་བྱ་བ་གང་། །བསད་ཅིང་ལུས་སྲོག་དབྱེ་བ་གང་། །མ་འགྲུབ་ཤི་ས་བསྟན་པ་གང་། །གྲུབ་པའི་རྟགས་དང་སེར་བ་དང་། །རྟ་མཆོག་ཆེན་པོས་བཤད་དུ་གསོལ། །ཞེས་ཞུས་པ་ལས།
དེ་ནས་པདྨ་ཁྲོས་པ་ཡིས། །ནག་པོ་སྒྲུབ་པ་ཆེད་དུ་བརྗོད། །དམ་ཚིག་ལྡན་པའི་སྔགས་པ་ཡིས། །སངས་རྒྱས་བསྟན་པ་བསྲུང་སླད་དུ། །གཟའ་སྐར་ཚེས་གྲངས་ཤིས་པ་ལ། །དུར་ཁྲོད་ལ་སོགས་ཤིང་གཅིག་ཏུ། །བསོད་ནམས་ཚོགས་ནི་བསགས་བྱས་ལ། །ནག་པོ་ཆེན་པོ་བསྒྲུབ་པར་བྱ། །ཕུང་པའི་ས་ནག་དག་ལས་ནི། །སྟེགས་བུ་གྲུ་བཞི་བྱས་ནས་ནི། །དྲི་སྤོས་མི་ཁྲག་ཆག་ཆག་གདབ། །དབུས་སུ་གྲུ་གསུམ་ཟླ་གམ་ལྡན། །ཕྱི་རིམ་པདྨ་འདབ་བརྒྱད་ལྡན། །དེ་དབུས་ཐོད་ཆེན་ནང་དུ་ནི། །ཤ་སྣ་སྙིང་སྣ་བརྒྱན་པ་ཡི། །གཏོར་མ་བཤོས་བུ་ཁྲུ་གང་ཚད། །དེ་ལ་མདའ་གཟུགས་དམར་ནག་དང་། །གྲི་སྙིང་ཙ་ཀ་ལི་ཡང་བཙུག །དེ་ཉིད་མགོན་པོའི་རྟེན་དུ་བཞུགས། །ཌཱ་མ་རུ་ཡི་པགས་པའི་ནང་། །མགོན་པོའི་དྲག་སྔགས་བྲི་བར་བྱ། །ལྷོ་ཡི་ནང་དུ་བླ་རྡོ་དྲིལ། །སྤོས་དང་རྒྱུན་གཏོར་གཏང་བར་བྱ། །དཀོན་མཆོག་སྤྱི་ལ་པཱུ་ཛ་འབུལ། །དེ་ནས་པདྨར་བདག་བསྒོམས་ལ། །ཐུགས་ཀའི་ཧྲཱིཿལས་འོད་འཕྲོས་པས། །བླ་མ་སངས་རྒྱས་ལ་སོགས་པ། །རང་གི་མདུན་དུ་བསམ་བྱས་ནས། །པཱུ་ཛ་རྣམ་ལྔ་དབུལ་བར་བྱ། །རྣམ་དག་བདུན་གྱི་འོག་ཏུ་ནི། །ཚད་མེད་བཞི་པོ་བསྒོམ་པར་བྱ། །དེ་རྗེས་པཾ་དང་རཾ་ལས་ནི། །པད་སྟེང་ཡི་གེ་ཧཱུྃ་ལས་སུ། །ནག་པོ་ཞལ་གཅིག་ཕྱག་དྲུག་པ། །གྲི་གུག་བགྲང་ཕྲེང་ཌཱ་མ་རུ། །ཐོད་པ་མདུང་དང་ཞགས་པ་བསྣམས། །གཡས་གཡོན་རིམ་པས་བསམ་པའོ། །སྦྲུལ་དང་རིན་ཆེན་རྒྱན་གྱིས་བརྒྱན། །སྐུ་སྨད་བ་ཏི་ཁྲ་བོ་ལ། སྟག་ལྤགས་ཀྱིས་ནི་ཤམ་ཐབས་གསོལ། །གཏུམ་པོ་སྤྱན་གསུམ་མཆེ་བ་གཙིགས། །དཔྲལ་བར་དྲི་ཡི་ཐིག་ལེས་བརྒྱན། །སྤྱི་གཙུག་མི་བསྐྱོད་སྤྲུལ་སྐུས་བརྒྱན། །དེ་ལྟར་བདག་མདུན་གསལ་བསྒོམས་ནས། །སྤྱན་དྲངས་མཆོད་དང་བཟླས་པ་བྱ། །གཏོར་མ་པཱུ་ཛ་ལ་སོགས་པ། །ནག་པོ་ཆེ་ལ་སྦྱིན་པར་བྱ། །ནག་པོའི་ཐུགས་ཀའི་ཧཱུྃ་ལ་ནི། །སྲོག་གི་ཡི་གེ་གཡས་ནས་བསྐོར། །འཁོར་ཡུག་དག་གི་བཟླས་པ་བྱ། །ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྵིཾ་ཀྵེ་ཏྲ་བིགྷྣན་བི་ནཱ་ཡ་ཀ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། དེ་སྐད་ཅེས་ནི་རབ་བརྗོད་པས། །ནག་པོ་སྒྲུབ་པའི་རྟགས་རྣམས་འབྱུང་། །དཔལ་ནག་པོ་ཆེན་པོའི་རྒྱུད་ལས་བསྙེན་ཅིང་སྒྲུབ་པའི་ལེའུ་སྟེ་གཉིས་པའོ།

།དེ་ནས་ཡང་དག་བཤད་བྱ་བ། །སངས་རྒྱས་བསྟན་པ་བཤིག་པ་དང་། །རྣལ་འབྱོར་བར་ཆད་བྱེད་པ་རྣམས། །ནག་པོ་ཆེན་པོས་སྒྲོལ་འདོད་པས། །སྟེགས་བུ་གྲུ་བཞི་བྱས་ནས་ཀྱང་། །དྲག་པོ་ཨེ་ཡི་ནང་དུ་ནི། །ཕོ་མོ་བར་ཆད་ཐོད་པའི་ནང་། །གཟུགས་ནི་སྤྲ་ཚིལ་དག་ལ་བྱས། །མིང་རུས་དག་ནི་བཀོད་ནས་ཀྱང་། །བསད་དང་མནན་པ་སྐབས་དང་སྦྱར། །མགོན་པོའི་སྐུ་དང་དམ་རྫས་རྣམས། །ས་དང་མཁའ་ལ་དགོད་པར་བྱ། །ཕག་ཐོད་ནང་དུ་ཐུན་རྫས་བླུག །རྟག་གཏོར་ཐུན་གཏོར་གཡས་དང་གཡོན། །བསད་སྔགས་འདི་ཡིས་གསད་པར་བྱ། །ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྵིཾ་ཀྵེ་ཏྲ་བིགྷྣན་བི་ནཱ་ཡ་ཀ་ཧཱུྃ་ཧཱུྃ་ཕཊ། ཨོཾ་མ་ཧཱ་ཀཱ་ལ་ཡ། ཤཱ་ས་ན། ཨ་པ་ཧཱ་རི་ཎི། ཨེ་ཥ་ཨ་པཥྩི་མ་ཀ་ལོ། ཨ་ཡཾ་ཨི་དཾ་རཏྣ་ཏྲ་ཡ། ཨ་པ་ཀ་རི་ཎཾ། ཡ་ཏེ་པྲ་ཏི་ཛྙཱ། སྨ་ར་སི་ཏ་ད། ཨི་དཾ་དུཥྚན། ཁ་ཁ་ཁཱ་ཧི་ཁཱ་ཧི། མཱ་ར་མཱ་ར། གྲི་ཧ་ན་གྲི་ཧ་ན། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དི་ན་མི་ཀེ་ན་དགྲ་བོ་མཱ་ར་ཡ་ཧཱུྃ་ཕཊ། བི་ནཱ་ཡ་ཀ་བྱི་ལ་པྲ་ཏྲ་བྱི་ཧྲཱི་ཧཱུྃ་ཛ་པི་ན་བུ་བི་ནཱ་ཡ་ཀ །ཨ་མུ་ཀའི་སྲོག་ཧུར། ཐུམ་ཛ་མཱ་ར་ཡ་རྦད། དྲག་སྔགས་བཟླས་ཤིང་ཐུན་གྱིས་བྲབ། །ཞག་བདུན་བར་དུ་མི་སྨྲ་བྱ། །དེ་ལ་རྟགས་ནི་རྫོགས་པར་འགྱུར། །དཔལ་ནག་པོ་ཆེན་པོའི་རྒྱུད་ལས་ལུས་སྲོག་དབྱེ་བའི་ལེའུ་སྟེ་གསུམ་པའོ།

།དེ་ནས་ཡང་དག་བཤད་པར་བྱ། །ལས་མཐའ་སྦྱིན་སྲེག་དག་གིས་བསྡུ། །གྲུ་གསུམ་དབུས་སུ་གདུག་པའི་ཤིང་། །དབུས་སུ་ནག་པོ་འཁོར་བཅས་བསྐྱེད། །ལིངྒ་གཏོར་མ་དམ་རྫས་རྣམས། །ནག་པོའི་ཞལ་དུ་དབུལ་བར་བྱ། །སྔགས་ནི་བཟླས་ཤིང་བསྲེག་པར་བྱ། །ཨགྣེ་ཛྭ་ལ་རཾ་ལ་སོགས། །ཐལ་བར་རླུང་དམར་དག་ལ་བསྐུར། །ཨ་མུ་ཀ་ནི་མྱུར་དུ་བརླག །དཔལ་ནག་པོ་ཆེན་པོའི་རྒྱུད་ལས་མཐའ་བཏུལ་བའི་ལེའུ་སྟེ་བཞི་པའོ།

།དེ་ནས་ཡང་དག་བཤད་པར་བྱ། །དེ་ལྟར་བསྒྲུབས་ཀྱང་མ་གྲུབ་ན། །གཅིག་དང་གསུམ་ལ་ནན་ཏན་བསྐྱེད། །དེས་ལྷ་བསྒྲུབས་ཀྱང་མ་གྲུབ་ན། །ས་གསུམ་བྲག་གསུམ་དུག་གསུམ་ལ། །ཁྲུ་གང་ས་ཡི་གཟུགས་བྱས་ལ། །གྲུ་གསུམ་དབུས་སུ་ནག་པོའི་གཟུགས། །སྤྱི་གཟར་དག་ཏུ་ལྡིང་དུ་ཞུགས། །བྲིས་སྐུ་དམ་རྫས་བླ་རྡོ་རྣམས། །རང་གི་འབྲུ་གསུམ་ལམ་གྱི་འོག །དུག་དང་ཚེར་མས་སྟེང་ནས་དགག །ཐུན་རྫས་བྲབ་ཅིང་སྔགས་འདི་བཟླས། །ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲྀ་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཧཱུྃ་ཧཱུྃ་ཀ་ཡ་ནཱ་བི་ན་བིག་ཏྲ་ཀྵི་ཀྵིཾ་ལ་ཀ་ཧཱ་མ་བཛྲ་ཨོཾ། དེ་སྐད་བརྗོད་ཅིང་ཐུན་གྱིས་བྲབ། །དེ་ལ་རྟགས་རྣམས་རྫོགས་པ་དང་། །དེ་ནས་གསོ་བའི་ཆོ་ག་བྱ། །བྲིས་སྐུ་བླ་རྡོ་དམ་རྫས་རྣམས། །སྤོས་ཆུས་བཀྲུ་ཞིང་སྔགས་འདི་བཟླས། །ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྵིཾ་ཀྵེ་ཏྲ་བིགྷྣན་བི་ན་ཡ་ཀ་ཧཱུྃ་ཧཱུྃ་ཕཊ་ཕཊ་སོད་སོད་སྭཱ་ཧཱ། དེ་སྐད་བྱས་ལ་རང་གནས་སུ། །མགོན་པོའི་གཟུགས་བྱས་སྤོས་ཆུས་བཀྲུ། །གྲུ་གསུམ་དབུས་སུ་བླངས་བྱས་ལ། །དགྲ་བོའི་མིང་རུས་སྙིང་གར་བཞུགས། །ཞག་བདུན་སྒྲུབ་ལ་དགྲ་ལ་བསྐྱལ། །ཨ་མུ་ཀ་ནི་མྱུར་དུ་རླག །དཔལ་ནག་པོ་ཆེན་པོའི་རྒྱུད་ལས་མ་གྲུབ་ན་སྤོགས་པ་དང་གསོ་བའི་ཆོ་ག་སྟེ་ལྔ་པའོ།

།དེ་ནས་ཡང་དག་བཤད་པར་བྱ། །བྱ་ནག་ཕུར་ཞིང་ལྡིང་བ་དང་། །མོན་པ་ཨ་ཙ་ར་དང་ནི། །བེནྡ་དགེས་དགེས་སླེན་སླེན་དང་། །འདོང་སྒྲ་དང་ནི་ཁང་པ་འཚེག །མགོན་པོའི་སྐུ་དག་དངོས་སུ་མཐོང་། །དགྲ་ལ་དམག་དྲངས་སེམས་ཅན་བསད། །མི་ནག་དག་ལ་སྙིང་སྟོབས་དང་། །མཛེ་པོ་དང་ནི་སྤྲང་པོ་དང་། །བྱ་ནག་ཐང་ལ་ལྷུང་བ་འབྱུང་། །དཔལ་ནག་པོ་ཆེན་པོའི་རྒྱུད་ལས་ལས་ཀྱི་རྟགས་ཀྱི་རིམ་པ་སྟེ་ལེའུ་དྲུག་པའོ།

།དེ་ནས་ཡང་དག་བཤད་བྱ་བ། །སེར་བ་དབབ་པའི་བྱས་བྱ་ནི། །མོན་ནག་མཛེ་ཅན་ཐོད་པ་རུ། །ཙཀྲ་རྩིབས་བཞི་བྲིས་ནས་སུ། །རིགས་ལྔ་ཀླུ་ཡི་ས་བོན་དགོས། །རྩིབས་མཆན་སེར་བསྲུང་མིང་རུས་དང་། །གཡུལ་དུ་ཕོབ་ཅིག་བྱ་བ་བྲིས། །དེ་མཐར་འཁོར་ལོ་རྩིབས་དགུ་ལ། །དྲེགས་པའི་སྔགས་དག་བྲི་བར་བྱ། །རྒྱབ་ཏུ་གང་ཡིན་ཡུལ་མིང་དང་། །རླུང་གི་སྙིང་པོ་བྲི་བར་བྱ། །བདག་ཉིད་པདྨ་ཁྲོས་པར་བསྒོམ། །སྔགས་འདི་ཡིས་ནི་གནད་ལ་བོར། །ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྵིཾ་ཀྵེ་ཏྲ་བིགྷྣན་བི་ནཱ་ཡ་ཀ་ཧཱུྃ་ཧཱུྃ་ཕཊ་ཕཊ། ན་ག་སྙིང་གཟེར། ཕུ་ཧུར་ཐུམ་ཛ་ཕྱོམ་ཤར་ཧྲིལ་བྷྱོ། དེ་སྐད་ཅེས་ནི་རབ་བརྗོད་ལ། །ཉུང་ནག་དང་ནི་སྐེ་ཚེ་དང་། ཁྲག་དང་དུག་གི་ཐོད་པ་བྲབ། །ལོ་འབྲས་རླུང་ཁྱེར་རྟགས་བྱུང་ན། །དགྲ་ཡི་ཡུལ་དུ་དབབ་པར་བྱ། །གལ་ཏེ་འཇིག་རྟེན་ཕུང་བར་རོལ། །དཔལ་ནག་པོ་ཆེན་པོའི་རྒྱུད་ལས་སེར་བ་དབབ་པའི་ལེའུ་སྟེ་བདུན་པའོ།

།དེ་ནས་ཡང་དག་ངེས་གསུངས་པ། །ཨེ་མ་འཁོར་འདུས་ངོ་མཚར་ཅན། །མ་འོངས་དམ་ཅན་སྒྲུབ་བྱས་ན། །དམ་ཚིག་ལ་གནས་སྡོམ་པ་བཟུང་། །གཏོར་མ་དག་ལ་བརྩོན་པར་བྱ། །དམ་རྫས་བླ་རྡོ་ལུས་ལ་བྲེལ། །ཞེས་བྱ་བས། རྒྱལ་པོ་མིག་མི་བཟང་ལ་སོགས་པ་ཡིད་རངས་ཏེ། ནག་པོ་ཆེན་པོས་བསྟན་པ་བསྲུང་བར་ཁས་བླངས་ནས་མི་སྣང་བར་གྱུར་ཏེ། དཔལ་ནག་པོ་ཆེན་པོའི་རྒྱུད་ལས་དམ་ཚིག་བསྟན་པ་སྟེ་ལེའུ་བརྒྱད་པའོ།
།དཔལ་ནག་པོ་ཆེན་པོ་ཞེས་བྱ་བའི་རྒྱུད་ལེའུ་བརྒྱད་པ་ཞེས་བྱ་བར་གྲགས་པ་འདི་རེ་ཞིག་རྫོགས་སོ།། །།
(W1PD96682 v.91 p.732: རྒྱ་གར་གྱི་མཁན་པོ་ཨ་མོ་གྷ་བཛྲ་དང་། བོད་ཀྱི་ལོཙྪ་བ་ཕུར་བུ་འོད་ཀྱིས་བསྒྱུར་བའོ།།)

རྒྱུད་འདི་རྒྱུད་འབུམ་ཕལ་ཆེ་བ་ན་ཡོད། བླ་མ་སྔ་མ་རྣམས་ཀྱིས་རྒྱུད་སྡེ་སྤྱིའི་རྣམ་གཞག་དཀར་ཆག་ཕལ་ཆེ་བ་བྱ་རྒྱུད་དུ་བྱས། དེ་ཡང་རྒྱུད་གསུང་བ་པོ་རྟ་མགྲིན་ཡིན་པ་དང་། དེ་སྤྱན་རས་གཟིགས་ཀྱི་རིགས་ཡིན་པ་ལ་བསམ་ནས་པདྨའི་རིགས་ཀྱི་རྒྱུད་ཀྱི་ནང་དུ་བགྲང་བར་བྱེད་དོ། །མགོན་པོ་འདི་ལ་བླ་མེད་ཀྱི་རྒྱུད་དུ་བྱས་པའི་རྒྱུད་སྒོས་རྒྱུད་མི་འདུག་པ་དང་། འདི་ལ་ཡུམ་ཞལ་སྦྱོར་དང་། དབང་བཞི་རྫོགས་སུ་བྱས་པའི་བཀའ་ཆུང་མང་བར་ཡོད་པས། རྒྱུད་འདི་ཡིད་ཆེས་སུ་འདོད་པ་རྣམས་ཀྱིས་བླ་མེད་ཀྱི་རྒྱུད་དུ་འདོད་དགོས་སམ་སྙམ་མོ། །དུར་ཁྲོད་ནག་པོའི་རྒྱུད་བྱ་བ་ཞིག་ཡོད་པ་ནི། ཆོས་རྗེ་བུ་སྟོན་ལ་སོགས་པའི་མཁས་པ་ཕལ་ཆེ་བས་རྒྱུད་བརྫུས་མར་བཞེད་ལ། ཁོ་བོ་ཡང་དེ་ལྟར་ཡིན་ནོ་སྙམ་མོ། །དཔལ་རྡོ་རྗེ་ནག་པོ་ཆེན་པོ་ཁྲོས་པའི་མགོན་པོ་གསང་བ་དངོས་གྲུབ་འབྱུང་བ་ཞེས་བྱ་བའི་རྒྱུད་ལེའུ་ཉེར་ལྔ་པ་གཅིག་ཡོད་པ། དེར་མགོན་པོ་ཕྱག་བཞི་པའི་རྣམ་གཞག་གཙོ་བོར་སྟོན་ཅིང་། མགོན་པོ་ཞལ་གཅིག་ཕྱག་དྲུག་པ་འདི་དང་། བེར་ལ་སོགས་པ་ཡང་སྔགས་དང་བཅས་པ་གསལ་བར་གསུངས་ལ། དཔལ་ནག་པོ་ཆེན་པོའི་རྒྱུད་ལེའུ་ལྔ་བཅུ་པ་ལས། མགོན་པོ་འདི་ཉིད་ཞལ་གསུམ་ཕྱག་དྲུག་པ་ལྷ་མོ་བཞིའི་འཁོར་དང་བཅས་པ་གསལ་བར་གསུངས་སོ།། །།