Mgon po'i gtor chog rgyas pa'i kha skong

From Shangpa Resource Center
Revision as of 10:41, 2 December 2018 by Sengue (talk | contribs)








Resource ID SCv4p273
Title dpal myur mdzad ye shes kyi mgon po'i gtor chog rgyas pa'i kha skong dmigs rim dang bcas pa gsal bar bkod pa las bzhi lhun grub
Topics Chadrupa, Torma offering
Author Jamgön Kongtrül Lodrö Thayé

༄༅། །དཔལ་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོའི་གཏོར་ཆོག་རྒྱས་པའི་ཁ་སྐོང་དམིགས་རིམ་དང་བཅས་པ་གསལ་བར་བཀོད་པ་ལས་བཞི་ལྷུན་གྲུབ་ཅེས་བྱ་བ་བཞུགས་སོ།།

།ན་མོ་གུ་རུ་ཛྙཱ་ན་ནཱ་ཐཱ་ཡ།
སྤྱན་རས་གཟིགས་དབང་ཐུགས་རྗེའི་སྒྱུ་འཕྲུལ་ནི། །བདུད་འདུལ་ནག་པོ་ཆེན་པོའི་སྐུར་སྟོན་པ། །བླ་མ་མགོན་པོ་དབྱེར་མེད་དེར་བཏུད་ནས། །གཏོར་ཆོག་རྒྱས་པའི་ཁ་སྐོང་ཁྲིགས་སུ་དགོད།
།རྗེ་བཙུན་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐས་མཛད་པའི་མགོན་པོའི་སྒྲུབ་ཐབས་གཏོར་ཆོག་དང་བཅས་པ་ཕྲིན་ལས་གཏེར་མཛོད་ཅེས་བྱ་བ་དགུང་གྲངས་ཉེར་བདུན་པར་མཛད་པ་འདི་ནི་ཉམས་སུ་ལེན་བྱ་ཐམས་ཅད་ཚང་ཞིང་གསལ་ལ་རྒྱས་པས་མགོན་པོ་འདིའི་རྣལ་འབྱོར་པ་རྣམས་ལ་མེད་དུ་མི་རུང་བའི་ཡིག་ཆ་ཡིན་ལ། དེ་ལས་བསྡུས་པ་ད་ལྟའི་སྒྲུབ་ཐབས་རིན་འབྱུང་གི་བསྡེབས་སུ་བཞུགས་པ་འདིར་ནི་གྲིབ་སེལ་གནད་དབབ་རྒྱས་པར་འཛུད་པར་མ་གནང་བས་དེ་དག་གི་བཀའ་ཐོབ་ཅིང་བསྙེན་སྒྲུབ་བྱེད་པ་སོགས་ལ་ཅུང་ཟད་མི་བདེ་བར་མངོན་ཞིང་གཏོར་ཆོག་ཙམ་ལ་ཁྱེར་བདེ་བར་མཐོང་། ཡང་དེ་དག་ཚང་ཞིང་ཚིག་ཚོགས་ཤིན་ཏུ་བསྡུས་པ་དགུང་ལོ་ཉེར་གསུམ་པར་མཛད་པ་ཞིག་ཀྱང་འདུག་ལ། གངས་དཀར་སྐུ་གཉེར་ཉི་མ་རྣམ་རྒྱལ་ལ་གནང་བའི་ཆེས་བསྡུས་པ་འདི་དག་ནི་རྒྱུན་གྱི་རྣལ་འབྱོར་ལྟ་བུར་སྤྲོས་པ་མི་ལྕོགས་པ་རྣམས་ལ་ཉེ་བར་མཁོ་བ་ཡིན་ནོ། །འདི་དག་ཐམས་ཅད་ལའང་བཀའ་སྤྱི་དང་ཁྱད་པར་སྙིང་ཞུགས་བླ་མགོན་དབྱེར་མེད་ཀྱི་བྱིན་རླབས་དང་ཁྲིད་ནོས་ཤིང་བསྙེན་སྒྲུབ་ཉམས་ལེན་སྔོན་དུ་སོང་བ་དག་གིས་བདག་མདུན་གཉིས་ཀ་མགོན་པོ་གཙོ་འཁོར་དུ་བསྐྱེད་ཆོག་ལ། བཀའ་ཐུན་མོང་བ་ཙམ་ལས་མ་ཐོབ་ཅིང་བསྙེན་སྒྲུབ་སྔོན་དུ་མ་སོང་བ་དག་གིས་ནི་བདག་ཉིད་ཡི་དམ་དང་། མདུན་དུ་མགོན་པོ་འཁོར་བཅས་བསྐྱེད་པ་ཉིད་ལེགས་པ་ཡིན། བདག་བསྐྱེད་ཡི་དམ་གང་རུང་དུ་བསྒོམ་པར་གསུངས་པ་ལྟར་བཀའ་གདམས་གསར་མ་དག་གིས་བདག་བསྐྱེད་རྟ་མགྲིན་གསང་སྒྲུབ་ལ་མཛད་པས་མཚོན་མཐའ་གཅིག་ཏུ་ངེས་པ་མ་ཡིན་ཀྱང་། རང་རེ་རྣམས་ཀྱི་རྒྱུན་གྱི་ལག་ལེན་དུ་རྒྱུད་སྡེ་ལྔ་གཙོ་བསྡུས་ཀྱི་ལུས་དཀྱིལ་རྗེ་བཙུན་རིན་པོ་ཆེས་མཛད་པ་འདིས་བྱེད་དགོས་པ་ཡིན། གཏོར་སྒྲུབ་སྐབས་ལྟ་བུར་རྗེ་བཙུན་ཉིད་ཀྱིས་མཛད་པའི་སྐྱེར་སྒང་རྟ་མགྲིན་གྱི་ལས་བྱང་དྲེགས་པ་ཀུན་འདུལ་ཉིད་བཏང་ན་འབྲེལ་ཆགས་ཤིང་ཆེས་ལེགས་པར་འབྱུང་བའང་འཕྲོས་སུ་སྨོས་པའོ། །འདིར་ཕྲིན་ལས་རྒྱས་པ་ཉིད་གཞིར་བཞག་རྒྱུན་དུ་དེ་ལས་ཅུང་ཟད་བསྡུ་བར་འོས་པ་དང་། གཏོར་སྒུབ་གཏོར་ཆེན་ཉེར་དགུའི་དུས་མཆོད། གཞན་ཡང་འཕར་མ་ལྟ་བུའི་སྐབས་ཁ་སྐོང་བར་འོས་པ་རྣམས་ཕོགས་གཅིག་ཏུ་བསྡོམས་ཏེ་བྲི་བར་བྱ་བ་ལ། ཐོག་མར་མངོན་རྟོགས་རྒྱས་པ་ནི།
ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ།
སྟོང་པའི་ངང་ལས་ཧཱུྃ་ཡིག་ལས་བྱུང་བའི་སྲུང་འཁོར་གྱི་ནང་། མི་བཟད་པའི་དུར་ཁྲོད་ཆེན་པོའི་དབུས་སུ་པཾ་ལས་སྣ་ཚོགས་པདྨ་དང་། རཾ་ལས་ཉི་མའི་སྟེང་དུ་གཾ་དཀར་པོ་འོད་དུ་ཞུ་བ་ལས། དཔལ་ཚོགས་ཀྱི་བདག་པོ་དཀར་པོ་གླང་པོ་ཆེའི་དབུ་ལ་སྤྱན་གསུམ་པ། ཕྱག་གཡས་སའི་སྙིང་པོ་ལ་ཕུག་ལོ་མ་དང་བཅས་པ་ཞལ་དུ་གསོལ་བ། གཡོན་ནེའུ་ལེ་རིན་པོ་ཆེ་སྐྱུག་པ་འཛིན་པ། དར་དང་རིན་པོ་ཆེས་བརྒྱན་པ། ཁ་བཤང་བ་སྤུའི་ཁུང་བུ་རྣམས་ནས་ནོར་བུའི་ཆར་འབེབས་པ་ཉལ་སྟབས་སུ་གནས་པ། དེའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་གྲི་གུག་འབར་བ་ཧཱུྃ་མཐིང་ནག་གིས་མཚན་པ། དེ་ལས་འོད་ཟེར་འཕྲོས། དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། སླར་འདུས་ཏེ་ཐིམ་པ་ཡོངས་སུ་གྱུར་པ་ལས། མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་སྐྱེ་འགྲོའི་རེ་བ་ཚུལ་བཞིན་དུ་སྐོང་བ། སྐུ་མདོག་དུས་མཐའི་སྤྲིན་ལྟར་རབ་ཏུ་གནག་པ། ཞལ་གཅིག་ཕྱག་དྲུག་པ་དམར་ལ་ཟླུམ་པའི་སྤྱན་གསུམ་སྡང་མིག་ཏུ་གཟིགས་པ། ཞལ་གདངས་ཤིང་མཆེ་བ་གཙིག་པ། ལྗགས་འདྲིལ་བ། ཁོང་ནས་འཁྲུགས་ཤིང་རྔམས་པའི་ཞལ་དྲག་ཏུ་བཞད་པ། སྨ་ར་དང་སྨིན་མ་དང་། དབུ་སྐྲ་ཁམ་ནག་གྱེན་དུ་བརྫེས་པ། དཔྲལ་བར་སིནྡཱུ་རའི་ཐིག་ལེས་བྱུགས་པ། སྤྱི་བོར་མི་བསྐྱོད་རྒྱལ་པོས་རྒྱས་བཏབ་པ། ཕྱག་གཡས་ཀྱི་དང་པོས་རྡོ་རྗེ་གྲི་གུག་དང་། གཡོན་དང་པོས་ཐོད་པ་ཁྲག་གིས་གང་བ་ཐུགས་ཀར་སྟེང་འོག་ཏུ་འཛིན་པ། ཕྱག་གཡས་བར་པས་ཐོད་སྐམ་གྱི་ཕྲེང་བ། ཐ་མས་ཌཱ་མ་རུ་དྲག་ཏུ་འཁྲོལ་བ། གཡོན་གཉིས་པ་ན་མདུང་རྩ་གསུམ་པ། ཐ་མ་ན་རྡོ་རྗེའི་ཞགས་པ་ནག་པོ་བསྣམས་པ། ཞབས་གཉིས་སྲིད་གསུམ་རྣམ་པར་གནོན་པའི་ཤུགས་ཅན་མཉམ་པའི་སྟབས་ཀྱིས་བགེགས་ཀྱི་རྒྱལ་པོ་གནོན་ཅིང་བརྫིས་པ། གླང་པོ་ཆེའི་པགས་པའི་སྟོད་གཡོགས་ཤིང་། སྟག་ལྤགས་ཀྱི་ཤམ་ཐབས་ལ་དར་ལྗང་གུའི་སྐེ་རགས་བཅིངས་པ། ཀླུ་ཆེན་པོའི་རྒྱན་གྱིས་བརྒྱན་པ་སྟེ། སྦྲུལ་སྔོན་པོས་དབུ་སྐྲ་བཅིངས་ཤིང་། དམར་པོའི་སྙན་ཆ། ཁྲ་བོའི་དཔུང་རྒྱན། དཀར་པོའི་མགུལ་རྒྱན། སེར་པོའི་ལག་གདུབ། ལྗང་གུའི་དོ་ཤལ། དཀར་པོའི་རྐང་གདུབ་དང་སྐེ་རགས་ཅན། ཕྱག་ཞབས་ཐམས་ཅད་ལ་དྲིལ་བུ་གཡེར་ཁའི་ཕྲེང་བ་དང་ལྡན་པ། སྦོམ་ཐུང་ལྟོ་བ་རྒྱས་ཤིང་ཡན་ལག་ཧྲགས་པ། བཟོད་པར་དཀའ་བའི་གཟི་བརྗིད་མཐའ་ཡས་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་། རློན་པ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་བྱས་པ། རུས་པའི་རྒྱན་དྲུག་གིས་མཛེས་པ། རིན་པོ་ཆེའི་དབུ་རྒྱན་ཅན། ཧ་ཧ་དང་ཧཱུྃ་ཧཱུྃ་ཕཊ་ཕཊ་ལ་སོགས་པ་འཇིགས་པའི་ང་རོ་འབྲུག་ལྟར་སྒྲོག་པས་བདུད་དང་དགྲ་བགེགས་ཐམས་ཅད་བརླག་པར་མཛད་པ། བསྐལ་པའི་མེ་ལྟ་བུའི་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་ན་བཞུགས་ཤིང་། ཙནྡན་གྱི་སྡོང་པོ་ལ་རྒྱབ་བརྟེན་པའོ། །དེའི་གཡོན་དུ་ཁྲག་ཞག་འཁྲུགས་པའི་རྒྱ་མཚོའི་དབུས་སུ་བྷྱོཿལས་དཔལ་ལྡན་ལྷ་མོ་འདོད་པ་ཁམས་ཀྱི་དབང་ཕྱུག་མ་སྐུ་མདོག་ནག་མོ་རྔམ་ཞིང་ཁྲོས་པ། ཕྱག་གཡས་ཀྱིས་བདུད་ཀྱི་ཁྲམ་ཤིང་ནག་པོ་འཕྱར་ཞིང་། གཡོན་ནད་ཀྱི་རྐྱལ་པ་འཛིན་པ། ཆིབས་ཀྱི་སྔ་ལོང་ལ་ཤོ་རྡེའུ་དཀར་ནག་དང་། བྱད་དམར་ཁྲེས་པོ། ཕྱི་ལོང་ལ་མཚོན་གྱི་གྲུ་གུ་སྟེ་སྤྲུལ་པའི་མཚོན་ཆ་ལྔ་དང་བཅས་པ། སྤྱན་གསུམ་མཆེ་གཙིགས་ཁྲོ་གཉེར་བསྡུས་པ། དབུ་སྐྲ་གྱེན་དུ་འཁྱིལ་ཞིང་སྤྱི་བོར་རྨ་བྱའི་མདོངས་ཀྱིས་བརྒྱན་པ། ལྟེ་བ་ནས་ཉི་མ་དང་སྤྱི་གཙུག་ནས་ཟླ་བ་འཆར་བ། དྲེའུ་རྟ་རྐང་གསུམ་ལ་ཆིབས་པ། སྲིན་པོའི་ཡ་མགལ་ལ་སྒའི་སྔ་རུ་བྱས་ཤིང་མ་མགལ་ལ་ཕྱི་རུ་བྱས་པ། གླང་པོ་ཆེའི་ཀོ་བས་སྟོད་གཡོགས་ཤིང་བ་ལང་གི་ཀོ་བས་སྨད་གཡོགས་པ། རེ་ལྡེའི་ཤམ་ཐབས་དང་གོས་ནག་གསོལ་བ། རུས་པའི་རྒྱན་དང་མི་མགོའི་དབུ་རྒྱན་དང་དོ་ཤལ། སྙན་གཡས་པ་ལ་དུག་སྦྲུལ། གཡོན་པ་ལ་སེང་གེས་བརྒྱན་པ། མེ་དཔུང་དང་རླུང་ནག་འཚུབ་མར་འཚུབས་པའི་དབུས་ན་བཞུགས་ཤིང་། འཁོར་ཤ་ཟ་དང་། མ་མོ་མཁའ་འགྲོ་འབུམ་སྡེས་བསྐོར་བའོ། །གཙོ་བོའི་མདུན་དུ་ཀྵིཾ་ལས་གནོད་སྦྱིན་ཀྵེ་ཏྲ་པཱ་ལ་སྐུ་མདོག་མཐིང་ནག་ཁ་གདངས་ཤིང་མཆེ་བ་གཙིགས་ནས་དགྲ་ལ་འོ་དོད་འབོད་པ། ཤངས་ནས་དུས་མཐའི་རླུང་ལྡངས་པ། ཕྱག་གཡས་པས་གྲི་གུག་ནམ་མཁའ་ལ་འཕྱར་བས་ལྷ་དང་ལྷ་མིན་ཐམས་ཅད་སྐྲག་པར་བྱེད་པ། གཡོན་ཐོད་ཁྲག་དགྲ་བགེགས་ཀྱི་སྙིང་དང་བཅས་པ་གཙོ་བོའི་ཞལ་དུ་སྟོབ་པ། དོམ་ནག་སྨྱོན་པ་ལ་ཆིབས་པ། འཁོར་གནོད་སྦྱིན་གདུག་པའི་ཚོགས་ཀྱིས་བསྐོར་བ། གཡས་སུ་ཧཱུྃ་ལས་དབང་ཕྱུག་ཛི་ན་མི་ཏྲ། སྐུ་མདོག་དམར་ནག་སྲིན་པོ་ཁྲོས་པའི་གཟུགས་ཅན། ཞལ་ནས་དུག་དང་ཁྲག་གི་ཆར་འབེབས་པ། ཕྱག་གཡས་ཌཱ་མ་རུ་དྲག་ཏུ་འཁྲོལ་ཞིང་། གཡོན་སྡིགས་མཛུབ་ཀྱི་རྩེ་ལ་མེ་འབར་བ། འཁོར་གཟའ་དང་སྲིན་པོའི་ཚོགས་ཀྱིས་བསྐོར་བ། རྒྱབ་ཏུ་ཊཾ་ལས་གཤིན་རྗེ་ཊཱཀྐི་རཱ་ཛ་སྐུ་མདོག་ནག་པོ་མིའི་ཤ་ཁྲག་ལ་ཆེས་རྔམ་པ། ཕྱག་གཡས་རྒྱུ་མའི་ཞགས་པ་དགྲ་ལ་འཕེན་ཅིང་། གཡོན་སྡིགས་མཛུབ་གནོད་བྱེད་ལ་སྡིགས་པ། གཤིན་རྗེའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། གསུམ་ཀའང་རུས་པའི་རྒྱན་གྱིས་བརྒྱན་ཅིང་། སྟག་ལྤགས་ཀྱི་ཤམ་ཐབས་ཅན། གཡོན་དུ་ཧཱུྃ་ལས་བདུད་མགོན་ཆེན་པོ་ཏྲཀྴད་སྐུ་མདོག་དུས་མཐའི་སྤྲིན་ལྟར་གནག་པ། ཕྱག་གཡས་རུ་མཚོན་མདུང་དམར་རྩེ་གསུམ་པ་དགྲ་བོའི་སྙིང་ཁར་བསྣུན་པ། གཡོན་ཐོད་པ་ཁྲག་གིས་གང་བ་ཞལ་དུ་གསོལ་བ། ཡ་སོས་མ་མཆུ་མནན་ཅིང་མཆེ་བ་གཙིགས་པ། དར་ནག་གི་འཇོལ་བེར་མུན་པའི་གཡུང་དྲུང་རིས་དང་། སག་ཏིའི་ལྷམ་ཡུ་རིང་གསོལ་བ། གསེར་གྱི་སྐེ་རགས་བཅིངས་པ། བདུད་རྟ་ནག་པོ་རྟིང་དཀར་ལ་ཆིབས་པ། འཁོར་ལྷ་དང་བདུད་དམག་གི་ཚོགས་དཔག་ཏུ་མེད་པས་བསྐོར་བའོ། །བཞི་ཀའང་དམར་ལ་ཟླུམ་པའི་སྤྱན་གསུམ་དགྲ་བགེགས་ལ་སྡང་མིག་ཏུ་ལྟ་བ། མི་བཟད་པའི་མཆེ་བ་རྣམ་པ་བཞི་གཙིགས་པ། གཏུམ་ཞིང་ཁྲོས་ལ་ཆེར་འཁྲུགས་པ། འཇིགས་རུང་མི་སྡུག་པའི་རྣམ་པ་ཅན་སྨ་ར་དང་སྨིན་མ་དང་དབུ་སྐྲ་དམར་སེར་མེ་ལྟར་འབར་བ། ཐོད་སྐམ་གྱི་དབུ་རྒྱན་དང་། མི་མགོ་ཁྲག་འཛག་པའི་དོ་ཤལ་ཅན། མེ་རླུང་དྲག་ཏུ་འཚུབས་པའི་ཀློང་དཀྱིལ་དུ་བཞུགས་པའོ། །དེའི་ཕྱི་རོལ་དུ་ཤར་དུ་བརྒྱ་བྱིན་སེར་པོ་གླང་པོ་ཆེ་ལ་ཞོན་པ་རྡོ་རྗེ་འཛིན་པ། ཤར་ལྷོར་མེ་ལྷ་དམར་པོ་ར་སྐྱེས་ལ་ཞོན་པ་བགྲང་ཕྲེང་འཛིན་པ། ལྷོར་གཤིན་རྗེ་སྔོན་པོ་མ་ཧེ་ལ་ཞོན་པ་དབྱུག་ཐོ་འཛིན་པ། ལྷོ་ནུབ་ཏུ་སྲིན་པོ་སྨུག་ནག་རོ་ལངས་ལ་ཞོན་པ་རལ་གྲི་འཛིན་པ། ནུབ་ཏུ་ཆུ་ལྷ་དཀར་པོ་ཆུ་སྲིན་ལ་ཞོན་པ་སྦྲུལ་ཞགས་འཛིན་པ། ནུབ་བྱང་དུ་རླུང་ལྷ་ལྗང་གུ་ཤ་བ་ལ་ཞོན་པ་བ་དན་འཛིན་པ། བྱང་དུ་གནོད་སྦྱིན་སེར་པོ་རྟ་ལ་ཞོན་པ་ནོར་བུས་མཚན་པའི་བེ་ཅོན་འཛིན་པ། བྱང་ཤར་དུ་འབྱུང་པོ་དཀར་པོ་གླང་ལ་ཞོན་པ་རྩེ་གསུམ་འཛིན་པ་ལྷ་མོ་གཽ་རཱི་ལ་འཁྱུད་པ། སྟེང་དུ་ཚངས་པ་སེར་པོ་ངང་པ་ལ་ཞོན་པ་བུམ་པ་འཛིན་པ། འོག་ཏུ་ས་བདག་ནག་པོ་ཕག་པ་ལ་ཞོན་པ་རིན་པོ་ཆེ་འབར་བ་འཛིན་པ། ཐམས་ཅད་ཀྱང་རང་རང་གི་རིགས་མཚུངས་འབུམ་འབུམ་གྱིས་ཡོངས་སུ་བསྐོར་བ་ཕྱག་གཡོན་པས་གཙོ་བོ་ལ་འདུད་པའོ། །གཞན་ཡང་མ་ཧཱ་དེ་བ་ལ་སོགས་པ་ལྷ་ཆེན་པོ་བརྒྱད། ནོར་རྒྱས་ལ་སོགས་པ་ཀླུ་ཆེན་པོ་བརྒྱད། ཉི་མ་ལ་སོགས་པ་གཟའ་ཆེན་པོ་བརྒྱད། དྲག་པོ་ལ་སོགས་པ་འཇིགས་བྱེད་ཆེན་པོ་དགུ། སྨིན་དྲུག་ལ་སོགས་པ་རྒྱུ་སྐར་ཉི་ཤུ་རྩ་བརྒྱད། ཡུལ་འཁོར་སྲུང་ལ་སོགས་པ་རྒྱལ་པོ་ཆེན་པོ་བཞི་སྟེ། གཙང་རིས་ཀྱི་མགོན་པོ་བདུན་ཅུ་རྩ་ལྔ་པོ་ཐམས་ཅད་ཀྱང་འཁོར་བྱེ་བ་བྱེ་བའི་ཚོགས་ཀྱིས་བསྐོར་བ། དེའི་ཕྱི་རོལ་དུ་འཁོར་དམ་ཅན་རྒྱ་མཚོའི་དམག་ཚོགས་ལྷ་མ་སྲིན་སྡེ་བརྒྱད་རྣམས་ཤ་ལ་དགའ་བ་ཁྲག་ལ་རོལ་པ། སྙིང་རྗེ་མེད་པ། ཁ་གདངས་བ། མིག་རྩ་དམར་བ། མཆེ་བ་གཙིགས་པ། བཞིན་བསྡུས་པ། གཏུམ་ཞིང་འཇིགས་ལ་མི་སྡུག་པའི་རྣམ་པ་ཅན། ལག་ན་གདུག་པའི་མཚོན་ཆ་སྣ་ཚོགས་པ་ཐོགས་པ། སྐད་ཅིག་ལ་སྐྱེ་འགྲོ་ཐམས་ཅད་ཀྱི་སྲོག་དབུགས་སྡུད་པ། གནོད་སྦྱིན་དང་། སྲིན་པོ་དང་། ཤ་ཟ་དང་། གཤིན་རྗེ་དང་། བདུད་དང་། མ་མོའི་ཆ་ལུགས་ཅན། ས་གཞི་བར་སྣང་ནམ་མཁའི་དབྱིངས་ཐམས་ཅད་ཡོངས་སུ་གང་བ། ཐམས་ཅད་ཀྱང་སྒྲུབ་པ་པོའི་རེ་འདོད་ཚུལ་བཞིན་དུ་སྐོང་བར་མཛད་པའོ། །དེ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། ཤར་ལྷོ་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ། ཙནྡན་གྱི་ཤིང་རྐང་གཅིག་པའི་དྲུང་ནས། མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ། སྟེང་ན་རྩ་བརྒྱུད་ཀྱི་བླ་མ། གཡས་ན་དཔའ་བོ་ངར་དང་བཅས་ཤིང་། གཡོན་ན་དཔའ་མོ་འཛུམ་དང་བཅས་པ། བཀའ་སྡོད་ཞིང་སྐྱོང་ཕོ་ཉ་དམ་ཅན་རྒྱ་མཚོའི་དམག་ཚོགས་དང་བཅས་པ་ཐམས་ཅད་སྐད་ཅིག་དེ་ཉིད་ལ་ཌཱ་མ་རུ་དང་དྲིལ་བུ་གཡེར་ཁའི་སྒྲ་སི་ལི་ལི་ཁྲོ་ལོ་ལོ་འུར་འུར་ཆེམ་ཆེམ་དུ་བྱོན་པར་གྱུར།
དས་ནས་སྤྱན་འདྲེན་ལ་འཇུག མཐར་མཆོད་ཕྲེང་ཚིག་ཚོགས་རྒྱས་པར་སྤྲོ་ན།
ཧཱུྃ། བླ་མ་ཡེ་ཤེས་མགོན་པོ་འཁོར་བཅས་ཀྱི། །རྡོ་རྗེའི་དབང་པོ་རྣམ་པ་ཐམས་ཅད་པ། །མཉེས་བྱེད་ཕྱི་ནང་གསང་མཆོད་རྡོ་རྗེའི་སྤྲིན། །དངོས་འབྱོར་ཡིད་བྱུང་ཏིང་འཛིན་རོལ་པས་མཆོད།
།དྲི་མེད་ཡན་ལག་བརྒྱད་ལྡན་མཆོད་ཡོན་སྦྲེང་། །དམར་ཆེན་ཁྲག་གི་རྦ་རླབས་དགུང་དུ་འཕྱོ། །ཡིད་བྱེད་མཚན་རྟོག་དྭངས་པའི་ཕྱག་རྒྱ་ཆེ། །ཡེ་ཤེས་མགོན་པོ་འཁོར་བཅས་མདུན་སར་འབུལ། ཨོཾ་ཤྲཱི་བཛྲ་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་པྲ་ཏཱི་ཙྪ་སྭཱ་ཧཱ།
རྙོགས་མེད་རེག་འཇམ་བསིལ་ཞིང་དྭངས་པའི་ཆུ། །གསོད་བྱེད་ནག་པོ་བརྩེགས་པས་སྤགས་པའི་མཚོ། །ཉེས་པ་ཀུན་འཁྲུད་དག་བྱེད་ཨ་ཡི་ཆབ། །ཡེ་ཤེས་མགོན་པོ་འཁོར་བཅས་ཞབས་ལ་འབུལ། །སྔགས་ཐོག་མཐའ་སྔར་ལྟར་ལ། བཛྲ་པཱདྱཾ༴
།ཨུཏྤལ་ཆུ་སྐྱེས་སྣ་ཚོགས་འདབ་བརྒྱའི་ཕྲེང་། །དབང་པོ་རྣམ་ལྔ་དུག་གི་མེ་ཏོག་བཀྲ། །འབར་འཛག་བདེ་སྟོང་པདྨོ་རབ་བཞད་པ། །ཡེ་ཤེས་མགོན་པོའཁོར་བཅས་དབུ་ལ་འབུལ། །པུཥྤེ༴
།སྦྱར་དང་ལྷན་སྐྱེས་དྲི་བཟང་ཞིང་ཀུན་ཁྱབ། །ཚིལ་ཆེན་དུད་པའི་སྤྲིན་ཕུང་ནམ་མཁའ་གང་། །ཆོས་ཀུན་བདེན་མེད་སྒྱུ་མར་རང་ཤར་སྤོས། །ཡེ་ཤེས་མགོན་པོ་འཁོར་བཅས་ཤངས་ལ་འབུལ། །དྷཱུ་པེ༴
།ཉི་ཟླ་ནོར་བུ་མར་མེའི་སྣང་བ་བརྡལ། །ཞུན་ཆེན་མར་ནག་ཡི་དྭགས་མེ་ཡིས་སྤར། །ཀུན་རྟོག་དབུ་མར་ཐིམ་པའི་འོད་གསལ་བ། །ཡེ་ཤེས་མགོན་པོ་འཁོར་བཅས་སྤྱན་ལ་འབུལ། །དི་པེ༴
།ག་བུར་ཙནྡན་གུར་གུམ་སྦྱར་བའི་ཆུ། །ཁྲག་ཆེན་ཞག་གི་སྤྲིས་ཆགས་སྒྲོན་མེ་ལྔ། །ཉིང་འཁྲུལ་ལྷ་སྐུ་རང་ཤར་བྱུགས་པའི་མཆོག །ཡེ་ཤེས་མགོན་པོ་འཁོར་བཅས་སྐུ་ལ་འབུལ། །གནྡྷེ༴
།རོ་བརྒྱ་ནུས་པ་སྟོང་ལྡན་བཟའ་བཅའི་རིགས། །དགྲ་བགེགས་ཤ་རུས་ཁྱད་པར་ལྕགས་ཀྱུ་ལྔ། །མ་བསྒོམས་འཚང་རྒྱ་ཡེ་ཤེས་ཟང་ཐལ་བཅུད། །ཡེ་ཤེས་མགོན་པོ་འཁོར་བཅས་ལྗགས་ལ་འབུལ། །ནཻ་ཝི་དྱ༴
།སིལ་ཆོལ་དུང་དང་གླིང་བུ་རྔ་བོ་ཆེ། །དུར་ཁྲོད་རྫས་ཆེན་འབྱུང་བ་འཁྲུགས་པའི་སྒྲ། །ལུས་གསུམ་སྦྱངས་པའི་སྐུ་གསུམ་རང་ཤར་དབྱངས། །ཡེ་ཤེས་མགོན་པོ་འཁོར་བཅས་སྙན་ལ་འབུལ། །ཤཔྡ༴
།དེ་ཙམ་མམ། འདོད་ཡོན་ལྔའང་སྤྲོ་ན།
སྣོད་བཅུད་སྣང་བ་ཐོགས་བཅས་ཐོགས་མེད་ཚོགས། །ཡུལ་ཤེས་རྣམ་དག་གཟུགས་ཀྱི་རྡོ་རྗེ་མ། །རང་ཤར་ལྷ་སྐུ་ཕྱག་རྒྱའི་འདུ་འཕྲོ་ཡིས། །ཡེ་ཤེས་མགོན་པོའི་སྤྱན་མཆོག་ཚིམས་གྱུར་ཅིག །ཨོཾ་ཤྲཱི་བཛྲ་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་རཱུ་པ་ཀཱ་མ་གུ་ཎཱ་པྲ་ཏཱི་ཙྪ་སྭཱ་ཧཱ།
ཟིན་དང་མ་ཟིན་ཕྱི་ནང་བརྗོད་པའི་ཚོགས། །ཡུལ་ཤེས་རྣམ་དག་སྒྲ་ཡི་རྡོ་རྗེ་མ། །གཞོམ་མེད་རང་བྱུང་སྔགས་ཀྱི་སྒྲ་དབྱངས་ཀྱིས། །ཡེ་ཤེས་མགོན་པོའི་སྙན་མཆོག་ཚིམས་གྱུར་ཅིག །ཤཔྡ༴
།རང་བྱུང་ཡོངས་སུ་སྦྱར་ལས་སྐྱེས་པའི་ངང་། །ཡུལ་ཤེས་རྣམ་དག་དྲི་ཡི་རྡོ་རྗེ་མ། །འོད་གསལ་ཕྱག་རྒྱ་ཆེན་པོར་འཁྱུད་པའི་དྲིས། །ཡེ་ཤེས་མགོན་པོའི་ཤངས་མཆོག༴ །གནྡྷེ༴
།རོ་མཆོག་བརྒྱ་ལྡན་བཟའ་བཅའ་བཏུང་བའི་ཚོགས། །ཡུལ་ཤེས་རྣམ་དག་རོ་ཡི་རྡོ་རྗེ་མ། །འཕོ་མེད་བདེ་ཆེན་རྟག་པའི་སིམ་བྱེད་ཀྱིས། །ཡེ་ཤེས་མགོན་པོའི་ལྗགས་མཆོག༴ །ར་ས༴
།ལྷབ་ལྷུབ་གོས་དང་གཡང་གཞིའི་ན་བཟའི་ཚོགས། །ཡུལ་ཤེས་རྣམ་དག་རེག་བྱའི་རྡོ་རྗེ་མ། །དགའ་བ་བཅུ་དྲུག་ལྷན་སྐྱེས་འཁྲིལ་ཆགས་ཀྱིས། །ཡེ་ཤེས་མགོན་པོའི་སྐུ་མཆོག་ཚིམས་གྱུར་ཅིག །སྤརྴེ༴
།དེ་ནས་ནང་མཆོད་ཅུང་ཟད་རྒྱས་པར་སྤྲོ་ན། བྱིན་རླབས་གོང་དུ་མ་སོང་ན་འདིར་བྱ། སོང་ན་གསར་དུ་མི་དགོས། མཐེབ་སྲིན་གྱིས་ཐིགས་གཏོར་སྤྱི་བོ་སྙིང་ག་ལྟེ་གསང་གི་ཐད་ནས་རིམ་པར་ཕུལ་བཞིན་དུ།
རྡོ་རྗེ་འཆང་དང་དབང་ཆེན་པདྨ་འབྱུང་། །ཤ་བ་རི་པ་མཻ་ཏྲཱི་རཱ་ཧུ་ལ། །ཁྱུང་པོ་རྨོག་ལྕོག་ཞང་སྒོམ་ཆོས་སེང་སོགས། །རྩ་བརྒྱུད་བླ་མའི་ཞལ་དུ་ཨོཾ་ཨཱཿཧཱུྃ། །འཁོར་ལོ་བདེ་མཆོག་དཔལ་ལྡན་གསང་བ་འདུས། །སྒྱུ་འཕྲུལ་ཆེན་མོ་དགྱེས་པ་རྡོ་རྗེ་དང་། །རྡོ་རྗེ་འཇིགས་བྱེད་ཧ་ཡ་གྲཱི་ཝ་སོགས། །ཡི་དམ་ལྷ་ཚོགས་ཞལ་དུ་ཨོཾ་ཨཱཿཧཱུྃ། །སྤྲོ་ན་གཙོ་འཁོར་གྱི་སྔགས་རྣམས་ཀྱི་མཐར་ཨོཾ་ཨཱཿཧཱུྃ་བཏགས་ལ་འབུལ།
མྱུར་མཛད་མ་ཧཱ་ཀཱ་ལ་རེ་མ་ཏི། །བཀའ་སྡོད་གནོད་སྦྱིན་བཞི་དང་ཕྱོགས་སྐྱོང་བཅུ། །གཙང་རིས་མགོན་པོ་བདུན་ཅུ་རྩ་ལྔ་སོགས། །དམ་ཅན་རྒྱ་མཚོའི་ཞལ་དུ་ཨོཾ་ཨཱཿཧཱུྃ། །གནས་གསུམ་དཔའ་བོ་རྣལ་འབྱོར་མ་རྣམས་དང་། །དཀར་ཕྱོགས་སྐྱོང་བ་གནས་དང་གཞི་ཡི་བདག །སྐྱེ་གཞི་ལམ་རྒྱུད་ལྔས་བསྡུས་འགྲོ་བ་རྣམས། །ཡེ་ཤེས་ལྷར་གསལ་ཞལ་དུ་ཨོཾ་ཨཱཿཧཱུྃ། །ཞེས་འབུལ་ལ་འབྲུ་གསུམ་བརྗོད་ཅིང་ལྷག་མ་རང་གིས་མྱོང་ངོ་། །དེ་ནས་ཐུན་མོང་མ་ཡིན་པའི་གནད་གསུམ་གྱི་ཐོག་མར་བླ་མ་མགོན་པོ་དབྱེར་མེད་ཀྱི་སྐབས་སུ། བདག་དང་སེམས་ཅན་ཐམས་ཅད་མགྲིན་གཅིག་ཏུ་གསོལ་བ་འདེབས་པར་མོས་ལ། ན་མོ་བུ་དྡྷ་ཡའི་སྔགས་བདུན་སོགས་ཀྱིས་གསོལ་བ་བཏབ་པའི་རྗེས་སུ།
བླ་མ་མགོན་པོ་དབྱེར་མེད་ལ། བདག་གིས་ཕྱི་མེ་ཏོག་བདུག་སྤོས། ནང་ཤ་ལྔ་བདུད་རྩི་ལྔ། གསང་བ་བདེ་སྟོང་གི་ཡེ་ཤེས། ཡང་གསང་དེ་ཁོ་ན་ཉིད་ཀྱི་མཆོད་པ་དམ་པ་རྣམས་འབུལ་ལོ། །ཞེས་དང་དམིགས་པ་ཆོས་དྲུག་དཀྱུས་ལྟར་བྱས་པའི་རྗེས་སུ། བདག་གི་ལུས་ལ་སྐུའི་བྱིན་རླབས་འཇུག་པར་མཛད་དུ་གསོལ། བདག་གི་ལུས་ལ་སྐུའི་བྱིན་རླབས་མ་ཞུགས་པ་ཞུགས་པར་གསོལ། བདག་གི་ལུས་ལ་སྐུའི་བྱིན་རླབས་ཞུགས་པར་གྱུར་ཏོ། །བདག་གི་ངག་ལ་གསུང་གི་བྱིན་རླབས་སོགས་དང་། །བདག་གི་ཡིད་ལ་ཐུགས་ཀྱི་བྱིན་རླབས་སོགས་དང་། །བདག་གི་ལུས་ངག་ཡིད་གསུམ་ལ་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞེས་འདོན་པ་སྤོས་ཏེ་གོང་གི་རིགས་འགྲེས་སྦྱར། སྐུའི་སྐབས་སུ་བླ་མའི་དཔྲལ་བ་ནས་འོད་ཟེར་དཀར་པོ་དང་མགོན་པོའི་དཔྲལ་བ་ལས་མགོན་པོ་སྐུ་ཆུང་ལ་ཡན་ལག་རགས་པ་ཌཱ་མརུ་དང་དྲིལ་བུའི་སྒྲ་སིལ་སིལ་ཁྲོལ་ཁྲོལ་ཧཱུྃ་ཕཊ་ཀྱི་སྒྲ་སྒྲོག་པ་དཔག་མེད་བྱོན་ཏེ་རང་གི་དཔྲལ་བར་ཐིམ། ལུས་ཀྱི་ནད་གདོན་སྡིག་སྒྲིབ་དག །བུམ་པའི་དབང་ཐོབ། མགོན་པོའི་སྐུ་དང་དབྱེར་མེད་དུ་གྱུར། དེས་འགྲེས་ཏེ། གསུང་ལས་འོད་ཟེར་དང་སྐུ་དམར་པོ་བྱོན། རང་གི་མགྲིན་པར་ཐིམ། ངག་གི་ནད་གདོན་སྡིག་སྒྲིབ་དག །གསང་བའི་དབང་ཐོབ། མགོན་པོའི་གསུང་དང་དབྱེར་མེད་དུ་གྱུར། ཐུགས་ལས་འོད་ཟེར་དང་སྐུ་མཐིང་ག་བྱོན། རང་གི་སྙིང་ཁར་ཐིམ། ཡིད་ཀྱི་ནད་གདོན་སྡིག་སྒྲིབ་དག །ཤེར་དབང་ཐོབ། མགོན་པོའི་ཐུགས་དང་དབྱེར་མེད་དུ་གྱུར། གནས་གསུམ་ཀ་ནས་འོད་ཟེར་དང་སྐུ་སྣ་ཚོགས་པ་བྱུང་། རང་གི་གནས་གསུམ་དུ་ཐིམ། སྒོ་གསུམ་ཆ་སྙོམ་གྱི་ནད་གདོན་སྡིག་སྒྲིབ་དག །དབང་བཞི་ཐོབ། མགོན་པོའི་ཡེ་ཤེས་རྡོ་རྗེ་དང་དབྱེར་མེད་དུ་གྱུར་པར་མོས་ལ།
ཀྱཻ། ཕྱོགས་བཅུ་དུས་གསུམ་སོགས་ཀྱིས་གསོལ་བ་བཏབ་གདུང་ཤུགས་བསྐྱེད་པས་མགོན་པོའི་ཞལ་ནས་ཁྱེས་ཀྱི་བར་ཆད་ཐམས་ཅད་ངས་སེལ། མཐུན་རྐྱེན་ཐམས་ཅད་ངས་སྒྲུབ་བོ་ཞེས་གསུང་ལྷང་ལྷང་བཞུགས་པར་མོས། སླར་མགོན་པོའི་སྐུ་ལུས་ཐམས་ཅད་ལས་འོད་ཟེར་དམར་ནག་མང་པོ་ཆད་པ་དང་། སྔར་གྱི་འོད་ཟེར་དང་མགོན་པོ་དེ་རྣམས་རང་གི་སྒོ་གསུམ་དང་དབྱེར་མེད་དུ་འདྲེས། ལུས་སེམས་ཐམས་ཅད་བདེ་བས་གང་བར་བསམ་ལ་བདེ་སྟོང་རྣམ་པར་མི་རྟོག་པའི་རང་ངོ་ལ་མཉམ་པར་བཞག །ཡང་ལུས་ཀྱི་ནང་ན་མགོན་པོ་དེ་རྣམས་གར་མཛད་ཅིང་ནད་གདོན་ཐམས་ཅད་དམར་ཆིལ་ཆིལ་ཞལ་དུ་གསོལ་བར་བསྒོམ་ལ་འདུག་ས་འདི་ཉིད་དུ་བྱིན་གྱིས་རློབས་ཤིག །ཅེས་པའི་སྐབས་སུ་རོལ་མོའི་སྒྲ་དྲག་པོ་བྱ། དེ་ནས་གསོལ་འདེབས་ཚིགས་བཅད་མ་ཅི་འགྲུབ་བརྗོད་ཅིང་། བླ་མ་མགོན་པོ་དབྱེར་མེད་ཀྱི་སྒྲུབ་པ་བྱེད་ན་སྐབས་འདིར། ཨོཾ་གུ་རུ་མ་ཧཱ་ཀཱ་ལ་སིདྡྷི་ཧཱུྃ། ཞེས་བཟླ་བྱའི་སྙིང་པོ་སྟེ་འདིའི་བཀའ་ཐོབ་ན་སྐོང་གསོའི་སྐབས་སུའང་བཟླས་པ་བརྒྱ་རྩ་ཙམ་བྱེད་པ་ལེགས་པའི་ཡན་ལག་ཏུ་འགྱུར་ཞིང་འདིའི་དམིགས་པ་ནི་གོང་གསལ་དེ་ཉིད་བསྐྱར་བ་ཁོ་ནའོ། །གཞུང་རྐྱང་ལས་སབ་ཁ་འདི་མི་བྱེད་པའི་སྐབས་སུའང་དམིགས་པ་ནི་གསོལ་འདེབས་ཀྱི་སྐབས་སུ་འགྲོ་དགོས་སོ། །གནད་གཉིས་པ་གྲིབ་སེལ་ཀྱི་སྐབས་སུ་རྒྱས་པ་དང་། བསྡུས་པ་གཉིས་ཡོད། རྒྱས་པ་ནི་གྲིབ་སེལ་སྒེར་དུ་སྒྲུབ་པ་སོགས་དེ་ཉིད་གཙོ་བོར་སྟོན་པའི་སྐབས་སུ་བྱ་རྒྱུ་ཡིན་ཏེ། དེའང་བླ་མ་རྡོར་སེམས་བསྐྱེད་ཆོག་གྲུབ་པའི་སྐབས། སྟེང་གི་ནམ་མཁའ་ལ་རྩ་བ་གསུམ་དང་དེ་བཞིན་གཤེགས་པ་ཐམས་ཅད་སྐུ་རྡོ་རྗེ་རྣམ་སྣང་དཀར་པོ་གསུང་རྡོ་རྗེ་འོད་དཔག་མེད་དམར་པོ་ཐུགས་རྡོ་རྗེ་མི་བསྐྱོད་པ་སྔོན་པོའི་རྣམ་པར་བྱོན་ཏེ་སྟེང་འོག་རིམ་པ་གསུམ་སྤྲིན་གཏིབས་པ་ལྟར་འཁོད་པར་མོས་ལ་མོས་གུས་བསྐྱེད་དེ།
སྐུ་རྡོ་རྗེ་ལྷ་ཚོགས་རྣམས་ཀྱིས་བླ་མའི་སྐུ་ལ་གྲིབ་ཀྱིས་ཕོག་པ་དང་སྐུའི་དམ་ཚིག་ཉམས་ཆག་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས། སྐུ་རྡོ་རྗེའི་ལྷ་ཚོགས་རྣམས་ལས་ཡི་གེ་བརྒྱ་པ་དཀར་པོའི་ཚོགས་འཕྲོས། བླ་མའི་དཔྲལ་བར་ཕོག་པས་བླ་མའི་སྐུ་ལ་གྲིབ་ཀྱིས་ཕོག་པ་དང་སྐུའི་དམ་ཚིག་ཉམས་ཆག་ཐམས་ཅད་བྱང་ཞིང་དག་པར་གྱུར། ཞེས་མོས་ལ་ཡིག་བརྒྱ་བཟླ། དེ་བཞིན་དུ་གསུང་དང་ཐུགས་ལ་སྦྱར་ཏེ་སོ་སོར་ཡིག་བརྒྱ་བཟླ།
དེ་ནས་བླ་མ་རིན་པོ་ཆེ་མགོན་པོའི་སྐུ་ལ་གྲིབ་ཀྱིས་ཕོག་པ་དང་སྐུའི་དམ་ཚིག་ཉམས་ཆག་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས། བླ་མའི་དཔྲལ་བ་ནས་ཡི་གེ་བརྒྱ་པ་དཀར་པོའི་ཚོགས་འཕྲོས། མགོན་པོའི་དཔྲལ་བར་ཐིམ་པས་སོགས་ཡིག་བརྒྱ་དང་། གསུང་ཐུགས་ཁ་བསྒྱུར་གོང་གིས་རིགས་འགྲེ།
བླ་མ་མགོན་པོ་དབྱེར་མེད། འཁོར་རྣམས་ཀྱི་སྐུ་ལ་སོགས་གསོལ་བ་གཏབ། བླ་མ་དང་མགོན་པོ་གཉིས་ཀའི་དཔྲལ་བ་ནས་ཡི་གེ་བརྒྱ་པ་དཀར་པོའི་ཚོགས་སོགས། གསུང་ཐུགས་ཡིག་བརྒྱ་བཅས་གོང་བཞིན།
བླ་མ་མགོན་པོ་དབྱེར་མེད་འཁོར་དང་བཅས་པ་རྣམས་ཀྱིས་བདག་སོགས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཉེས་ལྟུང་དམ་ཚིག་ཉམས་ཆག་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས་བླ་མ་མགོན་པོ་དབྱེར་མེད་འཁོར་དང་བཅས་པ་རྣམས་ཀྱི་གནས་གསུམ་ནས་ཡི་གེ་བརྒྱ་པ་དཀར་དམར་མཐིང་གསུམ་འཕྲོས། བདག་སོགས་ཀྱི་གནས་གསུམ་དུ་ཐིམ་པས་ལུས་ངག་ཡིད་གསུམ་ལ་གྲིབ་ཀྱིས་ཕོག་པ་དང་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་ཆག་ཐམས་ཅད་བྱང་ཞིང་དག་པར་གྱུར། ཞེས་མོས་ལ་ཡིག་བརྒྱ་བཟླ། ཕྱི་མ་འདིའི་སྐབས་སུ་ཡིག་རྙིང་ནས་བླ་མགོན་དབྱེར་མེད་ཀྱི་སྐབས་སུ་བཤད་པ་ལྟར་དབང་བཞིའི་དམིགས་པ་དང་སྦྲགས་ཏེ་དམིགས་བཟླས་སོ་སོར་ཕྱེ་བའང་བཤད་པས་ནུས་ན་དེ་ལྟར་ཡང་བྱའོ། །བསྡུས་པ་ནི་དགུ་གཏོར་སོགས་ཀྱི་དཀྱུས་ལ་སྦྱར་བར་བྱ་ཞིང་། དེའང་གོང་མ་ཉིད་ཅུང་ཟད་བསྡུ་བ་ཡིན་ཏེ།
རྡོ་རྗེ་གསུམ་གྱི་ལྷ་ཚོགས་རྣམས་ཀྱིས་བླ་མའི་སྐུ་གསུང་ཐུགས་ལ་གྲིབ་ཀྱིས་ཕོག་པ་དང་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་ཆག་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས་རྡོ་རྗེ་གསུམ་གྱི་ལྷ་ཚོགས་རྣམས་ཀྱི་གནས་གསུམ་ནས་ཡི་གེ་བརྒྱ་པ་དཀར་དམར་མཐིང་གསུམ་གྱི་ཚོགས་འཕྲོས། བླ་མའི་གནས་གསུམ་དུ་ཐིམ་པས་སྐུ་གསུང་ཐུགས་ལ་གྲིབ་ཀྱིས་ཕོག་པ་དང་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་ཆག་ཐམས་ཅད་བྱང་ཞིང་དག་པར་གྱུར། ཡིག་བརྒྱ་བདུན། དེས་འགྲེ་སྟེ།
བླ་མ་རིན་པོ་ཆེ། མགོན་པོའི་སྐུ་གསུང་ཐུགས་ལ་སོགས་དང་། བླ་མའི་གནས་གསུམ་ནས་ཡི་གེ་བརྒྱ་པ་སོགས་ཀྱི་མཐར་ཡིག་བརྒྱ་བདུན།
བླ་མ་མགོན་པོ་དབྱེར་མེད། འཁོར་རྣམས་དང་བདག་གི་སྒོ་གསུམ་ལ་གྲིབ་ཀྱིས་ཕོག་པ་དང་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་ཆག་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས། བླ་མ་མགོན་པོའི་གནས་གསུམ་ནས་ཡི་གེ་བརྒྱ་པ་དཀར་དམར་མཐིང་གསུམ་གྱི་ཚོགས་འཕྲོས། འཁོར་རྣམས་དང་བདག་གི་གནས་གསུམ་དུ་ཐིམ་པས། འཁོར་རྣམས་ཀྱི་སྐུ་གསུང་ཐུགས་ལ་གྲིབ་ཀྱིས་ཕོག་པ་དང་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་ཆག་ཐམས་ཅད་དག །བདག་གི་ལུས་ཀྱི་ནང་ཡི་གེ་བརྒྱ་པའི་འོད་ཟེར་གྱིས་གང་བས་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་རྩ་བ་ནས་བྱང་ཞིང་དག་པར་གྱུར། ཞེས་མོས་ལ་ཡིག་བརྒྱ་བདུན་བཟླའོ། །ཆོ་ག་དཀྱུས་ལྟར་ལ་འདིའི་སབ་ཁ་མི་བྱེད་པའི་ཚེ་ནའང་ཡིག་བརྒྱ་ཉེར་གཅིག་ལ་དམིགས་གནད་འདི་བཞིན་སོ་སོ་སྦྱར་དགོས་སོ། །དེ་ནས་སྐོང་བའི་མཐར་དམིགས་བསལ་དགོས་པ་དང་འབྲེལ་ན་བསྟོད་བསྐུལ་ཟློག་པ་དང་འབྲེལ་བ་འདིའང་བྱ་སྟེ།
ཧཱུྃ། ས་བཅུའི་དབང་ཕྱུག་མགོན་པོ་ནི། །གནས་ལ་ངེས་པ་མ་མཆིས་ཀྱང་། །སེམས་ཅན་སོ་སོའི་སྣང་ངོ་ལ། །རྡོ་རྗེ་གདན་གྱི་ལྷོ་ཕྱོགས་ངོས། །དུར་ཁྲོད་ཆེན་པོ་བསིལ་བའི་ཚལ། །འཇིགས་སུ་རུང་བའི་གནས་མཆོག་ན། །གཤིན་རྗེའི་ངར་སྐད་དི་རི་རི། །མ་མོའི་ཤུགས་གླུ་ཀྱུ་རུ་རུ། །རཀྟའི་རྒྱ་མཚོ་ཆི་ལི་ལི། །ཚིལ་ཆེན་ཞུན་མར་ལྷབས་སེ་ལྷབ། །གསུར་ཆེན་དུད་པ་ཆི་ལི་ལི། །ཕོ་བདུད་བྲོ་བརྡུང་ཆེམས་སེ་ཆེམ། །མོ་བདུད་ཤོན་སྐོར་སྒོ་རོ་རོ། །མི་རྐང་གླིང་བུ་ཀྱུ་རུ་རུ། །གཅན་གཟན་ངར་སྐད་འུ་རུ་རུ། །གློག་ཆེན་འབར་བ་ཁྱུགས་སེ་ཁྱུག །འབྲུག་སྒྲ་དྲག་པོ་ཆེམས་སེ་ཆེམ། །གནས་ལྕགས་སེར་ཆེན་ཤ་ར་ར། །བདུད་དང་སྲིན་པོའི་ཚོགས་རྣམས་ཀྱི། །འཇིགས་པའི་གད་མོས་ས་གཞི་གཡོ། །དེ་ལྟའི་གནས་མཆོག་དམ་པ་ན། །ཞལ་གཅིག་ཕྱག་དྲུག་འཇིགས་པའི་སྐུ། །ཞལ་གདངས་ལྗགས་འདྲིལ་རྐེན་རྡེབ་ཅིང་། །སྤྱན་གསུམ་དུས་མཐའི་མེ་ལྟར་འབར། །རྔམས་ཤིང་བརྗིད་ལ་ཡན་ལག་རགས། །དྲག་པོའི་ཧཱུྃ་སྒྲ་འབྲུག་ལྟར་སྒྲོག །ལྷུན་པོ་ལྟར་བརྗིད་མིག་སྨན་མདོག །ཀྵིཾ་ཀྵིཾ་འཇིགས་པའི་བཞད་སྒྲ་ཅན། །གྲི་གུག་ཐོད་ཕྲེང་ཅང་ཏེའུ་འཁྲོལ། །ཐོད་ཁྲག་རྩེ་གསུམ་ཞགས་པ་འཛིན། །གར་མཛད་དྲིལ་བུའི་སྒྲ་སྒྲོག་པ། །ཡུམ་གཅིག་མ་མོ་ཀུན་གྱི་བདག །སྲོག་གཅོད་ཤན་པ་གནོད་སྤྱིན་བཞི། །ཕྱོགས་སྐྱོང་དཔལ་མགོན་བདུན་ཅུའི་ཚོགས། །དམ་ཅན་རྒྱ་མཚོ་འཁོར་དང་བཅས། །འདིར་སྦྱོན་མཐུན་པའི་དམ་རྫས་བཞེས། །ཧཱུྃ་འཇམ་པའི་དབྱངས་ཀྱིས་མཚན་བཏགས་པ། །མཐུ་ཆེན་ལོག་འདྲེན་རྣམས་ཀྱི་གཤེད། །ཕྱག་ན་རྡོ་རྗེས་མཚན་བཏགས་པ། །ནག་པོ་ཀླུ་འདུལ་ཆེན་པོ་སྟེ། །གཤིན་རྗེ་གཤེད་པོས་མཚན་བཏགས་པ། །རྡོ་རྗེ་རོ་ལངས་དུར་ཁྲོད་བདག །གསང་བའི་མཚན་ནས་འབོད་ཀྱིས་སྤྱོན། །བོས་པའི་ཚེ་ན་སྙན་མ་སྲ། །གཡབ་པའི་ཚེ་ན་སྤྱན་མ་བརྟུལ། །བསྐུལ་བའི་ཚེ་ན་བང་མ་བུལ། །རྦད་པའི་ཚེ་ན་མཐུ་མ་ཆུང་། །བསྐང་བའི་ཚེ་ན་ཐུགས་མ་གཡེལ། །གསོལ་བཏབ་ཚེ་ན་སྙིང་མ་རིང་། །གཙང་ཞིང་ཚང་ལ་མ་ཉམས་པ། །དགྱེས་པའི་དམ་རྫས་རྒྱ་མཚོ་འདིས། །དོ་ནུབ་འཁོར་བཅས་ཐུགས་དམ་བསྐང་། །ཉམས་ཆག་ཅི་མཆིས་བཤགས་པར་གྱི། །སྔར་བཅོལ་ལེགས་པའི་གཏང་རག་གཏོང་། །ད་བཅོལ་ལས་ཀྱི་རྟེན་དུ་འབུལ། །བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད།
ཧཱུྃ། ཁྱེད་ལ་ཞུ་ཞིང་གསོལ་བ་ནི། །བླ་མ་དམ་པའི་སྐུ་ཡི་དགྲ། །བསྟན་བཤིག་དམ་ཉམས་དགྲ་བོ་དང་། །བདུད་ཀྱི་རིགས་གྱུར་ནག་པོའི་ཕྱོགས། །བར་དུ་བཅོད་པའི་བགེགས་རྣམས་ཀྱིས། །དཀྱིལ་འཁོར་གཉེན་པོ་དྲལ་བ་སྟེ། །ཐུབ་པའི་བསྟན་པ་བཤིག་པ་སྟེ། །རྣལ་འབྱོར་བཤད་སྒྲུབ་བགེགས་བྱེད་ཅིང་། །ཆོས་འཁོར་གཉན་པོ་བཤིག་པ་སྟེ།
།རྣལ་འབྱོར་བདག་ཅག་འཁོར་དང་བཅས། །མི་ནོར་དགེ་འདུན་བཅས་པ་རྣམས། །བཅོལ་ལོ་ལྟོས་སོ་མཐུ་མ་ཆུང་། །ཉིན་གསུམ་བྱ་ར་མ་གཡེལ་ཞིག །མཚན་གསུམ་མེལ་ཚེ་མ་གཡེལ་ཞིག །འགལ་རྐྱེན་ཟློག་ལ་མཐུན་རྐྱེན་སྒྲུབས།
།ཧཱུྃ། དམ་ཉམས་དགྲ་དང་བགེགས་རྣམས་ཀྱི། །མཐུ་དང་རྫུ་འཕྲུལ་ཉམས་པར་གྱིས། །རྒྱབ་བརྟེན་ལྷ་དང་མྱུར་དུ་ཁྲོལ། །མཛའ་བོ་ཀུན་དང་རྣམ་པར་ཕྱེས། །ཁོང་ནས་སྙིང་ཕྱུང་སྲོག་རྩ་ཆོད། །རིགས་བརྒྱུད་རྩད་ནས་ཆོད་ལ་ཤོག །ཉེས་ཅན་ལྟོས་ལ་ཤོར་ར་རེ། །རྟགས་ཕྱུངས་མཚན་མ་མྱུར་དུ་སྟོན། །གདུག་ཅིང་སྡང་བའི་དགྲ་བོ་འདིས། །བླ་མ་དམ་པའི་སྐུ་དགྲ་བྱས། །རྡོ་རྗེ་ཐེག་པ་སུན་འབྱིན་ཅིང་། །དགེ་འདུན་སྡེ་རྣམས་དཀྲུག་ཅིང་འཇོམས། །སྡོམ་བརྩོན་ཀུན་ལ་བརྙས་ཤིང་སྨོད། །སྐྱེ་བོ་ཡོངས་ལ་གནོད་ཅིང་འཚེ། །རྣལ་འབྱོར་ལྷ་མེད་ཟེར་ནས་བརྙས། །ལྷ་ཁྱོད་མཐུ་མེད་ཟེར་ནས་སྨོད། །བསྟན་པའི་དགྲ་བོར་གྱུར་པ་འདི། །ལོ་དང་ཟླ་བར་མ་བཞག་པར། །ཡ་མ་རཱ་ཛའི་ཞལ་དུ་ཐོབ། །གཤོག་པ་ཅན་གྱིས་མཐའ་ནས་ཆུམས། །སྡེར་མོ་ཅན་གྱིས་སྙིང་ནས་དྲོངས། །མཆེ་བ་ཅན་གྱིས་ཀླད་ནས་ཕུག །ལས་ཀྱི་རླུང་གིས་རྒྱབ་ནས་དེད། །མུན་པ་ནག་པོས་མདུན་ནས་བསུས། །ཊཱཀྐི་རཱ་ཛས་གཡས་ནས་ཆུམས། །ཚོགས་བདག་གླང་སྣས་གཡོན་ནས་ཆུམས། །གནམ་གྱི་འཇུ་ཐག་ཆོད་ལ་ཤོག །ས་ཡི་ལྟེ་ཕུར་ཐོག་ལ་ཤོག །དོན་སྙིང་ལྔ་པོ་ཕྱུང་ལ་ཤོག །ཁ་ནས་ཁོང་ཁྲག་སྐྱུག་ཏུ་ཆུག །ལྟས་ངན་བརྒྱད་ཅུ་རྩ་བཞི་ཐོང་། །བདུད་ཀྱི་སྒོ་བྲོ་བརྡུང་དུ་ཆུག །བཙན་གྱི་ཞགས་པ་འདེབས་སུ་ཆུག །མ་མོའི་དལ་ཡམས་དགྲ་ལ་ཐོང་། །བསྟན་པའི་དགྲ་བོར་གྱུར་པ་འདི། །ཁྲམ་ལ་བབས་ཀྱིས་ཁྲམ་ལ་ཐོབ། །ཤོ་ལ་བབ་ཀྱིས་ཤོ་ཁྱེ་ཞིག །དམ་ཉམས་ལས་ངན་སྡིག་ཅན་འདི། །ལོ་དང་ཟླ་བར་མ་བཞག་པར། །རྟགས་དང་མཚན་མ་མྱུར་དུ་སྟོན། །བཅོལ་བའི་ལས་འདི་མ་བྱས་ན། །དུས་གསུམ་རྒྱལ་བའི་བཀའ་ཡང་བཅག །ཕྱི་རབས་སྔགས་འཆང་སུན་ཡང་ཕྱུང་། །རིག་འཛིན་བདག་གི་རེ་བ་བཅད། །སྔོན་གྱི་ཐུགས་དམ་གཉན་པོ་ཉམས། །རྩ་བརྒྱུད་བླ་མའི་དམ་ཚིག་འགལ། །ཐུབ་པའི་བསྟན་སྲུང་མིང་ཙམ་གྱུར། །དེ་བས་དམ་ལས་མ་འདའ་བར། །མཐུན་པའི་དམ་རྫས་འདི་བཞེས་ལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་པས་བསྐུལ།
ཆོས་སྐུ་ཡངས་པའི་ཕོ་བྲང་ནས། །ལྷ་ཆེན་མགོན་པོ་འཁོར་བཅས་ཀྱིས། །མཐུན་པའི་དམ་རྫས་འདི་བཞེས་ལ། །རྣལ་འབྱོར་དཔོན་སློབ་འཁོར་བཅས་ལ། །གཞན་གྱི་བསམ་སྦྱོར་ངན་པ་དང་། །འཚེ་ཟོར་ཡུངས་ཟོར་འཕེན་པ་ཟློག །འབྱུང་པོས་ཐོད་ཟོར་འཕེན་པ་ཟློག །གཤིན་རྗེས་འཁོར་ལོ་བསྐོར་བ་ཟློག །བདུད་ཀྱིས་ཁྲམ་ཁ་བསྟན་པ༴ །མ་མོས་ཁྲག་ཟོར༴ །ཞང་ཞུང་ཛོ་དམར༴ །སུམ་པས་གླང་ཟོར༴ །བནྡེས་སྔགས་ཟོར༴ །བོན་པོས་བརྡ་ཟོར༴ །སྔགས་པས་ཀོང་ཟོར༴ །སྐྱེས་པས་མདའ་ཟོར༴ །བུད་མེད་དམོད་ཟོར༴ །མུ་སྟེགས་བར་ཆད་བྱེད་པ༴ །ངན་སྔགས་གདུག་པའི་རྦོད་གཏོང་༴ །ཀླུ་ཡིས་བྱད་དུ་བཅུག་པ༴ །ཐེའུ་རང་སྲིས་ལ་རྐུ་བ༴ །རྒྱལ་པོས་སྨྱོ་འབོག་གཏོང་བ༴ །དྲང་སྲོང་གཟའ་ཡི་ཀིང་ཀང༴ །ལྟས་ངན་བརྒྱད་ཅུ་རྩ་བཞི༴ །ཡེ་འདྲོག་སུམ་བརྒྱ་དྲུག་ཅུ༴ །རྨི་ལམ་ངན་དང་མཚན་མ་ངན། །ལོ་ཀེགས་ཟླ་ཀེགས་ཞག་ཀེགས་དང་། །ནད་རིགས་བཞི་བརྒྱ་རྩ་བཞི་ཟློག །མཁའ་འགྲོ་མ་དང་རོ་ལངས་དང་། །རྒྱལ་བསེན་བར་ཆད་བྱེད་པ་ཟློག །དེ་ལ་སོགས་པའི་གདུག་སེམས་རྣམས། །ཐམས་ཅད་སྡང་བའི་དགྲ་ལ་བྷྱོ། །ཐམས་ཅད་གནོད་པའི་བགེགས་ལ་བྷྱོ། །ཞེས་སོ།
།དེ་ནས་གནད་གསུམ་པ་མཁའ་འགྲོ་དབང་སྡུད་ནི་གཞུང་གསལ་ལྟར་ལ། །གནད་དབབ་ནི་རྒྱུན་དུ་མི་བྱ་ཞིང་དགོས་པ་བྱུང་ན་འདི་དང་གོང་གི་གནད་གཉིས་པོའི་མན་ངན་ཐུན་མོང་མ་ཡིན་པ་རྣམས་ཀྱང་གུད་དུ་ཤེས་པར་བྱའོ།
།སྙིང་པོའི་བཟླ་དམིགས་གཞུངས་གསལ་ལྟར་ལ། རྩ་སྔགས་བཟླ་བའི་ཚེ།
རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་མེ་འོད་ལྟ་བུ་འཕྲོས་ཏེ་མགོན་པོའི་ཐུགས་ཀའི་ཧཱུྃ་ལ་ཕོག་པས། མགོན་པོ་ཁྲོས་འཁྲུགས་རྔམས་པས་ཞབས་ས་ལ་རྡེབ་ཅིང་ཞལ་ནས་ཧཱུྃ་ཧཱུྃ་ཕཊ་ཕཊ་ཀྱི་སྒྲ་འབྲུག་ལྟར་སྒྲོག །ཌཱ་མ་རུ་དྲག་ཏུ་འཁྲོལ་ཞིང་འཁོར་རྣམས་ལ་སྤྱན་ཧྲིག་ཧྲིག་གཟིགས་པས། འཁོར་རྣམས་རང་དབང་མེད་པར་ཁྲོས་འཁྲུགས་ཏེ་རང་རང་དང་འདྲ་བའི་སྤྲུལ་པ་འཁོར་དང་བཅས་པ་དཔག་ཏུ་མེད་པ་ཕྱོགས་བཅུར་སོང་བས་བདག་ཅག་དཔོན་སློབ་སོགས་ཀྱི་ཆོས་སྒྲུབ་པའི་བར་དུ་གཅོད་པ་ཐམས་ཅད་ཚར་བཅད་པར་བསམ་ལ་ཤཱ་ས་ན་བཟླ།
འཁོར་རྣམས་རང་རང་གི་ཐུགས་ཀར་ཉི་མའི་སྟེང་དུ་རང་རང་གི་ས་བོན་བསྒོམ། བདག་ཉིད་ཡི་དམ་དུ་གསལ་བའི་ཐུགས་ཀའི་ས་བོན་ལས་འོད་ཟེར་དམར་པོ་འཕྲོས་ཏེ། དེ་དག་ལ་ཕོག་པས། དེ་དང་དེའི་ཐུགས་རྒྱུད་བསྐུལ་བར་བསམ་ལ་སོ་སོའི་སྔགས་བཟླ།
བཟླས་པ་གྲུབ་ནས་གཏོར་མ་འབུལ་བའི་ཐོག་མར་སྔར་བྱིན་རླབས་མ་ཟིན་ན་ཆང་དང་། ཆུ་དང་། བྱིན་གྱིས་བརླབ་པའི་ནང་མཆོད་ཀྱིས་རིམ་པར་བྲན་ནས་བྱིན་རླབས་བྱས་ལ།
ན་མོ། མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་མ་གཡེལ་ཞིག །མ་གཅིག་དཔལ་ལྡན་ལྷ་མོ་རེ་མ་ཏི་མ་གཡེལ་ཞིག །གནོད་སྦྱིན་ཀྵེ་ཏྲ་པཱ་ལ་མ༴ །དབང་ཕྱུག་ཛི་ན་མི་ཏྲ་མ༴ །གཤིན་རྗེ་ཊཱཀྐི་རཱ་ཛ་མ༴ །བདུད་མགོན་ཏྲཀྴད་ནག་པོ་མ༴ །གཙང་རིས་ཀྱི་མགོན་པོ་བདུན་ཅུ་རྩ་ལྔ་མ༴ །བཀའ་སྡོད་དམ་ཅན་རྒྱ་མཚོ་མ༴ །བསྒྲུབས་བསྒྲུབས་བསྟེན་བསྟེན་པ་རྣམས་མ༴ །སློབ་དཔོན་བརྒྱུད་པའི་སྲུང་མ༴ །བར་ཆད་བསྲུང་བའི་དུས་ལ་བབ་ཀྱིས་མ༴ །དགྲ་བགེགས་སྒྲོལ་བའི་དུས་ལ་བབ་ཀྱིས་མ༴ །དངོས་གྲུབ་སྩོལ་བའི་དུས་ལ་བབ་ཀྱིས་མ་གཡེལ་ཞིག
།མགོན་པོ་འཁོར་དང་བཅས་པའི་ལྗགས་སོགས་གཞུང་ལྟར་ལ་དམིགས་པ་དང་བཅས་པས་ཧཱུྃ་རིང་པོ་དྲུག་བརྗོད་ལ་སོ་སོའི་གཏོར་སྔགས་ཀྱིས་འབུལ།
།ཨརྒྷཾ་སོགས་དང་། སོ་སོའི་སྔགས་ལ་ཨོཾ་ཨཱཿཧཱུྃ་བཏགས་པས་ནང་མཆོད་ཕུལ།
གཙང་ཞིང་གཙང་མར་སྦྱར་བའི་མཆོད་སྦྱིན་གྱི་གཏོར་མ་རྒྱན་དམ་པ་དང་ལྡན་པ། དྲི་དམ་པ་དང་ལྡན་པ། རོ་དམ་པ་དང་ལྡན་པ། རེག་བྱ་དམ་པ་དང་ལྡན་པ་འདི་ཉིད་འབུལ་ཞིང་བསྔོ་བའི་གནས་སུ་གྱུར་པ་ནི།
དཔལ་མ་ཧཱ་ཀཱ་ལ། མགོན་པོ་ལེགས་ལྡན་ནག་པོ། བདུད་གཅོད་ཀྱི་སྐྱེས་བུ། བདུད་འདུལ་གྱི་དམག་དཔོན། སྲིན་པོ་ལངྐ་པུ་རིའི་གྲོང་ཁྱེར་སུམ་བརྩེགས་བརླག་པར་བྱེད་པ། རྣལ་འབྱོར་གྱི་དགྲ་ལྷ། རིག་འཛིན་གྱི་སྲུང་མ། བླ་མའི་བཀའ་སྲུང་། བསྟན་པའི་བྱ་ར་མཁན། ལེགས་ཉེས་ཀྱི་སྟངས་འཛིན། ཁྲོ་བོའི་གཟུགས་ཅན། ཟ་བྱེད་ཀྱི་གདོང་ཅན། ཡེ་ཤེས་ཀྱི་སྤྱན་ལྡན། ཤ་ཟན་གྱི་གཙོ་བོ། ཁྲག་འཐུང་གི་རྒྱལ་པོ། དམ་ཉམས་ཀྱི་སྲོག་གཅོད། མནའ་ཟན་གྱི་གཤེད་མ། ནག་པོ་འབུམ་གྱི་འཁོར་གྱིས་བསྐོར་བ། ཤ་ཟ་བྱེ་བའི་འཁོར་གྱིས་བསྐོར་བ། གཡས་ན་ཕོ་རྒྱུད་སྟོང་གི་འཁོར་གྱིས་བསྐོར་བ། གཡོན་ན་མོ་རྒྱུད་སྟོང་གི་འཁོར་གྱིས་བསྐོར་བ། བཀའ་སྡོད་ལྷ་མོ་ནག་མོ་འཁོར་དང་བཅས་པ། གནོད་སྦྱིན་ཀྵེ་ཏྲ་པཱ་ལ༴ དབང་ཕྱུག་ཛི་ན་མི་ཏྲ༴ གཤིན་རྗེ་ཊཱཀྐི་རཱ་ཛ༴ བདུད་མགོན་ཏྲཀྴད་ནག་པོ༴ གཙང་རིས་ཀྱི་མགོན་པོ་བདུན་ཅུ་རྩ་ལྔ༴ བཀའ་སྡོད་དམ་ཅན་རྒྱ་མཚོའི་དམག་ཚོགས་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས་དམ་རྫས་རྒྱན་དང་ལྡན་པའི་གཏོར་མ་འདི་བཞེས་ལ།
།སངས་རྒྱས་ཀྱི་བསྟན་པ་སྲུངས་ཤིག །དཀོན་མཆོག་གི་དབུ་འཕང་སྟོད་ཅིག །དགེ་འདུན་གྱི་ཆོས་འཁོར་སྐྱོངས་ཤིག །ཆོས་མི་ནུབ་པའི་རྒྱལ་མཚན་ཚུགས་ཤིག །ཁྱད་པར་དུ་རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པ་ལ་བར་དུ་གཅོད་པའི་དགྲ་གདོན་བགེགས་ཚོགས་ཐམས་ཅད་མྱུར་དུ་ཞི་ཞིང་མི་འབྱུང་བ་དང་། ཚེ་དང་བསོད་ནམས་དཔལ་འབྱོར་ལོངས་སྤྱོད་སྙན་གྲགས་མངའ་ཐང་ཆོས་བརྒྱུད་ཉམས་རྟོགས་ལ་སོགས་པ་དར་ཞིང་རྒྱས་པ་དང་། འདི་ཕྱི་བར་དོའི་འཇིགས་པ་ཐམས་ཅད་ལས་སྐྱོབ་ཅིང་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་མྱུར་དུ་སྩོལ་ཅིག །ཅེས་ཕྲིན་ལས་བཅོལ། ཡང་གཏོར་ཆེན་སོགས་ཀྱི་སྐབས་སུ།
དཔལ་ལྡན་བླ་མ་དམ་པའི་སྐུ་ལ་བསྡོ་བ། རྡོ་རྗེ་ཐེག་པའི་གསང་བ་སུན་འབྱིན་པ། སངས་རྒྱས་བསྟན་པའི་དགྲ་བོར་གྱུར་པ། དཀོན་མཆོག་གི་དབུ་འཕང་སྨོད་པ། དགེ་འདུན་གྱི་ཆོས་འཁོར་བཤིག་པ། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་སྡང་བའི་སེམས་དང་ལྡན་པ་རྣམས་དང་། གདུག་པའི་སེམས་དང་ལྡན་པ་རྣམས་དང་། དྲག་ཤུལ་གྱི་སེམས་དང་ལྡན་པ་རྣམས་དང་། སྦྱོར་བ་ཕྱིན་ཅི་ལོག་བྱེད་པའི་འབྱུང་པོ་ལས་ངན་སྡིག་ཅན་མི་དང་མི་མ་ཡིན་པ་ཐམས་ཅད་ཀྱི་བསམ་པ་ངན་དང་སྦྱོར་བ་རྩུབ་པ་ཐམས་ཅད་ཉེ་བར་ཞི་བའི་ཕྲིན་ལས་མཛོད་ཅིག །གལ་ཏེ་དེ་དག་ཞི་བས་འདུལ་དུ་མ་འཚལ་བ་ལྟ་ན། བསད་པ་དང་། གཟིར་བ་དང་། བསྐྲད་པ་དང་། རེངས་པ་དང་། རྨུགས་ཤིང་ལྐུགས་པ་དང་། བསྡིགས་ཤིང་སྤ་བཀོང་བ་ལ་སོགས་པ་དྲག་པོའི་ལས་ཀྱིས་ཚར་བཅད་དེ་ཐལ་བ་རྡུལ་ཕྲན་བཞིན་དུ་བརླག་པར་མཛོད་ཅིག །བླ་མ་མགོན་པོ་འཁོར་བཅས་ལ། །བདག་གིས་མཆོད་གཏོར་ཕུལ་བ་ཡིས། །དཀོན་མཆོག་དབུ་འཕང་སྨོད་པ་དང་། །ཐེག་པ་ཆེན་པོ་སུན་འབྱིན་དང་། །བསྟན་པ་འཇིག་དང་དབྱེན་བྱེད་དང་། །བླ་མའི་སྐུ་ལ་བསྡོ་བ་དང་། །རྣལ་འབྱོར་བདག་ལ་སྡང་བ་རྣམས། །དེ་དག་ནག་པོ་ཆེན་པོས་སྒྲོལ། ཨ་མུ་ཀ་མཱ་ར་ཡ་ཕཊ། ཅེས་ཐལ་མོ་བརྡབ་བོ། །དེ་ནས་གཞུང་གི་བསྟོད་པ་མྱུར་མཛད་སྤྱན་རས་གཟིགས་ཀྱི་འཕྲོས་སུ་རྒྱས་པར་བྱ་བའམ། རེ་མོས་ལྟ་བུ་སྤྲོ་ན།
ཨོཾ་འགྲུབ་པར་གྱུར་ཅིག །དུར་ཁྲོད་ཆེན་པོ་འཇིགས་སུ་རུང་བའི་ནང་། །ཚང་ཚིང་འཁྲིགས་པ་ཙནྡན་ཆེན་པོའི་ཚལ། །བསྐལ་པའི་མེ་ལྟར་འབར་བའི་ཀློང་དཀྱིལ་ན། །བགེགས་ཆེན་བསྣོལ་བའི་གདན་ལ་རབ་ཏུ་བཞེངས། །མ་ཧཱ་ཀཱ་ལ་ཕྱག་དྲུག་བརྗིད་པའི་སྐུ། །སྐུ་ཡི་ཆ་ལུགས་མི་བཟད་འབར་བ་ལ། །དུར་ཁྲོད་ཆས་ཀྱིས་རབ་ཏུ་བརྒྱན་པ་པོ། །གསུང་གི་ང་རོ་མི་བཟད་འབར་བ་ལ། །ཧཱུྃ་དང་ཕཊ་ཀྱི་སྒྲ་ཡིས་སྟོང་གསུམ་འགེངས། །རྣམ་དག་ཐུགས་ནི་མི་བཟད་འབར་བ་ལ། །སྤྲོས་དང་བྲལ་ཡང་མཚན་མ་ཅིར་ཡང་སྟོན། །སྐུ་གསུང་ཐུགས་ཀྱི་སྒོ་ནས་ཁྱོད་ལ་བསྟོད། །ཕྱག་དྲུག་གཡས་ཀྱི་དང་པོའི་གྲི་གུག་ནི། །ཉོན་མོངས་རྩད་ནས་གཅོད་ཅིང་དགྲ་ལ་འཕྱར། །ཕྲེང་བ་འཛིན་པས་སྐྱེ་འགྲོ་རྩིས་ལ་འདེབས། །ཌཱ་མ་རུ་ཡིས་མཁའ་འགྲོ་དབང་དུ་སྡུད། །འཇིག་རྟེན་འདས་པའི་གཙོ་ལ་ཕྱག་འཚལ་ལོ། །གཡོན་གྱི་དང་པོས་ཐོད་ཁྲག་བསྣམས་པ་ཡིས། །དགྲ་བགེགས་ཀླད་ཁྲག་ཞལ་དུ་གསོལ་བར་མཛད། །མདུང་རྩེ་གསུམ་པས་ཁམས་གསུམ་དབང་དུ་སྡུད། །ཞགས་པས་དམ་ཉམས་མ་ལུས་འཆིང་བར་བྱེད། །བྱིན་རླབས་དངོས་གྲུབ་སྟེར་ལ་ཕྱག་འཚལ་ལོ། །ཆོས་ཀྱི་སྐུ་ལ་འགྱུར་བ་མེད་རྟགས་སུ། །སྐུ་མདོག་མཐིང་ནག་རབ་ཏུ་འབར་བ་ལ། །ཁྲག་འཛག་ལྔ་བཅུ་རྩ་ལྔས་བརྒྱན་པ་པོ། །སྟག་གི་པགས་པ་སྦྲུལ་གྱི་ཆུན་པོས་མཛེས། །མ་ཧཱ་ཀཱ་ལ་ཁྱོད་ལ་བདག་བསྟོད་དོ། །བི་ནཱ་ཡ་ཀ་བསྣོལ་བའི་གདན་སྟེང་ན། །ཀྲིག་ཀྲིག་ཞབས་ཀྱིས་བགེགས་ཆེན་ཐལ་བར་རློག །ཞལ་གདངས་མཆེ་བ་གཙིགས་ཤིང་རྔམས་པ་ཡིས། །དམ་ཉམས་ཁོང་ཁྲག་འདྲེན་ཅིང་ཞལ་དུ་གསོལ། །མཐུ་ཆེན་བགེགས་ཀྱི་གཤེད་ལ་ཕྱག་འཚལ་ལོ། །སྤྱན་གསུམ་མེ་ལྟར་འབར་ཞིང་བགྲད་པ་ཡིན། །ཁམས་གསུམ་དབང་དུ་སྡུད་ཅིང་རྩིས་ལ་འདེབས། །དབུ་སྐྲ་འབར་བ་བརྫེས་པའི་སྤྱི་བོ་ན། །མི་བསྐྱོད་རྒྱལ་པོས་རབ་ཏུ་བརྒྱན་པ་པོ། །དབང་བཞི་ཡོངས་སུ་རྫོགས་ལ་ཕྱག་འཚལ་ལོ།
།ཧཱུྃ། བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས། །བསྐུལ་ལོ་བསྐུལ་ལོ་འགྲོ་བའི་དོན་ལ་བསྐུལ། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །མ་གཡེལ་མ་གཡེལ་དཔལ་ལྡན་ནག་པོ་ཆེ། །སྐྱོབ་པ་ཤཱཀྱ་སེང་གེའི་སྤྱན་སྔ་རུ། །བསྟན་པ་བསྲུང་བར་ཁས་བླངས་དམ་བཅས་པའི། །ལས་འདི་རྣམས་ཀྱི་འབྲས་བུ་མཆིས་བར་མཛོད། །སྐྱེས་བུ་དམ་པ་བློ་དང་ལྡན་པ་ཡིས། །བསྟོད་པ་འདི་ཡིས་ལན་ཅིག་བསྟོད་བྱེད་ན། །ཕ་མ་བུ་ཚ་རྣམས་ལ་བརྩེ་བ་བཞིན། །ནག་པོ་ཆེན་པོས་རྟག་ཏུ་གྲོགས་མཛོད་ཅིག །ནག་པོ་ཆེན་པོ་ལ་བསྟོད་པ་རྔམས་པའི་སྒྲ་སྒྲོག་ཅེས་བྱ་བ་སློབ་དཔོན་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པའོ།
།བྷྱོ་བསྐལ་པའི་མེ་ལྟར་འབར་བའི་ཀློང་དཀྱིལ་ན། །རླུང་ནག་འཚུབ་མར་འཚུབས་པའི་ཕོ་བྲང་ན། །མ་གཅིག་འདོད་ཁམས་དབང་ཕྱུག་རེ་མ་ཏི། །སྐུ་མདོག་ནག་མོ་ཆར་སྤྲིན་ལྟ་བུ་ལ། །ཐོད་སྐམ་དབུ་བརྒྱན་སྙན་གཡས་སེང་གེ་འཕྱོ། །གཡོན་པ་སྦྲུལ་འཁྱིལ་སྦྲུལ་གྱི་གདེངས་ཀ་ཅན། །སྤྱན་གསུམ་དམར་འཁྲུགས་ཞལ་གདངས་མཆེ་བ་གཙིགས། །འཇིགས་བྱེད་ལྷ་མོ་ཁྱེད་ལ་བདག་བསྟོད་དོ། །གཡས་པ་རལ་གྲི་འབར་བས་དགྲ་སྲོག་གཅོད། །གཡོན་པ་ཐོད་རློན་དགྲ་བགེགས་སྙིང་ཁྲག་གསོལ། །སྐུ་སྟོད་ཞིང་ལྤགས་སྦྲུལ་ནག་སྐ་རགས་བཅིངས། །སྐུ་སྨད་གླང་ཆེན་ཀོ་རློན་རེ་ལྡེས་དཀྲིས། །སྟོང་གསུམ་བགྲོད་ཕྱིར་དྲེའུ་རྟ་རྐང་གསུམ་ཆིབས། །སྲིན་པོའི་ཡ་མགལ་སྔ་རུ་ཁྲམ་བམ་བཏགས། །གོང་སྨད་སྦྲུལ་ནག་ནད་རྐྱལ་དགྲ་ལ་འཕྱོ། །མཆོད་གཏོར་འདི་བཞེས་དགྲ་བགེགས་སྒྲོལ་ལ་ཤོག །བཅོལ་བའི་ཕྲིན་ལས་མ་ལུས་སྒྲུབ་པར་མཛོད།
།བྷྱོ་བསྐལ་པའི་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །རླུང་ནག་འཚུབ་མར་འཚུབས་པའི་ཕོ་བྲང་ན། །རྟ་ཁྲག་མི་ཁྲག་རྒྱ་མཚོའི་རྦ་ཀློང་འཁྲུགས། །དམ་ཉམས་དགྲ་བོ་བསྣོལ་བའི་གདན་སྟེང་ན། །མ་གཅིག་འདོད་ཁམས་དབང་ཕྱུག་རེ་མ་ཏི། །སྐུ་མདོག་མཐིང་ནག་ཆར་སྤྲིན་ལྟ་བུ་ལ། །དབུ་སྐྲ་ཁམ་སེར་རྨ་བྱའི་མདོངས་ཀྱིས་བརྒྱན། །བྱང་ཆུབ་སེམས་ལྡན་སྤྱི་གཙུག་ཟླ་རྒྱས་གསལ། །ཐོད་པས་དབུ་བརྒྱན་སྙན་གཡས་སེང་གེ་འཕྱོ། །སྙན་གཡོན་དྲིལ་འཁྲོལ་སྦྲུལ་ནག་གདེངས་ཀ་ཅན། །སྤྱན་གསུམ་དམར་འཁྲུགས་གློག་ལྟར་འཁྱུག་བྱེད་ཅིང་། །ཞལ་ནས་འཇིགས་པའི་འབྲུག་སྒྲ་ཆེམས་ཆེམས་སྒྲོག །དཔྲལ་བའི་དཀྱིལ་ནས་གནམ་ལྕགས་ཐོག་སེར་འབེབས། །ཤངས་ནས་ནད་ཀྱི་རླུང་ནག་སྤྲིན་ལྟར་འཚུབས། །འཇིགས་པའི་ཞལ་གདངས་མཆེ་གཙིགས་ལྗགས་འདྲིལ་ཞིང་། །ཨ་ལ་ལ་ཡི་གད་རྒྱངས་འབྲུག་ལྟར་སྒྲོག །སྟོང་གསུམ་འབྱུང་པོའི་ཚོགས་རྣམས་གཡོ་བར་བྱེད། །འཇིགས་བྱེད་ལྷ་མོ་ཁྱོད་ལ་ཕྱག་འཚལ་བསྟོད། །ཕྱག་གཡས་རལ་གྲི་གྲི་གུག་དགྲ་སྲོག་གཅོད། །གཡོན་པས་རྒྱལ་མཚན་ཐོད་རློན་སྙིང་ཁྲག་གསོལ། །སྐུ་སྟོད་ཞིང་ལྤགས་སྦྲུལ་ནག་སྐ་རགས་ཅན། །སྐུ་སྨད་གླང་ཆེན་ཀོ་རློན་རེ་ལྡེས་དཀྲིས། །སྟོང་གསུམ་བགྲོད་ཕྱིར་དྲེའུ་རྟ་རྐང་གསུམ་ཆིབས། །སྲིན་པོའི་ཡ་མགལ་སྔ་རུ་ཁྲམ་བམ་བཏགས། །དགྲ་བགེགས་ཐམས་ཅད་ཁྲམ་ལ་འདེབས་པར་བྱེད། །ནད་ངན་སྣ་ཚོགས་རྐྱལ་པ་ཕྱི་ཤར་བཏགས། །དམ་ཉམས་དགྲ་བོ་གཏན་ནས་བརླག་པར་བྱེད། །སྦྲུལ་ནག་སྟོང་གི་ཆུན་པོས་གོང་སྨེད་བྱས། །བསྟན་པ་སྲུང་མཛད་བདུད་མོ་འབུམ་གྱིས་བསྐོར། །སྲོག་བདུད་ཆེན་མོས་དགྲ་བགེགས་སྒྲོལ་ལ་ཤོག །མཻ་ཏྲཱི་པས་ཞལ་གཟིགས་དུས་བསྟོད་པའོ།
།བྷྱོ་རྣམ་དག་དབྱིངས་ལ་རང་བྱུང་དཔལ་འབར་མ། །བདུད་རྣམས་སྐྲག་མཛད་རབ་འཇིགས་གཟུགས་ཅན་མ། །དུར་ཁྲོས་ཆས་ཀྱིས་སྐུ་ལ་རབ་བརྒྱན་མ། །ཚད་མེད་ཕྱག་བཞིས་ཐོད་ཁྲག་མཚོན་འཛིན་མ། །ཐུགས་རྗེ་མྱུར་མཛད་དྲེའུ་ཆིབས་མཛད་མ། །བསྟན་པ་སྲུང་ཞིང་རྣལ་འབྱོར་སྐྱོང་མཛད་མ། །ལས་རྣམས་སྒྲུབ་ཅིང་བསྟན་དགྲ་ཚར་གཅོད་མ། །བསྟོད་ཅིང་གསོལ་འདེབས་བཅོལ་བའི་ཕྲིན་ལས་མཛོད། །བླ་མ་རཱ་ཧུ་ལས་རྒྱུད་འབུམ་ནས་བྱུང་བའོ།
།བྷྱོ་དཀའ་བ་དང་དུ་བླངས་ནས་ཁྱོད་བསྒྲུབས་ན། །མ་གཡེལ་མ་གཡེལ་མ་གཅིག་རེ་མ་ཏི། །ལུས་སྲོག་འབེན་དུ་བཙུགས་ནས་ཁྱོད་བསྒྲུབས་ན། །བསྟེན་པའི་ཚེ་ན་མ་གཅིག་སྙིང་མ་རིང་། །རཀྟ་མཚོ་ལྟར་འཁྱིལ་ནས་ཁྱོད་བསྒྲུབས་ན། །བསྐུལ་བའི་ཚེ་ན་མ་གཅིག་བང་མ་བུལ། །གཏོར་མ་རི་ལྟར་སྤུངས་ནས་ཁྱོད་བསྒྲུབས་ན། །རྦད་པའི་ཚེ་ན་མ་གཅིག་མཐུ་མ་ཆུང་། །ཁྱོད་ཀྱི་གཡོག་ནི་མི་སྲུན་གདུག་པ་ཅན། །ཆུ་སྲིན་གདོང་ཅན་དགྲ་བགེགས་སྒྲོལ་ལ་ཤོག །སླད་ཀྱི་རྗེས་འབྲང་སེང་གེའི་གདོང་པ་ཅན། །དམ་ཉམས་དགྲ་བོའི་སྲོག་རྩ་ཆོད་ལ་ཤོག །མ་གཅིག་དཔལ་ལྡན་ལྷ་མོ་འཁོར་བཅས་ཀྱིས། །ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ། །མི་མཐུན་རྐྱེན་དང་བར་ཆད་བཟློག་པ་དང་། །མཐུན་པའི་དངོས་གྲུབ་མ་ལུས་སྩལ་དུ་གསོལ། །མཻ་ཏྲཱི་པས་མཛད་པའོ།
།དེ་ནས་འཁོར་གྱི་བསྟོད་པ་གཞུང་ལྟར་རམ། ཅུང་ཟད་རྒྱས་པར་སྤྲོ་ན།
ཧཱུྃ་ མགོན་པོའི་བཀའ་ཉན་ཕྱོགས་བཞིའི་ལས་བྱེད་པ། །མཐུ་སྟོབས་རྫུ་འཕྲུལ་དྲག་རྩལ་བསམ་མི་ཁྱབ། །སྲིད་གསུམ་དྲེགས་པ་ཡོངས་ཀྱི་སྡེ་དཔོན་ཏེ། །བཀའ་སྡོད་ཆེན་པོ་འཁོར་དང་བཅས་ལ་བསྟོད། །གནོད་སྦྱིན་ཀྵེ་ཏྲ་པཱ་ལ་མུན་པའི་མདོག །གྲི་གུག་འཕྱར་ཞིང་ཐོད་ཁྲག་གཙོ་ལ་སྟོབས། །དོམ་ནག་སྨྱོན་པ་ཆིབས་ནས་སྟོང་གསུམ་བསྐོར། །དྲག་གཏུམ་བཟོད་པར་དཀའ་བ་ཁྱོད་ལ་བསྟོད། །དབང་ཕྱུག་ཛི་ན་མི་ཏྲ་མེ་ལྟར་འབར། །ཞལ་ནས་དུག་ཐུན་ཁྲག་གི་སེར་བ་འབེབས། །ཅང་ཏེའུ་འཁྲོལ་ཞིང་འཁོར་ལོའི་མཚོན་ཆ་འཕེན། །འཇིགས་བྱེད་སྲིན་པོའི་གཟུགས་ཅན་ཁྱོད་ལ་བསྟོད། །གཤིན་རྗེ་ཊཱཀྐི་རཱ་ཛ་རྒྱུ་ཞགས་བསྡོགས། །ཧ་ལའི་མདོག་ཅན་སྡིགས་མཛུབ་བགེགས་ལ་རྔམས། །བལྟས་པ་ཙམ་གྱིས་དགྲ་བགེགས་སྲོག་སྙིང་འཕྲོག །མི་བཟད་གདུག་པ་ཀུན་འདུལ་ཁྱོད་ལ་བསྟོད། །བདུད་མགོན་ཏྲཀྴད་དུས་ཀྱི་མུན་པའི་མདངས། །རྩེ་གསུམ་སྣུན་ཅིང་ཐོད་སྙིང་ཞལ་དུ་གསོལ། །བེར་ནག་ཆས་ལྡན་རྟ་ནག་རྟིང་དཀར་ཆིབས། །ཁྲོ་རྔམས་ས་གསུམ་གཡོ་བ་ཁྱོད་ལ་བསྟོད། །གནོད་སྦྱིན་ལྷ་དང་གཤིན་རྗེ་བདུད་ཀྱི་དམག །མ་རུངས་འཇིགས་གཟུགས་མཚོན་ཆའི་ཆར་པ་འབེབས། །དམ་ཅན་སྐྱོང་ཞིང་དམ་ཚིག་ཉམས་པའི་གཤེད། །རང་རང་རིགས་མཐུན་འབུམ་གྱིས་བསྐོར་ལ་བསྟོད། །དཔལ་ལྡན་མགོན་པོའི་ཕྱི་འཁོར་ལས་བྱེད་གཙོ། །ཚངས་པ་འཁོར་ལོ་ཐོགས་ཤིང་ངང་པ་ཞོན། །བརྒྱ་བྱིན་གླང་ཆེན་སྟེང་གནས་རྡོ་རྗེ་བསྣམས། །མེ་ལྷ་ར་ཞོན་བགྲང་ཕྲེང་རིལ་བ་འཆང་། །གཤིན་རྗེ་མ་ཧེ་ཆིབས་ཤིང་ཞིང་དབྱུག་ཐོགས། །སྲིན་པོ་རལ་གྲི་འཕྱར་ཞིང་རོ་ལངས་ཞོན། །ཆུ་ལྷ་ཆུ་སྲིན་སྟེང་དུ་སྦྲུལ་ཞགས་བསྡོགས། །རླུང་ལྷ་ཤ་བ་ལ་ཞོན་བ་དན་འཕྱར། །གནོད་སྦྱིན་རྟ་ཞོན་རིན་ཆེན་ནེའུ་ལེ་བཙིར། །དབང་ལྡན་རྩེ་གསུམ་ཐོགས་ཤིང་གླང་ལ་གནས། །ས་བདག་ཕག་ཞོན་གསེར་གྱི་བུམ་པ་འཛིན། །རང་འདྲའི་འཁོར་གཡོག་འབུམ་དང་བཅས་ལ་བསྟོད། །ལྷ་ཀླུ་གཟའ་དང་རྒྱུ་སྐར་ཉི་ཤུ་བརྒྱད། །རྒྱལ་ཆེན་སྡེ་བཞི་འཇིགས་བྱེད་ཆེན་པོ་དགུ། །སྲིད་གསུམ་འབྱུང་པོ་དམ་ཅན་རྒྱ་མཚོའི་ཚོགས། །བསྟན་པ་སྲུང་ཞིང་སྒྲུབ་མཆོག་སྐྱོང་ལ་བསྟོད། །མཆོད་བསྟོད་གཏོར་མ་ཕུལ་བ་དགྱེས་བཞེས་ལ། །སངས་རྒྱས་བསྟན་པ་དར་ཞིང་རྒྱས་པ་དང་། །དཔལ་ལྡན་བླ་མའི་སྐུ་ཚེ་སྲིང་བ་དང་། །རྣལ་འབྱོར་ཉམས་རྟོགས་ཡེ་ཤེས་འཕེལ་བར་མཛོད། །བསྟན་དང་འགྲོ་ལ་འཚེ་བའི་དགྲ་དང་བགེགས། །ཐམས་ཅད་དྲག་པོའི་ལས་ཀྱིས་ཚར་ཆོད་ལ། །འཁོར་དང་ལོངས་སྤྱོད་བཤད་སྒྲུབ་མཐུན་པའི་རྐྱེན། །ཐམས་ཅད་ཡར་ངོའི་ཟླ་བཞིན་འཕེལ་བར་མཛོད། །ཅེས་བསྟོད།
སྐབས་འདིར་ཁྱད་པར་གྱི་དུས་ལ་སོགས་པར་མངའ་གསོལ་བར་བྱ་སྟེ། དེའི་འདོན་བྱ་རྒྱས་པ་ཁོ་བོས་ལོགས་སུ་བཀོད་པ་ལྟར་དང་། བསྡུ་ན་རྒྱལ་ལྷ་ཁང་བ་བློ་གྲོས་སེང་གེས་མཛད་པ་ནི།
ཧཱུྃ། རྡོ་རྗེ་འཆང་དངོསབླ་མ་དང་། །སོགས། དེ་ལྟར་མངའ་གསོལ་རྒྱས་བསྡུས་གང་བྱེད་ཀྱང་སྐུ་གཟི་མདངས་བསྐྱེད་པའི་དམིགས་པ་ནི། མགོན་པོའི་སྤྱི་བོར་ཧཱུྃ་མཐིང་ནག་ཁྲུ་གང་བ་གཟི་འོད་འབར་བ་ཞིག་བསྒོམ། དེ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཡི་དམ་ལྷ་ཚོགས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཐམས་ཅད་ཀྱི་ཐུགས་རྗེ་བྱིན་རླབས་ནུས་མཐུ་བརྟན་གཡོ་སྣོད་བཅུད་ཐམས་ཅད་ཀྱི་བཀྲག་མདངས་དང་གཟི་བྱིན་ཐམས་ཅད་འོད་ཟེར་གྱི་རྣམ་པས་བསྡུས་ཏེ་ཧཱུྃ་དེ་ལ་ཐིམ་པས་ཧཱུྃ་སྔོན་བས་ཆེ་ཞིང་གཟི་བརྗིད་འབར་བར་གྱུར་ཏེ་མགོན་པོའི་སྤྱི་བོ་ནས་ཐིམ། ཐུགས་ཀར་སླེབ་པ་དང་། ཁྲོ་བོ་གཤིན་རྗེ་གཤེད་རྡོ་རྗེ་འཇིགས་བྱེད་ནག་པོ་ཞལ་གསུམ་ཕྱག་དྲུག་པ་མ་ཧེ་དང་གཤིན་རྗེ་ཕོ་མོ་བརྫིས་པ་གཅིག་ཏུ་གྱུར་ཏེ་སྐུ་དེ་ཉིད་ཇེ་ཆེར་སོང་བ་དང་མགོན་པོ་ཡང་སྐུ་ཇེ་ཆེ་བཀྲག་དང་གཟི་མདངས་ཕུན་སུམ་ཚོགས་པར་གྱུར་ཏེ་མདུན་གྱི་ནམ་མཁའ་གང་བ་ཙམ་དང་། སྟོང་གསུམ་མི་མཇེད་ཀྱི་ཞིང་འདི་གང་བ་ཙམ་བློས་འཁྱུད་ཚད་དུ་བསྒོམ་ཞིང་། མགོན་པོའི་འོད་ཟེར་འཁོར་རྣམས་ལ་ཕོག་པས་སོ་སོ་ནས་བཀྲག་དང་གཟི་མདངས་ཕུན་སུམ་ཚོགས་པར་བསམ་ཞིང་། སྟོང་གསུམ་མི་མཇེད་འཇིག་རྟེན་གྱི་ཁམས་འདི་ན་ཡེ་ཤེས་ཀྱི་མགོན་པོ་འདི་བས་ནུས་མཐུ་ཆེ་བ་མེད་ཨང་སྙམ་དུ་བསམ། འདི་ནི་གཙོ་བོར་མགོན་པོ་བདག་བསྐྱེད་ལ་བསྒོམ་རྒྱུ་ཡིན་ཀྱང་། མདུན་བསྐྱེད་ལའང་ཁ་སྤོ་བ་གོང་མ་རྣམས་ཀྱིས་བཞེད་ཅིང་། སྤྱིར་དཔྲལ་བའི་སིནྡཱུ་ར་ལ་བརྟེན་ནས་མཁའ་འགྲོ་དབང་དུ་བསྡུ་བ། སྤྱི་བོའི་མི་བསྐྱོད་རྒྱལ་པོ་ལ་བརྟེན་ནས་རྒྱུད་འཇམ་དུ་བཏང་བ། གཤིན་རྗེ་གཤེད་ལ་བརྟེན་ནས་གཟི་མདངས་བསྐྱེད་པ་གསུམ་པོ་ནི་མགོན་པོ་འདི་སྒྲུབ་ཕྱིན་མ་ཤེས་ཐབས་མེད་པ་ཡིན་ནོ། །དེས་ནས་རྗེས་ཀྱི་ལས་རིམ་རྣམས་ནི་གཞུང་ཉིད་དུ་གསལ་ཞིང་ཚང་བར་ཡོད་དོ། །ཕྲིན་ལས་ཀྱི་ཁ་སྐོང་དཀྱུས་གཅིག་ཏུ་བསྡེབས་པ་འདི་ནི་གཙོ་བོར་གཏོར་སྒྲུབ་དང་། དུས་ཀྱི་མཆོད་པ་རྒྱས་པ་ལ་ཉེ་བར་མཁོ་ཞིང་དེ་དག་གི་དམིགས་པའི་གནད་ཕལ་ཆེ་བའང་གསལ་བར་བཀོད་པ་ལ་ནོངས་པ་མཆིས་ན་བླ་མ་མགོན་པོ་ཐུགས་རྗེའི་དབང་ཕྱུག་འཁོར་དང་བཅས་པ་ལ་སྙིང་ནས་བཟོད་པར་གསོལ་ན་ཚངས་པའི་དངོས་གྲུབ་སྩལ་བ་དང་ཡིག་ཆ་འདི་དག་གིའང་བཀའི་གཉེར་མཛད་དུ་གསོལ། གསང་སྒྲུབ་དང་བླ་མགོན་དབྱེར་མེད་སྙིང་ཞུགས་གཙོ་བོར་གྱུར་པའི་ཐབས་སྤྱི་དང་བྱེ་བྲག་གི་གནད་གདམས་ཐུན་མོང་མ་ཡིན་པ་རྣམས་ནི་དེ་དག་སོ་སོར་ལྟོས་པ་ལས་འདི་དག་གི་གཅིག་དཔེ་ཀུན་འགེབས་འོང་བ་མ་ཡིན་ལ། གཏོར་སྒྲུབ་དང་གཏོར་ཆེན་གྱི་གནད་དང་དམིགས་པ་རྣམས་ཀྱང་དེ་དག་སོ་སོའི་ཞལ་གདམས་ལས་རྟོགས་པར་བྱ་བ་ཁོ་ནའོ། །དེ་བཞིན་གཏོར་ཆེན་སོགས་དྲག་པོའི་ལས་ལ་ཉེ་བར་མཁོ་བའི་དྲག་བསྐུལ་སོགས་ཀྱང་ཕྲིན་ལས་འདི་དང་འབྲེལ་བ་ཡིན་མོད་ཀྱི་རྒྱུན་དུ་མི་མཁོ་བས་འདིར་མ་བྲིས་པ་དགོས་པ་བྱུང་ན་བེ་བུམ་དང་ཡིག་རྙིང་ལས་བླང་བར་བྱའོ།
།ཕྲིན་ལས་ལྷན་ཐབས་དད་པས་བྲིས་འདི་ཡང་། །སྒྲུབ་བརྒྱུད་རིན་ཆེན་རྒྱ་མཚོའི་མཐར་ཁྱབ་པའི། །ཆ་རྐྱེན་མཆོག་གྱུར་དེས་ཀྱང་སྐྱེ་འདི་ལ། །བླ་མ་མགོན་པོ་དབྱེར་མེད་ཉིད་འགྲུབ་ཤོག
།ཅེས་པ་འདིའང་དཔལ་སྤུངས་ཡང་ཁྲོད་དེ་ཝཱི་ཀོ་ཊི་ཙཱ་འདྲ་རིན་ཆེན་བྲག་གི་མགུལ་ཡེ་ཤེས་མགོན་པོའི་བསྟི་གནས་བསིལ་བའི་ཚལ་དུ་ཉེ་བར་མཁོ་བས་མཚམས་སྦྱར་ཏེ། རྒྱལ་བ་ལྷ་ལས་བབས་པའི་དུས་ཚེས་བཟང་པོར་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་ཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོས་སྦྱར་བ་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པའི་རྒྱུར་གྱུར་ཅིག། །།