Ye shes mkha' 'gro chos drug gsal sgron
Resource ID | Sup1 |
---|---|
Title | ye shes mkha' 'gro chos drug gsal sgron |
Alt. title | ye shes kyi mkha' 'gro ma ni gu ma la gsungs pa'i thar lam gsal ba'i sgron me ni gu chos drug khrid yig gsal ba'i sgron me |
Topics | Six doctrines of Niguma |
Sub-Topics | Commentary |
Author | Müchen Gyeltsen Pelsang |
Associated Person | Tsangma Shangtön |
Link | BDRC W8LS37032 (p.663) |
Notes | Same plan as chos drug gi 'grel pa bdud rtsi rgya mtsho |
༄༅། །ཡེ་ཤེས་མཁའ་འགྲོ་ཆོས་དྲུག་གསལ་སྒྲོན་བཞུགས་སོ།།
ཨོཾ་སྭ་སྟི་སིདྷཾ།
བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ།
།ཇི་བཞིན་གཟིགས་པའི་གཟིགས་པ་རྣམ་དག་ཆོས་ཀུན་ངོ་བོ་མེད་གཟིགས་ཅིང་། །ཇི་སྙེད་མཁྱེན་པའི་མཁྱེན་པ་རབ་ཡངས་དངོས་ཀུན་རྨི་ལམ་སྒྱུ་ལྟར་མཁྱེན། །ཚད་མེད་འགྲོ་བའི་འགྲོ་བ་འདྲེན་མཛད་འགྲོ་མགོན་ཆོས་རྗེ་རིན་པོ་ཆེ། །ས་གསུམ་བླ་མའི་བླ་མ་མཆོག་གི་བླ་མེད་ཞབས་ལ་ཕྱག་འཚལ་ལོ།
།དེའི་གསུང་རབ་གསུང་གི་བདུད་རྩིའི་གདམས་པ་རྣམས། །འགྲོ་བའི་དུག་གསུམ་དུག་ལྟའི་ནད་ཀུན་ཞི་བྱེད་ཅིང་། །འཆི་མེད་མཆོག་གི་མཆོག་རབ་གནས་སུ་འཁྲིད་བྱེད་པ།
།མཁའ་འགྲོའི་སྙན་བརྒྱུད་སྙན་ནས་བརྒྱུད་བཞིན་བྲི་བར་བྱ།
།འདིར་ཡང་དག་པར་རྫོགས་པའི། སངས་རྒྱས་རྡོ་རྗེ་འཆང་ཆེན་པོས། ཡེ་ཤེས་ཀྱི་མཁའ་འགྲོ་མ་ནི་གུ་མ་ལ་གསུངས་པའི། སྙན་བརྒྱུད་ཀྱི་གདམས་པ་འདི་ལ་ཆོས་དྲུག་སྟེ། ཐབས་ལམ་བདེ་དྲོད་རང་འབར། སྒྱུ་ལུས་ཆགས་སྡང་རང་གྲོལ། རྨི་ལམ་ཉིང་འཁྲུལ་རང་དག འོད་གསལ་གཏི་མུག་རང་སངས། འཕོ་བ་མ་བསྒོམས་སངས་རྒྱ། བར་དོ་རྒྱལ་བ་ལོངས་སྐུའོ།
།དང་པོ་ཐབས་ལམ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་སོ།
།སྔོན་འགྲོ་ལ་གསུམ་གྱི།
དང་པོ་༼དྲུག་ཀར་གྱི་སྔོན་འགྲོར་ཀྱང་འགྲོ་གསུངས།༽དག་བྱེད་ཨའི་སྟོང་ར་ནི།
སེམས་བསྐྱེད་སྔོན་དུ་སོང་བས། རང་ཐ་མལ་དུ་གནས་པའི་སྤྱི་བོར། པཾ་ལས་པད་མ། ཨ་ལས་ཟླ་བའི་དཀྱིལ་འཁོར་ཀྱི་སྟེང་དུ་རྩ་བའི་བླ་མ་བསྒོམ། དེ་ལ་འོག་ནས་འབྱུང་བའི་ཚུལ་ལྟར་གཞན་ཡང་བསྟིམས་ནས། བླ་མ་རིན་པོ་ཆེ་བདག་གི་ནད་གདོན་ཞི་བར་མཛད་དུ་གསོལ། སྡིག་སྒྲིབ་དག་པར་མཛད་དུ་གསོལ། ཏིང་ངེ་འཛིན་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། ཞེས་གསོལ་བ་དྲག་དུ་བཏབ་ནས་རང་རང་གི་སྨིན་མཚམས་སུ་ཆོས་འབྱུང་གྲུ་གསུམ་༼རྣམ་ཐར་སྒོ་གསུམ།༽དཀར་པོ་ལྟ་བུ་རྩ་བ་ཕྲ་བ་ཐུར་ལ་ཟུག་པས་མགྲིན་པར་སླེབས་པ། གདེངས་ཀ་གྱེན་དུ་ཕྱོགས་པའི་ཟུར་ཅིག་སྨིན་ཕྲག་དང་། ཟུར་གཉིས་རྣ་བ་གཉིས་སུ་སླེབས་པ་ཕྱི་ནང་ཐམས་ཅད་དཀར་སིང་ངེ་བ་གཅིག་བསྒོམ། དེའི་ནང་དུ་སེམས་སྐྱེ་མེད་མཚོན་པའི་ཨ་དཀར་པོ་འོད་ཀྱི་རང་བཞིན་ཅན་དུ་བསམས་ནས། ངག་ཏུ་ཨ་ཨ་ཞེས་ཅི་རིགས་པ་བརྗོད་པས། ཨ་ལས་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་རྒྱུན་དཀར་ནར་བབས་པས་ཆོས་འབྱུང་ཁེངས་ནས་ལུས་ཀྱི་ཕྱི་ནང་ཐམས་ཅད་ན་མར་སོང་བས། ནད་གདོན་སྡིག་སྒྲིབ་ཐམས་ཅད། བཤང་ལམ། ཆུ་སོ། སོར་མོ། བ་སྤུའི་བུ་ག་ཐམས་ཅད་ན་མར་བྱེ་མའི་རི་ལ་ཕུ་ཆུ་དྲག་པོས་བཏབ་པ་བཞིན། ནག་བུན་ནུ་ནུ་ཕྱིར་སངས་སངས་འཐོན་པར་བསམ། མཐར་ལུས་ཕྱི་གསལ་ནང་གསལ་ཕྲུ་མ་བུས་པའམ། ཤེལ་སྒོང་དྲི་མ་མེད་པ་ལྟར་བསམ་ལ་མ་ཡེངས་པར་བཞག་གོ །དེ་ལྟར་ཡང་ཡང་བསྐྱར་ཞིང་བསྒོམས་པར་བྱས་ཏེ། དེ་སྡིག་སྒྲིབ་དཀོར་སྐུ་ཀླུད་འགལ་འཁྲུལ་དམ་ཚིག་ཉམས་ཆགས་ལ་སོགས་པ་ཐམས་ཅད་འདག་གསུང་།
གཉིས་པ་སྟོང་ར་ནད་གདོན་སེལ་བྱེད་ནི། ནད་ཚད་པ་ཤས་ཆེ་ན། བདུད་རྩི་ཁ་དོག་དཀར་ལ་རེག་བྱ་ཤིན་ཏུ་བསིལ་བར་བསམ།༼ག་པུར་གྱི་རྒྱུན་ལྟ་བུ་༽ གྲང་བ་ཤས་ཆེ་ན། བདུད་རྩི་ཁ་དོག་དམར་ལ་རེག་བྱ་ཤིན་ཏུ་ཚ་བར་བསམ། རླུང་ནད་ལ་བདུད་རྩི་ཞུན་མར་ལ་སོགས་པ་བཅུད་ཅན་གྱི་རྣམ་པར་བསྒོམ་གདོན་གནོད་པ་ལ་འབུ་སྲིན་ལ་སོགས་པ་སྲོག་ཆགས་ཀྱི་རིགས་མང་པོ་ཆུ་བོ་ཆེན་པོ་ཙམ་འཐོན་པར་བསམ་མོ། །དེ་ལྟར་འགྲོ་འཆག་ཉལ་འདུག་ཐམས་ཅད་དུ། སྡིག་སྒྲིབ་ནད་གདོན་གསུམ་ཆར་ལ་རྩེ་གཅིག་ཏུ་དམིགས་པ་ནི་སྟོང་རའི་དམིགས་པའོ།
།གསུམ་པ་རྟགས་གསུམ་སྟོང་རའི་ཁྱད་པར་ནི། སྡིག་པ་དག་རྟགས་ནམ་མཁའ་ལ་འཕུར་བ་དང་། ཉི་བཞུར་ཟླ་བཞུར་ཤར་བ་དང་། ཁང་སྟེང་དང་། གངས་རྩེར་ཕྱིན་པ་དང་། ཆུའི་སྟེང་ནས་མི་འབྱིང་བར་འགྲོ་བ་དང་། ངོ་ཚའི་རྟོག་པ་མེད་པར་གཅེར་པུར་འགྲོ་བ་དང་། ཁྲུས་བྱས་པ་དང་། གོས་དཀར་པོ་དྲི་མ་མེད་པ་གོན་པ་ལ་སོགས་པ་ནི་སྡིག་སྒྲིབ་དག་པའི་རྟགས་སོ། །འཁྲུས་ནད་སྐྱུག་དང་རྣག་ཁྲག་འཛག་པ་དང་། ལུས་ལ་རྔུལ་མང་པོ་འཐོན་པ་ལ་སོགས་པ་ནི་ནད་འཐོན་པའི་རྟགས་སོ། །གདོན་སྡོམ་སྡིག་དང་སྦལ་ལྕོང་ལ་སོགས་པ་སྲོག་ཆགས་ཀྱི་རིགས་གང་ཐོན་ཡང་གདོན་འཐོན་པའི་རྟགས་ཏེ། དེ་རྣམས་དངོས་སམ། རྨི་ལམ་ཅི་རིགས་སུ་འབྱུང་ངོ་།
།གཉིས་པ་དངོས་གཞི་ལ་ལྔ་ལས།
དང་པོ་ལུས་གནད་མེའི་སྟོང་ར་ནི། རྐང་པ་དཀྱིལ་ཀྲུང་སྒལ་ཚིགས་དྲང་པོ། མགྲིན་པ་ཅུང་ཟད་དགུག །ལག་པ་གཉིས་ས་གནོན་བྱ། ངལ་གསོ་བའི་སྐབས་སུ། རྐང་པ་བསྣོལ་ནས་ཙོག་པུ་ལ་ལག་པ་གཉིས་པུས་འཁྱུད་བྱས་ཀྱང་འགལ་བ་མེད་གསུང་། དེ་ནས་སེམས་བསྐྱེད་སྔོན་དུ་སོང་བས། རང་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་། སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་ཀྱི་གཡས་གྲི་གུག་གཡོན་ཐོད་པ་གྲུ་མོ་ན་ཁ་ཊྭཱཾ་ཀ་བསྣམས་པ་རུས་པ་དང་མི་མགོས་བརྒྱན་པར་བསམས་པའི་སྤྱི་བོར། བླ་མ་སྔར་བཞིན་བསྒོམས་ལ། བླ་མ་རིན་པོ་ཆེ་བདག་ལ་བདེ་དྲོད་ཀྱི་ཏིང་ངེ་འཛིན་བརྒྱུད་ལ་སྐྱེ་བར་མཛད་དུ་གསོལ། བདེ་སྟོང་གི་ཏིང་ངེ་འཛིན་བརྒྱུད་ལ་སྐྱེ་བར་མཛད་དུ་གསོལ། ཞེས་གསོལ་བ་གདབ། དེ་ནས་རླུང་རོ་ཕྱིར་བུས་ལ་༼ཁམས་འདུས་ལ་སོགས་གེགས་མི་འབྱུང་ལ།༽རང་གི་ལུས་རྗེ་བཙུན་མའི་རྣམ་པ་ལ། ནང་མེ་མར་མུར་གྱི་འོབས་ལྟ་བུ་ཁ་དོག་དམར་ལ་རེག་བྱ་ཤིན་ཏུ་ཚ་བ། རྫ་མ་བསྲེགས་པ་ལྟ་བུ་སྟོང་སང་ངེ་བའི་ཁོག་པའི་ནང་ལྟེ་བའི་ཐད་ཀའི་ཕྱོགས་བཞིར་མེ་ངང་པའི་སྒོང་ང་ཙམ་བཞི་འབར་ལ་ཁད་པ་ལ་རྩེ་གཅིག་ཏུ་སེམས་གཏད་ལ་སྟེང་འོག་གི་རླུང་བཟུང་ངོ་།
།གཉིས་པ་གཏུམ་མོ་ཟས་སུ་ཟ་བ་ནི། སྔོན་འགྲོ་གོང་བཞིན་བྱས་ལ། རྐང་ལག་བསྣོལ་ལ་ཙོག་པུར་བྱས་པའི་མཐེ་བོང་གཉིས་ལག་པས་བཟུང་སྒལ་ཚིགས་བསྲང་། མགྲིན་པ་ཅུང་ཟད་བཀུག་ལ་རླུང་རོ་ཕྱི་བསལ། དེ་ནས་རང་རྗེ་བཙུན་མར་བསྒོམས་པའི་རྩ་གསུམ་གསལ་གདབ། གསང་གནས་སུ་ཡཾ་ལས་རླུང་གི་དཀྱིལ་འཁོར་གཞུའི་དབྱིབས་ལྟ་བུའི་སྟེང་དུ། རྩ་གསུམ་འདོམས་སར། རཾ་དམར་པོ་གླ་རིལ་ཙམ་གཅིག་བསམས་ལ་རླུང་གཉིས་ཁ་སྦྱར་བས་ཡཾ་ལས་རླུང་གཡོས། རཾ་ལས་མེ་ཁ་དོག་དམར་ལ་རེག་བྱ་ཤིན་ཏུ་ཚ་བ་འགར་སོ་མལ་ལྟ་མེ་སྟག་འཕྲོ་བཞིན་པ། དབྱིབས་ནས་སམ། གཟུངས་མོ་བྱི་དུར་ལྟར། མགོ་མཇུག་ཕྲ་བའི་རྩེ་མོས་མགྲིན་པར་སླེབས་པ། དབུ་མ་ཡངས་པར་བསམས་པའི་ནང་ན་ཡར་འུར་སྒྲ་དང་བཅས་པར་འབར་ནས། ཁོག་པ་ཁེངས་པར་བསམ་ལ། ལུས་ཀྱི་ལས་སུ་དཀྲུག་འཁོར་བྱ། ངག་གི་ལས་སུ་རླུང་བཟུང་། མི་ཐུབ་ཙ་ན་ཤ་ཁྲག་ན་མར་དལ་བུས་བཏང་བས་དྲོད་མྱུར། སེམས་ཀྱིས་ལས་སུ་མེ་འབར་བཞིན་པའི་རཾ་དང་མེའི་མཚམས་སུ་སེམས་རྩེ་གཅིག་ཏུ་གཏད་དོ།
།གསུམ་པ་གོས་སུ་གོན་པ་ནི། བདེ་བའི་མལ་དུ་ལུས་བྲང་སྦྱར་ལ་ཉལ། ལྐོག་མ་པུས་མོ་ལ་དགལ། ལག་པ་བསྣོལ་ལ་ལག་༼འཐིལ་བཞི་དྲོད་པ་ན་༽འཐིལ་གཉིས་མཆན་འོག་ཏུ་དགལ། མེའི་དམིགས་པ་སྔར་བཞིན་བྱས་ལ་སྟེང་འོག་གི་རླུང་གཟུང་ངོ་།
།བཞི་པ་སྟན་དུ་གདིང་བ་ནི། རྐང་པ་རྟེན་ས་ལ་གཏད་གང་རུང་གཅིག་གི་སྒྱུ་མོ་༼དྲོད་༽ཁུང་གི་གཅིག་ཤོས་ཀྱི་བོལ་གོང་༼དྲོད་༽མནན། གཞོགས་གང་རུང་འོག་ཏུ་བཅུག་ལ་ཁྱི་ཉལ་སྒོར་མོར་ཉལ། རླུང་དང་དམིགས་པ་གོང་བཞིན་ནོ།
།ལྔ་པ་སྲིད་པའི་དབང་ཞུ་བ་ནི། སྤྱི་བོར་བླ་མ་སྔར་བཞིན་བསྒོམས་ནས་དེའི་ཐུགས་ཁ་ནས་འོད་ཟེར་འཕྲོས་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདུད་རྩི་འོད་ཟེར་གྱི་རྣམ་པར་བསྡུས། བླ་མའི་ཐུགས་ཁར་སྟིམས་ལ། ལུས་ལོངས་སྤྱོད་ཐམས་ཅད་མཆོད་པར་ཕུལ་ནས། བླ་མ་རིན་པོ་ཆེ་བདག་ལ་དབང་བཞི་རྫོགས་སུ་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། བླ་མའི་སྐུ་ལས་འོད་ཟེར་དཀར་པོ་དཔག་ཏུ་མེད་པ་བྱུང་ནས། སྤྱི་བོ། མགྲིན་པ། སྙིང་ཁ། ལྟེ་བ་། རྐང་མཐིལ་ཡན་ཆད་གང་བས་རིམ་པ་ལྟར་དབང་བཞི་ཐོབ་པས་ལུས་ངག་ཡིད། དེ་གསུམ་ཐ་དད་དུ་འཛིན་པའི་དྲི་མ་བཞི་བག་ཆགས་དང་བཅས་པ་དག་ནས། སྐུ་བཞི་མངོན་དུ་བྱས་པར་བསམ་མོ། །དེས་སྡིག་སྒྲིབ་དམ་ཚིག་ཉམས་ཆགས་ཐམས་ཅད་དག་ནས། གེགས་མི་འབྱུང་ཏིང་ངེ་འཛིན་མ་སྐྱེས་པ་སྐྱེ། སྐྱེས་པ་གོང་ནས་གོང་དུ་འཕེལ་བར་འགྱུར་རོ།
།གསུམ་པ་རྗེས་ལ་གཉིས་ལས།
དང་པོ་གགས་རང་གྲོལ་ནི། ཐབས་ལམ་སྒོམ་པའི་ཚེ། སྙིང་མི་དགའ་བ་དང་། ཤེས་པ་འཕྱོ་བ་དང་། རོ་སྟོད་མདུན་རྒྱབ་དུ་གཟེར་བ་ལ་སོགས་པ་སྟོད་གེགས་བྱུང་ན། གང་ན་སར་རིན་པོ་ཆེ་འབར་བ་ལྟ་བུའི་བུ་ག་དང་། ལུས་ཐམས་ཅད་ན་བ་ལ་བུ་ག་ཁྲོལ་ཚགས་ཀྱི་དམིགས་ལྟ་བུ་བསྒོམས་པའི་ནང་ནས་ནད་གདོན་ཐམས་ཅད་དུད་པ་འཕྱུར་བ་ལྟར། སྔོན་དམར་སྣ་ཚོགས་བུན་བུན་འཐོན་པར་བསམས་ལ། རླུང་དྲག་དུ་འབུད་པའམ། ཧས་དྲག་པོ་གདབ་པར་བྱའོ།༼དང་ལག་པ་གཉིས་ཡུག་པ་དང་དུས་ལ།༽ སྨད་ཀྱི་ཀུནྡའི་གགས་ནི་འཁྲུལ་༼དབབ་བཟུང་བཟློག་བགྲམ་པའོ་༽འཁོར་དང་དམིགས་པས་གསལ་གསུང་ངོ་།
།གཉིས་པ་རླུང་རྟར་ཞོན་པའི་མན་ངག་ནི། འགྲོ་བའི་ཚེ་ལག་པ་གཉིས། ཁུ་ཚུར་བཅངས་ལ་མཆན་འོག་གཉིས་སུ་བཞག །དེ་གཉིས་སུ་རླུང་༼ཡང་ན་རྐང་འོག་གཉིས་སུ་༽གི་ལྷ་མོ་སྔོན་མོ་གཤོག་པ་ཅན་རེ་བསྒོམས་ལ། དེ་གཉིས་ཀྱིས་ནམ་མཁའ་ལ་ཁྱེར་བར་བསམས་ལ། ༼ཁུག་པ་ཉེར་གཅིག་༽རླུང་བཟུང་ནས་ཕྱིན་ན་རྟ་མཆོག་དང་མཉམ་པའི་འགྲོས་འབྱུང་ངོ་།
༼།གཉིས་པ་ནད་པ་སྟན་ལ་བཞུགས་པ།༽
གཉིས་པ་སྒྱུ་ལུས་ལ་གསུམ་ལས།
དང་པོ་དབང་པོ་རབ་བླ་མ་དམ་པ་གྲོགས་སུ་བསྟེན་པ་ནི། དེ་ལ་ཅིའི་ཕྱིར་གྲོགས་ཞེ་ན། འདུ་འབྲལ་མེད་པས་ན་གྲོགས། གོང་ནས་གོང་དུ་འཁྲིད་པས་ན། ཡོན་ཏན་ཐམས་ཅད་སྐྱེད་པར་བྱེད་པས་སམ། ཚེ་གཅིག་གམ་ལོ་ཟླ་ཙམ་གྱིས་སངས་རྒྱས་ཀྱི་ས་ལ་འགོད་པར་བྱེད་པས་ན་གྲོགས་ཡིན་གསུང་།
འདི་ལ་གཉིས་ཀྱི། དང་པོ་གསོལ་འདེབས་བླ་མའི་ལམ་ཁྱེར་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་དོན་དུ་ཐེག་པ་ཆེན་པོའི་ཆོས་སྒྲུབ་སྙམ་དུ་བྱང་ཆུབ་ཏུ་སེམས་བསྐྱེད། དེ་ནས་འཁོར་བ་ལ་སྐྱོ་ཤས་དྲག་པོ་བསྐྱེད་དེ། རྡོ་རྗེ་ཚིག་རྐང་ལས། མི་རྟག་སྐྱོ་ཤས་ཉེས་དམིགས་སྔོན་འགྲོ་བས། །ཞེས་གསུངས་པས། དེ་ལ་སྔར་སྐྱེས་པ་ཐམས་ཅད་ཤི །ད་གདོད་སྐྱེ་བ་ཐམས་ཅད་ཀྱང་འཆི། ད་ལྟ་ས་ཐོག་ན་ཡོད་པ་ཐམས་ཅད་ཀྱང་ཤི་ཚེ་ཐར་དུ་སྡོད་པ་གཅིག་ཀྱང་མེད། འཆི་བ་ཡིན་ཅིས་ཀྱང་ཅི་བྱེད། ཤི་ནས་མེད་པར་ཡང་མི་འགྱུར་ཏེ། རིགས་དྲུག་གང་དུ་སྐྱེས་ཀྱང་སྐྱིད་མེད་ཨང་སྙམ་དུ་བསམ་ལ། དེ་ནས་རང་འཁོར་ལོ་བདེ་མཆོག་སྐུ་མདོག་སྔོན་པོ། ཞལ་གཅིག་ཕྱག་གཉིས་པ་གཡས་རྡོ་རྗེ། གཡོན་དྲིལ་བུ་འཛིན་པ། ཡུམ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ་གཡས་གྲི་གུག །གཡོན་ཐོད་པ་འཛིན་པ་དང་གཉིས་སུ་མེད་པ། གཉིས་ཀའང་རུས་པ་དང་མི་མགོས་བརྒྱན་པར་བསྒོམས་ལ་དེའི་སྤྱི་བོར། པད་ཉིའི་གདན་ལ། རྩ་བའི་བླ་མ་ཞལ་འཛུམ་མདངས་དང་ལྡན་པ། མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། འོད་དང་འོད་ཟེར་གྱི་རང་བཞིན་ཅན། ཉི་མ་འབུམ་གྱི་གཟི་བརྗིད་དང་ལྡན་པ། མཚན་ཐོས་པ་ཙམ་གྱིས་མི་ལྡོག་པའི་ས་ཐོབ་ན། གསོལ་བ་བཏབ་ན་བྱིན་བརླབས་འབྱུང་བ་སྨོས་མི་དགོས་པ་གཅིག་ཏུ་བསམ། དེའི་ཐུགས་ཁ་ནས་འོད་ཟེར་འཕྲོས་པས། རྩ་བ་དང་བརྒྱུད་པའི་བླ་མ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། ཡི་དམ་ལྷ་ཚོགས་མཁའ་འགྲོ་ཆོས་སྐྱོང་གཞན་ཡང་རང་གི་ཆོས་འབྲེལ་ཡོད་ཚད་རྣམས་སྤྱན་དྲངས་ལ་བླ་མ་ལ་བསྟིམས་ནས། མདུན་དུ་རང་ལ་གནོད་བྱེད་ཀྱིས་༼གདོན་ནམ་གཞི་དག་གིས་༽གཙོ་བྱས་པའི་མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད། ལུས་གུས་པས་༼མ་མཁའ་མཉམ་པའི་༽ཐལ་མོ་སྦྱར། ངག་གུས་པས་གསོལ་བ་འདེབས། ཡིད་གུས་པས་མོས་གུས་རྒྱུན་ཆད་མེད་པར་བྱེད་པར་བསམས་ལ། རང་གིས་གསོལ་བ་བཏབ་པ་དང་། སེམས་ཅན་ཐམས་ཅད་ཀྱང་ཁུ་དི་རི་རི་གསོལ་བ་འདེབས་པར་བསམ་ལ། བླ་མ་རིན་པོ་ཆེ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་འཛིན་བློས་ཐོངས་པར་མཛད་དུ་གསོལ། དགོས་མེད་རྒྱུད་ལ། ༼སྐྱེ་བར་མཛད་དུ་གསོལ།༽ སྒྱུ་ལུས་རྨི་ལམ་འབྱོངས་པར། འོད་གསལ་ཕྱག་རྒྱ་ཆེན་པོ་རྟོགས་པར་མཛད་༼ད་ལྟ་མྱུར་བ་འདུག་ས་འདི་ཉིད་དུ་༽དུ་གསོལ། ཅེས་མོས་གུས་རྒྱུན་ཆད་མེད་པར་རྩེ་གཅིག་ཏུ་གསོལ་བ་དྲག་ཏུ་གདབ་སོ།
ཡེ་ཤེས་མངོན་འབྱུང་ལས། ས་དང་ལམ་གྱི་རིམ་པ་རྣམས། །བླ་མའི་མོས་གུས་ལོ་ཟླས་བགྲོད། །བླ་མའི་སྣང་བ་མ་བྲལ་ན། །སངས་རྒྱས་རྣམས་དང་འབྲལ་མེད་གནས། །ཞེས་དང་།
ཡེ་ཤེས་མཁའ་འགྲོ་ནི་གུ་མའི་ཞལ་ནས། ལམ་ལྔ་ས་བཅུའི་རིམ་པ་རྣམས། །མོས་གུས་སྟོབས་ཀྱིས་བགྲོད་པར་བྱེད། །བླ་མའི་སྣང་བ་མི་འབྲལ་ན། །རྒྱུད་སྡེའི་དགོངས་པ་གནད་ཀྱི་མཆོག །ཅེས་གསུངས།
སློབ་དཔོན་བིརྺ་པའི་ཞལ་ནས་ཀྱང་། ལམ་ཟབ་བླ་མ་ཞེས་གསུངས་པས། དབང་པོ་རབ་ལམ་གཞན་ལ་ལྟོས་མི་དགོས་པར་བླ་མའི་མོས་གུས་ཉིད་ཀྱིས་གྲོལ་བར་གསུངས་སོ།
།གཞན་ཡང་ལྷ་སྐུ་བསྐལ་པ་སྟོང་དུ་བསྒོམས་པ་བས། བླ་མ་དྲན་པ་བསོད་ནམས་ཆེ་ཞིང་། སངས་རྒྱས་སྟོང་གི་ཡོན་ཏན་འཛིན་པར་འགྱུར་བ་ལ་སོགས་པ། མདོ་འམ་རྒྱུད་མན་ངག་༼ཐམས་ཅད་ནས་༽ཕན་ཡོན་དཔག་ཏུ་མེད་པ་གསུངས་པས། ལུང་གིས་བརྒྱན་ཅིང་ཡིད་ཆེས་པར་བྱའོ།
།གཉིས་པ་ཅིར་སྣང་བདེན་མེད་ལམ་ཁྱེར་ནི། གོང་ལྟར་གསོལ་བ་བཏབ་པས། སྣང་བ་བདེན་མེད་དུ་ཕྱལ་སོང་བ་དང་། སྣང་ཞིང་སྲིད་པས་བསྡུས་པའི་ཆོས་བདག་གཞན་སྣོད་བཅུད་སྣ་ཚོགས་སུ་སྣང་བ་འདི་ཐམས་ཅད། རང་གི་བློས་བཀོད་བློས་བྱས་པའི་བག་ཆགས་ཀྱི་སེམས་ཉིད་ཕྱི་རོལ་གྱི་རྣམ་པར་ཤར་བ་ཡིན་གྱི་སེམས། སེམས་ལས་ཐ་དད་དུ་ཕྱི་རོལ་ན་དོན་ལོགས་སུ་གྲུབ་པ་བདེན་པ་གཅིག་ཀྱང་མི་འདུག་པས་སེམས་ཉིད་སྣ་ཚོགས་སུ་སྣང་གིན་འདུག་ཀྱང་ངེས་པར་བདེན་མེད་གཅིག་ཡིན་ཨང་སྙམ་དུ་བསྒོམ། གཤིས་བདེན་མེད་ཡིན་པ་ལ། དེ་ལྟར་མ་རྟོགས་པས་འཁོར་བར་འཁྱམས་པར་འདུག་སྙམ་དུ་བསམ། དེ་ལྟར་རྩེ་གཅིག་ཏུ་བསྒོམ་པ་དེ་མཉམ་བཞག་གོ །རྗེས་སྤྱོད་ལམ་རྣམ་བཞི་ལ་སོགས་པ་ཐམས་ཅད་ཀྱི་དུས་སུའང་། འཆི་བ་མི་རྟག་པ་དྲན་པ་དང་། བླ་མའི་མོས་གུས་དུང་དུང་པ་དང་། ཅིར་སྣང་ཐམས་ཅད་ལ་ངེས་པར་བདེན་མེད་ཡིན་སྙམ་པའི་འདུན་པ་དྲག་པོ་དང་། གསུམ་མ་གཡེངས་པར་རྩེ་གཅིག་ཏུ་༼འགྲོ་འཆག་ཉལ་འདུག་༽ཉམས་སུ་བླངས་པས། ༼གསོལ་འདེབས་ཡན་གོང་བཞིན་བྱས་ནས་གཉིད་ལོག་པས་༽གཉིད་དུ་སོང་བའི་ཚེ་གཡང་ཆེན་པོ་ལ་ཤོར་བའམ། མིའམ་ཁྱིས་དེད་པ་ལ་སོགས་པའི་རྨི་ལམ་མི་འཚམས་པ་གཅིག་རྨིས། དེ་རྨི་ལམ་དུ་ཤེས། རྨི་ལམ་བདེན་མེད་སྒྱུ་མར་ཤེས། སྒྱུ་མ་སྒྱུ་འཛིན་ཐམས་ཅད་དང་བྲལ་ནས་འོད་གསལ་ཕྱག་རྒྱ་ཆེན་པོ་ཇི་ལྟ་བ་བཞིན་མངོན་དུ་གྱུར་པ་དེ་ལ། དབང་པོ་རབ་བླ་མ་དམ་པ་གྲོགས་སུ་བསྟེན་པས། ལམ་ལྔ་ས་བཅུ་བགྲོད་པར་བྱ་བ་ཡིན་གསུང་ངོ་། །དེས་ལམ་མ་བགྲོད་ན། བླ་མ་ལ་ཆོས་སྐུའི་འདུ་ཤེས་མ་སྐྱེས། མོས་གུས་ཀྱི་རྩོལ་བ་ཞན་པའི་སྟོབས་ཀྱིས་དབང་པོ་འབྲིང་དུ་སོང་བ་ཡིན་ནོ།
།དེ་ལ་༼གཉིས་པ།༽དབང་པོ་འབྲིང་ཚིག་གཞན་གྱིས་བར་མ་ཆོད་པར་འཁྲིད་པ་ནི། ཅིའི་ཕྱིར་དེ་སྐད་ཅེས་བྱ་ཞེ་ན། ཐ་མལ་གྱི་ལོང་གཏམ་ལྟ་ཅི་སྨོས། མདོ་འདོན་སྔགས་བཟློས་པ་ལ་སོགས་ཐམས་ཅད་ཀྱང་རེ་ཞིག་བཞག་ནས། ཡིད་ལ་ཡང་ཅིར་སྣང་ཐམས་ཅད་སྒྱུ་མ་རྨི་ལམ། ངག་ཏུ་ཡང་སྒྱུ་མ་རྨི་ལམ། ཞེས་རྟག་ཏུ་བརྗོད་པར་བྱ་སྟེ།
ཁྱིའུ་རབ་སྣང་གིས་ཞུས་པའི་མདོ་ལས། ཆོས་རྣམས་སྒྱུ་མ་རྨི་ལམ་ཞེས། །གང་གིས་ཚིག་བརྗོད་དྲན་གྱུར་ན། །སྲིད་པའི་འཆིང་བ་ལས་གྲོལ་ནས། །ཚེ་འདི་ཉིད་དུ་སངས་རྒྱས་ངེས། །ཞེས་གསུངས་སོ།
།འདི་ཉམས་སུ་ལེན་པ་ལ་གཉིས་ལས།
དང་པོ་རང་ལུས་སྣང་སྟོང་ལྷ་སྐུ་ནི། མི་རྟག་འཁོར་བའི་སྐྱོ་ཤས་དྲག་པོ་དང་སེམས་སྐྱེད་བླ་མའི་རྣལ་འབྱོར་སྔར་བཞིན་བྱས་ལ་གསོལ་བ་དྲག་ཏུ་བཏབ་པས། སྣང་བ་བདེན་མེད་དུ་ཕྱམ་སོང་བ་དང་། རང་འཁོར་ལོ་བདེ་མཆོག་སྣང་བ་གཟུགས་སུ་གྲུབ་པ་ལ་རེག་བྱ་གཟུགས་སུ་མ་གྲུབ་པ། ཆུ་ཟླའམ། མེ་ལོང་གི་གཟུགས་བརྙན་ལྟར་སྣང་ལ་རང་བཞིན་མེད་པར་བསྒོམ་པའི་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་རྣམ་པ་བཞུགས་ཚུལ་ལ་སོགས་པ་འདི་རྣམས། རང་གི་བློས་བཀོད་ནས་བྱས་པ་མ་གཏོགས་པ། སེམས་ལས་དོན་ལོགས་སུ་གྲུབ་པ་གཅིག་ཀྱང་མི་འདུག སེམས་ཉིད་ཀྱང་འདི་ལྟ་བུར་སྣང་ནི་སྣང་། བདེན་ནི་མི་བདེན། སྒྱུ་མ་ཡིན་རྨི་ལམ་ཡིན་སྙམ་དུ་རྩེ་གཅིག་ཏུ་བསྒོམ། ངག་དུ་ཡང་བརྗོད་དོ།
།གཉིས་པ་ཅིར་སྣང་སྒྱུ་མའི་ལམ་ཁྱེར་ནི། རང་ལུས་ལྷ་སྐུ་དེ་ལྟར་ཡིན་པ་བཞིན་དུ། ཕྱི་སྣོད་ཀྱི་འཇིག་རྟེན་ཁང་ཁྱིམ་ས་རྡོ་རི་བྲག་རྩི་ཤིང་ནགས་ཚལ་ལ་སོགས་པ་དང་། ནང་བཅུད་ཀྱི་སེམས་ཅན། སྐྱེས་པ་བུད་མེད་དགྲ་གཉེན་རྟ་གླང་པོ་ལ་སོགས་པ་བདག་གཞན་སྣོད་བཅུད་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས། སྣ་ཚོགས་འདི་རྣམས་ཐམས་ཅད། རང་གི་བློས་བཀོད། བློས་བྱས་པའི་སེམས་ཉིད་དེ་ལྟར་དུ་ཤར་བ་མ་གཏོགས་པ། སེམས་ལས་ཐ་དད་དུ་ཕྱི་རོལ་ན་དོན་ལོགས་སུ་བདེན་པར་གྲུབ་པ་གཅིག་ཀྱང་མི་འདུག །སེམས་ཉིད་སྣ་ཚོགས་སྣང་ནི་སྣང་། བདེན་ནི་མི་བདེན་འདི་ཀ་རྨི་ལམ་ཡིན། སྒྱུ་མ་ཡིན་སྙམ་དུ་རྩེ་གཅིག་ཏུ་ཉམས་སུ་བླང་ངོ་། །དེ་ཡང་སྣང་བ་ཐམས་ཅད་རང་གི་སེམས་ཀྱི་རང་སྣང་ཡིན་ཏེ།
རྡོ་རྗེ་གུར་ལས། རིན་ཆེན་སེམས་ལས་ཕྱིར་གྱུར་པའི། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །ཅེས་པ་དང་།
ཕལ་པོ་ཆེ་ལས། ཀྱེ་རྒྱལ་བའི་སྲས་དག ཁམས་གསུམ་པོ་འདི་དག་ནི་སེམས་ཙམ་མོ། །ཞེས་པ་དང་།
ལང་ཀར་གཤེགས་པ་ལས། བག་ཆགས་ཀྱིས་ནི་དཀྲུགས་པའི་སེམས། །དོན་དུ་སྣང་བ་རབ་ཏུ་འབྱུང་། །དོན་ཡོད་མ་ཡིན་སེམས་ཉིད་དེ། །ཕྱི་རོལ་དོན་མཐོང་ལོག་པ་ཡིན། །ཞེས་པ་ལ་སོགས་པའི་ལུང་དང་། སྔོན་བྱུང་གཏམ་རྒྱུད་ངོ་མཚར་བས་བརྒྱན་ཏེ་ངེས་ཤེས་བསྐྱེད་པར་བྱའོ།
།རྗེས་འགྲོ་བ། འཆག་པ། ཉལ་བ། འདུག་པ། ཟས་ཟ་བ་གོས་གྱོན་པ། གཏམ་སྨྲ་བ་ལ་སོགས་པ། སྤྱོད་ལམ། ཐམས་ཅད་དུ། ང་དོ་ནུབ་འཆིའམ། ནང་པར་འཆི་ནམ་འཆི་ཆ་མེད་ཅིས་ཀྱང་ཅི་བྱེད་སྙམ་པ་དང་། བླ་མའི་སྣང་བ་དང་མི་འབྲལ་བར། མོས་གུས་རྒྱུན་ཆད་མེད་པ་དང་། ཅིར་སྣང་ཐམས་ཅད་སྒྱུ་མ་རྨི་ལམ་དུ་སྔར་བཞིན་དགྱེར་བར་བྱ། ཁྱད་པར་དུ་ཕན་གནོད་དང་། གཏམ་སྙན་མི་སྙན་ལ་སོགས་པ་བདེ་སྡུག་ཆགས་སྡང་གི་ཡུལ་དང་ཕྲད་པའི་ཚེ། འདི་ཀ་རྨི་ལམ་གྱི་བདེ་སྡུག་ལ་སོགས་པ་ཡིན་པར་འདུག་སྙམ་དུ་བསམ། མདོར་ན། ངག་ཏུ་ཡང་སྒྱུ་མ་རྨི་ལམ་སེམས་ཀྱིས་ཀྱང་སྒྱུ་མ་རྨི་ལམ་གྱི་རྩིས་ཟིན་པར་བྱས་པ་དང་། ཅི་བྱས་ཐམས་ཅད་དགེ་སྦྱོར་དུ་འགྲོ་གསུང་ངོ་།
།ཡེ་ཤེས་མཁའ་འགྲོ་མ་ནི་གུ་མའི་ཞལ་ནས། ཅིར་སྣང་སྒོམ་དུ་མ་ཤེས་ན། །གཉེན་པོ་བསྟེན་གྱིས་ག་ལ་ལང་། །ཡུལ་ངན་ཡང་གིས་ག་ལ་སྤོངས། །སྒྱུ་མར་རྟོགས་པས་རང་སར་གྲོལ། །ཅེས་གསུངས།
ཡེ་ཤེས་རྒྱ་མཚོ་ལས། རང་ལུས་སྒྱུ་མའི་རྣམ་པར་རབ་ཤེས་པས། །འགྲོ་ཀུན་སྐྱེས་པ་བུད་མེད་སྣ་ཚོགས་པ། །ཐམས་ཅད་གཟུགས་ནི་སྒྱུ་མའི་རྣམ་པ་ལས། །མཁས་པ་སུ་དག་དེ་ལས་གཞན་དུ་བརྗོད། །ཅེས་གསུངས་པས།
སྣང་བ་ཐམས་ཅད་རང་གི་སེམས། སེམས་ལྷ་སྐུ། ལྷ་སྐུ་བདེན་མེད་སྒྱུ་མ་ལྟ་བུ་སྟེ། དེ་ལྟར་མཉམ་རྗེས་སྤྱོད་ལམ་ཐམས་ཅད་དུ། ཆགས་སྡང་གི་ཡུལ་ལ་སོགས་པའི་ཅིར་སྣང་ཐམས་ཅད་ལ་གཉེན་པོ་བསྟེན་ཅིང་བསྒོམས་པས་ནུབ་མོ་རྨི་ལམ་ཟིན་དེ་བདེན་མེད་སྒྱུ་མར་ཤེས། སྒྱུ་མ་སྒྱུ་འཛིན་ཙམ་དང་བྲལ་ནས། འོད་གསལ་ཕྱག་རྒྱ་ཆེན་པོ་ཇི་ལྟ་བ་བཞིན་མངོན་དུ་གྱུར་པ་དེ་ལ་དབང་པོ་འབྲིང་ཚིག་གཞན་གྱིས་བར་མ་ཆོད་པར་ཁྲིད་པས་ལམ་ལྔ་ས་བཅུ་བགྲོད་པ་ཡིན་གསུང་ངོ་། །དེ་ལྟར་ཉམས་སུ་ལེན་པ་ན། ཚེ་འདི་བློས་མ་ཐོངས་ན་ཅི་བྱས་ཚེ་འདི་འབའ་ཞིག་གི་བྱ་བར་འགྲོ་བས། ཚེ་འདི་བློས་གཏོང་བའི་ཚུལ། ཇོ་བོ་ཆེན་པོ་རྗེ། ལོ་ཙཱ་བ་རིན་ཆེན་བཟང་པོ། ཁ་རག་བསྒོམ་པ། ཞང་རིན་པོ་ཆེ། རྣལ་འབྱོར་ཆོས་དབང་ཕྱུག་ལ་སོགས་པའི་ལོ་རྒྱུས་དང་། ཉམས་ལེན་གྱི་སྐབས་སུ་ཇི་ལྟར་མཁོ་བའི་མདོ་རྒྱུད་ལ་སོགས་པའི་ལུང་སྦྱོར་སྣ་ཚོགས་དང་། བླ་མ་གོང་མའི་གསུང་སྒྲོས་དང་། སྔོན་བྱུང་གི་གཏམ་རྒྱུད་ཁྱད་པར་ཅན་རྣམས་ཅི་རིགས་སུ་གསུང་བ་ནི། འདིར་ཡི་གེ་མངས་ཀྱིས་དོགས་ནས་མ་བྲིས་པས་གཞན་དུ་ཤེས་པར་བྱའོ། །དབང་པོ་རབ་འབྲིང་གཉིས་ལ་དགེ་སྦྱོར་མ་སྐྱེས་ན། བླ་མ་ལ་ཆོས་སྐུའི་འདུ་ཤེས་མ་སྐྱེས་པ་དང་། མོས་གུས་དང་འདུ་ཤེས་ཞན་པའི་སྟོབས་ཀྱིས་དབང་པོ་ཐ་མར་སོང་བ་ཡིན་ནོ།
།དེ་ལ་གསུམ་པ། དབང་༼མི་གསུམ་གྱི་ལས་ཀྱིས་སླད་པ་དེ་ལ་བྱ་བ་དཀའ་ཤོས་བབས་དང་ལྟ་གསུང་༽པོ་ཐ་མ་མལ་གཅིག་ཏུ་ཏིང་ངེ་འཛིན་རྒྱུད་ལ་སྐྱེས་པ་ནི། ཅིའི་ཕྱིར་དེ་སྐད་ཅེས་བྱ་ཞེ་ན། མལ་གྱི་དྲོད་མ་ཡལ་བར་ཉིན་མཚན་ཐམས་ཅད་དུ་མ་ཡེངས་པར་རྩེ་གཅིག་ཏུ་བསྒོམ་དགོས་པས་སོ། །དེ་ལ་སད་བཞིས་མ་ཁྱེར་བར་བྱ་སྟེ། འགྲོ་འདུག་མང་པོ་དགེ་སྦྱོར་གྱི་སད། འཕོ་སྐྱེས་མང་པོ་དགེ་སྦྱོར་གྱི་སད། བློ་སྣ་མང་པོ། ལོག་ལྟ་མང་པོ་དགེ་སྦྱོར་གྱི་སད་ཡིན་པས། དེ་རྣམས་སྤངས་ལ་ཉམས་སུ་བླངས་གསུང་། འདི་ལ་བཞིའི་སྔོན་འགྲོ་གཞན་སྔར་བཞིན་བསྒོམས་ལ། བདག་འཛིན་བློས་ཐོངས་པར། དགོས་མེད་རྒྱུད་ལ་སྐྱེ་བར། སྒྱུ་ལུས་རྨི་ལམ་འབྱོངས་པར་མཛད་དུ་གསོལ། ཅེས་གསོལ་བ་བཏབ་ནས།
དང་པོ་འགྲོ་དྲུག་སྒྱུ་མར་འཆར་བྱེད་ནི། རྐང་པ་བསྣོལ་ལ་ཙོག་པུ་བྱ། ལག་པ་བསྣོལ་ལ་པུས་མོ་ལ་འཁྱུད། རང་ཡི་དམ་དུ་བསྒོམས་པའི་ལྟེ་འོག་ཏུ་ཆོས་འབྱུང་ཕྱི་དཀར་ལ་ནང་དམར་བའི་ནང་དུ། དམྱལ་བ་ཚ་གྲང་ལ་སོགས་པ་འགྲོ་དྲུག་གི་སེམས་ཅན་ཐམས་ཅད་འོད་དུ་ལྟེམ་ལྟེམ་བསམ་ལ་དེ་ལ་རྩེ་གཅིག་ཏུ་སེམས་གཏད་པས། སྟེང་རླུང་ཤུགས་ཀྱིས་ཟིན། འོག་རླུང་དྲག་ཏུ་བསྐུམས་ལ། བདག་གིས་གཙོ་བྱས་པའི་འགྲོ་དྲུག་སེམས་ཅན་འདི་རྣམས་མི་བདེན་པ་ལ་བདེན་པར་བཟུང་བས་འཁོར་བ་འབའ་ཞིག་ཏུ་འཁྱམས་པ་སྙིང་རེ་རྗེ་སྙམ་དུ་བསམ། འདི་རྣམས་ཐམས་ཅད་ཀྱང་སྣང་ནི་སྣང་བདེན་ནི་མི་བདེན། སྒྱུ་མ་རྨི་ལམ་ཡིན་ཨང་སྙམ་པའི་དྲན་འདུན་དྲག་པོ་དང་། བླ་མའི་མོས་གུས་གཉིས་རྩེ་གཅིག་ཏུ་ཉམས་སུ་བླང་ངོ་། །དེ་ནས་སྒྱུ་མ་རང་ཤར་མི་འབྱུང་མི་སྲིད་དོ།
།གཉིས་པ་ནད་གདོན་སྒྱུ་མའི་ལམ་ཁྱེར་ནི། ནད་ཀྱི་ངོ་བོ་བདེན་མེད་སྒྱུ་མར་བསྒོམ།༼ཡང་ན་ནད་དང་བླ་མ་དབྱེར་མེད་སྒྱུ་མ།༽ གདོན་གང་གནོད་པ་དེ་སྣ་བུག་གཡས་ནས་ལྟེ་འོག་ཆོས་འབྱུང་གི་ནང་དུ་བཅུག་ལ། ཆོས་འབྱུང་ཁ་བསྡུས་ལ་དཀྲུག་འཁོར་བྱ། གསོལ་བ་དྲག་ཏུ་གདབ། གདོན་བདེན་མེད་སྒྱུ་མར་བསྒོམས་ལ། གནོད་བྱེད་དེས་རིགས་དྲུག་གི་སྡུག་བསྔལ་ཉམས་སུ་མྱོང་ཞིང་དྲན་པས་འགྱོད་པ་དྲག་པོ་སྐྱེ་ཏེ། གནོད་སེམས་ཞི་ནས་༼སྣ་བུག་གཡོན་ནས་༽མདུན་དུ་ཐོན་པ་ལ་ལན་ཆགས་ཀྱི་གཏོར་མ་བྱིན་ལ་མི་དམིགས་པར་བྱའོ།
།གསུམ་པ་འཆར་བྱེད་ཡོན་ཏན་ཚོགས་དྲུག་ནི། ལྟེ་འོག་ཆོས་འབྱུང་གི་ནང་དུ་འགྲོ་དྲུག་གི་སེམས་ཅན་རྣམས་བསྒོམས་ལ། འོག་རླུང་བསྐུམས་ནས་འདུན་པ་རྩེ་གཅིག་ཏུ་བཏང་པ་དེ་ཉིད་ཀྱིས་བདེ་དྲོད། རྨི་ལམ་རང་ཟིན་སྦྱོང་སྤེལ། འཕྲུལ་སྣང་། སྒྱུ་མར་ཤར། འགྲོ་དྲུག་གི་སྨིན་གྲོལ་དང་། ཡོན་ཏན་དྲུག་འཆར་རོ། །གཞན་ཡང་དྲོད་སྐྱེ་བ་དང་། ཐིག་ལེ་ཐུབ་པ་ལ་སོགས་པའི་ཡོན་ཏན་ཀྱང་འབྱུང་གསུང་ངོ་།
།བཞི་པ་ཞེན་མེད་སྒྱུ་མ་རང་ཤར་ནི། མཉམ་བཞག་སྔར་བཞིན་བྱས་ལ། རྗེས་སྤྱོད་ལམ་ཐམས་ཅད་སྒྱུ་མ་རྨི་ལམ་དུ་ཁྱེར་བས། ཅིར་སྣང་༼ཐམས་ཅད་བདེན་མེད་༽སྒྱུ་མར་རང་ཤར་ནས། གཡས་ནས་ཙནྡན་གྱི་དྲིས་མཆོད་པ་དང་། གཡོན་ནས་མི་གཙང་བས་འཐོར་བ་དང་། བསྟོད་པ་དང་། སྨད་པ་ལ་སོགས་པ་ཐམས་ཅད་ལ་ཆགས་སྡང་དང་དགག་སྒྲུབ་མེད་པར་སྒྱུ་ལུས་ཆགས་སྡང་རང་གྲོལ་དུ་འགྱུར་རོ། །ཚུལ་འདི་ཉིད་སྒྱུ་ལུས་དབང་པོ་རབ་འབྲིང་གི་སྐབས་སུའང་སྦྱར་ཏེ་ཤེས་པར་བྱའོ།
།གསུམ་པ་རྨི་ལམ་ལ་ཆོས་དྲུག་ལས།
དང་པོ་རྨི་ལམ་གཟུང་བ་ལ། སྔོན་འགྲོ་གཞན་སྔར་བཞིན་བསྒོམས་ལ། བདག་འཛིན་བློ་ཡིས་ཐོངས་པར། དགོས་མེད་རྒྱུད་ལ་སྐྱེ་བར། རྨི་ལམ་ཟིན་པར་མཛད་དུ་གསོལ། ཞེས་གསོལ་བ་གདབ།
འདི་ལ་གཉིས་ལས་དང་པོ་རང་ཟིན་ནི། ཐིག་ལེ་དབང་བཞིའི་གནད་ཀྱིས་གཟུང་བར་བྱས་ཏེ། རང་གི་སྤྱི་བོའི་ཧཾ་ལས་ཐིག་ལེ་དཀར་པོ་སྲན་མ་ཙམ་གཅིག་ཆད་སྙིང་ཁར་བྱུང་བས་གཏི་མུག་དག གསང་གནས་ཀྱི་ཧཱུྃ་ལས་༼སྨད་འོད་ཟེར་དམར་པོས་ཁེངས་༽ཐིག་ལེ་དམར་པོ་གཅིག་ཆད།༼སྟོད་འོད་ཟེར་དཀར་པོས་ཁེངས།༽ སྙིང་ཁར་བྱུང་བས་འདོད་ཆགས་དག །ཞེ་སྡང་རང་དག་ཡིན་གསུང་ངོ་། །དེ་ནས་ཐིག་ལེ་གཉིས་པོ་སྙིང་ཁར་ཆོས་འཁོར་དུ་འབྲོས་འདེད་ཀྱི་ཚུལ་དུ་བསྐོར་འཁོར་བ་ལ་རྩེ་གཅིག་ཏུ་དམིགས་ལ། ང་གཉིད་དུ་སོང་འདུག །འདི་ཀ་རྨི་ལམ་ཡིན་སྒྱུ་མ་ཡིན་སྙམ་དུ་དྲན་འདུན་དྲག་པོ་བྱ། ཐིག་ལེ་འཁོར་བ་བུམ་དབང་། སྐབས་སུ་རེག་པས་གསང་དབང་། རེག་པས་བདེ་བ་སྐྱེས་པ་གསུམ་པ་གཅིག་ལ་གཅིག་ཐིམ་ནས་འོད་དུ་ཡལ་ནས་མི་དམིགས་པར་སོང་བར་བསམ་པ་བཞི་པའོ།
།གཉིད་དུ་འགྲོ་ཁར་ཐིག་ལེ་གཅིག་ལ་གཅིག་ཐིམ་ནས་མཐར་འོད་དུ་ཡལ་སོང་བའི་མི་རྟོག་པའི་ངང་ལ་རྨི་ལམ་གཟུང་ངོ་། །དེས་རྨི་ལམ་རང་ཟིན་འབྱུང་གསུང་ངོ་། །ཟིན་པའི་ཚུལ་ཐོག་མར་༼སད་འབྱམ་འབྱུང་༽གཉིད་ཐུམ་ཕྲས་མང་པོ་འབྱུང་། དེ་ནས་རྨི་ལམ་ལ་རྨི་ལམ་དུ་ཤེས་ཤིང་། དེའང་འཇམ་ཟིན་དང་། རྩུབ་ཟིན་གཉིས་གང་རུང་འབྱུང་། བླ་མ་རྨོག་ཅོག་པའི་ཞལ་ནས། ཕྲས་སད་དུས་སུ་བསྲེ་བ་གཅེས། །ཤར་དང་སྣང་དང་དོན་བྱེད་དང་། །ཤེས་ནས་གྲོལ་བར་ཁྱད་པར་མེད། །ཅེས་གསུངས་པ་ལྟར་ཉམས་སུ་བླང་གསུང་ངོ་།
།གཉིས་པ་འཆུག་མེད་ནི། སྔར་གྱི་དེས་རང་ཟིན་མ་བྱུང་ན།༼དཔེར་ན་སེམས་ཅན་གལ་འགེག་ལ་ལ་འཛིན་པ་དང་མཚུངས།༽ འཆུག་པ་མེད་པ་གལ་འགེག་གི་གནད་རྣམ་པ་དགུས་གཟུང་བར་བྱ་སྟེ། དུས་ཀྱི་གནད་གསུམ་ནི། རིག་པ་གསལ་བའི་དུས་ཡིན་པས། ཐོ་རངས་ནམ་ལངས། ཉི་ཤར་གྱི་རྩེ་མོའོ།
།ལུས་ཀྱི་གནད་གསུམ་ནི། གཉིད་ཆེ་ཆུང་གི་རིམ་པས་དཀྱིལ་ཀྲུང་། ཙོག་པུ་སེང་གེའི་ཉལ་སྟབས་སོ།
།དམིགས་པའི་གནད་གསུམ་ལས། རྟོག་མེད་ལ་འཛིན་པ་གཉིས་ཀྱི་དང་པོ། ལྷ་སྐུ་ལ་བཟུང་བ་ནི། རང་གི་སྟེང་རླུང་ཐིག་ལེ་དཀར་བ་དང་འགྲོགས། འོག་རླུང་ཐིག་ལེ་དམར་བ་དང་འགྲོགས། ལྟེ་བར་འཁོར་བ་ལ་རྨི་ལམ་སྒྱུ་མའི་དྲན་འདུན་རྩེ་གཅིག་ཏུ་བྱས་ལ་རླུང་གཉིས་ཁ་སྦྱར་རོ། །གཉིད་དུ་འགྲོ་ཁར་ཐིག་ལེ་དཀར་བ་སྣ་བུག་གཡས་ནས་ཐོན། དམར་བ་གཡོན་ནས་འཐོན་ནས་སྨིན་ཕྲག་དུ་འཁོར་བ་ལ་དམིགས་ལ་དྲན་འདུན་བཏང་། དེ་ནས་ཐིག་ལེ་དཀར་བ་བདེ་མཆོག་དཀར་པོར་གྱུར། དམར་བ་ཡུམ་དུ་གྱུར་པ་མདུན་དུ་དམིགས་ལ་དྲན་འདུན་གཏང་། མཐར་ཡུམ་ཡབ་ལ་ཐིམ། ཡབ་འོད་དུ་ཡལ་སོང་བའི་མི་རྟོག་པའི་ངང་ལ་རྨི་ལམ་གཟུང་ངོ་། །དེས་ཀྱང་མ་ཟིན་ན།
གཉིས་པ་བླ་མ་ལ་གཟུང་བ་ནི། རང་བདེ་མཆོག་དུ་བསྒོམས་པའི་ཐུགས་ཁར་བླ་མ། དེའི་ཐུགས་ཁར་ཧཱུྃ་དཀར་པོ་གཅིག་བསམས་ནས། ཧཱུྃ་གི་འོད་ཀྱིས་བླ་མ་གསལ་བླ་མའི་འོད་ཀྱིས་ཡི་དམ་གསལ་བ་ལ་དྲན་འདུན་རྩེ་གཅིག་ཏུ་གཏང་ངོ་། །གཉིད་དུ་འགྲོ་ཁར་ཡི་དམ་བླ་མ་ལ་ཐིམ། བླ་མ་ཧཱུྃ་ལ་ཐིམ། ཧཱུྃ་འོད་དུ་ཡལ་སོང་བའི་མི་རྟོག་པའི་ངང་ལ་རྨི་ལམ་གཟུང་ངོ་།
།ཡེ་ཤེས་རྒྱ་མཚོ་ལས། འགྲོ་བ་ཀུན་གྱི་མགྲིན་པར་སྐྱེ། །ཡི་གེ་ཨོཾ་བཅས་གནས་པ་ཉིད། །ཅེས་སོ།
།གསུམ་པ་རྟོག་བཅས་ལམ་དུ་འཁྱེར་བ་ནི། རྨི་ལམ་ཟིན་པར་བྱེད་པའི་རྒྱུ་གཉིད་དང་རྨི་ལམ་བར་གྱི་རྟོག་༼ཌ་ཀི་ཉེར་ལྔའི་ལུང་པར་སླེབ་པ་དང་འདྲ་གསུང་༽པ་ཡིན་པས། སྔར་གྱི་དམིགས་པ་ལ་སེམས་གཏད་ནས་དྲན་འདུན་དྲག་པོ་བཏང་བའི་མཐར་གཉིད་ལོག་པས། གཉིད་དུ་མ་སོང་བའི་མཐར་གཉིད་ལེག་པས། གཉིད་དུ་མ་སོང་བའི་སྣང་བ་འགགས། གཉིད་དང་རྨི་ལམ་རགས་པ་མ་ཤར་བའི་བར་དེར། མིའམ་ཕྱུགས་ལ་སོགས་པའི་རྟོག་པ་རིབ་རིབ་པ་བྱུང་བ་དེ། འདི་རྨི་ལམ་དུ་འདུག་སྙམ་དུ་ངོས་ཟིན་པར་བྱས་ལ། མིག་མི་འབྱེད་པར་འོག་རླུང་བསྐུམས་པས། དེས་རྨི་ལམ་མི་ཟིན་མི་སྲིད་གསུང་ངོ་།
།གཉིས་པ་སྦྱང་བ་ལ་བཞིའི་སྔོན་འགྲོ་གཞན་སྔར་དང་འདྲ་བ་ལས། འདིར་བདག་འཛིན་བློས་ཐོངས་པར། དགོས་མེད་རྒྱུད་ལ་སྐྱེ་བར། སྒྱུ་ལུས་རྨི་ལམ་འབྱོངས་པར་མཛད་དུ་གསོལ། ཞེས་གསོལ་བ་གདབ། དེ་ནས་རང་གཉིད་དུ་སོང་འདུག །ལུས་འདི་རྨི་ལམ་གྱི་ལུས་སུ་འདུག །སྣང་བ་འདི་རྨི་ལམ་གྱི་སྣང་བར་འདུག །རྨི་ལམ་གྱི་ལུས་དང་སྣང་བ་ལ་ཇི་ལྟར། སྦྱང་སྦྱང་ཡིན་སྙམ་དུ་དྲན་འདུན་དྲག་པོ་བཏང་ནས།
དང་པོ་སེམས་ཀྱིས་ལུས་སྦྱང་བ་ནི། འོག་ན་མཚོའམ་གཡང་ས་ཆེན་པོའི་སྟེང་ན་རང་ལུས་འདུག་པའམ་འདུག་པར་བསམ་པས་འཇིགས་ཤིང་ཡ་ང་བ་བྱུང་བ་དང་། རྨི་ལམ་གྱི་གཡང་ལ་འཇིགས་ཤིང་ཡ་ང་རྒྱུ་ཅི་ཡོད་སྙམ་དུ་བསམས་ནས། རང་ལུས་བདེ་མཆོག་དུ་བསལ་བ་དེ་གཡང་ལ་ཕྱད་ཀྱིས་བསྐུར། འོག་ཏུ་སླེབས་པ་དང་ཡལ་གྱིས་སོང་བར་བསམས་ཡང་སྔར་བཞིན་ཡང་ཡང་དུ་བསྒོམ་པར་བྱའོ།
།གཉིས་པ་ལུས་ཀྱིས་སེམས་སྦྱང་བ་ནི། རང་གི་ལུས་ཀྱི་ཚིགས་ཐམས་ཅད་ལ་ཧཱུྃ་སྔོན་པོ་རེ་བསམ། དེ་རྣམས་འོད་དུ་ཞུ་ནས་ཁོང་པའི་ནང་དུ་སོང་བས་སྡིག་སྒྲིབ་ནད་གདོན་ཤ་རུས་ཐམས་ཅད་སྦྱངས་ནས། རང་ལུས་འོད་སྔོན་པོར་གྱུར། དེ་ཡི་དམ་གྱི་ལྷ་སྣང་ལ་རང་བཞིན་མེད་པར་བསྒོམས་ནས། འདི་ཐམས་ཅད་རང་གི་སེམས་ཀྱི་རང་སྣང་ཡིན། སེམས་གཟུང་འཛིན་བག་ཆགས་ཀྱི་འཁྲུལ་སྣང་སྣ་ཚོགས་སུ་ཤར་བ་ཙམ་ཡིན་གྱི། གཤིས་ལ་བདེན་པར་གྲུབ་པ་གང་ཡང་མེད་སེམས་རིག་པ་ཙམ་པོ་རང་བཞིན་སྐྱེ་མེད་མཚན་ཉིད་འགག་མེད། འདི་ཀ་ཟུང་འཇུག་བདེ་བ་ཆེན་པོའི་རང་བཞིན་ཡིན་སྙམ་དུ་ཐག་བཅད་ལ་ལྷ་སྐུ་ཕྱག་རྒྱ་ཆེན་པོ་གསལ་སྟོང་འཛིན་མེད་ཀྱི་ངང་ལ་བཞག་གོ
།གསུམ་པ་བདག་མེད་མས་སྦྱང་བ་ནི། རང་ཡི་དམ་དུ་གསལ་བའི་ནོར་བུ་ལ་ཧཱུྃ་སྔོན་པོ་བསམ། མདུན་དུ་བདག་མེད་མ་སྔོན་མོ་གྲི་གུག་དང་ཐོད་པ་ཅན་གྱི་གསང་གནས་སུ། ཨོཾ་ཨ་སྭཱ་ཧཱ། ཞེས་པ་སྔོན་པོ་བསམས་ནས་བཟླས་པ་བྱས་པས་སྔགས་ལ་འོད་ཟེར་སྔོན་པོ་བྱུང་ནས། ནོར་བུའི་ཧཱུྃ་ལ་ཕོག་པས་དེ་ཡང་འོད་དུ་ཞུ་བ་འདྲེས་ནས་གསང་གནས་ན་ཡར་སོང་བས་ལུས་བདེ་ཁྲིལ་བྱུང་ནས་སྡིག་སྒྲིབ་ལ་སོགས་པ་སྔར་ལྟར་སྦྱངས་པར་བསམས་ལ་དྲན་འདུན་བཏང་། ཡང་སྔགས་བཟླས་པས་འོད་བྱུང་ནས། བདག་མེད་མ་ལ་ཕོག་པས་འོད་དུ་ཞུ་ནས་གསང་གནས་ན་ཡར་སོང་བས་སྔར་ལྟར་སྦྱངས་པར་བསམ་ཞིང་མཐར་རང་ལུས་འོད་སྔོན་པོ་དེ་ཡང་སྔོ་ཡལ་གྱི་སྟོང་སངས་སོང་ནས། ཕྱག་རྒྱ་ཆེན་པོ་གསལ་སྟོང་འཛིན་མེད་ཀྱི་ངང་ལ་བཞག་གོ །བདག་མེད་མས་སྦྱང་བ་ལྟར་ཡི་དམ་གྱི་ལྷ་གཞན་ལ་ཡང་སྦྱང་བར་བྱའོ།
།བཞི་པ་འདུན་པས་སྦྱང་བ་ནི། འབྱུང་བཞི་དང་སེམས་ཅན་མིག་གིས་མཐོང་ཙམ་ནས་རི་དང་རྟ་གླང་ལ་སོགས་པ་ཕྲ་རགས་ཐམས་ཅད་ལ་རང་ལུས་ཕར་ཐལ་ཚུར་ཐལ་ལ་སོགས་པས་སྦྱོང་ངོ་།
།གསུམ་པ་སྤེལ་བ་ལ་གཉིས་ཀྱི། སྔོན་འགྲོ་སྔར་ལྟར་བྱས་ལ། ང་གཉིད་དུ་སོང་འདུག་འདི་རྨི་ལམ་དུ་འདུག །རྨི་ལམ་གྱི་ལུས་དང་སྣང་བ་ལ་ཇི་ལྟར་སྤེལ་སྤེལ་ཡིན་སྙམ་དུ་དྲན་འདུན་བཏང་ནས།
དང་པོ་ཐུག་ཕྲད་དུ་སྤེལ་བའི་བཞི་ནི། འབྱུང་བཞི་ཕྲ་བ་དང་རགས་པ། སེམས་ཅན་ཕྲ་བ་དང་རགས་པ་གང་སྣང་ཐམས་ཅད་གཅིག་ལས་བཅུ། བཅུ་ལས་བརྒྱ་སྟོང་ཁྲི་འབུམ་ལ་སོགས་པ་བར་སྣང་ས་གཞི་ཁེངས་པར་བསམམ།
།གཉིས་པ་གང་འདུལ་དུ་སྤེལ་བ་ལ་གཉིས་ལས།
དང་པོ་འཇིག་རྟེན་པའི་གང་དུ་སྤེལ་བ་ནི། ཕ་རོལ་བྱི་བ་ལྟ་བུ་ལ་བྱི་ལ། བྱེའུ་ལ་ཁྲ། ཁྱི་ལ་སྤྱང་ཁྱི། སྤྱང་ཁྱི་ལ་སྟག །སྟག་ལ་སེང་གེ །མི་ལ་སྲིན་པོ་ལ་སོགས་པ་གང་འདུལ་དུ་སྤྲུལ་ཞིང་སྔར་ལྟར་སྤེལ་ནས་ཟ་བ་དང་མིད་པ་ལ་སོགས་པའི་སྒོ་ནས་གདུལ་བར་བྱའོ།
།གཉིས་པ་འདས་པའི་གང་འདུལ་དུ་སྤེལ་བ་ནི། ཀླུ་འདུལ་བ་ལ་ཁྱུང་། རྒྱལ་པོ་ལ་རྟ་མགྲིན། ཀླུ་བདུད་ལ་འཇམ་དཔལ་ཡེ་ཤེས་སེམས་དཔའ། ཀླུ་སྲིན་དང་གནོད་སྦྱིན་ལ་ཕྱག་ན་རྡོ་རྗེ་ལ་སོགས་པ་གང་འདུལ་ཀྱི་ཁྲོ་བོར་སྤྲུལ་ཞིང་། གོང་ལྟར་སྤེལ་ནས་ཟ་ཞིང་མེད་པ་ལ་ཕྱག་མཚན་གྱིས་གཏུབ་པ་དང་། མེ་དཔུང་གིས་བསྲེགས་པ་ལ་སོགས་པས་བཏུལ་ན་སྲོག་སྔགས་འབུལ་ཞིང་བཀའ་འབངས་བྱེད་པ་ལ་སོགས་པར་འགྱུར་རོ།
།བཞི་པ་སྤྲུལ་པ་ལ་དང་ཚུལ་དེ་ཉིད་ཀྱིས་ཤེས་པར་བྱའོ།
།ལྔ་པ་བསྒྱུར་བ་ལ་བཞི་ཡི། སྔོན་འགྲོ་སྔར་དང་འདྲ་བ་ལས། ང་གཉིད་དུ་སོང་འདུག་འདི་རྨི་ལམ་དུ་འདུག །རྨི་ལམ་གྱི་ལུས་དང་སྣང་བ་ལ་ཇི་ལྟར་བསྒྱུར་བསྒྱུར་ཡིན་སྙམ་དུ་བསམས་ནས།
དང་པོ་འབྱུང་བཞི་ཕྲ་རགས་སུ་བསྒྱུར་བ་ནི། ས་ལས་ཆུ། ཆུ་ལས་མེ། མེ་ལས་རླུང་ལ་སོགས་པར་བསྒྱུར་ཞིང་། དེ་རྣམས་ཀྱང་ཕྲ་བ་ལ་རགས་པ་དང་། རགས་པ་ལས་ཕྲ་བ། གཅིག་ལས་བཅུ་ལ་སོགས་པ་མང་པོར་བསྒྱུར་རོ།
།གཉིས་པ་སེམས་ཅན་ཕྲ་རགས་ལའང་དེ་བཞིན་ནོ།
།གསུམ་པ་ལྷ་སྐུ་སྣ་ཚོགས་སུ་བསྒྱུར་བ་ནི། ལྷ་སྐུ་དཀར་བ་ལས་དམར་བ་ལ་སོགས་པ་སྐུ་མདོག་དང་། ཞལ་ཕྱག་མང་ཉུང་སྣ་ཚོགས་གཅིག་ལས་བཅུ་ལ་སོགས་པ་མང་པོར་བསྒྱུར་བར་བྱའོ།
།བཞི་པ་སྣང་སྟོང་ཞེན་བྲལ་དུ་བསྒྱུར་བ་ནི། ལྷ་སྐུ་ལ་སོགས་པ་དེ་རྣམས་ཐམས་ཅད་ཀྱང་གཅིག་གིས་གཅིག་ལ་མ་བསྒྲིབས་པ། སྣང་ལ་རང་བཞིན་མེད་པ་བློ་བྲལ་གསལ་སྟོང་རྗེན་པ་ཞེན་པ་སྒྱུ་མ་རང་ཤར་དུ་བསྒྱུར་ཅིང་རྟོགས་པར་བྱའོ།
།དྲུག་པ་ཡུལ་སྣང་ལ་བཞི་ལས།
དང་པོ་རབ་དམིགས་མེད་གསལ་མཁྱེན་ནི། གཟུང་འཛིན་གྱི་བག་ཆགས་དང་བྲལ་བས། ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་པའི་ངང་ནས་ཉིན་མཚན་མེད་པར་སངས་རྒྱས་ཀྱི་ཞིང་ཁམས་དང་། རིགས་དྲུག་གི་གནས་ལ་སོགས་པ་དག་པའི་ས་གསུམ་ལ་གནས་པ་ལྟར་མཁྱེན་ནོ།
།གཉིས་པ་འབྲིང་གང་བསམ་གསལ་མཐོང་ནི། རྨི་ལམ་ཟིན་ནས་སངས་རྒྱས་ཀྱི་ཞིང་ཁམས་ལ་སོགས་གང་ལྟ་བར་འདོད་པ་དེ་བསམ་པ་དང་མཐོང་བ་དུས་མཉམ་དུ་འབྱུང་ངོ་།
།གསུམ་པ་ཐ་མ་ཡིད་ལུས་མཁའ་ལྡིང་ནི། རྨི་ལམ་ཟིན་ནས། རང་བྱ་རྒོད་ལ་སོགས་པར་སྤྲུལ་ནས་འཕུར་ནས་ཕྱིན་པས་གང་ལྟ་བར་འདོད་པ་དེ་ཉིད་དུ་སླེབ་ནས་མཐོང་བར་འགྱུར་རོ།
།བཞི་པ་དམན་པ་དམིགས་པའི་ཡུལ་སྣང་ལ་གསུམ་གྱི། སྔོན་འགྲོ་གཞན་སྔར་དང་འདྲ་བ་ལས། བདག་འཛིན་བློས་ཐོངས་པར། དགོས་མེད་རྒྱུད་ལ་སྐྱེ་བར། ཡུལ་སྣང་གཏན་ལ་ཕེབས་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་ནས།
དང་པོ་བདག་མེད་མ་ཡུལ་སྣང་འཆར་བྱེད་ནི། རང་ལུས་ཡི་དམ་དུ་བསྐྱེད་པའི་ལྟེ་བར་ཐོད་པ་༼ཆོས་འབྱུང་༽ཕྱི་དཀར་ལ་ནང་དམར་བའི་ནང་དུ་ཨོཾ་ཨ་སྭཱཧཱ། ཞེས་པ་འོད་ཀྱི་རང་བཞིན་ཁ་དོག་སྣ་ཚོགས་སུ་བསམ་ལ་བཟླས་པ་བྱས་པས། དེ་ལས་འོད་ཁ་དོག་ལྔ་ལྡན་བྱུང་ནས་སྣ་བུག་གཡོན་ནས་ཕར་འཕྲོས་པས། འོད་ཟེར་གྱི་སྣ་ལ་བདག་མེད་མ་ལ་སོགས་པ་ཡི་དམ་གྱི་ལྷ་དཔག་ཏུ་མེད་པ་རང་རང་གི་སྔགས་དི་རི་རི་སྒྲོགས་པ་བྱུང་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་གང་༼བས། སེམས་ཅན་ཐམས་ཅད་ཡི་དམ་གྱི་ལྷར་བྱས།༽ ཡང་བཟླས་པ་བྱས་པས་སྔགས་ལས་འོད་ཟེར་སྣ་གཡས་ནས་ཕར་འཕྲོས་པས་ཕྱི་སྣོད་འོད་ཀྱི་གཞལ་ཡས་ཁང་དུ་གྱུར། འོད་ཟེར་གྱི་སྣ་ལ་ཕྱི་ནང་གསང་གསུམ་གྱི་མཆོད་པ་ཐོགས་པའི་ལྷ་མོ་དཔག་ཏུ་མེད་པ་བྱུང་ནས་ཡི་དམ་དེ་རྣམས་ལ་མཆོད་པར་བསམ་ཞིང་། ཡི་དམ་གྱི་ལྷ་ཁྱེད་ཀྱི་དོ་ནུབ་ཀྱི་སྐབས་སུ་སངས་རྒྱས་ཀྱི་ཞིང་ཁམས་ལ་སོགས་པ་གང་ལྟ་བར་འདོད་པ་དེ་མཐོང་བ་དང་། མཆོད་པ་རྒྱ་ཆེན་པོ་གྲུབ་པར་མཛད་དུ་གསོལ། ཞེས་གསོལ་བ་གདབ་ཅིང་ཉིན་མཚན་གཉིས་ཀ་དེ་ལྟར་བསྒོམ། མཐར་གཉིད་དུ་འགྲོ་ཁར་རང་ཉིད་ཀྱི་ལྟེ་བའི་ཐོད་པའི་ནང་གི་སྔགས་དེ་བདག་མེད་མར་གྱུར། དེ་ལ་སྔར་བཞིན་གསོལ་བ་བཏབ་ནས་དེའི་ཐུགས་ཁར་གང་ལྟ་བར་འདོད་པའི་ཞིང་ཁམས་ལ་སོགས་པའི་ཡུལ་སྣང་དེ། མེ་ལོང་གི་གཟུགས་བརྙན་ལྟར་བཀྲ་ལམ་མེ་གསལ་བཏབ་ལ་གཉིད་ལོག་པར་བྱའོ།
།གཉིས་པ་ཨ་ཡུལ་སྣང་རང་གསལ་༼ཐོག་མར་དབུ་མཐོང་དེ་ནས་རྒྱ་ཆེན་མཐོང་༽ནི། རང་ཡི་དམ་དུ་གསལ་བའི་རྩ་དབུ་མ་ཡར་རྩེ་ཚངས་བུག་༼ལ་སླེབས་པ་༽མར་སྣ་གསང་གནས་སུ་ཟུག་པ། ཕྲུ་མ་ཕུས་བཏབ་པ་ལྟ་བུའི་ནང་། ལྟེ་བར་ཨ་སྐྱེ་བ་མེད་པ་འོད་ཀྱི་རང་བཞིན་དཀར་ལ་འཚེར་བ་གསལ་ལ་དྭང་བའི་འོད་ཀྱིས་དབུ་མ་དཀར་ལམ་མེ་ཁེངས་པ་ལ་ཉིན་མཚན་མེད་པར་རྩེ་གཅིག་ཏུ་བསྒོམ་པར་བྱའོ།
།གསུམ་པ་ཐིག་ལེ་ཡུལ་སྣང་གསལ་ནི། རང་གི་སྤྱི་བོའི་ཧཾ་ལས་ཐིག་ལེ་དཀར་པོ། གསང་གནས་ཀྱི་ཧཱུྃ་ལས་དམར་པོ་དང་། ལྟེ་བའི་ཨ་ལས་ཐིག་ལེ་དམར་སྐྱ་བྱུང་ནས། དེ་རྣམས་སྙིང་ཁར་འདྲེས་ཅིང་གཅིག་ཏུ་གྱུར་པའི་འོད་ཟེར་བ་ཐག་ལྟ་བུ་གང་ལྟ་བར་འདོད་པའི་ཡུལ་སྣང་དེར་བཅུག་ལ། དེ་ལ་སེམས་རྩེ་གཅིག་ཏུ་གཏད་ནས་གཉིད་ལོག་པར་བྱའོ། །དེ་རྣམས་ཀྱིས་ཡུལ་སྣང་ཇི་ལྟ་བ་བཞིན་གཏན་ལ་མི་ཕེབས་མི་སྲིད་དོ། །དེ་ཡང་དང་པོར་རྨི་ལམ་ལེགས་པར་ཟིན་ནས་བརྟན་པ་ཐོབ་པ་དང་། དེ་ནས་རིམ་གྱིས་སྦྱོང་སྤེལ་ལ་སོགས་བྱ་གསུང་ངོ་།
༈ །བཞི་པ་འོད་གསལ་ལ་གསུམ་གྱི།
དང་པོ་སྔོན་འགྲོ་ལ་བཞི་ལས། རྩ་བ་མི་རྟག་སྐྱོ་ཤས་ནི། སྔར་སྒྱུ་ལུས་སུ་བཤད་པ་ལྟར། འཆི་བ་མི་རྟག་པ་དང་། འཁོར་བའི་ཉེས་དམིག་བསམ་ལ་སྐྱོ་ཤས་དྲག་པོ་བསྐྱེད་པ་ནི་རྩ་བའོ།
།གཉིས་པ་ཡལ་ག་སྤྱོད་ལམ་རྫས་ནི། ཁ་ཟས་འཇམ་ལ་སྣུམ་པ་བཟའ་ཞིང་ཚོད་ཟིན་པར་བྱ། སྤྱོད་ལམ་ཤིན་ཏུ་དལ་བ་བསྟེན། རྔུལ་ཐོན་པའི་ལས་རྣམས་སྤང་ངོ་།༼གུ་གུལ་ཚིལ་ཆེན་དུད་པ་བཏང་།༽ དམ་རྫས་ནི་ཚོགས་དང་གཏོར་མ་བཟང་དུ་བཤམས་ལ། བླ་མ། ཡི་དམ། ཆོས་སྐྱོང་། གཞི་བདག གནོད་བྱེད་རྣམས་ལ་གཏོར་མ་ལྔ་རིམ་པ་བཞིན་ཕུལ་ལ། འོད་གསལ་འཆར་བར་གསོལ་བ་གདབ་ཅིང་། བར་ཆད་བསྲུང་བའི་འཕྲིན་ལས་གཞོལ། ཐོད་པ་མཚན་ལྡན་གྱི་ནང་དུ་ཤ་ལྔ་བདུད་རྩི་ལྔའམ་དེའི་གཏོར་མ་བཅུག་ལ་དར་གྱི་གྲིལ་ཏེ་སྔས་འོག་དུ་བཅུག་པས་མཁའ་འགྲོ་འདུ་ཞིང་བར་ཆད་བསྲུང་བའི་རྟེན་འབྲེལ་དུ་འགྱུར་གསུང་ངོ་།
།གསུམ་པ་ལོ་འདབ་ཐབས་ལམ་རང་དྭང་ནི། ཁ་ཟས་སྐོམ་པ་བཅུད་ཅན་བསྟེན། གཏུམ་མོ་ལ་སོགས་པ་ཐབས་ལམ་བསྒོམས་པས་ཐིག་ལེ་རྒྱས་ཤིང་རླུང་སེམས་དྭངས་ན་འོད་གསལ་མྱུར་དུ་འཆར་རོ།
།བཞི་པ་མེ་ཏོག་གསོལ་འདེབས་འཆར་བྱེད་ནི། འོད་གསལ་བྱིན་རླབས་མོས་གུས་གྱི་གནད་ཡིན་པས། བླ་མའི་རྣལ་འབྱོར་གོང་བཞིན་བསྒོམས་ལ། བདག་འཛིན་བློས་ཐོངས་པར། དགོས་མེད་རྒྱུད་ལ་སྐྱེ་བར། འོད་གསལ་འབྱོངས་པར་མཛད་དུ་གསོལ། ཞེས་གསོལ་བ་རྩེ་གཅིག་ཏུ་བཏབ་པས། མོས་གུས་རབ་འབྲིང་དང་སྦྱར་ནས་འོད་གསལ་གྱི་རྟོགས་པ་འཆར་བར་འགྱུར་རོ།
།གཉིས་པ་དངོས་གཞི་ལ་བཞིའི།
དང་པོ་འོད་གསལ་བཟུང་བ་ལ་དགུ་ལས། དུས་ཀྱི་གནད་གསུམ་དང་ལུས་ཀྱི་གནད་གསུམ་ནི་རྨི་ལམ་གཟུང་བའི་སྐབས་སུ་བཤད་པ་ལྟར་རོ། །དམིགས་པའི་གནད་གསུམ་གྱི་སྔོན་འགྲོ་སྔར་ལྟར་བྱས་ལ།
དང་པོ་ཨ་ལ་གཟུང་བ་ནི། ༼རྩ་ཐམས་ཅད་དབུ་མར་བསྒོམ་༽རང་ཡི་དམ་དུ་གསལ་བའི་རྩ་དབུ་མ་ཡར་རྩེ་ཚངས་བུག་དང་། མ་སྣ་གསང་གནས་སུ་ཟུག་པ་ཕྲུ་མ་ཕུས་བཏབ་པ་ལྟ་བུའི་ནང་། ལྟེ་འོག་སོར་བཞིར་རང་གི་སེམས་ཉིད་ཨ་དཀར་ལ་འཚེར་བ་གསལ་ལ་དྭངས་པ་འོད་ཀྱི་རང་བཞིན་ཅན་གཅིག་བསམས་ལ། ཨའི་རང་བཞིན་སྐྱེ་མེད་དུ་ཤེས་པར་བྱས་ལ་ཡིད་གསལ་ལ་རྟོག་པ་མེད་པའི་ངང་ལ་བཞག་གོ
།གཉིས་པ་བདག་མེད་མ་ལ་གཟུང་བ་ནི། རང་གི་ཀླད་པའི་སྟེང་ཐོད་པའི་འོག་ཏུ་བདག་མེད་མ་དཀར་མོ་༼སྐུ་ཆུང་ལ་ཡན་ལག་༽གྲི་ཐོད་ཐོགས་པ་སྐུ་ཆུང་ལ་ཡན་ལག་དོད་པ་གཅིག་བསམ། ༼དེའི་ཐུགས་ཁར་ཨ་དཀར་པོ་གཅིག་བསམ།༽ དེ་ལས་འོད་འཕྲོས་པས་༼ཀླད་པ་༽གཏི་མུག་གི་གནས་ཡིན་པས་རང་བཞིན་མེད་པར་སྦྱངས་ནས་ཐོད་པ་དུང་ཁང་གི་གཞལ་ཡས་ཁང་འོད་ཀྱི་རང་བཞིན་དཀར་ལམ་མེ་བ་ལ་སེམས་རྩེ་གཅིག་ཏུ་གཏད་པར་བྱའོ།
།གསུམ་པ་བླ་མ་ལ་གཟུང་བ་ནི། རང་ཡི་དམ་དུ་གསལ་བའི་ཐུགས་ཁར། བླ་མ་ཐིག་ལེའི་ངོ་བོའི་བདེ་བའི་རང་བཞིན་དངུལ་ཆུའི་མདོག་ཅན་གཅིག་བསམ། དེའི་ཐུགས་ཁར་ཧཱུྃ་དཀར་པོ་འོད་ཀྱི་རང་བཞིན་གཅིག་བསམ་ལ། ཧཱུྃ་ལས་འོད་འཕྲོས་བླ་མ་གསལ། བླ་མ་ལ་འོད་འཕྲོས། ཡི་དམ་གསལ་བར་བསམས་ལ། ྶེམས་རྩེ་གཅིག་ཏུ་གཏད་ལ་བསྒོམ། འོད་གསལ་གཟུང་བའི་དམིགས་པ་འདི་རྣམས་ལ་མ་ཡེངས་པའི་ངང་ནས་སྒྲིམ་ལྷོད་རན་པར་བྱས་ལ། ཉིན་མཚན་གཉིས་ཀར་རྩེ་གཅིག་ཏུ་འབད་ལ་བསྒོམ། ཁྱད་པར་དུ་གཉིད་དུ་འགྲོ་ཁར་གཉིད་དུ་མ་སོང་བའི་སྣང་བ་འགགས། གཉིད་དང་རྨི་ལམ་རགས་པ་མ་ཤར་བའི་བར་དེར། རྣམ་རྟོག་གཞན་གྱི་མ་གཡེངས་པར་གསལ་ལ་ལ་རྟོག་པ་མེད་པར་དམིགས་པ་ལ་སེམས་རྩེ་གཅིག་ཏུ་གཏད་པས་འོད་གསལ་མི་ཟིན་མི་སྲིད་དོ།
།གཉིས་པ་ལམ་ཁྱེར་ལ་གཉིས་ལས། ཉིན་པར་སྐུ་གསུམ་ལམ་ཁྱེར་ནི། ཨ་ལ་སོགས་པ་ལ་སེམས་གཏོད་པ་བཞིན་དུ། ཉིན་པར་ཅིར་སྣང་ཐམས་ཅད་ལ་སྒྲིམ་ལྷོད་རན་པར་སེམས་གཏད་ནས་བཟོ་མེད་དུ་བཞག་པས། གསལ་ཆ་མ་འགག་ལ་འཛིན་ཆ་མ་ཞུགས་པའི་གསལ་སྟོང་འཛིན་མེད་དུ་འཆར་ལ། དེ་གསལ་བའི་ཆ་སྤྲུལ་སྐུ། འཛིན་མེད་སྟོང་པ་ཆོས་སྐུ། དེ་ཉམས་སུ་མྱོང་བས་བདེ་བར་ཤར་བ་ལོངས་སྐུ་ཡིན་པས་དེ་ལྟར་ལམ་དུ་དགྱེར་རོ།
།གཉིས་པ་མཚན་མོ་སྐུ་གསུམ་རང་ཤར་ནི། ཉིན་པར་དེ་ལྟར་འབད་ནས་བསྒོམས་པ་དང་། ཁྱད་པར་གཉིད་དུ་འགྲོ་ཁར་འོད་གསལ་བཟུང་བའི་སྐབས་ལྟར་བསྒོམས་པས། གཉིད་དུ་འགྲོ་བའི་ནག་ཐིབས་པ་དེ། ནམ་ལངས་པ་ལ་ཉི་མ་ཤར་བ་ལྟར་གྱུར་ནས་གསལ་ལ་རྟོག་པ་མེད་པ། བདེ་ལ་ཞེན་པ་མེད་པ། སྐུ་གསུམ་རང་ཤར་དུ་འབྱུང་ངོ་། །དེ་བྱུང་ན་འོད་གསལ་ཟིན་པ་ཡིན་ནོ།
།གསུམ་པ་བསྲེ་བ་ལ་བཞི་ལས།
དང་པོ་གསལ་སྟོང་བདེ་ཆེན་དུ་བསྲེ་བ་ནི། གཟུགས་སྡུག་མི་སྡུག་ལ་སོགས་པ་ཅིར་སྣང་ཐམས་ཅད་འོད་གསལ་དུ་ཁྱེར་བས་སེམས་ཉིད་སྣ་ཚོགས་སུ་མ་འགགས་པར་སྣང་བ་གསལ་བ། འཛིན་ཆ་དག་ནས་ངོ་བོ་ངོས་གཟུང་། ཅི་ཡང་མི་འདུག་པས་སྟོང་པ། དེའི་ཉམས་མྱོང་ཞེན་པའི་དྲི་མ་དང་བྲལ་བས་བདེ་ཆེན་དུ་ཤར་བ་སྟེ། དེ་རྣམས་དབྱེར་མེད་དུ་ཉམས་སུ་ལེན་པ་ལ་བསྲེ་བ་ཞེས་བྱའོ།
།གཉིས་པ་ཉིན་མཚན་དབྱེར་མེད་དུ་བསྲེ་བ་ནི། ཉིན་མོའི་འོད་གསལ་གྱིས་མཚན་མོའི་སྟོབས་བསྐྱེད། མཚན་མོས་ཉིན་མོའི་འོད་གསལ་སྟོབས་བསྐྱེད་པས་དབྱེར་མེད་དུ་འགྱུར་ལ། ཁྱད་པར་དུ་གཉིད་དུ་མ་སོང་བའི་སྣང་བ་འགགས། གཉིད་དང་རྨི་ལམ་མ་ཤར་བའི་བར་དེར་རྟོག་པ་མ་ཞུགས་པར་སེམས་རྩེ་གཅིག་ཏུ་གཏད་པས་ངེས་པར་འདྲེའོ།
།གསུམ་པ་ལྟ་སྟངས་ཀྱི་མཉམ་རྗེས་སུ་བསྲེ་བ་ནི། མཉམ་བཞག་ལ་འོད་གསལ་འཆར་ཡང་། རྗེས་ལ་ལུས་ངག་གི་བྱ་བས་གཡོ་བར་འགྱུར་ན། སྤྱོད་ལམ་ཐམས་ཅད་དུ་དྲན་པས་བཟུང་ནས། ཅིར་སྣང་ཐམས་ཅད་ལ་གླང་པོ་ཆེའི་ལྟ་སྟངས་ཀྱིས་མིག་འབྲུ་ཚུགས་སུ་བལྟས་ནས། སེམས་འཛིན་མེད་དུ་བཞག་པས་མཉམ་རྗེས་མེད་པར་འོད་གསྩ་འཆར་རོ།
།བཞི་པ་ཤེས་རབ་བདེ་སྟོང་དུ་བསྲེ་བ་ནི། རང་ལུས་ཐབས་ལྡན་དང་། གཞན་ལུས་ཤེས་རབ་ལ་བརྟེན་པའི་བདེ་བ་གང་ཡིན་ཀྱང་། བདེ་བ་དེ་ཉིད་ཀྱི་ངོ་བོ་ལ་ཡིད་མ་གཡེངས་པར་གཏད་ནས་སེམས་མ་བཅོས་པར་བཞག་པས། བདེ་བར་སྣང་བ་མ་འགག་ལ། ཞེན་པའི་དྲི་མ་དག་ནས་བདེ་སྟོང་དབྱེར་མེད་དུ་འཆར་རོ།
།བཞི་པ་མཐར་ཐུག་གི་འོད་གསལ་ལ་ལྔ་ལས།
དང་པོ་གསལ་སྟོང་རང་ཤར་གྱི་འོད་གསལ་ནི། དེ་ལྟར་ཉམས་སུ་བླངས་པས་མངོན་དུ་གྱུར་པ་ན། གཟུགས་སྣང་སྟོང་། སྒྲ་གྲག་སྟོང་ལ་སོགས་པར་འཆར་ཞིང་། དྲན་རྟོག་ཐམས་ཅད་རང་ཤར་རང་གྲོལ་དུ་འགྱུར་ལ། དེས་གསལ་བར་སྣང་བ་ཉིད་སྟོང་པར་འཆར་ལ། སྟོང་པ་ཉིད་གསལ་བར་འཆར་བས། གསལ་སྟོང་རང་ཤར་ཟུང་འཇུག་འབའ་ཞིག་དུ་འཆར་རོ།
།གཉིས་པ་བདེ་སྟོང་རང་ཤར་ཡང་ཚུལ་དེ་ཉིད་ཀྱིས་ཤེས་ཏེ། གསལ་སྟོང་ཉམས་སུ་མྱོང་བ་ཉིད་བདེ་བར་འཆར་བ་དེ་ལ་ཞེན་པའི་དྲི་མ་དག་པས་བདེ་སྟོང་རང་ཤར་བ་ཡིན་ནོ།
།གསུམ་པ་ཟབ་ཞི་སྤྲོས་བྲལ་ནི། མཐར་གི་འོད་གསལ་དེ་ཉིད་རྟོགས་ཤིང་ཉམས་སུ་མྱོང་ཡང་། དེའི་རང་བཞིན་བློའི་ཡུལ་ལས་འདས་པས་ཟབ་པ། གཟུང་འཛིན་གྱི་དྲི་མ་དག་པས་ཞི་བ། ཡོད་མེད་ལ་སོགས་པའི་མཐར་འཛིན་ལས་གྲོལ་བས་སྤྲོས་བྲལ། རྒྱུན་རྐྱེན་གྱི་འདུས་མ་བྱས་ཤིང་འབད་རྩོལ་ལ་མི་ལྟོས་པས་ལྷུན་གྱིས་གྲུབ་པའོ།
།བཞི་པ་དབྱེར་མཐར་ཐུག་ནི། བདེ་གསལ་གུད་ན་སྟོང་པ་མེད། སྟོང་པ་གུད་ན་བདེ་གསལ་མེད། སྟོང་པ་ཉིད་བདེ་གསལ། བདེ་གསལ་ཉིད་སྟོང་པ་སྟེ། དེ་རྣམས་གང་དུ་ཡང་དབྱེར་མི་ཕྱེད་པའི་འོད་གསལ་གྱི་རྟོགས་པར་འཁོར་འདས་ཀྱི་ཆོས་ཐམས་ཅད་དུ་མ་རོ་གཅིག་ཏུ་གྱུར་པའོ།
།ལྔ་པ་དག་པ་གཉིས་ལྡན་གྱི་འོད་གསལ་ནི། སེམས་ཉིད་རང་བཞིན་གྱིས་དག་ཅིང་འོད་གསལ་བ་ལ། གཟུང་འཛིན་གློ་བུར་གྱི་དྲི་མས་དག་པའམ། ཆོས་ཐམས་ཅད་རྨི་ལམ་སྒྱུ་མར་རྟོགས་པས་ཉོན་མོངས་པའི་དྲི་མ་དག སྒྱུ་འཛིན་ཙམ་ཤེས་བྱའི་སྒྲིབ་དེ་ཡང་འོད་གསལ་ཕྱག་རྒྱ་ཆེན་པོའི་རྟོགས་པས་དག་པར་འགྱུར་བའོ། །འོད་གསལ་ཞེས་པ་ཡང་ངོ་བོ་ཅིར་ཡང་མ་གྲུབ་པའི་སེམས་སྐྱེ་མེད་རིག་སྟོང་། ཁོ་བོ་རང་གི་རང་འོད་རྩལ་འགག་མེད་སྣང་བ་སྣ་ཚོགས་སུ་གསལ་བར་ཤར་བའོ།
།གསུམ་པ་རྗེས་ལ་ལྔ་ལས།
དང་པོ་དམ་ཚིག་སྤྱི་དང་བྱེ་བྲག་ནི། ༼རྩ་བ་དང་ཡན་ལག་གི་ལྟུང་བས་མ་གོས་པར་བྱེད་པ་སྤྱི་ཡིན་ལ་འོད་གསལ་ཐིག་ལེའི་མདངས་ཡིན་པས། བྱང་སེམས་མི་ཉམས་པར་བསྲུང་བ་ནི་བྱེ་བྲག་སྟེ།༽ ཚུལ་དེ་ལས་མི་འདའ་བའི་དོན་གྱིས་ན་དམ་ཚིག་གོ
།གཉིས་པ་གགས་སེལ་ཉེས་སྐྱོན་རང་གྲོལ་ནི། འོད་གསལ་འཆར་བའི་གེགས་འཁྲུལ་པའི་དྲན་རྟོག་ཡིན་ལ། དྲན་རྟོག་སེམས་ཡིན། སེམས་གསལ་སྟོང་བདེ་ཆེན་དུ་ཤར་བའི་འོད་གསལ་དེ་ཉིད་ལམ་དུ་ཁྱེར་བས་སྐྱོན་རང་གྲོལ་དུ་འགྱུར་རོ།
།གསུམ་པ་བོགས་འདོན་ཐེ་ཚོམ་གཅོད་པ་ནི། བླ་མའི་མོས་གུས་རྩེ་གཅིག་ཏུ་བྱ་ཞིང་གསོལ་བ་དྲག་པོ་གདབ་པ་དང་། སེམས་ཅན་གྱི་སྡུག་བསྔལ་བསམ་ལ་སྙིང་རྗེ་ཆེན་པོ་བསྐྱེད་པར་བྱ་ཞིང་། གསལ་སྟོང་འཛིན་མེད་ཀྱི་འོད་གསལ་དེ་ཉིད་ཀྱི་སྟེང་དུ། སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཡང་ཡང་གཞིག་ཅིང་ཐག་བཅད་པས་སངས་རྒྱས་བྱོན་ཀྱང་དྲི་རྒྱུ་མེད་སྙམ་པའི་ཐག་ཆོད་ཀྱི་ངེས་ཤེས་བརྟན་པོ་སྐྱེས་པས་བོགས་ཐོན་ནས་ཐེ་ཚོམ་མ་ལུས་པར་ཆོད་པར་འགྱུར་རོ།
།བཞི་པ་ཁྱད་འཕགས་འཆར་སྒོ་ངོས་འཛིན་ལ་བཞི། བདེ་གསལ་མི་རྟོག་པ་ཟུང་དུ་ཆུད་པའི་འཆར་སྒོ་སྣ་ཚོགས་ནི། བླ་མའི་གསུང་བཞིན་གཞན་དུ་ཤེས་པར་བྱའོ།
།ལྔ་པ་ཉམས་རྟོགས་ཉིན་མཚན་ཁྱད་པར་ནི། མྱོང་བ་ཙམ་དུ་མཚུངས་ཀྱང་ཐག་ཆོད་ཀྱི་ངེས་ཤེས་བརྟན་པོ་མ་སྐྱེས་པས་ཞིག་ཅིང་ཡལ་ནས་འགྲོ་བ་ནི་ཉམས་ཀྱི་ཡིན་ལ་ནང་དུ་རྩ་མདུད་གཅིག་གྲོལ་བས་གསལ་སྟོང་གཉིས་མེད་དུ་རྟོགས་ནས། མི་འགྱུར་བའི་ཐག་ཆོད་ཀྱི་ངེས་ཤེས་ཁྱད་པར་ཅན་སྐྱེས་པས་ཡིན་མིན་གྱི་སྒྲོ་འདོགས་ཐེ་ཚོམ་མེད་ལས་གྲོལ་བ་ནི་རྟོགས་པའི་འོད་གསལ་ཡིན་གསུང་ངོ་། །ཉིན་མཚན་གྱི་ཁྱད་པར་ནི། གསལ་སྟོང་འཛིན་མེད་རང་ཤར་དུ་འབྱུང་བར་མཚུངས་ཀྱང་མཚན་མོའི་འོད་གསལ་སྟོབས་ཆེ་བས་བཟང་ཞིང་འཆར་ཡང་དཀར་ལ་ཉིན་མོའི་དེ་ལྟར་མ་ཡིན་པ་དང་། གཉིད་སད་རྒྱུ་ཡོད་མེད་ཙམ་བཞག་གོ༼འདི་ཡན་ལྡན་བཞུགས་ཡོད་དོ།༽
།ལྔ་པ་འཕོ་བ་ལ་བཞི། ཆོས་སྐུ་དེ་བཞིན་ཉིད་ཀྱི་འཕོ་བ། ཟུང་འཇུག་ཡི་དམ་གྱི་འཕོ་བ། བྱིན་རླབས་བླ་མའི་འཕོ་བ། འཆུག་མེད་མཁའ་སྤྱོད་ཀྱི་འཕོ་བ་ཞེས་གསུངས་ཀྱང་།
ཕྱག་ལེན་ལ་བླ་མ་ར་ཧཱུ་ལའི་གདམས་པ་སྡིག་པོ་ཆེ་བཙན་ཐབས་སུ་ཚངས་རྒྱ་བར་བྱེད་པ་འཕོ་བ་ཡེ་ཤེས་སྐར་ཁུང་མ་ཞེས་བྱ་བ་འདི་ལ་མཛད་དེ། འདི་ཉམས་སུ་ལེན་པར་འདོད་པས། ཐོག་མར་སེམས་བསྐྱེད་སྔོན་དུ་སོང་བས། རང་སྐད་གཅིག་གིས་ཡི་དམ་གྱི་ལྷ་གང་་་་་ང་བསྐྱེད་པའི་སྤྱི་བོར་བླ་མའི་རྣལ་འབྱོར་སྔར་བཞིན་བསྒོམས་ལ། བདག་འཛིན་བློས་ཐོངས་པར། དགོས་མེད་རྒྱུད་ལ་སྐྱེ་བར། བར་དོར་ཚངས་རྒྱ་བར་མཛད་དུ་གསོལ། ཞེས་གསོལ་བ་དྲག་ཏུ་གདབ། བཟླས་པ་ཅི་རིགས་པ་གཅིག་བྱ། དེ་ནས་རང་ཡི་དམ་དུ་གསལ་བའི་རྩ་དབུ་མ་ཕྱི་དཀར་ལ་ནང་དམར་བ་འོད་ཀྱི་རང་བཞིན། ཡར་རྩེ་ཚངས་བུག་དུ་སླེབས་པ། མ་སྣ་གསང་གནས་སུ་ཟུག་པ་སྟོང་སང་ངེ་ཡོད་པའི་ནང་། ལྟེ་བའི་ཐད་དཀར་ཆོས་འབྱུང་ཕྱི་དཀར་ལ་ནང་དམར་བ་འོད་ཀྱི་རང་བཞིན། ཟུར་མདུན་དུ་བསྟན་པ། ལོགས་སྒལ་པ་ལ་གཏད་པ་གཅིག་བསྒོམ། དེའི་ནང་དུ་རང་གི་རྣམ་པར་ཤེས་པའི་ངོ་བོ་ཨ་དཀར་པོ་འོད་འཕྲོ་བ་དང་བཅས་པ་འཕུར་ལ་ཁད་པ་ཡེད་ཡེད་ཡོད་པ་གཅིག་བསྒོམ་པར་བྱའོ། །དེ་ནས་རླུང་རོ་ལན་གསུམ་ཕྱིར་བསལ་ལ་སྐེད་པ་ཉེག་ཉེག་པ་ལན་གསུམ་བྱས་ནས། སྟེང་འོག་གི་རླུང་ནར་གྱིས་དྲངས་ལ་དྲག་ཏུ་གཟུང་ཁྱད་པར་དུ་འོག་རླུང་དྲག་པོ་དྲངས་ཏེ་ལྟེ་བ་སྒལ་པ་ལ་ཆར་གྱིས་སྦྱར་བས། ལྟེ་བའི་ཆོས་འབྱུང་ཁ་ནང་དུ་ཆར་གྱིས་སོང་བ་དང་། ༼ལྟེ་བའི་ནང་གི་ཨ་དེ་རང་དབང་མེད་པར་ཨ་བ་དྷུ་ཏིའི་ནང་ན་ཡར་རྒྱངས་ཀྱི་ཐོན་ནས་སྤྱི་བོ་ཚངས་པའི་བུ་ག་ན་ཡར་རྒྱངས་ཀྱིས་སོང་བ་དང་༽ཨ་འོད་དུ་ཡལ་གྱིས་སོང་སྟེ་དེའི་ངང་ལ་ཕྱག་རྒྱ་ཆེན་པོར་ལྷན་གྱིས་བཞག དེ་འདྲ་བ་ཐེངས་བདུན་བྱའོ། །དེ་ནས་རྗེས་ལ། སྤྱི་བོར་ཨ་གཅིག་ལམ་གྱིས་བྱུང་བར་བསམ་ལ། དེ་ཚངས་པའི་བུ་ག་ན་མར་སོང་ནས་རྩ་དབུ་མའི་ནང་ན་མར་བདེ་ཁྲིལ་ལི་ལི་བྱུང་བས་ཆོས་འབྱུང་གི་ནང་དུ་དཀར་ཡེར་གྱིས་བྱུང་བ་དང་། དེ་ལ་སེམས་གཏད་ལ་བདེ་སྟོང་གཉིས་སུ་མེད་པའི་ངང་དུ་སིངས་ཀྱིས་བཞག་གོ །དེ་ལྟ་བུའི་སྦྱོར་བས་ནུས་ཚད་དུ་བསྒོམས་པར་བྱའོ། །དེ་ལྟར་བསྒོམས་པས་རྟགས་རབ་འབྲིང་གསུམ་འབྱུང་སྟེ། རབ་ལ་སྤྱི་བོ་བརྡོལ་ནས་ཁྲག་དང་ཆུ་སེར་འོང་། འབྲིང་གི་སྤྱི་བོ་སྐྲངས་ནས་འོང་། ཐ་མའི་སྤྱི་བོར་ཟ་བ་དང་འགུལ་བ་དང་འཕྲིག་པ་འོང་ངོ། དེ་ལྟར་བྱུང་ཙམ་ན་འབྱོངས་པའི་རྟགས་ཡིན་ནོ། །བསྒོམ་པའི་དུས་སུ་ཐལ་གྱིས་དོགས་ནས། རིན་པོ་ཆེའི་སྣོད་ཀྱིས་མགོ་ནས་མནན་དེས་ཐུབ་ལ་གཞན་གྱིས་མི་ཐུབ་བོ་གསུང་ངོ་། །དེ་ལྟར་བསྒོམས་པའི་རྟེན་གྱི་གང་ཟག་དེ་ལ། ནམ་ཞིག་འཆི་རྟགས་ཚང་ཞིང་ངེས་པར་འཆི་བར་ཡིད་ཆེས་པའམ། ཡང་ན་ཁྱད་པར་གྱི་འཆི་རྟགས་ནི། བླ་མ་ར་ཧཱུ་ལའི་བཞེད་པས། རླུང་གཉིས་མཉམ་དུ་རྒྱུ་ན་རྣལ་འབྱོར་མྱུར་དུ་འཆི། །ཞེས་བཤད་པས། སྲོག་རླུང་དབུ་མར་འདུས་པའི་རྟགས་ཁ་སྣ་གཉིས་ནས་རླུང་དུས་གཅིག་ལ་མཉམ་ཤྭ་ཤྭ་བྱུང་བའི་རྟགས་དེ་བྱུང་ན་འཆི་ངེས་པ་ཡིན་པས། རང་གི་ལུས་དང་ལོངས་སྤྱོད་ཉེ་དུ་འབྲེལ་བ་གང་ལ་ཡང་ཆགས་པར་མི་བྱ། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རྨི་ལམ་སྒྱུ་མར་ཤེས་པར་བྱས་ལ། གང་ལ་ཡང་ཆགས་པར་མི་བྱ། སྐྱབས་འགྲོ་དང་སེམས་བསྐྱེད་བྱ། རང་ལྷ་སྐུར་དྲན་པར་བྱས་ལ་སྤྱི་བོར་བླ་མ་བསྒོམས་ལ་གསོལ་བ་གདབ། གཞན་དོན་གྱི་སྨོན་ལམ་རྣམ་པར་དག་པ་རྒྱ་ཆེན་པོ་གདབ་ཅིང་། འདུ་འཛི་དང་གཡེང་བ་ཕྱིར་ཀྱེད་ནས། རང་གཅིག་པུར་བསྡད་ལ་འཕོ་བར་བྱ་སྟེ།
དེ་ཡང་སྔོན་དུ་རྩ་ཁ་འབྱེད་པའི་གདམས་ངག་ནི། རང་དང་བུད་མེད་ཐིག་ལེ་ཡིས། །རླུང་སེམས་གཉིས་པོ་ཡར་ལ་འདྲེན། །ཚ་ལས་རྩ་ཁ་འབྱེད་པར་བྱེད། །མི་ཡི་ཀླད་པས་བར་ཆད་བསྲུང་། །ཞེས་བཤད་དོ། །དེ་ལྟར་རྫས་སྣ་བཞི་པོ་དེ་ལག་མཐིལ་དུ། སྲིན་ལག་གཡོན་པས་མཉེས་ལ་ཡི་དམ་ལྷའི་སྔགས་བཏབ་སྟེ། སྤྱི་བོར་བླུགས་ལ་རླུང་མི་བཟུང་བར་རང་སར་བཞག་གོ །དམིགས་པ་ནི། ཆོས་འབྱུང་གི་ཨ་ཡར་ལ་རྒྱངས་རྒྱངས་བཏང་ནས་སྐྱེ་མེད་ཀྱི་ངང་ལ་བཞག་ལ་དེའི་ངང་དུ་འཕོ་བར་བྱའོ། །དེ་ཉིད་བསྡུས་ཏེ་བསྒོམ་པར་འདོད་པས་བྱང་ཆུབ་ཀྱི་སེམས་སྔོན་དུ་སོང་བས་རང་ཡི་དམ་དུ་བསྐྱེད་པའི་ལྟེ་བར་ཆོས་འབྱུང་གི་ནང་དུ་ཡིག་གེ་ཨ་དཀར་པོ་གཅིག་བསྒོམ། དེ་ནས་འོག་རླུང་འཐེན་ཏེ་སྟེང་རླུང་མནན་ལ་དེ་ཨ་བ་དྷུ་ཏིའི་ནང་ན་ཡར་སོང་བས་སྤྱི་བོ་ན་ཡར་དཀར་རྒྱངས་རྒྱངས་སོང་བ་དང་། སྟོང་པ་ཉིད་ཀྱི་ངང་དུ་སོང་བར་བསམ་མོ། །དེ་ལྟར་བྱས་པས་བར་དོར་འོད་གསལ་ཕྱག་རྒྱ་ཆེན་པོ་རྟོགས་ཏེ་མངོན་པར་རྫོགས་པར་ཚངས་རྒྱའོ།
།དྲུག་པ་བར་དོ་ལ་བཞི་ཡི།
དང་པོ་རབ་བར་དོ་དང་པོའི་འོད་གསལ་རང་ཤར་དུ་སངས་རྒྱས་པ་ནི། སྔར་རྣམ་སྨིན་དང་བག་ཆགས་ཀྱི་ལུས་ལ་ཉིན་མཚན་དུ་བསྒོམས་པའི་བུའི་འོད་གསལ་དང་། འཆི་བའི་ཚེ་ཡུལ་ཡུལ་ཅན་ཐིམ་པའི་རིམ་པ་ལ་མཁས་པས་རླུང་སེམས་ཐམས་ཅད་ཨ་བ་དྷུ་ཏིར་ཚོགས་བའི་རྟེན་འབྲེལ། རང་བཞིན་བརྒྱད་ཅུས་བསྡུས་པའི་༼བུའི་འོད་གསལ་དང་། འཆི་བའི་ཚེ་ཡུལ་ཡུལ་ཅན་ཐིམ་པའི་རིམ་པ་ལ་མཁས་པས་རླུང་སེམས་ཐམས་ཅད་ཨ་བ་དྷུ་ཏིར་ཚོགས་པའི་རྟེན་འབྲེལ། རང་བཞིན་བརྒྱད་ཅུས་བསྡུས་པའི་༽གཟུང་འཛིན་གྱི་རྟོག་པ་ཕྲ་རགས་ཐམས་ཅད་འགགས་ཏེ། སེམས་ཉིད་གསལ་སྟོང་མཐའ་དབུས་ཐམས་ཅད་དང་བྲལ་བ། ནམ་མཁའ་དྭངས་པ་ལྟ་བུ། ལུས་ཅན་འཆི་བ་ཐམས་ཅད་ལ་རང་ཤར་དུ་བྱུང་བ་དེ་ནི། རང་བཞིན་མའི་འོད་གསལ་ཞེས་བྱ་སྟེ། དུས་དེར་འོད་གསལ་མ་བུ་གཉིས་ཕྲད་པས་ཆུ་ལ་ཆུ་བཞག་པ་ལྟར་དབྱེར་མེད་གཅིག་ཏུ་འདྲེས། སྔར་འདྲིས་ཀྱི་མི་དང་ཕྲད་པ་བཞིན་རང་ངོ་ཤེས་ཏེ། སྔར་གྱི་འདུན་པའི་དབང་གིས་དབྱེར་མེད་མངོན་གྱུར་གྱི་འོད་གསལ་གྱི་རྟོགས་པ་ཆུ་བོའི་རྒྱུན་ལྟར་གནས་པར་གྱུར་བས། བར་དོར་རིགས་དྲུག་གི་ལྷ་གྲོང་ཁྱེར་མི་མཐོང་བར་འོད་གསལ་སྐྱེ་མེད་ཆོས་སྐུ་ལ་བརྟན་པ་ཐོབ་ཅིང་། སྐྱེ་མེད་ཀྱི་ངང་ལས་དག་པའི་སྒྱུ་ལུས་སུ་ལངས་ཏེ། གཟུགས་སྐུ་གཉིས་འགག་མེད་རང་ཤར་ལྷུན་གྲུབ་ཏུ་བྱུང་ནས། འཁོར་བ་མ་སྟོངས་ཀྱི་བར་དུ་གང་ལ་གང་འདུལ་གྱིས་སེམས་ཅན་རྣམས་སྨིན་ཅིང་གྲོལ་བར་བྱེད་དོ། །འདིའི་ཉམས་སུ་ལེན་ཚུལ་ནི། འོད་གསལ་ཕྱག་རྒྱ་ཆེན་པོ་བསྒོམ་པ་ཉིད་ཡིན་པས་འདིར་མ་སྤྲོས་སོ།
།གཉིས་པ་འབྲིང་རྒྱལ་བ་ལོངས་སྐུ་རང་ཤར་ནི། སྔར་འོད་གསལ་ལ་གོམས་པ་ཆུང་བས། བར་དོ་དང་པོའི་འོད་གསལ་ལ་གནས་པར་མ་ནུས་ན། བདུན་ཕྲག་དང་པོའི་བར་དོར་རྒྱལ་བ་ལོངས་སྐུར་སངས་རྒྱས་པར་བྱ་སྟེ། འདི་ཉམས་སུ་ལེན་ཚུལ་ནི། སྔོན་འགྲོ་གཞན་སྔར་བཞིན་བྱས་ལ། བདག་འཛིན་བློས་ཐོངས་པར། དགོས་མེད་རྒྱུད་ལ་སྐྱེ་བར། བར་དོར་རྒྱལ་བ་ལོངས་སྐུར་ཚངས་རྒྱ་བར་མཛད་དུ་གསོལ། ཞེས་གསོལ་བ་གདབ། དེ་ནས་རང་ཤི་ནས་བར་དོ་ན་གནས་པར་བསྒོམ་པར་བྱ་སྟེ། ཨ་ང་ཤི་འདུག །ངའི་ལུས་འདི་བར་དོ་ཡིད་ཀྱི་ལུས་སུ་འདུག །ཟས་འདི་བར་དོའི་ཟས། གོས་བར་དོའི་གོས། གྲོགས་ཐམས་ཅད་བར་དོའི་གྲོགས་སུ་འདུག །སྣོད་བཅུད་ཀྱི་སྣང་བ་འདི་ཐམས་ཅད་བར་དོའི་སྣང་བར་འདུག་སྙམ་དུ་ཅིར་སྣང་ཐམས་ཅད་ལ་མ་གཡེངས་པར་དྲན་འདུན་བཏང་ལ་སྐྱོ་ཤས་དྲག་པོ་བསྐྱེད། སྔར་བླ་མའི་ཞལ་ནས་བར་དོ་ལ་བར་དོར་ངོ་ཤེས་པར་གྱིས་ལ་རྒྱལ་བ་ལོངས་སྐུ་རུ་ཉམས་སུ་ལོངས་ཤིག་གསུང་བའི་དུས་དེར་སླེབས་ནས་འདུག་པས། ད་བར་དོ་ལ་སྐྲག་པར་མི་བྱ་སྟེ། དུས་འདིར་ཚངས་རྒྱ་བའི་ཕྱིར་རོ། སྙམ་དུ་བསམ་ནས། སྔར་བཞིན་བླ་མ་ལ་གསོལ་བ་དྲག་ཏུ་གདབ། བར་དོའི་སྣང་བ་འདི་ཐམས་ཅད་རང་གི་སེམས་ཀྱི་རང་སྣང་ཡིན་གྱིས་ཕྱི་རོལ་ན་གྲུབ་པ་གང་ཡང་མེད། རང་སྣང་ཐམས་ཅད་བདེན་མེད་སྒྱུ་མ་རྨི་ལམ་ཡིན་སྙམ་དུ་བསྒོམ། ཁྱད་པར་དུ་ཡི་དམ་གྱི་སྤྲུལ་བསྒྱུར་ལ་འདུན་པ་བཏང་ལ། ཕྱི་སྣོད་གཞལ་ཡས་ཁང་། ནང་བཅུད་ལྷ་དང་ལྷ་མོ། རང་ཉིད་རྒྱལ་བ་ལོངས་སྤྱོད་རྫོགས་པའི་སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། སྣང་ལ་རང་བཞིན་མེད་པ། གསལ་ལ་རྟོག་པ་མེད་པ། བདེ་ལ་ཞེན་པ་མེད་པའི་ལྷ་སྐུ་ཕྱག་རྒྱ་ཆེན་པོ། ཆོས་སྐུའི་ངོ་བོ། ལོངས་སྐུའི་རྣམ་པ། སྤྲུལ་སྐུའི་འཕྲིན་ལས་དབྱེར་མེད་བདེ་བ་ཆེན་པོའི་སྐུར་གསལ་བཏབ་ལ་དྲན་འདུན་དྲག་པོས་ཉམས་སུ་བླངས་པས། བར་དོར་སྔར་གྱི་འདུན་པའི་དབང་གིས་རྒྱལ་བ་ལོངས་སྐུ་རང་ཤར་དུ་སྣང་ནས། འཁོར་བ་མ་སྟོངས་ཀྱི་བར་དུ་གང་ལ་གང་འདུལ་གྱིས་སེམས་ཅན་ཐམས་ཅད་སྨིན་ཅིང་གྲོལ་བར་བྱེད་པར་འགྱུར་རོ།
།གསུམ་པ་ཐ་མ་སྤྲུལ་སྐུ་འགག་མེད་རང་ཤར་ནི། སྔར་འོད་གསལ་དང་ལྷ་སྐུ་ལ་གོམས་པ་ཆུང་བས། བར་དོ་དང་པོར་འོད་གསལ་དང་། བདུན་ཕྲག་དང་པོར་ལོངས་སྐུར་གནས་མ་ནུས་ན་མངལ་སྒོ་སྦྱངས་ནས་སྤྲུལ་སྐུར་ཚངས་རྒྱ་བར་བྱ་སྟེ།
འདིའི་ཉམས་སུ་ལེན་ཚུལ་ནི། སྔོན་འགྲོ་དང་། སྐྱོ་ཤས་སྔར་ལྟར་བྱས་ལ། སྔར་བླ་མའི་ཞལ་ནས་བར་དོ་ལ་བར་དོར་ངོ་ཤེས་པར་གྱིས་ལ། མངལ་སྒོ་སྦྱངས་ཏེ། རྒྱལ་བ་སྤྲུལ་སྐུ་ཉམས་སུ་ལོངས་ཤིག་གསུངས་པའི་དུས་དེར་སླེབས་འདུག་པས། ད་ནི་བར་དོ་ལ་སྐྲག་པར་མི་བྱ་སྟེ། དུས་འདི་ཉིད་དུ་ཚངས་རྒྱ་བའི་ཕྱིར་རོ། སྙམ་དུ་བསམ། ཕ་མ་ལ་སོགས་པ་ཕོ་མོ་ལ་བརྟེན་པའི་ཆགས་སྡང་དང་ཕྲག་དོག་མིག་སེར་སྐྱེས་པའི་ཚེ། ཀྱེ་མ་ཆགས་སྡང་གིས་སྐྱེ་བ་ལེན་པ་འདི་ནི་ཤིན་ཏུ་སྡུག་བསྔལ་བ་སྟེ། ད་ནི་དག་པ་བདེ་ཆེན་གྱི་ཞིང་དུ་འགྲོའོ་སྙམ་དུ་བསམས་ལ་ཆགས་སྡང་སྦྱངས། བར་དོའི་སྣང་བ་འདི་ཐམས་ཅད་རང་སྣང་། རང་སྣང་ཐམས་ཅད་བདེན་མེད་སྒྱུ་མ་ཡིན་རྨི་ལམ་ཡིན་སྙམ་པ་དང་། བླ་མའི་མོས་གུས་དང་གསུམ་ལ་འདུན་པ་བཏང་ངོ་། །དེའི་རྗེས་ལ་རང་གི་མདུན་དུ་ཆོས་འབྱུང་མཐིང་ཁ་གྲུ་གསུམ་རྐྱང་པའམ། ཉིས་བརྩེགས་གཅིག་བསམ་ལ། འདི་མ་རྟོགས་པ་རྣམས་ལ་མའི་མངལ། རྟོགས་པ་རྣམས་ལ་འོག་མིན་ཆོས་ཀྱི་ཕོ་བྲང་ཡིན་སྙམ་དུ་བསམ། དེའི་དབུས་སུ་རང་སེམས་ཧཱུྃ་ངམ་ཐིག་ལེ་སྔོན་པོ་གཅིག་ཏུ་བསམ། དེ་ལས་འོད་ཁ་དོག་ལྔ་འཕྲོས་པས་འདས་པའི་སྐྱེ་གནས་ལྔའི་ལན་ཆགས་དང་དྲི་མ་དག །ད་ལྟར་གྱི་མངལ་གྱི་ལན་ཆགས་ཀྱི་དྲི་མ་སྦྱངས། མ་འོངས་པའི་མངལ་སྒོ་བཀག་པར་བསམ་མོ། །དེ་ནས་ཧཱུྃ་དེ་གྱུར་པ་ལས། རང་ཡི་དམ་ཡབ་ཡུམ་དུ་བསམ། ཆགས་སྡང་གི་ཡུལ་ཕོ་མོར་སྣང་བ་ཐམས་ཅད་ཡབ་ཡུམ་གྱི་ས་བོན་ལས་ཆོས་འབྱུང་གི་ནང་གི་གཡས་ཟུར་དུ་ཕོ་ཐམས་ཅད་ཡི་དམ་ཡབ་དུ་བསམ། གཡོན་ཟུར་དུ་མོ་ཐམས་ཅད་ཡུམ་དུ་བསྒོམས་ལ་མཆོད་པ་དབུལ་ཞིང་གསོལ་བ་གདབ། སྒྲ་གྲགས་ཚད་ཐམས་ཅད་སྔགས་སུ་བལྟ་དྲན་རྟོག་ཐམས་ཅད་ལ་གླང་པོ་ཆེའི་ལྟ་སྟངས་ཀྱིས་ལྷ་སྐུ་ཕྱག་རྒྱ་ཆེན་པོའི་ངང་དུ་མཉམ་པར་བཞག་པར་བྱའོ། །དེ་ལྟར་དྲན་འདུན་དྲག་པོས་ཉམས་སུ་བླངས་པས། བར་དོར་སྔར་གྱི་འདུན་པའི་དབང་གིས་རང་གཞན་སྣོད་བཅུད་ཐམས་ཅད་སྣང་སྟོང་ཞེན་བྲལ་གྱི་ཡི་དམ་སྤྲུལ་སྐུའི་སྣང་བ་འབའ་ཞིག་རང་ཤར་དུ་འབྱུང་ལ། སྒྲ་གྲགས་པ་ཐམས་ཅད་སྔགས་སུ་འཆར་ཞིང་། དྲན་རྟོག་ཐམས་ཅད་གཉིས་མེད་ཕྱག་རྒྱ་ཆེན་པོའི་རྟོགས་པར་ཤར་ནས། ཆགས་སྡང་མིག་སེར་ཐམས་ཅད་དག་པས་མངལ་སྒོ་ཁེགས་ཏེ་སྐྱེ་བ་མི་ལེན་པར་དུས་དེ་ཉིད་དུ་སྤྲུལ་སྐུར་སངས་རྒྱས་ཏེ། འཁོར་བ་མ་སྟོངས་ཀྱི་བར་དུ་གང་ལ་གང་འདུལ་གྱིས་སེམས་ཅན་ཐམས་ཅད་སྨིན་ཅིང་གྲོལ་བར་བྱེད་པར་འགྱུར་རོ།
།བཞི་པ་སྤྱི་གནད་འཆུག་མེད་ལམ་ཁྱེར་ནི། དབང་པོ་རབ་འབྲིང་ཐ་མའི་གསུམ་ཀའི་ཉམས་ལེན་གྱི་སྐབས་སུ་བར་དོ་སྐྱོ་ཤས་ཀྱི་གནད་ཅེས་པས། བར་དོའི་སྐྱོ་ཤས་དྲན་འདུན་གྱི་སྐྱོ་ཤས་དྲག་པོ་དང་མ་བྲལ་བས། ཕོ་མོ་ལ་སོགས་པ་ཆགས་སྡང་གི་ཡུལ་ཐམས་ཅད་རང་སྣང་བདེན་མེད་སྒྱུ་མ་རྨི་ལམ་དུ་ཐག་བཅད་ལ་སྦྱང་། བདག་གཞན་སྣོད་བཅུད་ཐམས་ཅད་ཡི་དམ་ཡབ་ཡུམ་དུ་བསྒོམས་ལ། སྤྲུལ་བསྒྱུར་ལ་འདུན་པ་བཏང་། བླ་མའི་སྣང་བ་དང་མི་འབྲལ་བར་མོས་གུས་རྩེ་གཅིག་ཏུ་བྱ་ཞིང་གསོལ་བ་གདབ་པར་བྱ་སྟེ། སྔར་བསྟན་པས་གྲུབ་པ་ཉིད་དོ། །འདིར་སྐབས་སུ་ཉེ་བར་བབ་པ་ཉམས་ལེན་གྱི་དམིགས་པ་རྣམས་དངོས་སུ་བསྟན་པ་ཡིན་ལ། རྒྱས་པར་བླ་མ་ཁྱུང་པོ་ཉིད་ཀྱིས་མཛད་པའི་འཆུག་མེད་བར་དོ་གསུམ་གྱི་གདམས་པ་ཇི་ལྟ་བ་བཞིན་གསུང་བས་དེར་ཤེས་པར་བྱའོ།
།ཚུལ་འདི་གང་གི་དྲིན་གྱིས་རྟོགས་གྱུར་པ། །སྲིད་གསུམ་བླ་མ་ཡོན་ཏན་རིན་ཆེན་གཏེར། །འགྲོ་མགོན་ཆོས་རྗེ་ཤངས་སྟོན་རིན་པོ་ཆེའི། །ཞབས་པད་དྲི་མ་མེད་ལ་ཕྱག་འཚལ་ལོ།
།བླ་མའི་དྲུང་དུ་དྲུང་གིས་གསུང་བཞིན་དུ། །ཉེ་བར་བྲིས་ནས་བྲིས་པ་ཕུལ་ནས་ནི། །ལེགས་པར་གཟིགས་ནས་གཟིགས་པའི་གདམས་པ་འདི། །དག་པར་ཞུས་ནས་ཞུས་པ་ཡི་གེར་བཀོད། །སྒྲོ་སྐུར་རང་བཟོའི་སྐྱོན་གྱིས་མ་བསླད་པས། །རྗེས་འཇུག་དད་ལྡན་གུས་པས་བླང་བར་མཛོད། །དགེ་བས་འགྲོ་ཀུན་བླ་མ་མཉེས་བྱས་ནས། །རྡོ་རྗེ་འཆང་དབང་གོ་འཕང་མཆོག་ཐོབ་ཤོག
།ཚུལ་འདི་ནི་ཡངས་པ་དང་རྟོགས་པའི་ཡོན་ཏན་རིན་པོ་ཆེ་དུ་མ་ལ་མངའ་བརྙེས་པས། རྡོ་རྗེ་འཆང་ཆེན་པོ་དང་གཉིས་སུ་མེད་པར་གྱུར་པའི། བླ་མ་འགྲོ་མགོན་ཤངས་སྟོན་གྱི་ཞབས་རྡུལ་སྤྱི་བོས་ལེན་པ། དགེ་སློང་རརྡོ་རྗེ་འཛིན་པ་རྒྱལ་བའི་མཚན་ཅན་བྱིན་རླབས་ཀྱི་དཔལ་དང་ལྡན་ཅིང་རྟུལ་ཞུགས་བཟང་པོ་ལ་མངོན་པར་དད་པ། དཔལ་འཇག་ཆུང་གི་དབེན་གནས་སུ། བླ་མ་ཉིད་ཀྱི་སྤྱན་སྔར་བྲིས་ནས་གཟིགས་པ་ཕུལ་ནས་དག་པར་ཞུས་ནས་ཡི་གེར་བཀོད་པ་ཐར་ལམ་གསལ་བའི་སྒྲོན་མེ་ཞེས་བྱ་བ་རེ་ཞིག་རྫོགས་སོ།
།ནོངས་པ་རྣམས་བླ་མ་ཡི་དམ་དཔའ་བོ་མཁའ་འགྲོའི་ཚོགས་ལ་བཟོད་པར་གསོལ་ལོ།
།སེམས་ཅན་དཔག་ཏུ་མེད་པ་ལ་ཕན་ཐོགས་པར་གྱུར་ཅིག
༼འདིའི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཡེ་ཤེས་ཀྱི་མཁའ་འགྲོ་མ་ནི་གུ་མ། གྲུབ་ཆེན་ཁྱུང་པོ་རྣལ་འབྱོར། རིན་ཆེན་རྨོག་ཅོག་པ། དབོན་སྟོན་སྐྱེར་སྒང་པ། སངས་རྒྱས་གཉན་སྟོན། ཁམས་སྟོན་པ། ཆོས་རྗེ་སྟོན་པ། ཆོས་རྗེ་ཤངས་སྟོན་རིན་པོ་ཆེ། ཆོས་རྗེ་རྒྱལ་བའི་མཚན་ཅན། ཆོས་རྗེ་རྡོ་རྗེ་གཞོན་པ། རིན་པོ་ཆེ་ནམ་མཁའི་རྣལ་འབྱོར་པ། ཆོས་རྗེ་རིན་པོ་ཆེ་དཀོན་མཆོག་རྒྱལ་མཚན་པ་བདག་ལ་གནང་བ། ཞུས་ཤིང་དག་པར་བྱས་སོ། །བཀྲ་ཤིས་པར་གྱུར་ཅིག། །།༽