'chug med lam khyer gsum gyi khrid yig

From Shangpa Resource Center







Resource ID SCv7p299
Title 'chug med lam khyer gsum gyi khrid yig
Topics Integration
Sub-Topics Instructions
Author Gyeltsen Bum
Link BDRC W23922
BDRC W4CZ58783 (p. 405)

༄༅། །འཆུག་མེད་ལམ་ཁྱེར་གསུམ་གྱི་ཁྲིད་ཡིག་བཞུགས་སོ།།

བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །དུས་གསུམ་སངས་རྒྱས་ངོ་བོ་ཉིད། །བླ་མའི་སྐུ་གསུང་ཐུགས་ལ་འདུད། །འཆུག་མེད་ལམ་ཁྱེར་རྣམ་གསུམ་གྱིས། །ཁྲིད་རིམ་ཅུང་ཟད་བྲི་བར་བྱ། །དེ་ལ་གསུམ་སྟེ།
༼དགོངས་པ་དམ་པའི་རྒྱུད་ལས། །སྣང་བ་བླ་མ་ཡི་དམ་དང་། །སྒྱུ་མ་ལམ་དུ་འཁྱེར་བར་བྱ། །ཚེ་འདིར་སྐུ་གསུམ་མངོན་གྱུར་ནས། །དོན་གཉིས་ཕུན་སུམ་ཚོགས་པར་འགྱུར། །ཅེས་སོ།༽
སྣང་བ་ལ་བརྟེན་བླ་མ་དང་། ཡི་དམ་དང་། སྒྱུ་མ་ལམ་ཁྱེར་རོ།
།དང་པོ་ལ་བཞི། བླ་མའི་སྐུའི། གསུང་གི །ཐུགས་ཀྱི། དབྱེར་མེད་ལམ་ཁྱེར་རོ།
།དང་པོ་ལ་བཞི་ལས།
དང་པོ་སྤྱི་བོར་བླ་མ་བསྒོམ་ཞིང་། གསོལ་བ་གདབ་པ་ནི། རང་ལུས་ཅེས་པ་ཚེ་གཅིག་ལ་སངས་རྒྱས་པ་ལ། བླ་མའི་མོས་གུས་དགོས་ཏེ།
ཡེ་ཤེས་མངོན་འབྱུང་ལས། ས་དང་ལམ་གྱི་རིམ་པ་རྣམས། །བླ་མའི་མོས་གུས་ལོ་ཟླས་བགྲོད། །བླ་མའི་སྣང་བ་མ་བྲལ་ན། །སངས་རྒྱས་རྣམས་དང་འབྲལ་མེད་གནས། །ཅེས་པ་ལ་སོགས་པ་མདོ་རྒྱུད་ཀྱི་ལུང་དང་། ལོ་རྒྱུད་བཤད་ལ། ངེས་ཤེས་བསྐྱེད་དུ་གཞུག་གོ །དེ་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། མི་རྟག་སྐྱོ་ཤས་སྔོན་དུ་འགྲོ་བས། རང་ལུས་བདེ་མཆོག་ཏུ་བསྒོམས་པའི་སྤྱི་གཙུག་ཏུ། སེང་གེ་དང་རིན་ཆེན་པོ་ཆེའི་ཁྲི་དང་པདྨ་དང་ཟླ་བའི་སྟེང་དུ། རྩ་བའི་བླ་མ་མཚན་དང་དཔེ་བྱང་ཀྱིས་བརྒྱན་པ། ཞལ་འཛུམ་པའི་མདངས་དང་ལྡན་པ། འོད་དང་འོད་ཟེར་གྱི་རང་བཞིན་ཅན། སྐུ་ལྟ་བས་ཆོག་མི་ཤེས་པ། ཉི་མ་འབུམ་གྱི་གཟི་བརྗིད་ཅན། མཚན་ཐོས་པས་ཕྱིར་མི་ལྡོག་པའི་ས་ཐོབ་པ། གསོལ་བ་བཏབ་ན་བྱིན་རླབས་འབྱུང་བ་ལ་སྨོས་མི་དགོས་པ་གཅིག་བསམ་མོ། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། བརྒྱུད་པའི་བླ་མ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ། ཡི་དམ་ལྷ་ཚོགས། མཁའ་འགྲོ་ཆོས་སྐྱོང་། ཆོས་འབྲེལ་ཡོད་ཚད་དེ་ལ་བ་སྙི་མ་ནས། བླ་མ་དེ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོར་བསྒོམས་པའི་བླ་མའི་རྣལ་འབྱོར་རྫོགས་པར་བྱས་ལ། དེ་ནས་སེམས་ཅན་ཐམས་ཅད་ཁམས་གསུམ་དུ་འཁོར་ཞིང་རིགས་དྲུག་ཏུ་འཁྱམས་ནས། སྡུག་བསྔལ་སྣ་ཚོགས་ལ་སྤྱོད་པ་འདི་རྣམས་ལ། སྙིང་རྗེ་ཆེན་པོས་ཀུན་ནས་བསླང་ནས། སྡུག་བསྔལ་གྱི་སར་མི་གཞག་པར། སངས་རྒྱས་ཀྱི་ས་ལ་དགོད་པར་བྱ་བའི་ཕྱིར། རང་ལ་གནོད་བྱེད་ཀྱི་གཙོ་བྱས་པའི་ནམ་མཁའ་དང་མཉམ་པའི་འགྲོ་བ་ཀུན་དང་ཐབས་གཅིག་ཏུ། ཀུ་དི་རི་རི་གསོལ་བ་འདེབས་པར་བསམ་ལ།
བླ་མ་རིན་པོ་ཆེ། བདག་འཛིན། དགོས་མེད། ཅིར་སྣང་བླ་མར་འཆར་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་སྙིང་ཁོང་རུས་པའི་གཏིང་ནས་གསོལ་བ་དྲག་པོ་གདབ་བོ།
།གཉིས་པ་རིམ་པ་བཞིན་དུ་བསླབ་པ་ནི། དེ་ཡིས་ཅེས་པ། དེ་ལྟར་གསོལ་བ་བཏབ་པས་སྣང་བ་བདེན་མེད་དུ་ཕྱམ་གྱིས་སོང་ཞིང་། མོས་གུས་སྐྱེས་པ་དང་། ཕྱི་རོལ་སྣོད་བཅུད་ཀྱིས་བསྡུད་པའི་སྣང་བ་སྣ་ཚོགས་ཐམས་ཅད་རིམ་པ་བཞིན་བླ་མའི་སྐུར་བལྟ་བར་བྱ་སྟེ། དེའང་རང་གི་ཐོ་ཕྱི་ཉེ་འཁོར་ཙམ་གྱི་སེམས་ཅན་དང་། འབྱུང་བཞི་ཕྲ་རགས་ཅི་སྣང་བ་དང་། ཅི་ཤར་བ་ཐམས་ཅད། བླ་མའི་སྐུ་རུ་ལམ་ལམ་བྱུང་བར་བསམ་མོ། དེ་བཞིན་དུ་གཙང་ཙམ་དང་། དབུས་དང་། འཛམ་བུ་གླིང་དང་། གླིང་བཞི་དང་། སྟོང་སྤྱི་ཕུད་དང་། སྟོང་གཉིས་པ། བར་མ་དང་། སྟོང་གསུམ་དང་། ནམ་མཁས་ཁྱབ་པ་ཐམས་ཅད་དོ།
།གསུམ་པ་སྤྱོད་ལམ་ཐམས་ཅད་དུ་བསླབ་པ་ནི། །སྤྱོད་ལམ་ཅེས། འགྲོ་འཆག་ཉལ་འདུག་ཐམས་ཅད་དུ། ཐ་མལ་གྱི་བསམ་པ་ཐམས་ཅད་སྤངས་ནས། སྐད་ཅིག་ཀྱང་འབྲལ་མེད་དུ་སྣང་བ་ཐམས་ཅད་བླ་མ་རུ་ལམ་དུ་འཁྱེར་ཞིང་། གདུང་བའི་སེམས་ཀྱི་མོས་གུས་ཚད་བཟུང་མེད་པའི་གསོལ་བ་རྒྱུན་ཆད་མེད་པར་བཏབ་པས། ཅིར་སྣང་ཐམས་ཅད་བླ་མའི་སྐུ་རུ་ལམ་པའམ། སྐུ་གསལ་རྗེན་པ་ཅིག་ཤར་ན། རང་སེམས་བླ་མར་ཤར་བ་ཡིན་པས། བར་དོ་ཚུན་ལ་སངས་རྒྱ་བས། བླ་མའི་ལམ་ཁྱེར་མཆོག་ཏུ་འགྱུར་པའོ།
།བཞི་པ་དྲིན་བསམ་ཞིང་ཡང་ལག་བདུན་པ་འབུལ་བ་ནི། དེ་ལྟར། ཅེས་པ་སྣང་བ་བླ་མར་ཤར་བ་དེ་བརྟན་པར་གྱུར་པ་དང་། བླ་མ་དམ་པ་འདི་ཉིད་ཀྱིས་བཟོད་པར་དཀའ་བ་འཁོར་བ་སྡུ་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་བསྒྲལ་ཞིང་། བསྐལ་པ་གྲངས་མེད་པར་ཚོགས་བསགས་ཀྱང་ཐོབ་པར་དཀའ་བའི་སངས་རྒྱས་ཚེ་འདིར་ཐོབ་པར་བྱས་པ་བླ་མའི་དྲིན་ཡིན་པས། བཀའ་དྲིན་རེ་ཆེན་སྙམ་དུ་བསམ་ཞིང་། འབྲལ་མེད་དུ་གསོལ་བ་གདབ་བོ། བཟང་སྤྱོད་དམ། རྡོ་རྗེ་མགུར་ནས་གསུངས་པའམ། བླ་མ་རྣམས་ལ་སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །ཕྱི་ནང་གསང་གསུམ་གྱི་མཆོད་པ་འབུལ་ལོ།
།གསུང་ནི། སྒྲ་རྣམས། ཅེས་པ་ཟིན་པ་སེམས་ཅན་དང་། མ་ཟིན་པ་ས་ཆུ་ལ་སོགས་པ་འབྱུང་བའི་སྒྲ་རྣམས་གྲགས་སྟོང་ཡིན། གྲགས་སྟོང་བླ་མའི་གསུང་ཡིན། །གསུང་སྐྱེ་མེད་ཀྱི་རང་སྒྲར་བསྒོམ་མོ། །ཐུགས་ནི་དྲན་རྟོག །ཅེས་པ་རང་གི་ཡིད་ལ་དྲན་པ་དང་། རྟོག་པའི་རི་མོ་ཅི་བྱུང་བ་ཐམས་ཅད་སྐྱེ་འགག་གནས་གསུམ་དང་བྲལ་བ་བླ་མའི་ཐུགས་ཡིན། ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཡིན། ཡེ་ཤེས་མཁྱེན་པ་གཉིས་ལྡན་ཏེ། རྣམ་པར་མི་རྟོག་པ་ཇི་ལྟ་བ་མཁྱེན་པ། སྣ་ཚོགས་སུ་སྣང་ཞིང་གསལ་བ་མཁྱེན་པ་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་སོ།
།དབྱེར་མེད་ནི། དེ་ལྟར་ཅེས་པ། ཁྱད་པར་འཕགས་པའི་ལམ་ཁྱེར་གསུམ་པོ་དེ་བསྒོམས་པས། དུས་ཉིན་མཚན་དང་མཉམ་རྗེས་ཐམས་ཅད་དུ་ཅིར་སྣང་ཐམས་ཅད་བླ་མའི་སྐུ་གསུང་ཐུགས་སུ་ཤེས། བླ་མ་དེ་ཉིད་ཕྱི་རོལ་ན་མེད། རང་གི་སེམས་ཤར་བ་ཡིན། སེམས་སྤངས་པའི་ཕ་རོལ་ན་བླ་མ་མེད། བླ་མ་སྤངས་པའི་ཕ་རོལ་ན་སེམས་མེད་དོ། །སེམས་དང་བླ་མ་དབྱེར་མེད་པའི་གསལ་སྟོང་བདེ་ཆེན་རང་ཤར་དུ་འབྱུང་ཞིང་། གསལ་བ་སྤྲུལ་སྐུ། སྟོང་པ་ཆོས་སྐུ། བདེ་བ་ལོངས་སྐུའོ། །མདོར་ན་སྣང་བ་ལ་བརྟེན་ནས་བླ་མ་ལམ་ཁྱེར། བླ་མ་ལ་བརྟེན་ནས་མོས་གུས། མོས་གུས་ལ་བརྟེན་ནས་བཀའ་དྲིན། བཀའ་དྲིན་ལ་བརྟེན་པའི་ཚོགས་གསོག །ཚོགས་གསོག་ལ་བརྟེན་ནས་རང་ཤར་ལམ་དུ་ཁྱེར་རོ། ཡང་། སྣང་བ་ཐམས་ཅད་བླ་མར་ཤེས། བླ་མ་སེམས་སུ་ཤེས། སེམས་གསལ་སྟོང་བདེ་ཆེན་སྐུ་གསུམ་དུ་ཤེས་པའོ།
།གཉིས་པ་སྣང་བ་ལ་བརྟེན་ནས་ཡི་དམ་ལམ་དུ་ཁྱེར་བ་ལ་གསུམ། སྐུ་གསུང་ཐུགས་སོ།
།དང་པོ་ལ་བཞི་ལས། དང་པོ་རང་ལུས་ཡི་དམ་དུ་བསྒོམ་པ་ནི། ཐ་མལ། ཅེས་པ་ལུས་ཡི་དམ་དུ་བསྒོམས་པའི་སྤྱི་བོར་བླ་མ་བསྒོམ་ལ། བདག་འཛིན། དགོས་མེད། ཅིར་སྣང་ཡི་དམ་དུ་འཆར་བར་གསོལ་བ་གདབ་བོ། རང་ལུས་བདེ་མཆོག་ལྷ་སྐུ་སྣང་སྟོང་དབྱེར་མེད་པ། གསལ་ལ་རྟོག་པ་མེད་པ་ཅིག་ཏུ་ལམ་མེ་བསྒོམ་མོ།
།གཉིས་པ་རིམ་པ་བཞིན་བསླབ་པ་ནི། དེ་ནས། ཅེས་པ་ཆགས་པ་སྐྱེ་བའི་ཡུལ་ཡིད་དུ་འོང་བ། སྡང་པ་སྐྱེ་བའི་ཡུལ་ཡིད་དུ་མི་འོང་བ། རྨོང་པ་སྐྱེ་བའི་ཡུལ་ཤེས་བྱ་ཤེས་དཀའ་བའི་ཕྱི་རོལ་གྱི་ཡུལ་སྣང་སྣ་ཚོགས་སུ་སྣང་བ་ཀུན་རིམ་པ་བཞིན་དུ་ལྷ་སྐུར་ཤེས་པར་བྱ་སྟེ། དེའང་རང་གི་ཉེ་འཁོར་ཙམ་གྱི་སེམས་ཅན་དང་། འབྱུང་བཞི་ཕྲ་རགས་ཅི་སྣང་དང་། ཅི་ཤར་ཐམས་ཅད་ལྷ་སྐུར་ལམ་ལམ་བྱུང་པར་བསམ་མོ། དེ་བཞིན་དུ་གཙང་ཙམ་ནས། ནམ་མཁའ་ཁྱབ་ཚད་ཀྱི་བར་རིམ་པ་བཞིན་དུ་བསྒོམ་ཞིང་། དད་གུས་དང་ལྡན་པས་ཡན་ལག་བདུན་པ་དབུལ་ལོ།
།གསུམ་པ་སྐུ་གསུམ་ཚང་བ་ནི། ཅིར་སྣང་། ཅེས་པས་ཅིར་སྣང་ཐམས་ཅད་ལྷ་སྐུ་སྒྱུ་མ་ལྟ་བུར་ཤེས། སྒྱུ་མ་དེ་རང་གི་སེམས་སུ་ཤེས། སེམས་སྤངས་པའི་ཕ་རོལ་ན་ལྷ་སྐུ་མེད། ལྷ་སྐུ་སྤངས་པའི་ཕ་རོལ་ན་སེམས་མེད། སེམས་དང་ལྷ་སྐུ་དབྱེར་མེད་པའི་གསལ་སྟོང་བདེ་ཆེན་གྱི་ལྷ་སྐུ་དེ། སྔར་ལྟར་སྐུ་གསུམ་ལམ་ཁྱེར་རོ། །ཡང་། ལྷ་སྐུ་སྐྱེ་འགག་གནས་གསུམ་དང་བྲལ་བ་དེ་སྐུ་གསུམ་དུ་ལམ་མེ།
གཉིས་མེད་རྣམ་རྒྱལ་ལས། སྐྱེ་བ་མེད་པ་ཆོས་ཀྱི་སྐུ། །འགག་པ་མེད་པ་ལོངས་སྤྱོད་རྫོགས། །གནས་པ་མེད་པ་སྤྲུལ་པའི་སྐུ། །དབྱེར་མེད་ཚུལ་འདི་བསྟན་པའོ། །ཅེས་སོ།
།འབྲས་བུ་ནི། ཐ་མལ་གྱི་བསམ་པ་ཐམས་ཅད་སྤངས་ནས། འབྲལ་མེད་ལྷ་སྐུ་ཟླ་དྲུག་བསྒོམས་ན། སྐྱེ་བ་འདི་འམ་བར་དོ་ཚུན་ཆོད་ལ་རྒྱལ་བ་ལོངས་སྐུ་ཐོབ་བོ།
།བཞི་པ་བསྐྱེད་རྫོགས་གཉིས་ཚང་བ་ནི། སྣང་བའི། ཅེས་པ་སྐུ་མདོག་ཕྱག་མཚན་ལ་སོགས་པ་སྣང་བའམ། གསལ་བའི་ཆ་དེ་བསྐྱེད་རིམ་ཡིན། སྣང་ཡང་དོན་ལ་གྲུབ་པ་མེད་པའམ། འཛིན་མེད་ཀྱི་ཆ་དེ་རྫོགས་རིམ་ཨཡིན་ལ། སྣང་བ་ལས་སྟོང་པ་ལོགས་ན་མེད། སྟོང་པ་ལས་སྣང་བ་ལོག་ན་མེད་པས་ཟུང་འཇུག །ཟུང་དུ་འཇུག་པ་ལས་མཐའ་དང་བྲལ་ལོ། ལྷ་སྐུ་ལ་མཚོན་པ་དེ་བཞིན་དུ། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཀྱང་། སྣང་སྟོང་ཟུང་འཇུག་མཐའ་བྲལ་དུ་ཤེས་པར་བྱའོ།
ཡེ་ཤེས་མངོན་འབྱུང་ལས། ཐ་མལ་དག་བྱེད་ལྷའི་སྐུ། །སྣང་བའི་ཆ་ལ་བསྐྱེད་པ་དང་། །སྟོང་པའི་ཆ་ལ་རྫོགས་རིམ་སྟེ། །དབྱེར་མེད་ཚུལ་འདི་བསྟན་པའོ། །ཅེས་སོ།
གསུང་ནི་རང་དང་། ཅེས་པས་རང་དང་སྣང་བ་ཐམས་ཅད་ལྷར་བལྟས་ནས། སེམས་ཅན་དང་འབྱུང་བའི་སྒྲ་གྲགས་ཚད་ཡི་གེ་བདུན་པ་ལྟ་བུའི་སྔགས་སུ་བལྟ། སྔགས་རྣམས་གྲགས་སྟོང་ཡིན་པས། བདེན་པའི་རང་བཞིན་དུ་གྲུབ་པ་མེད་དེ། བྲག་ཆ་ལྟ་བུ། སྒྲ་གྲག་པ་གསལ་བ་དེ་ཡེ་ཤེས། སྟོང་པ་དེ་དབྱིངས། དེ་གཉིས་དབྱེར་མེད་ཟུང་འཇུག་གོ
།སྔགས་ཡང་དག་པའི་རྒྱུད་ལས། གྲགས་ཚད་སྔགས་སུ་མ་ཤེས་ན། །བསྐལ་པར་བསྒོམས་ཀྱང་དོན་མེད་འགྱུར། །དབྱིངས་དང་ཡེ་ཤེས་དབྱེར་མེད་ཀྱི། །བཟླས་པས་ཚེ་འདིར་སངས་རྒྱས་འགྱུར། །ཅེས་པའོ།
གྲགས་སྟོང་དུ་ཤེས་པས། སྒྲ་སྙན་པ་ལ་ཆགས། མི་སྙན་པ་ལ་སྡང་། དེ་གཉིས་གནས་ལུགས་ཀྱི་དོན་མ་ཡིན་པས། གཏི་མུག་སྟེ། ཆགས་སྡང་རྨོངས་གསུམ་ལས་གྲོལ་བར་འགྱུར་རོ།
།འབྲས་བུ་ནི། གང་ལ་གང་གིས་འདུལ་བ་དེ་ལ། དེའི་རྣམ་པར་སྟོན་པའི་སྤྲུལ་སྐུ་ཐོབ་པར་འགྱུར་རོ།
།ཐུགས་ནི། དྲན་རྟོག །ཅེས་པ། སེམས་ཅན་དང་། རྫས་ལ་འདོད་ཅིང་ཞེན་པའི་འདོད་ཆགས། ཀུན་ལ་མནར་སེམས་ཀྱིས་བསྡུས་པའི་ཞེ་སྡང་། ཤེས་བྱའི་གནས་ལ་བླང་དོར་གྱི་ཆ་མི་ཕེད་པའི་གཏི་མུག་སྟེ། དུག་གསུམ་མ་འགག་རང་ཤར་དུ་ཡོད་པ་ལ། དེ་གཉེན་པོས་སྤངས་པ་ཡང་མེད། རང་རྒྱུད་པའི་འཛིན་པས་ཀྱང་མ་གོས་པ་དེ་ལ། བཟོ་མི་བྱེད། རྗེས་སུ་མི་འབྲེང་བར། རང་ལུགས་སུ་གློད་ནས་འཛིན་མེད་དུ་བཞག་ནས་ཉམས་སུ་བླངས་པས། དུག་གསུམ་མ་སྤངས་གནས་སུ་དག་ནས། འདོད་ཆགས་བདེ་བ་ཡིན། བདེ་བ་ལོངས་སྤྱོད་རྫོགས་པའི་སྐུ། ཞེ་སྡང་གསལ་བ་ཡིན། གསལ་བ་སྤྲུལ་པའི་སྐུ། གཏི་མུག་མི་རྟོག་པ་ཡིན། མི་རྟོག་པ་ཆོས་ཀྱི་སྐུར་ཤེས་པས་དུག་གསུམ་ལས་གྲོལ་བར་ཐེ་ཚོམ་མེད་དོ།
།དགོངས་པ་དམ་པའི་རྒྱུད་ལས། དུག་གསུམ་མ་འགགས་རང་ཤར་ལས། །མ་སྤངས་སྐུ་གསུམ་ཤེས་པས་གྲོལ། །རང་ཤར་རང་གྲོལ་ཤེས་གྱུར་ན། །ལོ་ཟླས་གྲོལ་བར་ཐེ་ཚོམ་མེད། །ཞེས་གསུངས་སོ།
།ཡང་དུག་གསུམ་སྐྱེས་པའི་དུས་སུ། གླང་པོ་ཆེའི་ལྟ་སྟངས་བྱས་ནས། དེའི་ངོལ་ཆེར་བལྟས་པས། དེས་ཟུངས་མ་ཐུབ་པར་རང་སྟོང་ངམ། རང་བཞིན་མེད་པར་འགྱུར་རོ། །མདོར་ན་དུག་གསུམ་ལ་སོགས་པ། དྲན་སྣང་རྟོག་པའི་རི་མོ་ཅི་བྱུང་ཡང་། སྐྱེ་འགག་གནས་གསུམ་གྱིས་སྟོང་པ། ཡི་དམ་གྱི་ཐུགས་ཡིན་ནོ། །ཐུགས་གཉིས་སུ་མེད་པའི་ཡེ་ཤེས་མཁྱེན་པ་གཉིས་ལྡན་ནོ། །འབྲས་བུ་དག་པ་གཉིས་ལྡན་ཆོས་སྐུ་ཐོབ་བོ། །མདོར་ན་སྣང་བ་ལ་བརྟེན་ནས་ཡི་དམ་ལམ་ཁྱེར། ཡི་དམ་ལ་བརྟེན་ནས་དག་སྣང་། དག་སྣང་ལ་བརྟེན་ནས་ཚོགས་གསོག །ཚོགས་གསོག་ལ་བརྟེན་ནས་རང་ཤར། རང་ཤར་ལ་བརྟེན་ནས་ལྷ་སྐུ་ཕྱག་རྒྱ་ཆེན་པོ་ལམ་ཁྱེར་རོ། །ཡང་། སྣང་བ་ཐམས་ཅད་ལྷར་ཤེས། ལྷ་སེམས་སུ་ཤེས། སེམས་གསལ་སྟོང་བདེ་ཆེན་སྐུ་གསུམ་དུ་ཤེས་པའོ།
།གསུམ་པ་སྣང་བ་ལ་བརྟེན་ནས་སྒྱུ་མ་ལམ་དུ་ཁྱེར་བ་ལ་གསུམ་ལས།
དང་པོ་སྣང་བ་སེམས་སུ་སྒྲུབ་པ་ནི། དེ་ནས། ཅེས་པ་རང་ལུས་ཡི་དམ་དུ་བསྒོམས་པའི་སྤྱི་བོར་བླ་མ་བསྒོམས་ལ། བདག་འཛིན། དགོས་མེད། སྣང་བ་རང་སེམས་དང་། འོག་མ་ལ་ཅིར་སྣང་སྒྱུ་མ་རྨི་ལམ་དུ་འཆར་བར་གསོལ་བ་གདབ་བོ། །དཔེར་ན་རྨི་ལམ་དུ་སྐྱེས་པ་དང་བུད་མེད། དགྲ་གཉེན་ལ་སོགས་པ་སྣ་ཚོགས་དང་ཕྲད་ཅིང་བདེ་སྡུག་སྣ་ཚོགས་ཉམས་སུ་མྱོང་ཡང་། རང་གིས་ཕར་ཕྱིན་པ་མེད། དེ་རྣམས་ཀྱིས་ཚུར་འོངས་པ་མེད། རང་གི་སེམས་སྣ་ཚོགས་སུ་ཤར་བ་མ་གཏོགས་པ་ཕྱི་རོལ་ན་དོན་ལོགས་སུ་གྲུབ་པ་མེད་པ་ལྟར། སྣོད་བཅུད་ལ་སོགས་པ་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་གི་བློས་བཀོད། བློ་ལ་ཤར་བ་མ་གཏོགས་པ་ཕྱི་རོལ་ན་དོན་ལོགས་སུ་གྲུབ་པ་མེད་ཅིང་། སྣང་བ་ཐམས་ཅད་རང་གི་སེམས་ལས་ཤར་བར་ཐག་བཅད་ཅིང་བསྒོམ་མོ།
རྡོ་རྗེ་མགུར་ལས། རིན་ཆེན་སེམས་ལས་ཕྱིར་གྱུར་པའི། །སངས་རྒྱས་མེད་ཅིང་གང་ཟག་མེད། །རྣམ་པར་ཤེས་པའི་གནས་དོན་རྣམས། །ཕྱི་རོལ་གྱུར་པ་ཅུང་ཟད་མེད། །ཅེས་པ་དང་།
ལང་ཀར་གཤེགས་པ་ལས། །བག་ཆགས་ཀྱིས་ནི་དཀྲུགས་པའི་སེམས། །དོན་དུ་སྣང་བ་རབ་ཏུ་འབྱུང་། །དོན་ཡོད་མ་ཡིན་ཀུན་རྟོག་ཉིད། །ཕྱི་རོལ་དོན་མཐོང་ལོག་པ་ཡིན། །ཅེས་སོ།
།གཉིས་པ་སེམས་སྒྱུ་མ་རྨི་ལམ་དུ་བསྒོམ་པ་ནི། སེམས་ནི། ཅེས་པ་སྒྱུ་མ་རྨི་ལམ་ལྟ་བུའོ།
།བཟུང་། ཅེས་པ་སྒྱུ་ལུས་དབང་པོ་ཐ་མལ། རྨི་ལམ་རང་ཟིན། འཆུག་མེད་གསུམ་མོ།
།སྦྱང་། ཅེས་པ་སེམས་ཀྱི་ལུས། ལུས་ཀྱི་སེམས། བདག་མེད་མས་འདུན་པས་སྦྱང་པའོ།
།སྤེལ། ཅེས་པ་ཐུག་ཕྲད་དང་། གང་འདུལ་ལོ། དང་པོ་ལ་བཞི། འབྱུང་བཞི་ཕྲ་བ། རགས་པ། སེམས་ཅན་ཕྲ་བ། རགས་པའོ། །གང་འདུལ་ལ་གཉིས། འཇིག་རྟེན་པའི་དང་། འདས་པའི་གང་འདུལ་ལོ།
།སྤྲུལ། ཅེས་པ་ཐུག་ཕྲད་ལ་སོགས་པ་བཞིན་ནོ།
།སྒྱུར་བ་རྣམས། ཅེས་པ། འབྱུང་པ་ཕྲ་རགས། སེམས་ཅན་ཕྲ་རགས། ལྷ་སྐུ་སྣ་ཚོགས། སྣང་སྟོང་ཞེན་བྲལ་དུ་བསྒྱུར་བའོ།
།ཉིན་པར་ཅེས་པ། ཉིན་པར་སྤྱོད་ལམ་ཐམས་ཅད་དུ་ཐ་མལ་གྱི་བསམ་པ་ཐམས་ཅད་སྤངས་ནས། ང་གཉིད་དུ་སོང་འདུག །ཅིར་སྣང་ཐམས་ཅད་རྨི་ལམ། སྒྱུ་མ་ལྟ་བུ་ཡིན་སྙམ་པའི་འདུན་པས། སྐད་ཅིག་ཀྱང་མ་ཡེངས་པར་ཉམས་སུ་བླངས་པས། རྨི་ལམ་ཟིན་པའི་དུས་སུ་སྒྱུ་མ་རང་ཤར་དུ་འབྱུང་ཞིང་། དེས་ཉིན་པར་ཡང་ཐག་བཅད་དོ། །དེ་རྣམས་སྔར་ཆོས་དྲུག་ཐོབ་ན་ས་བཅད་ཙམ་བསྟན། མ་ཐོབ་ན་སྒྱུ་ལུས་སྤྱིའི་དབང་བསྐུར་ནས། ཆོས་དྲུག་བཞིན་དུ་རྒྱས་པར་བསྒོམ་མོ།
།གསུམ་པ་སྒྱུ་མ་རང་ཤར་དུ་འབྱུང་བ་ནི། སྒྱུ་འཛིན། ཅེས་པ་སྒྱུ་འཛིན་དང་བྲལ་བའི་འོད་གསལ་ནི། མོས་གུས་དང་ལྟ་སྟངས་གཉིས་ལས་འཆར་ཏེ། གསོལ་བ་དྲག་པོ་བཏབ་ཅིང་། མིག་གླང་པོ་ཆེའི་ལྟ་སྟངས་དང་མ་བྲལ་བས། སེམས་གསལ་སྟོང་འཛིན་མེད་ཀྱི་རྩིས་མ་ཤོར་བར་བྱས་པས། སྣང་བ་མ་འགགས་ལ་འཛིན་པ་མ་ཞུགས་པའི་བདེ་བ། གསལ་བ། མི་རྟོག་པ་དང་། བརྗོད་བྲལ་ནི། དེ་གསུམ་དབྱེར་མེད་དུ་འཆར་རོ། །དེ་རིམ་པ་བཞིན། ལོངས་སྐུ། སྤྲུལ་སྐུ། ཆོས་སྐུ། དབྱེར་མེད་བདེ་ཆེན་ནམ་ངོ་བོ་ཉིད་ཀྱི་སྐུ་སྟེ། ཉིན་ཚན་ཀུན་ཏུ་སྐུ་བཞི་རང་ཤར་དུ་འབྱུང་བ་ནི། འོད་གསལ་ཕྱག་རྒྱ་ཆེན་པོ་ཡིན་ནོ། མདོར་ན་སྣང་བ་ལ་བརྟེན་ནས་རང་སེམས་ལམ་དུ་འཁྱེར། རང་སེམས་ལ་བརྟེན་ནས་སྒྱུ་མ། སྒྱུ་མ་ལ་བརྟེན་ནས་རྨི་ལམ། རྨི་ལམ་ལ་བརྟེན་ནས་འོད་གསལ་རང་ཤར་ལམ་ཁྱེར་རོ། ཡང་སྣང་བ་ཐམས་ཅད་སྒྱུ་མར་ཤེས། སྒྱུ་མ་སེམས་སུ་ཤེས། སེམས་གསལ་སྟོང་བདེ་ཆེན་སྐུ་གསུམ་དུ་ཤེས་པའོ། །ལམ་ཁྱེར་གསུམ་གྱི་འཇུག་སྡུད་ནི། ཇི་ལྟར་འདུག་ཀྱང་བླ་མའི་སྣང་བ་དང་མི་འབྲལ་བ་དང་། མོས་གུས་རྒྱུན་ཆད་མེད་པར་གསོལ་བ་གདབ་ཅིང་། རང་ལུས་དང་སྣང་བ་ཐམས་ཅད་སྣང་སྟོང་ལྷ་སྐུ། ངག་གི་བཟླས་པ་དང་སྒྲ་གྲགས་ཚད་ཐམས་ཅད་གྲགས་སྟོང་། སེམས་ཀྱི་དྲན་རྟོག་ཐམས་ཅད་རང་ཤར་རང་གྲོལ་དེར་འཛིན་དང་བྲལ་བར་རྩེ་གཅིག་ཏུ་ཉམས་སུ་བླངས་པས། ཟླ་བའམ་ལོ་ཙམ་གྱི་སྣང་བ་ཐམས་ཅད་བླ་མ་ཡི་དམ་སྒྱུ་མར་འཆར་ཞིང་། ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་པའི་འབྲས་བུ་མངོན་དུ་འགྱུར་རོ། །དེས་ན་གསང་སྔགས་རྡོ་རྗེ་ཐེག་པ་འདི། ད་ལྟ་འཕྲལ་རང་ལ་ཡོན་ཏན་ཐམས་ཅད་མངོན་སུམ་དུ་འཆར་ཞིང་ལམ་མྱུར་བས། མངོན་སུམ་ལམ་པ་ཞེས་བྱ་སྟེ། གདམས་པ་གཞན་ཀུན་ལས་མཆོག་ཏུ་གྱུར་པའོ།
།བདེ་བ་མྱུ་གུའི་རྒྱུད་ལས། ཉིན་པར་སྐུ་གསུམ་རང་ཤར་འབྱུང་། །མཚན་མོ་སྐུ་གསུམ་རང་ཤར་འབྱུང་། །གསང་སྔགས་མངོན་སུམ་ལམ་པ་སྟེ། །ཕར་ཕྱིན་བྱ་སྤྱོད་ཀུན་ལས་འཕགས། །ཞེས་གསུངས་སོ།
།སྣང་བ་ཐམས་ཅད་བླ་མ། ཡི་དམ་སྒྱུ་མར་ཤེས། དེ་གསུམ་སེམས་སུ་ཤེས། སེམས་གསལ་སྟོང་བདེ་ཆེན་སྐུ་གསུམ་དུ་ཤེས་པར་འགྱུར་རོ།
།རྒྱལ་བའི་ཐུགས་བཅུད་མན་ངག་གིས། །ཡང་སྙིང་ལམ་ཁྱེར་རྣམ་གསུམ་གྱི། །འགྲེལ་པ་ཚིག་དོན་གསལ་བ་འདི། །སྔགས་འཆང་དྷྭ་ཛ་ལཀྵ་ཡིས། །གཞན་ཕན་བློས་བཀོད་ནོངས་མཆིས་ན། །བླ་མ་ཆོས་བདག་མཁའ་འགྲོ་ལ། །བཟོད་གསོལ་ལྷག་བསམ་དགེ་བ་དེས། །ལུས་ཅན་ཀུན་མཁྱེན་མྱུར་ཐོབ་ཤོག །འགྲོ་བ་སེམས་ཅན་ལ་ཕན་ཐོག་པར་གྱུར་ཅིག །དགེའོ།། །།