Bde mchog lha lnga'i byin brlabs dbang bzhi lus bsgrigs

From Shangpa Resource Center
Revision as of 12:58, 23 May 2019 by Sengue (talk | contribs)








Resource ID SCv9p507
Title bde mchog lha lnga'i byin brlabs dbang bzhi lus bsgrigs go bde bklags chog tu bkod pa
Topics Initiation
Sub-Topics Chakrasamvara
Author Ngawang Chödrak
Associated Person Gyeltsen Bum
Link BDRC W23922
BDRC W1KG4284
BDRC W1KG1286

༄༅། །བདེ་མཆོག་ལྷ་ལྔའི་བྱིན་བརླབས་དབང་བཞི་ལུས་བསྒྲིགས་གོ་བདེ་བཀླགས་ཆོག་ཏུ་བཀོད་པ་བཞུགས་སོ།།

མཁས་དབང་ལུང་རྟོགས་ཡོན་ཏན་ཀུན་གྱིས་ཕྱུག །མཁྱེན་དང་བརྩེ་བའི་འོད་བརྒྱ་རབ་ཏུ་འབར། རྡོ་རྗེའི་སྐུ་མཆོག་རི་དབང་ལྟ་བུར་བརྟན། ཁྱབ་བདག་འཁོར་ལོའི་མགོན་པོ་རྒྱལ་གྱུར་ཅིག
།འདིར་བྱིན་རླབས་ཀྱི་ཁོག་ཕུབས་ཀྱི་བཀའ་གཉིས་ཀྱི་ནང་ཚན་བདེ་མཆོག་ལྷ་ལྔའི་བྱིན་རླབས་བྱ་ཚུལ་ནི། མཎྜལ་པདྨ་འདབ་བཞི་ཕྱོགས་བཞི་ལྟེ་བ་དང་ལྔ་ལ། རྡུལ་ཚོན་ནམ་མེ་ཏོག་གི་ཚོམ་བུ་རེ་དགོད། དེ་ཡང་དབུས་ཀྱི་སྔོན་པོ། ཤར་གྱི་དེ་ནག་པོ། བྱང་གི་དེ་ལྗང་གུ། ནུབ་དང་ལྷོ་རུ་རིམ་བཞིན་དམར་པོ་དང་གསེར་པོ་དགོད། མཐར་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་ལྔ་དང་། ནང་མཆོད་གཏོར་མ་བཤམས་ལོགས་ཤིག་ཏུ་བགེགས་གཏོར་ཀྱང་བཤམ་མོ། དེ་ནས་སློབ་དཔོན་རང་ཉིད་སྐྱབས་སེམས་དང་ཚད་མེད་བཞི་སྔོན་དུ་བཏང་ནས།
སྭཱ་བྷཱ་ཝས་སྟོང་པར་སྦྱངས།
སྟོང་པའི་ངང་ལས་པད་ཉིའི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ། དེའི་ལྟེ་བའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་རྡོ་རྗེའི་ས་གཞི་རྭ་གུར་མེ་རི་དང་བཅས་པ་སྒོམ། དེའི་ནང་དུ་པདྨ་འདབ་མ་བཞི་པའི་ལྟེ་བར་ཟླ་ཉི་དང་འཇིགས་བྱེད་དུས་མཚན་མནན་པའི་སྟེང་དུ་རང་ཉིད་སྐད་ཅིག་གིས་བདེ་མཆོག་ལྷན་སྐྱེས་སྔོན་པོ་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པ་ཡུམ་དང་བཅས་པ། ཕྱོགས་བཞིར་རོ་གདན་གྱི་སྟེང་དུ་ཤར་དུ་མཁའ་འགྲོ་མ་ལ་སོགས་པའི་རྣལ་འབྱོར་མ་བཞི། དེ་དག་གི་གནས་གསུམ་བྱིན་རླབས། ཡེ་ཤེས་པ་སྤྱན་དྲངས་ནས་བསྟིམ། གཙོ་བོ་ལ་དམིགས་ནས་ཡི་གེ་བདུན་པ། ཨོཾ་ཧྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ། ཚར་ཅི་མང་དང་། འཁོར་བཞི་ལ་དམིགས་ནས། ཨོཾ་ཌཱ་ཀི་ནི་ཡེ་ཧཱུྃ་ཕཊ། ཨོཾ་ལཱ་མ་ཡེ་ཧཱུྃ་ཕཊ། ཨོཾ་ཁ་ཎྜ་རོ་ཧི་ཧཱུྃ་ཕཊ། ཨོཾ་རུ་པི་ནི་ཡེ་ཧཱུྃ་ཕཊ། ཚར་བདུན་ལ་སོགས་པ་བཟླ་མཐར་འཁོར་བཞི་རང་ལ་བསྟིམ། བསྲུང་འཁོར་མི་བསྡུ་བར་བཞག་ལ། དགེ་བ་འདི་ཡི་མྱུར་དུ་བདག །ཧེ་རུ་ཀ་དཔལ་འགྲུབ་གྱུར་ཅིང་། སོགས་ཀྱིས་བསྔོ་བ་སྨོན་ལམ་བྱ། དེ་ནས་མདུན་གྱི་མཎྜལ་བསང་སྦྱངས། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ་རྒྱན་ཐམས་ཅད་ཀྱི་བརྒྱན་པའི་དབུས་སུ་པདྨ་འདབ་མ་བཞི་པའི་ལྟེ་བ་ལ་ཧཱུྃ། འདབ་མ་ལ་ལྃ་མྃ་པྃ་ཏྃ། དེ་རྣམས་ལས་འོད་ཟེར་སྔོན་པོ་འཕྲོས། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས་ནས་འོད་ཟེར་ཚུར་འདུས་ས་བོན་ལ་ཐིམ་པ་ལས་དབུས་སུ་བདེ་མཆོག་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པ། ཞབས་གཡས་བརྐྱངས་བ། ཡུམ་རྡོ་རྗེ་ཕག་མོ་དམར་མོ་ལ་འཁྱུད་པ། ཤར་དུ་མཁའ་འགྲོ་མ་མཐིང་ག །བྱང་དུ་ལཱ་མ་ལྗང་གུ། ནུབ་ཏུ་ཁཎྜ་རོ་ཧི་དམར་མོ། ལྷོར་གཟུགས་ཅན་མ་སེར་མོ་རྣམས་ཞལ་གཅིག་ཕྱག་གཉིས་མ། གྲི་གུག་དང་ཐོད་པ་འཛིན་པ། གྲུ་མོ་ན་ཁ་ཊྭཱྃ་ག་བསྣམས་པ། ཞབས་གཡས་བསྐུམ་གཡོན་བརྐྱང་རོའི་གདན་ལ། བཞུགས་པ། དེ་རྣམས་ཀྱི་གནས་གསུམ་བྱིན་གྱིས་བརླབས། ཐུགས་ཀ་ནས་འོད་ཟེར་འཕྲོས་པས་འོག་མིན་ནས་བདེ་མཆོག་ལྷ་ལྔ་སྤྱན་དྲངས་པར་བསམ་ལ། མ་ལུས་སེམས་ཅན་ཀུན་གྱི་ཞེས་སོགས་ཚིག་བཅད་གཅིག་གི་མཐར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏིཙྪ་ཡེ་སྭཱ་ཧཱ། ཞེས་པས་མཆོད་ཡོན་ཕུལ། ཛཿཧཱུྃ་བྃ་ཧོཿ མདུན་བསྐྱེད་ལ་བསྟིམ། མཆོད་པ་བྱིན་བརླབས། ཨོཾ་ཙཀྲ་སཾ་བྷ་ར་སོགས་མཚན་སྔགས་ཀྱི་མཐར་ཨརྒྷཾ་ནས་ཤཔྡའི་བར་གྱིས་ཕྱི་མཆོད། མཚན་སྔགས་ཀྱི་མཐར་ཨོཾ་ཨཱཿཧཱུྃ་གིས་ནང་མཆོད། སྤྲོ་ན་རྒྱལ་སྲིད་སྣ་བདུན་དང་འདོད་ཡོན་ལྔའི་མཆོད་པ་ཡང་བྱ། ཆོས་དབྱིངས་རྣམ་དག་དབྱིངས་ལས་ཞེས་སོགས་ཤྭ་ལོ་ཀ་གཅིག་གིས་གཙོ་བོ་ལ་བསྟོད། ཉོན་མོངས་རྣམ་དག་ཡེ་ཤེས་སྐུ་བརྙེས་ཏེ། །སྲིད་པའི་འཁོར་ལོ་མ་ལུས་བཅད་པའི་ཕྱིར། ཐབས་མཁས་ཐུགས་རྗེས་འགྲོ་བ་འདྲེན་མཛད་པ། ཁྲྭ་གདོང་ལ་སོགས་མཁའ་འགྲོ་བཞི་ལ་བསྟོད། ཅེས་པས་འཁོར་ལ་བསྟོད། ཡང་ན་གོང་གི་ཚིག་རྐང་བཞི་པ་དེར། ཀུན་བཟང་ཧེ་རུ་ཀའི་ཚོགས་དེར་ཕྱག་འཚལ་ལོ། ཞེས་སྦྱར་ལ་གཙོ་འཁོར་ཐམས་ཅད་ལ་བསྟོད་པ་ཚང་བ་ཡིན། དེ་ནས་གཏོར་མ་བྱིན་རླབས་ལ། མཚན་སྔགས་སྔོན་འགྲོའི་མཐར་ཨི་དམ་སོགས་ཀྱི་བཏང་བ་ལན་གསུམ་གྱིས་ཕུལ། ཕྱི་མཆོད་ནང་མཆོད་བསྟོད་པ་སོགས་བྱ། དེ་ནས་རང་ཉིད་ཀྱིས་མདུན་བསྐྱེད་ལ་དམིགས་ནས་འཇུག་པའི་གཡོན་དུ། མཎྜལ། དགའ་ཆེན་སོགས་ཀྱིས་གསོལ་བཏབ། རྒྱུན་བཤགས། འདིར་ལྷག་སོར་རིགས་ལྔའི་སྡོམ་བཟུང་བྱ་དགོས་རང་ཉིད་བདེ་མཆོག་ལྷན་སྐྱེས་སུ་བསྐྱེད་ལ་ཡེ་ཤེས་པ་དབབ། དངོས་གཞི་རང་གི་སྤྱི་བོར་པྃ་ལས་པདྨ་ཞེས་པ་ནས། དབང་བཞི་པ་ཐོབ་པར་བསམ་པའི་བར་དཀྱུས་བཞིན་དུ་བདག་འཇུག་བླང་། དེ་ནས་སློབ་མ་མཚན་ཉིད་དང་ལྡན་པ་གྲལ་ལ་འཁོད་པ་ལ་བགེགས་གཏོར་བཏང་། བགེགས་བསྐྲད། སེམས་ཅན་ཐམས་ཅད་ཞེས་སོགས་སེམས་བསྐྱེད་གསལ་བཏབ་ལ། གང་གསན་པར་བྱ་བའི་ཆོས་ནི་བདེ་མཆོག་ལྷ་ལྔའི་དབང་བཞི་ལུས་སྒྲིགས་ཡིན། དེ་ལ་སློབ་དཔོན་གྱི་བྱ་བ་རྣམས་བསྒྲུབ་ཟིན། སློབ་མ་བྱ་བའི་ངོ་སྐལ་དུ་གྱུར་པ་ལ། ཐོག་མར་འཇུག་པའི་ཆོས་ཞུ་བའི་ཡོན་དུ་མཎྜལ། གསོལ་བཏབ། རྒྱུན་བཤགས། རིགས་ལྔའི་སྡོམ་བཟུང་། ཡེ་ཤེས་དབབ་པ་རྣམས་དཀྱུས་བཞིན་བྱ། དེ་ནས་དངོས་གཞིའི་སླད་དུ་ཐུགས་འདུན་འདི་བཞིན་གནང་བ་ཞུ། ཁྱེད་རང་རྣམས་ཀྱི་སྤྱི་བོར་པྃ་ལས་པདྨ་རྃ་ལས་ཉི་མའི་དཀྱིལ་འཁོར་དང་འཇིགས་བྱེད་དུས་མཚན་གྱི་སྟེང་དུ་ཧཱུྃ་མཐིང་ཁ། མགྲིན་པར་པཾ་ལས་པདྨ་འདབ་བཞིའི་དཀྱིལ་འཁོར་དུ་ཨ་དམར་འབུར་སྐྱེས་ཅིག་བསམ། སྙིང་གར་ཡང་པད་ཉིད་དང་དུས་མཚན་གྱི་སྟེང་དུ་ཧཱུྃ་མཐིང་ཁ། ལྟེ་བར་ཆོས་འབྱུང་གྲུ་གསུམ་དམར་པོའི་ནང་དུ་བཾ་དམར་པོ་ཅིག་བསམ། དེ་ནས་སྤྱི་བོའི་ཧཱུྃ་ལས་འོད་ཟེར་ཕར་འཕྲོས་པས་ཁམས་གསུམ་གྱི་སེམས་ཅན་རྣམས་ཀྱི་སྡིག་སྒྲིབ་སྦྱངས་ནས། བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་གི་གོ་འཕང་ལ་བཀོད། འོད་ཟེར་ཚུར་འདུས་ནས་ཧཱུྃ་ལ་ཐིམ། ཧཱུྃ་དེ་ཡོངས་སུ་གྱུར་པ་ལས་ཁྱེད་རང་གི་སྤྱི་བོར་བླ་མ་དང་གཉིས་སུ་མེད་པའི་ཧེ་རུ་ཀ་ཡབ་ཡུམ་རྒྱན་ཆ་ལུགས་དང་ལྡན་པ་ལ་ཌཱ་ཀི་བཞིས་གཡོན་བསྐོར་དུ་ཁོ་རོ་རོ་བྱེད་པ་ལ་དམིགས་པ་གཏོད་མཛོད། དེ་ལྟར་བསྒོམས་པས་དྲོད་སྐྱེད། དགའ་བ་ཉམས་སུ་མྱོང་། དེ་བུམ་པའི་དབང་གི་ངོ་སྤྲོད་ཡིན། དེ་ནས་ངོ་བོ་བླ་མ་ལ་རྣམ་པ་ཡི་དམ་གྱི་སྐུའི་ངོ་བོ་ལྷ་ལྔ་ལ་རང་གི་ལུས་ལོངས་སྤྱོད་དང་། དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་ཐམས་ཅད་ཕྱི་ནང་གསང་གསུམ་གྱི་མཆོད་པའི་རྣམ་པར་བསྒྱུར་ནས་ཕུལ་བས་ཐུགས་མཉེས་པར་བསམ་ལ་གསོལ་བ་གདབ་པ་འདི་གསུང་བར་ཞུ། བླ་མ་རིན་པོ་ཆེ་བདག་ལ་དབང་བཞི་རྫོགས་སུ་བསྐུར་དུ་གསོལ། ཞེས་བརྗོད་དུ་གཞུག །དེ་ནས་བླ་མ་དང་ཐ་མི་དད་པའི་ཐུགས་ཀའི་ས་བོན་ཡི་གེ་ཧཱུྃ་ལས་བདུད་རྩིའི་རྒྱུན་བབས། འོད་དཀར་པོ་བྱུང་བ་རང་གི་སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་འོད་ཀྱིས་ཁྱབ། ལུས་ཀྱི་སྡིག་སྒྲིབ་དག །བུམ་པའི་དབང་ཐོབ། དེ་ནས་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་འོད་ཀྱིས་ཁྱབ། ངག་གི་སྡིག་སྒྲིབ་དག །གསང་བའི་དབང་ཐོབ། དེ་ནས་སྙིང་ཁ་ཆོས་ཀྱི་འཁོར་ལོ་འོད་ཀྱིས་ཁྱབ། ཡིད་ཀྱི་སྡིག་སྒྲིབ་དག །ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། དེ་ནས་ལྟེ་བ་སྤྲུལ་པའི་འཁོར་ལོ་འོད་ཀྱིས་ཁྱབ་པས་ལུས་ངག་ཡིད་གསུམ་ཀའི་སྡིག་སྒྲིབ་དག །དབང་བཞི་པ་ཐོབ་པའི་མོས་པ་གནང་བ་ཞུ། ཡི་གེ་བདུན་པ་དང་ཌཱ་དྲིལ་བྱ། དེ་བུམ་དབང་གི་དབང་བཞི་ཡིན། ཁྱེད་རང་གི་སྤྱི་བོའི་ལྷ་མོ་བཞི་ཡུམ་ལ་ཐིམ། ཡུམ་ཡབ་ལ་ཐིབ། ཡབ་འོད་དུ་ཞུ་ནས་སྤྱི་གཙུག་གི་ཚངས་པའི་བུ་ག་ནས་མར་ཞུགས་ནས། མགྲིན་པའི་ཨ་ལ་ཐིམ་པར་བསམ་མཛོད། ཡང་ཐུགས་འདུན་འདི་བཞིན་དུ་གནང་བ་ཞུ། ཁྱེད་རང་གི་མགྲིན་པ་ལོངས་སྤྱོད་འཁོར་ལོའི་དབུས་སུ་བླ་མ་ཡི་དམ་གྱི་གསུང་གི་ངོ་བོ་ཨཱཿདམར་པོ་དེ་ལ་དར་ཅིག་སེམས་གཏོད་མཛོད། དེ་ལྟར་གཏད་པས་སེམས་ལ་བདེ་བ་སྐྱེས། མཆོག་དགའ་ཉམས་སུ་མྱོང་བར་བསམ། དེ་གསང་དབང་གི་ངོ་སྤྲོད་ཡིན་གསུང་། དེ་ནས་གསུང་གི་ངོ་བོ་ཨཱཿ དེ་ལ་སྔར་ལྟར་ལུས་གསུམ་གྱི་དགེ་རྩ་རྣམས་མཆོད་པ་ཕུལ་ནས། བདག་ལ་གསང་བའི་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས་ཨཱཿལས་འོད་ཟེར་དཀར་ལ་དམར་བའི་མདངས་ཆགས་པ། བདེ་ཁྲི་ལི་ལི་བྱུང་ནས་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་འོད་ཀྱིས་ཁྱབ་པས་ངག་གི་སྡིག་སྒྲིབ་དག །གསང་བའི་དབང་ཐོབ་པའི་མོས་པ་གནང་བ་ཞུ། སྔགས་དང་ཌཱ་དྲིལ་བྱ། མགྲིན་པའི་པད་འདབ་འོད་དུ་ཞུ་ཨཱཿལ་ཐིམ། ཨཱཿའོད་དུ་ཞུ་སྙིང་གའི་ཧཱུྃ་ལ་ཐིམ། ཧཱུྃ་ཡོངས་སུ་གྱུར་པ་ལས། བདེ་མཆོག་ལྷ་ལྔའི་དཀྱིལ་འཁོར་དུ་གྱུར། དེ་ཡང་རྩ་བའི་མཁའ་འགྲོ་མ་བཞིས་གཙོ་བོ་ལ་བསྐོར་བ་བྱེད་པ་ལ་དར་ཅིག་སེམས་གཏད་མཛོད། དེ་ལྟར་བསྒོམས་པས་ལུས་སེམས་ལ་མི་རྟོག་པ་སྐྱེ། དགའ་བྲལ་གྱི་དགའ་བ་ཉམས་སུ་མྱོང་། དེ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་ངོ་སྤྲོད་ཡིན་གསུངས། དེ་ནས་བླ་མ་ཡི་དམ་གྱི་ཐུགས་ཀྱི་ངོ་བོ་ལྷ་ལྔ་ལ་སྔར་ལྟར་མཆོད་པ་ཕུལ་ནས། བདག་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས་གཙོ་བོའི་ཐུགས་ཀ་ནས་འོད་སྔོན་པོ་བྱུང་ནས། སྙིང་ག་ཆོས་ཀྱི་འཁོར་ལོ་འོད་ཀྱིས་ཁྱབ་པས་ཡིད་ཀྱི་སྡིག་སྒྲིབ་དག །ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པའི་མོས་པ་གནང་བ་ཞུ། ཡི་གེ་བདུན་པ་དང་ཌཱ་དྲིལ་བྱ། དེ་ནས་སྙིང་གའི་ལྷ་མོ་བཞི་ཡུམ་ལ་ཐིམ། ཡུམ་ཡབ་ལ་ཐིམ། ཡབ་འོད་དུ་ཞུ་ནས་ལྟེ་བའི་ཆོས་འབྱུང་ནང་གི་བྃ་ལ་ཐིམ། བྃ་ཡོངས་སུ་གྱུར་པ་ལས་རྗེ་བཙུན་མ་ཞལ་གཅིག་ཕྱག་གཉིས་མ། ཕྱག་གཡས་ན་ཅང་ཏེའུ་སྒྲ་དང་བཅས་པ། གཡོན་ན་ཐོད་པ་བསྣམས་པ། སྐུ་མདོག་དམར་པོ་རུས་པའི་རྒྱན་ཅན་ཁྲོ་ལ་འཛུམ་པ། སྒེག་པ། གར་བྱེད་པ། དེ་ལ་དར་གཅིག་ཤེས་པ་གཏོད་མཛོད། དེ་ལྟར་གཏད་པས་ལུས་སེམས་ལ་དྲོད་བདེ་བ་མི་རྟོག་པ་གསུམ་སྐྱེ། ལྷན་ཅིག་སྐྱེས་པའི་དགའ་བ་ཉམས་སུ་མྱོང་། དེ་དབང་བཞི་པའི་ངོ་སྤྲོད་ཡིན་གསུང་། དེ་ནས་བླ་མ་ཡི་དམ་གྱི་སྐུ་གསུང་ཐུགས་ཀྱི་ངོ་བོ་རྗེ་བཙུན་མ་ལ་སྔར་ལྟར་མཆོད་པ་ཕུལ་ནས། བླ་མ་རིན་པོ་ཆེ་བདག་ལ་དབང་བཞི་པ་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས་རྣལ་འབྱོར་མའི་ཤངས་བུག་གཡས་ནས་ཨ་ལི་བྱུང་། གཡོན་ནས་ཀ་ལི་བྱུང་ནས་རྣལ་འབྱོར་མའི་སྨིན་མཚམས་སུ་གཡུང་དྲུང་རིས་དམར་པོ་གཅིག་ཏུ་གྱུར་ནས་དེ་དྲག་ཏུ་འཁོར་བར་བསམས། མཐར་རྣལ་འབྱོར་མ་འོད་དུ་ཞུ་ནས་རང་ལ་ཐིམ། རང་གི་ཕུང་པོ་ཡང་འོད་ཕུང་ལྟ་བུ་ལ་སྟོང་སངས་ཀྱིས་སོང་ནས་ཆོས་ཐམས་ཅད་ཀྱི་གནས་ལུགས་ནམ་མཁའ་ལྟ་བུའི་ངང་ལ་དར་ཅིག་སྒོམ། དེས་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་དག །དབང་བཞི་པ་ཐོབ་པའི་མོས་པ་གནང་བ་ཞུ། ཡི་གེ་བདུན་པ་དང་ཌཱ་དྲིལ། དེ་ནས་སླར་ཆོས་སྐུ་ལས་གཟུགས་སྐུར་བཞེངས་པའི་ཚུལ་དུ་སྟོང་པ་དེའི་ངང་ལས། ཁྱེད་རང་བདེ་མཆོག་ལྷན་སྐྱེས་ཀྱི་སྐུ་སྒྱུ་མ་ལྟ་བུ་ཞེན་པ་མེད་པ་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ་ལམ་གྱིས་སྒོམ་མཛོད། ཁྱེད་རང་ལྷར་གསལ་བ་ལ། སློབ་དཔོན་གྱི་ཡིད་ཀྱི་སྤྲུལ་པའི་མཆོད་པ་རྣམ་པ་ལྔ་ཡང་ཕུལ་བའི་མོས་པ་མཛོད། ཨོཾ་བཛྲ་པུཥྤེ་ལ་སོགས་པ་བརྗོད།
དབང་གི་ཕན་ཡོན་ནི། སྔར་དབང་ཐོབ་པ་རྣམས་ཉམས་པ་གསོ་བ་དང་། སྡིག་པ་ཐམས་ཅད་ཡོངས་སུ་ཟད་པ་དང་། ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྒྱུད་ལ་སྐྱེ་བར་འགྱུར་པ་ཡིན། རྗེས་གཙོ་བོས་སོགས་དང་། ཡིག་བརྒྱ་བརྗོད། དེ་ནས་ནོངས་པ་བཟོད་གསོལ་སོགས་སྤྱི་དང་འདྲ། དེ་ལྟར་བདེ་མཆོག་ལྷ་ལྔའི་བྱིན་རླབས་དབང་བཞི་ལུས་སྒྲིགས་གོ་བདེ་བཀླགས་ཆོག་འདི་ནི། ལས་དང་པོ་པ་རྣམས་ལ་ཕན་པའི་ཕྱིར་དུ། དགེ་སློང་འངུལ་བ་འཛིན་པ་ངག་དབང་ཆོས་གྲགས་ཀྱིས། མཁས་བཙུན་རྒྱལ་མཚན་འབུམ་གྱི་ཡིག་ཆ་གཞིར་བཞག །ཚར་ཆེན་ཡབ་སྲས་ཀྱི་གསུང་གི་ཟིན་ཐོ་ནས་ཀྱང་ཁ་བསྐང་། མཚམས་སྦྱོར་རྣམས་ཅུང་ཟད་གོ་བདེ་བར་བཅོས་ཏེ། ལྕགས་ཕོ་འབྲུག་ལོ་ཟླ་བ་བརྒྱད་པའི་ཡར་ཚེས་བཅུ་གཉིས་ཀྱི་ཉིན་སྤུ་དཀར་བླ་བྲང་རྫོང་གི་བསྟི་གནས་སུ་སྦྱར་བ་དགེ་ལེགས་འཕེལ།།
ཡི་གེ་པ་ནི་ཉི་ཤར་བ་བསོད་ནམས་ཆོས་སྐྱོང་གིས་གུས་པས་བགྱིས་པ་དགེ་ལེགས་འཕེལ།། །།