Bengen

From Shangpa Resource Center





Resource ID G31
Place Type Monastery
Coordinates 31°40'29.00"N 99°40'45.00"E
Links Shangpa Foundation
BDRC G1574

Name Variants

ban rgan
phun tshogs rnam rgyal byang chub chos 'phel gling
karma bsam gtan chos rdzong gling


History

  • Established: ?

Notes

W1KG26279: ཏྲེ་ཧོར་བན་རྒན་དགོན་གྱི་མཚན་ལ་སྔར་ཕུན་ཚོགས་རྣམ་རྒྱལ་དགོན་དང་ཕྱིས་ཕུན་ཚོགས་རྣམ་རྒྱལ་བྱང་ཆུབ་ཆོས་འཕེལ་གླིང་ཞེས་འབོད་ཅིང་། ཐོག་མར་སྤྱི་ལོ1610ལོར་སྒྲུབ་བརྒྱུད་ཀརྨ་རབ་འཕེལ་གྱིས་གསེར་མཁར་གྱི་ཁོངས་སུ་ལྕགས་མོ་མདོ་སྟེང་དགོན་ཕྱག་བཏབ་པ་ཕྱིས་ཐོར་ཞིག་ཏུ་སོང་། དེ་ལས་གྱེས་ཏེ་རྗེ་བློ་གྲོས་སམ་མཚུར་ནག་བླ་མས་ད་ལྟའི་བན་རྒན་ནི་གུའི་སྒྲུབ་སྡེའི་ཤར་ངོས་རི་སྟེང་དུ་བཏབ། ད་ལྟའི་དགོན་འདི་སྤྱི་ལོ1983ལོར་སི་ཏུ་པདྨ་དོན་ཡོད་ཀྱིས་བསྐྱར་བཞེངས་མཛད་ཅིང་། དེང་དཀར་མཛེས་རྫོང་སྲིད་གཞུང་གནས་ཡུལ་ནས་སྤྱི་ལེ35ཙམ་ཡོད་པའི་འདན་མ་ཡུལ་ཤོག་ཁོངས་ཀྱི་ཟླ་ཆེན་ཐང་དུ་གནས། དེང་སྤྲུལ་སྐུ་གཅིག་དང་། དགེ་འདུན་ཉིས་བརྒྱ་ཉེར་གཅིག་ཙམ་བཞུགས། དགོན་པ་གཞུང་དུ་དབྱར་གནས་སྐབས་ཤངས་པའི་ཡི་དམ་རྒྱུད་སྡེའི་ཉམས་ལེན་དང་། བོད་ཟླ་བཅུ་གཅིག་པའི་ནང་མགོན་པོ་ཕྱག་དྲུག་པའི་སྒྲུབ་པ་ཉིན་བདུན་ཡོད།

།དེ་ཡང་འཇིག་རྟེན་གྱི་གཏམ་དཔེར་“མདའ་རུ་དགེ་འདུན་གྱི་ཀུན་དགའ་ར་བ་བཞེངས་པ་ལས། ཕུ་རུ་བསམ་གཏན་གྱི་ཁང་བུ་བྲེ་ཙམ་བརྩིགས་པ་དགའ་”ཞེས་སུ་གྲགས་པ་ལྟར། བན་རྒན་དགོན་གྱི་ཤངས་པའི་སྒྲུབ་སྡེ་འདི་ཉིད་ནི་ཐོག་མར་ཀརྨ་རང་བྱུང་ཀུན་ཁྱབ་ཀྱི་དགོངས་བཞེད་ལྟར་ད་ལྟའི་དགོན་གནས་ཡུལ་ནས་སྤྱི་ལེ་ལྔ་ཙམ་ཡོད་པའི་བྱེ་སེར་གྲོང་ཚོའི་ནུབ་བྱང་མཚམས་ཀྱི་རི་ལྡེབས་སུ་ཕྱག་བཏབ་པ་ཕྱིས་ཆོག་མཆན་མེད་ཟེར་ནས་གཏོར་བའི་ཤུལ་དུ། བླ་མ་དབང་ཆེན་གྱིས་སྤྱི་ལོ་2005ལོར་གསར་བཙུགས་གནང་རྗེས། སྒྲུབ་ཐེངས་རེར་ལོ་གསུམ་ཕྱོགས་གསུམ་རེ་བྱས་པའི་སྒྲུབ་ཐེངས་དང་པོར། སྒྲུབ་དཔོན་བླ་མ་དབང་ཆེན། སྒྲུབ་བླ་དགུ་ཡོད་པ་ལས། བན་རྒན་དགོན་རང་ནས་བརྒྱད་དང༌། བཀའ་བརྒྱུད་དགོན་གསར་དགོན་ནས་གཅིག །སྒྲུབ་བླ་རྣམས་ཀྱི་ནང་ནས་དགུང་གྲངས་ཆེ་ཤོས40དང་། ཆུང་ཤོས་25བཅས། སྒྲུབ་ཐེངས་གཉིས་པ་འདིའི་མཚམས་སྒོ་སྤྱི་ལོ་2011ལོའི་ལྷ་བབས་དུས་ཆེན་ཉིན་བསྡམས། སྒྲུབ་ཐེངས་འདིའི་སྒྲུབ་དཔོན་རྟ་མགྲིན་དབང་རྒྱལ། སྒྲུབ་བླའི་གྲངས་བཅུ་གཅིག་ཟིན་པ་ལས། བན་རྒན་དགོན་ནས་བདུན། དགོན་གསར་དགོན་ནས་གསུམ། སྒར་ལུང་དགོན་ནས་གཅིག །སྒྲུབ་བླ་རྣམས་ཀྱི་ནང་ནས་དགུང་གྲངས་ཆེ་ཤོས43དང་། ཆུང་ཤོས25ཡིན་ནོ།
།བན་རྒན་ཤངས་པའི་སྒྲུབ་སྡེ་ཀརྨ་བསམ་གཏན་ཆོས་རྫོང་གླིང་གི་བསྙེན་སྒྲུབ་སོ་སོའི་དུས་ཡུན་དང་གྲངས་ཚད་སྐོར་ནི་ཀརྨ་ངེས་དོན་ཆོས་ཀྱི་བློ་གྲོས་ཀྱིས་མཛད་པའི་ཤངས་ཆོས་ཀྱི་ཉམས་ལེན་ཟིན་དེབ་ཁྱབ་བདག་བླ་མའི་ཞལ་ལུང་མོས་ལྡན་སྙིང་གི་སྒྲོན་མེ་ཞེས་པ་ལྟར་བཀོད་པ་ལ། བསྙེན་སྒྲུབ་རྣམས་ཀྱི་ཐོག་མར་ཕྱི་ནང་གསང་བའི་བར་ཆད་མི་འབྱུང་བའི་ཕྱིར། སྤྲུལ་པའི་གཏེར་ཆེན་མཆོག་འགྱུར་གླིང་པའི་ཟབ་གཏེར་ལས་བྱོན་པ་གཏེར་གསར་གསང་ཐིག་ཕུར་པའི་བསྙེན་པ་འབུམ་གཅིག་ཁ་སྐོང་དང་བཅས་ཉིན་བདུན་ནས་དབུ་བཙུགས། དལ་འབྱོར་རྙེད་དཀའ་དང༌། འཆི་བ་མི་རྟག །ལས་རྒྱུ་འབྲས། འཁོར་བའི་ཉེས་དམིགས་བསམ་པ་སོ་སོར་ཉིན་བདུན་རེ། སྐྱབས་འགྲོ་དང་ཕྱག་འཚལ་སྦྲགས་མ་འབུམ་གཅིག་ལ་ཟླ་བ་གཉིས། སྒྲིབ་སྦྱོང་རྡོར་སེམས་སྒོམ་བཟླས་ཡིག་བརྒྱ་འབུམ་གཅིག་དང་། ཡིག་དྲུག་འབུམ་གཅིག་ལ་ཟླ་བ་གཅིག་དང་ཉིན་བཅོ་ལྔ། མཎྜལ་འབུམ་གཅིག་ལ་ཟླ་བ་གཅིག །བླ་མའི་རྣལ་འབྱོར་འབུམ་གཅིག་ལ་ཟླ་བ་གཅིག་མི་ལའི་བླ་སྒྲུབ་འབུམ་གཅིག་ལ་ཉིན་ཉེར་གཅིག །ལྷ་བཞི་དྲིལ་སྒྲུབ་གཙོ་བོར་བླ་མའི་བསྙེན་པ་བཞི་ཁྲི་དང་། གཞན་འཁོར་བཞི་རེར་བསྙེན་པ་ཆིག་ཁྲི་རེ་དགོས་པ་ལ་ཉིན་ཉེར་གཅིག །ཡང་མགོན་མཐིང་བསྙེན་པ་བཞི་ཁྲི་དང་བཅས་པར་ཉིན་བདུན། བླ་སྦྱོང་དོན་བདུན་མར་ཟླ་བ་གཅིག །དེའི་རིང་མ་ཎི་གྲངས་གང་མང་དང་གཙོ་བོར་གཏོང་ལེན་དམིགས་པ་དགོས། སེམས་འཛིན་ཞི་གནས་ཉིན་བཅུ་བཞི། སྐྱེར་སྒང་རྟ་མགྲིན་བསྙེན་པ་ཉིས་འབུམ་དང་བཅས་པར་ཟླ་བ་གཅིགཕག་མོའི་བསྙེན་པ་ཕྱི་སྒྲུབ་ཨོ་གསུམ་མ་བསྙེན་པ་ཉིས་འབུམ་དང་བཅས་པར་ཟླ་བ་གཅིག །ཕག་མོའི་བསྙེན་པ་ནང་སྒྲུབ་ཉིས་འབུམ་ལ་ཉིན་ཉེར་གཅིག །ཕག་མོའི་གསང་སྒྲུབ་བསྙེན་པ་ཉིས་འབུམ་ལ་ཉིན་བཅོ་ལྔ། ཕག་མོའི་སྒྲུབ་མཆོད་ཉིན་བཞི། ཕག་མོའི་སྦྱིན་སྲེག་ཉིན་གཅིག །བདེ་མཆོག་ལྷ་ལྔའི་བསྙེན་པ་ཡི་གེ་བདུན་པ་འབྲུ་འབུམ། སྙིང་པོ་ཡི་གེ་ཉེར་གཉིས་མ་བཞི་འབུམ། ཡུམ་སྔགས་ཆིག་འབུམ། མཁའ་འགྲོ་བཞིའི་སྔགས་ཆིག་ཁྲི་རེ་དང་བཅས་པར་ཟླ་བ་གསུམ། བདེ་མཆོག་ལྷ་ལྔའི་སྒྲུབ་མཆོད་ཉིན་བཞི། བདེ་མཆོག་ལྷ་ལྔའི་སྦྱིན་སྲེག་ཉིན་གཅིག །རྒྱུད་སྡེ་ལྔའི་བསྙེན་པ་ལ་བདེ་མཆོག་གཙོ་བསྙེན་འབྲུ་འབུམ། ཡུམ་སྔགས་ཆིག་འབུམ། གསང་འདུས། མཱ་ཡ། དགྱེས་རྡོར། འཇིགས་བྱེད་བཅས་འབུམ་ཕྲག་རེ་རེར་ཟླ་བ་ལྔ། རྒྱུད་སྡེ་ལྔའི་སྒྲུབ་མཆོད་ཉིན་དྲུག །རྒྱུད་སྡེ་ལྔའི་སྦྱིན་སྲེག་ཉིན་གཅིག །བླ་མགོན་དབྱེར་མེད་ཀྱི་བསྙེན་པ་ཆིག་འབུམ་ལ་ཉིན་བཅུ་བཞི། ཡང་མགོན་མཐིང་བསྙེན་པ་བཞི་ཁྲི་ལ་ཉིན་བདུན། གསེར་ཆོས་ལྔའི་ཐོག་མ་ནི་གུ་ཆོས་དྲུག་གི་སྔོན་འགྲོ་དལ་འབྱོར་རྙེད་དཀའ་དང་། འཆི་བ་མི་རྟག །ལས་རྒྱུ་འབྲས། འཁོར་བའི་ཉེས་དམིགས་བསམ་པ་རེ་རེར་ཉིན་རེ། སྐྱབས་ཕྱག་སྦྲགས་མ་ཆིག་ཁྲི་ལ་ཉིན་བཞི། སེམས་བསྐྱེད་ཆིག་ཁྲི་ལ་ཉིན་བཞི། མཎྜལ་ཆིག་ཁྲི་ལ་ཉིན་བཞི། དག་བྱེད་ཨའི་སྟོང་ར་ཉིན་བཞི། གཏུམ་མོའི་བླ་མའི་རྣལ་འབྱོར་གསོལ་འདེབས་ཆིག་ཁྲི་དང་བཅས་པར་ཉིན་བཞི། སྟོང་ར་གསལ་འདབ་ཉིན་གསུམ། མེ་རྒོད་དམིགས་པ་ཉིན་བདུན། གཏུམ་མོ་དངོས་གཞི་བསྒོམ་པ་ཟླ་བ་གཅིག །གཏུམ་མོ་སོགས་ཆོས་དྲུག་སོ་སོའི་མཇུག་ཏུ་འཇམ་མགོན་གསུང་བསྟན་གཅིག་མའི་དམིགས་མཐུན་རྣམས་ཀྱང་ཉིན་རེ་ཙམ་ཉམས་སུ་བླངས་པ་ལ་ཁྱོན་ཉིན་བདུན། སྒྱུ་ལུས། རྨི་ལམ། འོད་གསལ་སོ་སོར་ཉིན་ཉེར་གཅིག་རེ། འཕོ་བ་དང་། བར་དོ་གཉིས་ལ་ཉིན་བདུན་རེ། ཕྱག་ཆེན་གའུ་མའི་ནང་ལྷག་མཐོང་ཟླ་བ་གཅིག །ལམ་ཁྱེར་རྣམ་གསུམ་རེ་རེར་ཞག་བདུན་རེ། མཁའ་སྤྱོད་དཀར་མོའི་བསྙེན་པ་ཉིས་འབུམ་དང་ཉམས་ལེན་ལ་ཟླ་བ་གཅིག མཁའ་སྤྱོད་དཀར་མོའི་འཕོ་བ་ཉིན་གསུམ། མཁའ་སྤྱོད་དམར་མོའི་བསྙེན་པ་ཉིས་འབུམ་དང་ཉམས་ལེན་ལ་ཟླ་བ་གཅིག །མཁའ་སྤྱོད་དམར་མོའི་འཕོ་བ་ཉིན་གསུམ། འབྲས་བུ་འཆི་མེད་འཆུགས་མེད་ཉིན་བདུན། མགོན་མཐིང་བསྙེན་པ་བདུན་ཁྲི་ལ་ཉིན་བདུན། གའུ་མའི་མཇུག་ཐང་སྟོང་རྒྱལ་པོའི་གསུང་ཉིང་ཁུའི་ཡན་ལག་བླ་མགོན་དབྱེར་མེད་ཀྱི་ཉམས་ལེན་ཕྱག་བཞེས་ལྟར་ཉམས་སུ་བླངས་ཏེ་བསྙེན་པ་བཞི་ཁྲི་དང་བཅས་པ་ལ་ཉིན་བདུན། སུ་ཁ་ཆོས་དྲུག་ལས་ཐོག་མར་གཏུམ་མོར་ཉིན་བཅུ། སྒྱུ་ལུས་དང་། རྨི་ལམ། འོད་གསལ་གསུམ་ལ་ཉིན་ལྔ་རེ། འཕོ་བ་དང་བར་དོ་གཉིས་ལ་ཉིན་གསུམ་རེ། སྨིན་གླིང་རྡོར་སེམས་བསྙེན་པ་ཡིག་དྲུག་འབྲུ་འབུམ་དང་ཡིག་བརྒྱ་ཆིག་འབུམ་ལ་ཟླ་བ་གཅིག །སྨིན་གླིང་རྡོར་སེམས་སྒྲུབ་མཆོད་དང་སྦྱིན་སྲེག་བཅས་ཉིན་གསུམ། འོད་དཔག་མེད་ཀྱི་བསྙེན་པ་ཆིག་འབུམ་དང་། ཧྲི་ཡིག་འབྲུ་གཅིག་མ་ཆིག་འབུམ། གཟུངས་རིང་ཆིག་ཁྲི་བཅས་ལ་ཟླ་བ་གཅིག །འོད་དཔག་མེད་ཀྱི་འཕོ་བ་ཉིན་གསུམ། འོད་དཔག་མེད་ཀྱི་སྒྲུབ་མཆོད་དང་སྦྱིན་སྲེག་བཅས་ལ་ཉིན་གསུམ། གཅོད་ཚོགས་ཡོན་ཏན་ཀུན་འབྱུང་ལ་ཟླ་བ་གཅིག །མཐའ་མར་དགེ་བ་ཚེ་སྒྲུབ་ཀྱི་རིམ་པ་ལས། ཐོག་མར་ནི་གུའི་ཚེ་སྒྲུབ་བདུན་ཁྲི་དང་བཅས་པར་ཉིན་བདུན། སུ་ཁའི་ཚེ་སྒྲུབ་བདུན་ཁྲི་དང་བཅས་པ་ལ་ཉིན་བདུན། སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་སྒྲུབ་བསྙེན་པ་འབུམ་གཅིག་དང་ཁྲི་ལྔ་བཅས་པར་ཉིན་བཅུ་བཞི། ལོ་གསུམ་གྱི་རིང་མགོན་སྒྲུབ་ལ་ཟླ་བ་གཅིག་བཅས་སོ།


Loading map...