Dpal ldan shangs pa bka' brgyud kyi chos 'byung gser chos zhing gi sa bon - part 2
Resource ID | DT2 |
---|---|
Title | dpal ldan shangs pa bka' brgyud kyi chos 'byung gser chos zhing gi sa bon |
Author | [Dorjé Tsewang] |
Link | BDRC W1KG26279 |
Notes | Published with the author's agreement. |
II -
།ཝཾ། དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་བར་གྱི་འཕེལ་རིམ་དང་མཐའ་མའི་དར་རྒུད་སྐོར།
II.1 - The origin of the doctrine of the Dashang Kagyü
ལེའུ་དང་པོ། དྭགས་ཤངས་བསྟན་པའི་བྱུང་ཚུལ་སོགས་ཀྱི་སྐོར།
དེ་ཡང་བོད་དར་ནང་བསྟན་གྱི་གྲུབ་མཐའི་བྱེ་བྲག་སྒྲུབ་བརྒྱུད་ཀྱི་ཤིང་རྟ་འཛིན་པའི་བཀའ་བརྒྱུད་པ་ནི། བཀའ་བབས་ཀྱི་གདམས་པའི་བརྒྱུད་འཛིན་པས་མཚན་དེ་ལྟར་དུ་ཐོགས། དེ་ལ་རྗེ་མར་པའི་བརྒྱུད་འཛིན་དང་མཁས་གྲུབ་ཁྱུང་པོའི་བརྒྱུད་འཛིན་གཉིས་བྱུང་བ་ལས། རྒྱལ་བ་རྡོ་རྗེ་འཆང་ནས་ཏེ་ལོ་ནཱ་རོའི་བར་དུ་བྱོན་པའི་བཀའ་བབས་ཀྱི་གདམས་པ་རྣམས་རྗེ་མར་པ་ལ་མངའ་བས། དེའི་ཆོས་བརྒྱུད་འཛིན་པ་རྣམས་ལ་མར་པ་བཀའ་བརྒྱུད་ཅེས་ཟེར་ཞིང་། བཀའ་བབས་ཀྱི་གདམས་པ་རྣམས་བྱོན་ཚུལ་ནི། ཏི་ལོ་པ་ལ་བཀའ་བབས་བཞིའི་གདམས་པ་མངའ་སྟེ། རྒྱལ་བ་རྡོ་རྗེ་འཆང་། རྒྱལ་པོ་ཨིནྡྲ་བྷུ་ཏི། ཀླུ་ལས་གྱུར་པའི་རྣལ་འབྱོར་མ། ས་བདག་བྷི་སུ་ཀཝ། ས་ར་ཧ། ཀླུ་སྒྲུབ་ཞབས། ཏི་ལོ་པ་སྟེ་གསང་འདུས་དང་། གདན་བཞི། ཆོས་དྲུག་གི་སྒྱུ་ལུས། འཕོ་བའི་བཀའ་བབས་རྣམས་དང༌། རྒྱལ་བ་རྡོ་རྗེ་འཆང་། ཡེ་ཤེས་ཀྱི་མཁའ་འགྲོ་མ། ཀུ་ཀུ་རི་པ། ཙརྱ་པ། ཏེ་ལོ་པ་སྟེ་སྒྱུ་མ་ཆེན་པོ་དང་ཆོས་དྲུག་གི་རྨི་ལམ་གྱི་བཀའ་བབས། རྒྱལ་བ་རྡོ་རྗེ་འཆང་། ཕྱག་ན་རྡོ་རྗེ། ཌོམྦི་ཧེ་རུ་ཀ། བྷི་ན་བཛྲ། ལྭ་བ་པ། ཏེ་ལོ་པ་སྟེ་བདེ་མཆོག་སོགས་མ་རྒྱུད་མཐའ་དག་དང་ཆོས་དྲུག་འོད་གསལ་གྱི་བཀའ་བབས། རྒྱལ་བ་རྡོ་རྗེ་འཆང་། ཕྱག་ན་རྡོ་རྗེ། ཡན་ལག་མེད་པའི་རྡོ་རྗེ། པདྨ་བཛྲ། ཌཱ་ཀི་མ་སྐལ་པ་བཟང་མོ། ཏི་ལོ་པ་སྟེ་དགྱེས་པ་རྡོ་རྗེ་དང་ཆོས་དྲུག་གཏུམ་མོའི་བཀའ་བབས་རྣམས་སོ། །བཀའ་བབས་བཞིའི་ངོས་འཛིན་དང་གོ་རིམ་ཅུང་ཟད་མི་འདྲ་བ་འགའ་རེ་ཡང་སྣང༌།
མཁས་གྲུབ་ཁྱུང་པོ་ལ་ཡང་། རྒྱལ་བ་རྡོ་རྗེ་འཆང་ནས་ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མ་ལ་བཀའ་བབས་པའི་གདམས་པ་སོགས་མངའ་བས། དེའི་བརྒྱུད་འཛིན་པ་རྣམས་ལ་ཤངས་པ་བཀའ་བརྒྱུད་པར་འབོད་དོ།
II.1.1 - The Dagpo Kagyü
།དང་པོ། དྭགས་པོ་བཀའ་བརྒྱུད་ཀྱི་སྐོར།
དྭགས་པོ་བཀའ་བརྒྱུད་ཀྱི་འགོ་ཁུངས་ནི་མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་ལ་གཏུགས་ཤིང་། ཁོང་ནི་སྤྱི་ལོ་1012(འཁྲུངས་འདས་ལོ་ཚིགས་དེབ་སྔོན་ལྟར་བཀོད་)ལོར་ལྷོ་བྲག་རྫོང་ཆུས་ཁྱེར་ཕུར་ཡབ་མར་པ་དབང་ཕྱུག་འོད་ཟེར་དང་ཡུམ་རྒྱལ་མོ་འོད་ཟེར་གཉིས་ཀྱི་སྲས་མིང་སྲིང་བཞིའི་གཉིས་པར་སྐུ་འཁྲུངས། དགུང་ལོ་བཅོ་ལྔ་པ་ནས་འབྲོག་མི་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་ཀྱི་དྲུང་དུ་ལོ་ཙཱ་སློབ་སྦྱོང་གནང་། དེ་རྗེས་དཀའ་བ་ཁྲི་ཕྲག་ཁྱད་དུ་བསད་དེ་རྒྱ་གར་ལ་ལན་གསུམ་དང་བལ་པོར་ལན་བཞི་བྱོན། པཎ་ཆེན་ནཱ་རོ་པ་དང་། མངའ་བདག་མཻ་ཏྲི་པ། སློབ་དཔོན་ཡེ་ཤེས་སྙིང་པོ། གྲུབ་ཆེན་ཞི་བ་བཟང་པོ་ལ་སོགས་པའི་བླ་མ་བརྒྱ་རྩ་བརྒྱད་ཀྱི་ཞབས་ལ་གཏུགས། རྒྱུད་ཀྱི་རྒྱལ་པོ་ཕ་རྒྱུད་གསང་བ་འདུས་པ་དང་། མ་རྒྱུད་འཁོར་ལོ་བདེ་མཆོག་ལ་སོགས་པའི་རྣལ་འབྱོར་ཕ་མའི་རྒྱུད་ཀྱི་གདམས་ངག་ལག་ལེན་དང་བཅས་པ་ཞིབ་ཏུ་སྦྱངས། མཻ་ཏྲི་པ་ལ་བརྟེན་ནས་ཆོས་ཉིད་ཕྱག་རྒྱ་ཆེན་པོའི་རྟོགས་པ་མངོན་དུ་གྱུར། བོད་དུ་བྱོན་ནས་སློབ་མ་མང་དུ་བསྐྱངས་པ་ལས། གཙོ་བོ་ཀ་ཆེན་བཞིར་གྲགས་པ་ནི། གཞུང་གི་རྔོག་སྟོན་ཆོས་རྡོར། དོལ་གྱི་མཚུར་སྟོན་དབང་ངེ་། གཙང་རོང་གི་མེས་སྟོན་ཚོན་པོ། གུང་ཐང་གི་མི་ལ་རས་པ་རྣམས་སོ། དགུང་གྲངས་གྱ་དྲུག་ལ་ཕེབས་པ་སྤྱི་ལོ་1097ལོར་སྐུ་གཤེགས།
སློབ་མ་ཀ་ཆེན་བཞི་པོ་དེ་དག་ལས་མེས་རྔོག་མཚུར་གསུམ་ལ་བཤད་རྒྱུན་གྱི་བཀའ་བབས་པས། སློབ་བརྒྱུད་རིམ་པར་བྱོན་པ་རྣམས་ཀྱིས་བདེ་དགྱེས་གསང་གསུམ་དང༌། གདན་བཞི། མ་ཧཱ་མཱ་ཡཱ་སོགས་ཀྱི་དབང་དང་རྒྱུད་ཀྱི་བཤད་པ་རྒྱ་ཆེར་སྤེལ་ཞིང་། མཚུར་སྟོན་དབང་གི་རྡོ་རྗེ་ལས་བརྒྱུད་པའི་གསང་བ་འདུས་པའི་དབང་དང་རྒྱུད་བཤད་བུ་སྟོན་ཐམས་ཅད་མཁྱེན་པ་དང་རྒྱལ་བ་ཙོང་ཁ་པ་ཆེན་པོ་སོགས་ལ་བྱོན།
སློབ་མ་ཀ་ཆེན་བཞི་ལས་སྒྲུབ་པའི་བཀའ་བབས་བྱང་གི་ཀ་ཆེན་རྗེ་བཙུན་མི་ལ་རས་པ་ནི། གངས་ཅན་པ་རྣམས་ཀྱི་རྣ་བའི་རྒྱན་གཉིས་སུ་གྲགས་པའི་ཡ་གྱལ་ཡིན་ལ། རྗེ་འདི་ཉིད་རབ་བྱུང་དང་པོའི་ལྕགས་འབྲུག་སྤྱི་ལོ་1040ལོར་ཡབ་མི་ལ་ཤེས་རབ་རྒྱལ་མཚན་དང་ཡུམ་མྱང་ཚ་དཀར་རྒྱན་གཉིས་ཀྱི་སྲས་སུ་གུང་ཐང་སྐྱ་རྔ་རྩ་ར་སྐུ་འཁྲུངས། སྐུ་ན་ཆུང་ངུའི་དུས་ནས་ཡབ་གཤེགས་ཏེ་ཨ་ཁུ་དང་ཨ་ནེས་སྡུག་པོ་ཚད་མེད་བཏང༌། དེ་རྗེས་ཡུམ་གྱི་བཀའ་བཞིན་མཐུ་བསླབས་ནས་མི་ཕྱུགས་མང་པོ་བསད། སླར་འགྱོད་དེ་སྤྱི་ལོ་1078ལོར་ལྷོ་བྲག་ཏུ་རྗེ་མར་པའི་དྲུང་དུ་ཕེབས། བླ་མ་མར་པའི་དྲུང་དུ་ལོ་དྲུག་དང་ཟླ་བ་བརྒྱད་ཙམ་བཞུགས་ནས་སྔ་ཕྱིར་ཡིད་ཆད་ཆེན་པོ་བདུན་གྱིས་སྒྲིབ་པ་སྦྱངས་པ་དང་། ཆོས་ཕྱིར་དཀའ་བ་ཚད་མེད་སྤྱད་མཐར་དབང་དང་གདམས་ངག་རྫོགས་པར་གནང་། ཁོང་གིས་འཇིག་རྟེན་བློས་བཏང་གི་ཞེ་བཅད་དང་དཀའ་སྤྱད་སྡུག་སྲན་གྱི་སྙིང་རུས་དྲག་པོས་སྒྲུབ་པའི་རྒྱལ་མཚན་རི་རབ་ཀྱི་རྩེ་མོར་བསྒྲེངས་ནས་སྐུ་ཚེ་གཅིག་ལ་མཆོག་གི་དངོས་གྲུབ་བརྙེས་ཤིང་། སྒྲུབ་བརྒྱུད་བསྟན་པའི་སྲོལ་ཁ་བཙུགས། མཐར་རང་ཉིད་ཀྱི་ཐུགས་སྲས་རྗེ་སྒམ་པོ་བ་ལ་བསྟན་པ་གཏད་དེ་དགུང་གྲངས་གྱ་བཞི་པ་སྤྱི་ལོ་1123ལོར་སྐུ་གཤེགས། སློབ་མ་རས་པ་མཆེད་བརྒྱད་དང་། སྟོན་པ་དྲུག །རས་མ་བཅུ་གཉིས། གྲུབ་ཐོབ་མ་དྲུག་སོགས་བགྲངས་ཀྱིས་མི་ལང་བ་བྱོན་པ་ལས་གཙོ་བོར་གྱུར་པ་ནི། ཉི་མ་ལྟ་བུ་དྭགས་པོ་ལྷ་རྗེ་དང་། ཟླ་བ་ལྟ་བུ་རས་ཆུང་བ་གཉིས་སོ།
རས་ཆུང་རྡོ་རྗེ་གྲགས་ནི་སྤྱི་ལོ་1084ལོར་ལ་སྟོད་གུང་ཐང་དུ་སྐུ་འཁྲུངས། དགུང་ལོ་བཅུ་གཅིག་ལ་ཕེབས་སྐབས་རྗེ་བཙུན་མི་ལ་བསྟེན་ནས་དམ་ཆོས་ལ་སློབ་གཉེར་མཛད། འཕགས་ཡུལ་དུ་ལན་གཉིས་བྱོན་པའི་སྔ་མ་ལ་བླ་མ་ཝ་ལ་ཙནྡྲ་ལས་ཕྱག་རྡོར་གཏུམ་པོ་ཁྱུང་གཤམ་ཅན་གྱི་གདམས་པ་གསན། དེ་རྗེས་རྗེ་བཙུན་མི་ལས་ལུས་མེད་མཁའ་འགྲོའི་ཆོས་སྐོར་དགུ་ཡོད་པ་ལས་ལྔ་རྗེ་མར་པས་གདན་དྲངས། ད་དུང་བཞི་ཡོད་པ་ཁྱོད་སོང་ལ་ལོངས་ཤིག་གསུངས་པས། སླར་རྒྱ་གར་དུ་ཕེབས་ཏེ་མཻ་ཏྲི་པ་དང་ནཱ་རོ་པ་གཉིས་ཀའི་དངོས་སློབ་ཏི་ཕུ་བ་ལ་ཆོས་སྐོར་དེ་རྣམས་རྫོགས་པར་ཞུས་པ། བོད་དུ་ཕེབས་རྗེས་བླ་མ་མི་ལར་ཕུལ། མི་ལས་ངམ་རྫོང་སྟོན་པ་ལ་གནང་བས། དེས་ཡིག་སྣ་ཡང་བརྩམས། དེ་ནས་མཆེད་པ་ལ་བདེ་མཆོག་སྙན་བརྒྱུད་དང་། རས་ཆུང་བ་ཉིད་ནས་གཞན་ལ་མཆེད་པ་ལ་རས་ཆུང་སྙན་བརྒྱུད་དུ་གྲགས།
རྗེ་བཙུན་མི་ལའི་སློབ་མ་ཉི་མ་ལྟ་བུ་དྭགས་པོ་ལྷ་རྗེ་བསོད་ནམས་རིན་ཆེན་ནི། ཡབ་སྙི་བ་ལྷ་རྗེ་དང་ཡུམ་ཤོ་མོ་བཟའ་གཉིས་ལ་སྲས་གསུམ་འཁྲུངས་པའི་བར་པར། རབ་བྱུང་དང་པོའི་ས་ལུག་སྤྱི་ལོ་1079ལོར་སྐུ་འཁྲུངས། ཁོང་ནི་བཅོམ་ལྡན་འདས་ལ་ཏིང་ངེ་འཛིན་རྒྱལ་པོ་ཞུ་མཁན་གྱི་ཟླ་འོད་གཞོན་ནུ་ཡིན་པར་གསུངས། སྐུ་ན་ཆུང་ངུའི་དུས་ནས་སྨན་བསླབས་ཏེ་མཁས་པར་གྱུར་པས་ལྷ་རྗེར་གྲགས། ཇོ་མོ་ཞིག་ཁབ་ཏུ་བཞེས་པ་འདས་པས་ཐུགས་སྐྱོ་སྟེ་བཀའ་གདམས་པའི་དགེ་བཤེས་ཤ་བ་གླིང་པ་ལས་བསྙེན་པར་རྫོགས། དགེ་བཤེས་བྱ་ཡུལ་བ། སྙུག་རུམ་པ། ལྕགས་རི་གོང་ཁ་བ་རྣམས་ལ་བཀའ་གདམས་ཀྱི་ཆོས་མང་དུ་གསན། རྗེ་བཙུན་མི་ལའི་སྙན་པ་གསན་པས་མཇལ་དུ་ཕེབས། དགྱེས་བཞིན་དུ་རྗེས་སུ་བཟུང་སྟེ་གདམས་ངག་ཐམས་ཅད་རྫོགས་པར་གནང་། སྒོམ་སྒྲུབ་མཛད་པས་ཉམས་རྟོགས་ཁྱད་པར་ཅན་འཁྲུངས། དེ་ཡང་དྭགས་ལྷ་སྒམ་པོའི་གནས་སུ་བྱོན་པའི་ཚེ། །བླ་མའི་གསུང་བཞིན་སྒྲུབ་པ་ཐུགས་ལ་དགོངས། །མཁའ་འགྲོས་ལུང་བསྟན་གཞན་དོན་གྱིས་ཤིག་གསུངས་ཞེས་འཁོད་པ་ལྟར་བླ་མ་མཁའ་འགྲོས་གཞན་དོན་སྐྱོང་རྒྱུའི་ལུང་བསྟན་གནང་བ་བཞིན་རབ་བྱུང་གཉིས་པའི་ལྕགས་གླང་སྤྱི་ལོ་1121ལོར་དྭགས་ལྷ་སྒམ་པོའི་དགོན་གནས་ཕྱག་བཏབ་ཅིང་། ཇོ་བོ་བཀའ་གདམས་པའི་ལམ་རིམ་དང་རྗེ་བཙུན་མི་ལའི་ཕྱག་ཆེན་གཉིས་གཅིག་ཏུ་དྲིལ་ནས་ལམ་རིམ་ཐར་པ་རིན་པོ་ཆེའི་རྒྱན་མཛད་པས་བཀའ་ཕྱག་ཆུ་བོ་གཉིས་འདྲེས་སུ་གྱུར། ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་བྱ་བའི་ཁྲིད་རིམ་གྱིས་སློབ་མ་བཀྲི་བར་མཛད། དེ་ལས་དར་སྤེལ་བྱུང་བའི་ཆོས་བརྒྱུད་ལ་དྭགས་པོ་བཀའ་བརྒྱུད་ཅེས་ཡོངས་སུ་གྲགས།
II.1.2 - Four primary branches and Eight Secondary branches of the Dagpo Kagyü
གཉིས་པ། བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་ཀྱི་སྐོར།
དེ་ཡང་བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་ཀྱི་གསོལ་འདེབས་གདུང་བའི་ཕོ་ཉར་འབའ་རོམ་ཕག་གྲུ་ཀམ་ཚང་ཚལ་པ་བཞི། །འབྲི་སྟག་ཁྲོ་གླིང་སྨར་གཡེལ་གཡའ་ཤུག་བརྒྱད་ཅེས་འཁོད་པ་ལྟར་དྭགས་པོ་བཀའ་བརྒྱུད་ལ་དབྱེ་ན་ཆེ་བཞི་ཆུང་བརྒྱད་དམ་ཟུང་བཞི་ཡ་བརྒྱད་ཡོད་པ་ལས། ཆེ་བ་བཞི་ནི།
II.1.2.1 Karma Kamtsang Kagyü
གཅིག །ཀརྨ་བཀའ་བརྒྱུད།
ཀརྨ་བཀའ་བརྒྱུད་ནི། མཉམ་མེད་དྭགས་པོ་ལྷ་རྗེའི་སློབ་མ་ཀརྨ་དུས་གསུམ་མཁྱེན་པའམ་ཁམས་པ་དབུ་སེ་ཞེས་གྲགས་པ་ལས་བརྒྱུད་པ་ལ་ཟེར་ཞིང་། མཚན་གཞན་མཚུར་ཕུ་བཀའ་བརྒྱུད་ཅེས་ཀྱང་འབོད་སྲོལ་འདུག །རྗེ་དུས་གསུམ་མཁྱེན་པ་ནི་རབ་བྱུང་གཉིས་པའི་ལྕགས་སྟག་སྤྱི་ལོ་1110ལོར་མདོ་ཁམས་ཏྲེ་ཤོད་གངས་ཀྱི་རྭ་བའི་མངའ་ཁོངས་དེང་དཀར་མཛེས་རྫོང་གསེར་མཁར་ཡུལ་ཤོག་འབོ་མཆོག་གྲོང་ཚོར་སྐུ་འཁྲུངས། དགུང་ལོ་བཅུ་དྲུག་པ་ལ་ཆོས་འཁོར་ཀ་བྲག་ཏུ་རྔོག་ལོའི་སློབ་མ་མཆོག་གི་བླ་མས་མཁན་པོ་དང་། ཆག་སེང་གེ་གྲགས་ཀྱིས་སློབ་དཔོན་མཛད་དེ་རབ་ཏུ་བྱུང་། ཁོང་གཉིས་ཀྱི་དྲུང་ནས་འདུལ་བ་དང་བཀའ་གདམས་ཀྱི་ཆོས་སྐོར་འགའ་ཞིག་གསན། དགུང་ལོ་བཅུ་དགུ་པ་ལ་དབུས་སུ་བྱོན་ནས་སྟོད་ལུང་རྒྱ་དམར་བ་དང་། ཕྱྭ་པ་ཆོས་ཀྱི་སེང་གེ་ལ་བྱམས་ཆོས་དང་དབུ་ཚད་གསན་ནས་མཁས་པར་མཁྱེན། ཤ་ར་བ་ལས་བཀའ་གདམས་ལམ་རིམ་དང་། པ་ཚབ་ལོ་ཙཱ་བ་ལས་དབུ་མ་གསན། མལ་འདུལ་བ་འཛིན་པའི་དྲུང་དུ་བསྙེན་པར་རྫོགས་ཤིང་འདུལ་བ་བསླབས། དགུང་ལོ་སུམ་ཅུ་པ་(འགར་སོ་གསུམ་ཞེས་འཁོད་)ལ་དྭགས་པོ་ལྷ་རྗེ་དང་མཇལ་ནས་གསང་སྔགས་ཐབས་ལམ་གྱི་སྐོར་གསན་ཞིང་ལོ་གསུམ་གྱི་བར་སྒོམ་སྒྲུབ་ལ་འབད་པས་སྙིང་པོའི་དོན་ལ་སྒྲོ་འདོགས་ཆོད། རྗེ་རས་ཆུང་པ་ལས་རྗེ་བཙུན་མི་ལ་ནས་བརྒྱུད་པའི་ཆོས་དྲུག་སོགས་ནཱ་རོ་མི་ཏྲིའི་གདམས་ངག་ཇི་སྙེད་པ་གསན། གཞན་ཡང་བླ་མ་མང་པོ་ལས་གདམས་པ་རྒྱ་ཆེན་མནོས་ཤིང་། དབེན་གནས་མང་པོར་སྒྲུབ་པ་མཛད་པས་གྲུབ་པའི་གོ་འཕང་མཐོན་པོར་གཤེགས། ཕྱིས་ཁམས་སུ་ཀརྨ་དགོན་བཏབ་པས་ཀརྨ་པ་ཞེས་ཐོགས་ཤིང་། སྤྱི་ལོ་1189ལོར་སྟོད་ལུང་མཚུར་ཕུའི་དགོན་གནས་དངོས་སུ་བཏབ། དགུང་གྲངས་བརྒྱད་ཅུ་གྱ་བཞིར་ཕེབས་པ་སྤྱི་ལོ་1193ལོར་མཚུར་ཕུའི་གདན་ས་དེ་རང་དུ་དགོངས་པ་རྫོགས། སློབ་མ་སངས་རྒྱས་རས་ཆེན་དང་། དེའི་སློབ་མ་སྤོམ་བྲག་པ་སོགས་རིམ་པར་བྱུང༌། རྗེ་དུས་གསུམ་མཁྱེན་པས་དབུ་ཞྭ་ནག་པོ་གསོལ་བས་ཞྭ་ནག་ཅན་དུ་གྲགས་ཟེར་ཡང་། ཀརྨ་པཀྵི་ལ་ཧོར་རྒྱལ་པོས་ལས་ཞྭ་ནག་པོ་ཞིག་ཕུལ་བས་དེ་ཕྱིན་གྱི་སྐྱེ་བརྒྱུད་རྣམས་ལ་ཞྭ་ནག་ཅན་དུ་གྲགས་པར་ངེས། འོན་ཏེ་ཀརྨ་ཀམ་ཚང་གི་བརྒྱུད་འཛིན་པ་ཚོས་ཞྭ་ནག་འདི་རྗེ་དུས་གསུམ་མཁྱེན་པ་ལ་མཁའ་འགྲོ་མ་བྱེ་བ་འབུམ་གྱི་དབུ་སྐྲ་ལས་བྱས་ནས་ཕུལ་བ་ཡིན་ཟེར་གྱི་ཡོད། དེ་བཞིན་དུ་རྟོགས་ལྡན་གྲགས་སེང་ལ་ལས་ཞྭ་དམར་པོ་བྱུང་བས་དེའི་བརྒྱུད་པ་ལ་ཞྭ་དམར་བ་ཟེར་བར་མངོན།
སྤོམ་བྲག་པའི་སློབ་མ་ཀརྨ་པཀྴི་སྟེ། ལ་ལས་དུས་གསུམ་མཁྱེན་པའི་སྐུ་སྐྱེ་ཡིན་ཟེར་ཡང་ས་ར་ཧའི་རྣམ་འཕྲུལ་དུ་གྲགས་པ་ལས་རྗེ་དུས་གསུམ་མཁྱེན་པའི་སྐུ་སྐྱེ་ཡིན་པ་ལོ་རྒྱུས་ཁུངས་མ་རྣམས་སུ་མི་སྣང་ཡང་དེང་ཡོངས་གྲགས་སུ་ཀརྨ་པའི་རབས་གཉིས་པར་འདྲེན། པཀྴི་ཞེས་པ་སོག་སྐད་དུ་སློབ་དཔོན་ལ་གོ ཁོང་ནི་རབ་བྱུང་གསུམ་པའི་ཤིང་བྱི་སྤྱི་ལོ་1204ལོར་མདོ་ཁམས་དམ་པ་ཆོས་ཕྱུག་གི་ཡུལ་དུ་ཡབ་རྒྱ་དབང་ཚུར་ཚ་དང་། ཡུམ་སེང་བཟའ་ཨ་སྐྱིད་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་ལྔ་ནས་བཅུའི་བར་འབྲི་ཀློག་སྦྱངས། དགུང་ལོ་བཅུ་གཅིག་པར་རབ་ཏུ་བྱུང་བའི་མཚན་ཆོས་ཀྱི་བླ་མར་གསོལ། ཀཿཐོག་བྱམས་པ་འབུམ་ལས་དགེ་སློང་གི་སྡོམ་པ་བཞེས། སྐུ་འདའ་ཁར་གྲུབ་ཐོབ་ཨོ་རྒྱན་པ་ལས་གདན་ས་གཏད་ཅིང་། ཉི་མ་ལ་སྟོད་ཕྱོགས་ནས་ཞྭ་ནག་པོའི་བརྒྱུད་པ་འཛིན་པ་ཞིག་འོང་། དེའི་བར་དུ་རྒྱལ་ཚབ་མཛོད་ཅེས་ཞྭ་ནག་གསེར་མདངས་ཅན་ཨོ་རྒྱན་པའི་དབུ་ལ་བསྐོན། དེ་ནས་མི་རིང་བར་རབ་བྱུང་ལྔ་པའི་ཆུ་ལུག་སྤྱི་ལོ་1283ལོར་སྐུ་མྱ་ངན་ལས་འདས་ཏེ་སྐུའི་སྐྱེ་བ་ལ་སྟོད་མི་ལའི་འཁྲུངས་ཡུལ་དུ་བྱོན་པ་ནི་སྤྲུལ་སྐུ་རང་བྱུང་རྡོ་རྗེའོ། རྗེ་འདིས་ཟབ་མོ་ནང་དོན་དང་། རྩིས་ཀུན་ལས་བཏུས་པ། ཆོས་དབྱིངས་བསྟོད་པའི་འགྲེལ་པ། རྒྱུད་བླ་མའི་ས་བཅད། དོན་འགྲེལ་སོགས་བསྟན་བཅོས་མང་དུ་བརྩམས། ཀརྨ་སྙིང་ཐིག་ཅེས་པའི་དགོངས་གཏེར་ཡང་འབྱུང་། ནང་བརྟག་རྒྱུད་གསུམ་རྩལ་དུ་བཏོན་ནས་འཆད་པའི་སྲོལ་གཏོད། འཇམ་དབྱངས་གོང་མ་ཆེན་པོའི་དབུའི་མཆོད་གནས་སུ་ཕེབས་པ་སོགས་མཛད་རྗེས་ཤིན་ཏུ་ཆེ། འདི་ནི་བོད་ཡུལ་དུ་བླ་མ་གོང་མའི་སྐུ་སྐྱེ་ངོས་འཛིན་བྱེད་པའི་ཐོག་མ་ཡིན། དེ་ནས་སྤྲུལ་སྐུ་རིམ་པར་བྱོན་པ་སྟེ། བཞི་པ་རོལ་པའི་རྡོ་རྗེ། ལྔ་པ་དེ་བཞིན་གཤེགས་པ། དྲུག་པ་མཐོང་བ་དོན་ལྡན། བདུན་པ་ཆོས་གྲགས་རྒྱ་མཚོ། བརྒྱད་པ་མི་བསྐྱོད་རྡོ་རྗེ། དགུ་པ་དབང་ཕྱུག་རྡོ་རྗེ། བཅུ་པ་ཆོས་དབྱིངས་རྡོ་རྗེ། བཅུ་གཅིག་པ་ཡེ་ཤེས་རྡོ་རྗེ། བཅུ་གཉིས་པ་བྱང་ཆུབ་རྡོ་རྗེ། བཅུ་གསུམ་པ་བདུད་འདུལ་རྡོ་རྗེ། བཅུ་བཞི་པ་ཐེག་མཆོག་རྡོ་རྗེ། བཅོ་ལྔ་པ་མཁའ་ཁྱབ་རྡོ་རྗེ། བཅུ་དྲུག་པ་རང་བྱུང་རིག་པའི་རྡོ་རྗེ། བཅུ་བདུན་པ་ཨོ་རྒྱན་འགྲོ་འདུལ་འཕྲིན་ལས་རྡོ་རྗེ་རྣམས་རིམ་པར་ཙམ།
ཞྭ་དམར་གྱི་བརྒྱུད་པ་ནི། རྗེ་བཙུན་ཏིལླི་པའི་སློབ་མ་ཁོལ་པོ་དགའ་ཞེས་པ་ཚེ་འཕོས་ནས། ནཱ་རོ་པའི་སློབ་མ་ཛ་ལནྡྷ་རར་སྐྱེས་པ་བྲམ་ཟེ་ཀུན་རིག་བྱ་བ་ཞིག་བོད་དུ་འོངས་ནས་རྗེ་བཙུན་མི་ལ་དང་མཇལ། བལ་བོད་མཚམས་སུ་དཀའ་ཐུབ་ལ་གནས་པ་སླར་ཚེ་འཕོས་ཏེ། ཚུལ་ཁྲིམས་དཔལ་ཞེས་གྲགས། མཉམ་མེད་དྭགས་པོ་ལྷ་རྗེ་དང་རས་ཆུང་བའི་སློབ་མར་གྱུར། དེའི་སྐུ་སྐྱེ་དགེ་སློང་ནམ་མཁའ་རྗེ་དུས་གསུམ་མཁྱེན་པའི་སློབ་མ་ཡིན། དེའི་སྐུ་སྐྱེ་བཀྲ་ཤིས་གྲགས་ཀརྨ་པཀྵིའི་སློབ་མར་གྱུར། དེའི་སྐུ་སྐྱེ་རྟོགས་ལྡན་གྲགས་པ་སེང་གེའམ་འབྲང་དགུ་རས་པ་སྟེ། རྗེ་རང་བྱུང་རྡོ་རྗེའི་ཐུགས་སྲས་ཀྱི་གཙོ་བོར་གྱུར། མདོ་སྔགས་ཀྱི་གཞུང་དང་གདམས་པ་རྒྱ་ཆེན་གསན་ཞིང་། ལུང་རྟོགས་ཀྱི་ཡོན་ཏན་མཐའ་ཡས་པ་མངའ། ཁོང་ལ་སློབ་མ་གཡག་སྡེ་པཎ་ཆེན་སོགས་མང་དུ་བྱུང་། ཞྭ་དམར་པ་ཞེས་པ་ནི། རྟོགས་ལྡན་གྲགས་པ་སེང་གེ་ལ་ཀརྨ་པ་རང་བྱུང་རྡོ་རྗེས་རང་ཉིད་ཀྱི་དབུ་ཞྭ་དང་དབྱིབས་འདྲ་ལ་མདོག་དམར་པོ་ཞིག་བསྩལ་བས་དེ་ལྟར་ཐོགས། ཀརྨ་པཀྵིའི་ལུང་དུ་ཞྭ་དམར་སྐུ་ཕྲེང་ཉི་ཤུ་རྩ་གཅིག་བར་བྱོན་པ་གསལ། ད་བར་ཁྱོན་སྐུ་ཕྲེང་བཅུ་གཉིས་བྱོན་པ་ལས། སྐུ་ཕྲེང་བཅུ་གཅིག་པར་ཞྭ་དམར་གྱི་མཚན་གནས་ཐོབ་མེད། རྟོགས་ལྡན་གྲགས་པ་སེང་གེ་ནས་རིམ་པར། སྐུ་ཕྲེང་གཉིས་པ་མཁའ་སྤྱོད་དབང་པོ། གསུམ་པ་ཆོས་དཔལ་ཡེ་ཤེས། བཞི་པ་ཆོས་གྲགས་ཡེ་ཤེས། ལྔ་པ་དཀོན་མཆོག་ཡན་ལག །དྲུག་པ་ཆོས་ཀྱི་དབང་ཕྱུག །བདུན་པ་དཔལ་ལྡན་ཡེ་ཤེས་སྙིང་པོ། བརྒྱད་པ་ཆོས་ཀྱི་དོན་གྲུབ། དགུ་པ་དཀོན་མཆོག་དགེ་བའི་འབྱུང་གནས། བཅུ་པ་མི་ཕམ་ཆོས་གྲུབ་རྒྱ་མཚོ། བཅུ་གཅིག་པ་འཇམ་དབྱངས་རིན་པོ་ཆེ། བཅུ་གཉིས་པ་མི་ཕམ་ཆོས་ཀྱི་བློ་གྲོས་བཅས་ཁྱོན་སྐུ་ཕྲེང་བཅུ་གཉིས་བྱུང་བ་རྣམས་རྒྱལ་དབང་ཀརྨ་པའི་ཕྲིན་ལས་ཀྱི་བྱེད་པོ་སངས་རྒྱས་འོད་དཔག་མེད་པའི་རྣམ་སྤྲུལ་དུ་ངོས་འཛིན་གནང་སྲོལ་ཡོད།
དེ་དག་གི་སྟེང་དུ། ༡ ཕྱག་ན་རྡོ་རྗེའི་རྣམ་སྤྲུལ་རྒྱལ་ཚབ་གོ་ཤྲི་དཔལ་འབྱོར་དོན་གྲུབ་ཀྱིས་སྤྱི་ལོ་1453ལོར་ཀརྨ་སྐུ་ཕྲེང་དྲུག་པ་མཐོང་བ་དོན་ལྡན་སྐུ་གཤེགས་རྗེས་ཀརྨ་པའི་སྒར་ཆེན་འཛམ་གླིང་རྒྱན་གྱི་དབུས་སུ་ཀརྨ་པའི་རྒྱལ་ཚབ་ཏུ་བཞུགས་ནས་སྒར་གྱི་འཛིན་སྐྱོང་གནང་བས་མཚུར་ཕུ་རྒྱལ་ཚབ་ཅེས་པའི་མཚན་ཐོགས། གོ་ཤྲི་དཔལ་འབྱོར་དོན་གྲུབ་ནས་ད་ལྟའི་རྒྱལ་ཚབ་གྲགས་པ་བསྟན་པ་ཡར་འཕེལ་བར་གོ་ཤྲཱི་སྐུ་ཕྲེང་བཅུ་གཉིས་བྱོན་པ་སྟེ། སྐུ་ཕྲེང་དང་པོ་གོ་ཤྲཱི་དཔལ་འབྱོར་དོན་གྲུབ། གཉིས་པ་བཀྲ་ཤིས་རྣམ་རྒྱལ། གསུམ་པ་གྲགས་པ་དཔལ་འབྱོར། བཞི་པ་གྲགས་པ་དོན་གྲུབ། ལྔ་པ་གྲགས་པ་མཆོག་དབྱངས། དྲུག་པ་ནོར་བུ་བཟང་པོ། བདུན་པ་དཀོན་མཆོག་འོད་ཟེར། བརྒྱད་པ་ཆོས་དཔལ་བཟང་པོ། དགུ་པ་གྲགས་པ་ཡེ་ཤེས། བཅུ་པ་འཇམ་དཔལ་བཟང་པོ། བཅུ་གཅིག་པ་གྲགས་པ་རྒྱ་མཚོ། བཅུ་གཉིས་པ་གྲགས་པ་བསྟན་པ་ཡར་འཕེལ་བཅས་དང་།
༢ རྒྱལ་བ་བྱམས་པའི་རྣམ་སྤྲུལ་སི་ཏུ་རིན་པོ་ཆེ་ནི། ཀརྨ་དེ་བཞིན་གཤེགས་པ་སྤྱི་ལོ་1407ལོར་རྒྱ་ནག་ཏཱ་མིང་གཡུང་ལོ་རྒྱལ་པོས་གདན་ཞུས་ལྟར་པེ་ཅིན་དུ་ཕེབས་སྐབས་སྒར་ཆེན་ནས་སྐུ་འཁོར་ཧྲག་བསྡུས་ཤིག་ཕེབས་པའི་གྲལ་དུ་སི་ཏུ་ཆོས་ཀྱི་རྒྱལ་མཚན་ཡང་ཕེབས་པར་རྒྱ་ནག་པས་ཀྭན་ཏིང་ཏཱ་སི་ཏུ་ཞེས་པའི་མཚན་གསོལ། སི་ཏུ་ཆོས་ཀྱི་རྒྱལ་མཚན་ནས་ད་བར་ཆོས་ཀྱི་སྤྱན་ཅན་དྲུག་དང་པདྨའི་ལྗགས་ལྡན་དྲུག་བཅས་ཁྱོན་སྐུ་ཕྲེང་བཅུ་གཉིས་བྱོན་པ་སྟེ། སྐུ་ཕྲེང་དང་པོ་ཆོས་ཀྱི་རྒྱལ་མཚན། གཉིས་པ་བཀྲ་ཤིས་རྣམ་རྒྱལ། གསུམ་པ་བཀྲ་ཤིས་དཔལ་འབྱོར། བཞི་པ་མི་འཁྲུགས་ཆོས་ཀྱི་གོ་ཆ། ལྔ་པ་དགེ་ལེགས་དཔལ་བཟང་། དྲུག་པ་མི་ཕམ་འཕྲིན་ལས་རབ་བརྟན། བདུན་པ་ལེགས་བཤད་སྨྲ་བའི་ཉི་མ། བརྒྱད་པ་ཆོས་ཀྱི་འབྱུང་གནས། དགུ་པ་པདྨ་ཉིན་བྱེད། བཅུ་པ་པདྨ་ཀུན་བཟང་། བཅུ་གཅིག་པ་པདྨ་དབང་མཆོག་རྒྱལ་པོ། བཅུ་གཉིས་པ་པདྨ་དོན་ཡོད་བཅས་པ།
༣ རྒྱལ་བ་ཀརྨ་པའི་འཕྲིན་ལས་འཛིན་པ་གནས་ནང་དཔའ་བོ་སྐུ་ཕྲེང་རིམ་བྱོན་ཏེ། སྐུ་ཕྲེང་དང་པོ་ཆོས་དབང་ལྷུན་གྲུབ། གཉིས་པ་གཙུག་ལག་ཕྲེང་བ། གསུམ་པ་གཙུག་ལག་རྒྱ་མཚོ། བཞི་པ་གཙུག་ལག་ཀུན་ཏུ་བཟང་པོ། ལྔ་པ་ཕྲིན་ལས་རྒྱ་མཚོ། དྲུག་པ་གཙུག་ལག་དོན་གྲུབ། བདུན་པ་གཙུག་ལག་དགའ་བའི་དབང་པོ། བརྒྱད་པ་གཙུག་ལག་ཆོས་ཀྱི་རྒྱལ་པོ། དགུ་པ་གཙུག་ལག་ཉིན་བྱེད་དབང་པོ། བཅུ་པ་གཙུག་ལག་སྨྲ་བའི་དབང་ཕྱུག །བཅུ་གཅིག་པ་གཙུག་ལག་སྨྲ་བའི་སྒྲ་དབྱངས་བཅས་ད་བར་སྐུ་ཕྲེང་བཅུ་གཅིག་བྱོན་པ་རྣམས།
༤ ཀརྨ་པའི་ཞབས་དྲུང་ཏྲེ་ཧོ་རིན་པོ་ཆེ་ན་རིམ་ལ་ཏྲེ་ཧོ་ཞེས་ཐོགས་དོན་ནི། མཚུར་ཕུ་དགོན་དུ་ཁམས་ཏྲེ་ཧོའི་ལས་ཚན་ཞིག་ཡོད་པ་དེར་རྒྱུན་བཞུགས་མཛད་པས་སམ། སྐུ་ཕྲེང་དང་པོ་ཁམས་ཟླ་རྒྱུད་དུ་འཁྲུངས་པ་ཏྲེ་ཧོའི་ཁོངས་སུ་གཏོགས་པས་སོ། ཏྲེ་ཧོ་སྐུ་ཕྲེང་དང་པོ་མཁས་གྲུབ་ཆོས་ཀྱི་རྒྱ་མཚོ་ནས་རིམ་པར། སྐུ་ཕྲེང་གཉིས་པ་དཔག་བསམ་དབང་པོ། གསུམ་པ་ཀརྨ་བསྟན་འཛིན་དར་རྒྱས། བཞི་པ་བྱང་ཆུབ་ཆོས་ཀྱི་སྙིང་པོ། ལྔ་པ་ཆོས་ཀྱི་དབང་པོ། དྲུག་པ་ཆོས་ཀྱི་ནོར་བུ། བདུན་པ་ཆོས་ཀྱི་སྣང་བ། བརྒྱད་པ་ཕྲིན་ལས་དབང་པོ། དགུ་པ་ཀརྨ་ངེས་དོན་ཆོས་ཀྱི་སེང་གེ །བཅུ་པ་བསྟན་འཛིན་འཇིགས་མེད་ཆོས་དབྱིངས་བཅས་སྐུ་ཕྲེང་བཅུ་བྱོན། དེ་ལྟར་ཡབ་སྲས་རྣམ་པ་ལྔ་སྟེ་ཀརྨ་ཞྭ་དམར་ནག་གཉིས་ཀྱི་སྐུ་ཕྲེང་རིམ་བྱོན། མཚུར་ཕུ་རྒྱལ་ཚབ་སྐུ་ཕྲེང་རིམ་བྱོན། སི་ཏུ་སྐུ་ཕྲེང་རིམ་བྱོན། ཀོང་སྤྲུལ་སྐུ་ཕྲེང་རིམ་བྱོན་བཅས་ནི་ཨོ་རྒྱན་ཆེན་པོའི་གཏེར་ལུང་དུ་མ་ནས་ལུང་གིས་ཟིན་པ་ཙམ་དུ་མ་ཟད། མཐོང་ཐོས་དྲན་རེག་ཐམས་ཅད་ཕྱིར་མི་ལྡོག་པའི་ས་ལ་སྦྱོར་བའི་བསྟོད་བསྔགས་ཆེ་བརྗོད་མང་དུ་མཛད།
དེ་དག་ལས་ཀརྨ་དེ་བཞིན་གཤེགས་པའི་དངོས་སློབ་མཁའ་འགྲོ་སྙིང་ཏིག་ལ་གྲུབ་པ་ཐོབ་པ་རྨ་སེ་བློ་གྲོས་རིན་ཆེན་ལ་བདེ་མཆོག་མཁའ་འགྲོ་སྙན་བརྒྱུད་ནོར་བུ་སྐོར་གསུམ་གྱི་བཀའ་བབས། ཁོང་ཉིད་སངས་རྒྱས་ཞིག་ཆེན་གྱི་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་ནས་ཚོགས་གར་ཆེན་པོའི་སྲོལ་གཏོད། ཟུར་མང་གི་གདན་ས་བཏབ་ནས་ཟུར་མང་བཀའ་བརྒྱུད་དང་། རྗེ་དགུ་པའི་ཐུགས་སྲས་ཞྭ་དམར་དྲུག་པ་གར་དབང་ཆོས་ཀྱི་དབང་ཕྱུག་གི་སློབ་མ་ཀརྨ་ཆགས་མེད་དེ་ཉིད་གསར་རྙིང་དཀྱིལ་འཁོར་རབ་འབྱམས་ཀྱི་བསྙེན་སྒྲུབ་རྣམ་ཐར་བཞི་མཐར་ཕྱིན། གཏེར་ཆེན་མང་པོའི་ཆོས་བདག་ཏུ་མངའ་གསོལ་བའི་མཛད་པ་མང་དུ་མཆིས། དམ་ཆོས་ཀྱི་འཕྲིན་ལས་གྲུབ་མཐའ་ཡོངས་ལ་ཁྱབ་པ་དེའི་ཆོས་བརྒྱུད་ལ་གདན་སའི་མཚན་ལས་གནས་མདོ་བཀའ་བརྒྱུད་དུ་གྲགས་ཏེ། དེ་གཉིས་ནི་ཀརྨ་ཀཾ་ཚང་གི་ཡན་ལག་བཀའ་རྙིང་ཆུ་བོ་གཅིག་འདྲེས་ཀྱི་གྲུབ་མཐའ་ད་ལྟའང་རང་རྐང་ཚུགས་པར་བཞུགས་ཤིང་། གཞན་ཡང་ཡབ་སྲས་དེ་དག་གི་སློབ་མ་མཚུར་ཕུ་འཇམ་དབྱངས་ཆེན་པོ། འགོས་ལོ་གཞོན་ནུ་དཔལ། འཇམ་མགོན་བློ་གྲོས་མཐའ་ཡས། བེ་རུ་མཁྱེན་བརྩེ་རིན་པོ་ཆེ་སོགས་བཤད་པ་གཙོ་བོར་མཛད་པའི་མཁས་གྲུབ་རྣམས་དང་། གཉན་རས་དགེ་འདུན་འབུམ། ཡང་རིའི་རྟོགས་ལྡན་བརྒྱད་ཅུ། ཙཱ་རི་རྟོགས་ལྡན་སོགས་མཁས་དང་གྲུབ་པའི་ཚོགས་དེང་གི་བར་རྒྱུན་མ་ཆད་པས་བསྟན་འགྲོའི་དོན་མཛད་པའི་གདན་ས་ནི་སྟོད་ལུང་མཚུར་ཕུ། ཀརྨ་རི་གླིང་། ཀཾ་པོ་གནས་ནང་སྟེ་སྐུ་གསུང་ཐུགས་ཀྱི་འཁོར་ལོ་གསུམ། ཤར་ཕྱོགས་སྤུངས་རི་དང་། ཏྲེ་ཀཾ་ཁྱིམ་ཡོན་ཏན་གྱི་གནས། འཕར་ར་དང་གྲྭ་མ་གྲུ་བཞི་འཕྲིན་ལས་ཀྱི་གནས་ཏེ། དེ་ལས་གྱེས་པའི་དགོན་གནས་དང་གཙུག་ལག་ས་ཆ་མང་པོར་ཁྱབ་ཅིང་། བཤད་སྒྲུབ་ཀྱི་འཕྲིན་ལས་དར་ཞིང་རྒྱས་སོ།
།འོན་ཀྱང་ཀརྨ་མི་བསྐྱོད་རྡོ་རྗེ་དང་། དཔའ་བོ་གཙུག་ལག་ཕྲེང་བ། འབྲུག་པ་པདྨ་དཀར་པོ་སོགས་ཀྱི་དུས་ལ་རིག་གཞུང་འཆད་ཉན་རྒྱ་ཆེར་མཛད་པར་བརྟེན། ཕྱིས་ཐ་སྙད་ཀྱི་སྤྲོས་པ་ལ་དབུ་འཁོར་ནས་སྔོན་གྱི་སྒྲུབ་ཚིགས་བཟང་པོ་དེ་ཅུང་ཟད་ཉམས་པ་ཐུའུ་བཀྭན་རིན་པོ་ཆེས་གསུངས་པ་དང་། ལྷག་དོན་བཀའ་དགེའི་ཆོས་བརྒྱུད་གཉིས་ཀྱི་དབར་འཇིག་རྟེན་སྲིད་ལུགས་ཀྱི་གོ་བབས་ལ་འཁྲུག་པའི་ལོ་རྒྱུས་ཀྱི་སྐྱོ་གར་དང་། ཞྭ་དམར་ཆོས་གྲུབ་རྒྱ་མཚོས་གོར་དམག་དང་ངན་འབྲེལ་གྱིས་བཀྲ་ཤིས་ལྷུན་པོ་དགོན་གྱི་ནང་རྟེན་མང་དག་ཅིག་བརྐུ་འཁྱེར་བྱས་པས་ཞྭ་དམར་བའི་ཕྱིས་ཀྱི་ཡང་སྲིད་ངོས་འཛིན་བྱེད་མི་ཆོག་པ་དང་། ཡངས་ཅན་དགོན་པ་དགེ་ལུགས་སུ་བསྒྱུར་བ་སོགས་ཀྱིས་རྐྱེན་པས་ཆོས་བརྒྱུད་འདིར་ཡང་གྱོང་གུན་ཚབས་ཆེན་ཕོག །ད་ལྟའི་ཆར་ཀུན་མཁྱེན་ཆོས་ཀྱི་འབྱུང་གནས་སྐུ་ཕྲེང་རིམ་བྱོན་རྣམས་དང་། འཇམ་མགོན་བློ་གྲོས་མཐའ་ཡས་སྐུ་ཕྲེང་རིམ་བྱོན་སོགས་ཀྱི་བཀའ་དྲིན་ལ་བརྟེན་ནས་བསྟན་པའི་མེ་རོ་མདོ་ཁམས་སྨད་ནས་གསོས་ཤིང་། ཤར་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་གསར་བསྐྲུན་གནང་སྟེ་བཤད་སྒྲུབ་གཉིས་ཀའི་རྒྱུན་སླར་གསོ་འབྱུང་བཞིན་ཡོད་དོ།
II.1.2.2 Phagdru Kagyü
།གཉིས། ཕག་གྲུ་བཀའ་བརྒྱུད།
ཕག་གྲུ་བཀའ་བརྒྱུད་ནི། མཉམ་མེད་དྭགས་པོ་ལྷ་རྗེའི་སྲས་ཀྱི་ཐུ་བོ་བཀའ་བརྒྱུད་ཀྱི་བདག་པོར་དབང་བསྐུར་བ་རྒྱལ་བ་ཕག་མོ་གྲུ་པ་ལས་བརྒྱུད་པ་སྟེ། དེ་ནི་མདོ་ཁམས་སྡེ་དགེའི་སའི་ཆ་རྨེ་ཤོད་རྟག་ངོས་སབ་ཁང་སྟེ་དེང་སྡེ་དགེ་རྫོང་དཔེ་ཝར་ཡུལ་ཤོག་སྦས་མོ་གྲོང་ཚོའི་ཁོངས་སུ་ཡབ་ཝ་ནེ་ཨ་ཐར་དང་། ཡུམ་བཙུན་ནེ་གཉིས་ཀྱི་སྲས་སུ་རབ་བྱུང་གཉིས་པའི་ལྕགས་སྟག་སྤྱི་ལོ་1110ལོར་སྐུ་འཁྲུངས། དགུང་ལོ་དགུ་པར་བྱ་ཁྱི་ལྷ་ཁང་གི་མཁན་པོ་ལྷིང་ངེ་བ་ཚུལ་ཁྲིམས་འབར་དང་། སློབ་དཔོན་འོད་ཟེར་རྒྱལ་མཚན་ལས་རབ་ཏུ་བྱུང་། མཚན་རྡོ་རྗེ་རྒྱལ་པོར་གསོལ། ཡི་གེ་དང་ལྷ་བྲིས་མ་བསླབས་པར་མཁྱེན། མདོ་ཁམས་སུ་ལོ་ཉི་ཤུ་ལྷག་ཙམ་བཞུགས་རིང་སློབ་དཔོན་བཅུ་དྲུག་ཙམ་བསྟེན་ནས་མདོ་སྔགས་ཀྱི་ཆོས་ལ་གསན་བསམ་ལེགས་པར་མཛད། སྤྱོད་འཇུག་ལ་བཤད་པ་འགའ་རེ་ཡང་མཛད། དགུང་ལོ་ཉེར་གཉིས་པར་དབུས་སུ་བྱོན། སྟོད་ལུང་དུ་དགེ་བཤེས་རྒྱ་དམར་བ་དང་། ཕུ་པ་ཆོས་ཀྱི་སེང་གེ་གཉིས་ལ་ཆོས་གསན། དགུང་ལོ་ཉི་ཤུ་རྩ་ལྔ་པ་ལ་ཟུལ་ཕུར་བྱ་འདུལ་འཛིན་པས་མཁན་པོ། རྒྱ་དམར་བས་ལས་སློབ། ཨར་གྱིས་གསང་སྟོན་མཛད་ནས་བསྙེན་པར་རྫོགས། མཁན་སློབ་ལས་འདུལ་བ། གསང་སྟོན་ལས་ཕར་ཕྱིན། མྱང་བྲན་ལ་སྤྱོད་འཇུག་སོགས་གསན་པས་མཁས་པའི་རྩེ་མོར་སོན། གཞན་ཡང་དམར་ཆོས་རྒྱལ་དང་། དཔལ་ཆེན་རྒ་ལོ། ས་ཆེན་ཀུན་དགའ་སྙིང་པོ། འཛིམས་ལོ་ཙཱ་བ། བྱང་སེམས་ཟླ་བ་རྒྱལ་མཚན་སོགས་བསྟེན་ནས་མདོ་སྔགས་ཀྱི་གདམས་པ་མང་དུ་གསན་ཞིང་མཁས་པར་གྱུར་པས་དགེ་བཤེས་ཁམས་པ་ཞེས་སྙན་གྲགས་ཇེ་ཆེར་རྒྱས། དགུང་ལོ་ཞེ་གཅིག་པ་སྤྱི་ལོ་1151ལོར་བླ་མ་ཞང་དང་མཉམ་དུ་སྒམ་པོར་བྱོན་ནས་མཉམ་མེད་དྭགས་པོའི་དྲུང་དུ་གདམས་ངག་གསན་པས་ཕྱག་རྒྱ་ཆེན་པོའི་རྟོགས་པ་མཆོག་ཏུ་གྱུར། ད་རྗེས་དཔལ་ལྡན་ཕག་མོ་གྲུ་ཡི་ནགས་ཁྲོད་དུ། །སྐལ་ལྡན་གདུལ་བྱ་མང་པོ་སྨིན་མཛད་ཅིང་ཞེས་གསུངས་པ་ལྟར་དགུང་ལོ་ཞེ་དགུར་ཕེབས་པ་རབ་བྱུང་གསུམ་པའི་ས་སྟག་སྤྱི་ལོ་1158ལོར་ཕག་གྲུའི་གདན་ས་མཐིལ་བཏབ་སྟེ་མཉམ་མེད་དྭགས་པོ་ལྷ་རྗེའི་གདམས་པ་གཙོ་བོར་གྱུར་བའི་མདོ་སྔགས་ཀྱི་འཆད་ཉན་རྒྱ་ཆེར་སྤེལ་བའི་རིང་ལུགས་ཐུན་མོང་མ་ཡིན་པ་དེ་ལ་ཕག་གྲུ་བཀའ་བརྒྱུད་ཅེས་པའི་མཚན་ཐོགས། གདན་ས་དེར་ལོ་བཅུ་གསུམ་བཞུགས་རིང་གྲུབ་པ་ཐོབ་པའི་སློབ་མ་སྐྱེས་མཆོག་དུ་མ་དམ་པའི་ཆོས་ཀྱིས་ཚིམས་པར་མཛད་ནས། གྲྭ་པ་བརྒྱད་བརྒྱ་ལ་གདུགས་ཐོགས་པ་ལྔ་བརྒྱ་ཞེས་སུ་གྲགས་པ་ལྟར་སློབ་མ་གྲངས་ལས་འདས་པ་བྱུང་། ལྗགས་རྩོམ་ལ་གསུང་འབུམ་པོད་བཞི་ཡོད། དགུང་ལོ་རེ་གཅིག་པ་རབ་བྱུང་གསུམ་པའི་ལྕགས་སྟག་སྤྱི་ལོ་1170ལོར་སྐུ་གཤེགས།
སློབ་མ་རྣམས་ལས་ཁྱད་པར་དུ་འཕགས་པའི་བུ་ཆེན་ནི། མོས་གུས་མཐར་ཐུག་སྟག་ལུང་ཐང་པ་བཀྲ་ཤིས་དཔལ། རྟོགས་པའི་མཐར་ཐུག་སྣ་ཕུ་བ་གླིང་རས་པདྨ་རྡོ་རྗེ། ཤེས་རབ་མཐར་ཐུག་སྤར་ཕུ་བ་བློ་གྲོས་སེང་གེ ནུས་པའི་མཐར་ཐུག་མཆན་བུ་རྒྱ་རས་རྣམས་ལ་མཐར་ཐུག་གི་བུ་བཞི་ཟེར། ཟ་ར་བ་སྐལ་ལྡན་ཡེ་ཤེས་སེང་གེ རྟོགས་ལྡན་མི་ཉག་སྒོམ་རིང་། གྲུབ་ཐོབ་ཉག་རེ་སེ་བོ། ཀུན་ལྡན་གཙང་པ་རས་ཆུང་རྣམས་ལ་གདམས་པའི་བུ་བཞི་ཟེར། འབྲི་གུང་འཇིག་རྟེན་མགོན་པོ། བནྡྷ་ཕུག་པ། ཆོས་རྗེ་ལྡུམ། ཆོས་རྗེ་གཏུམ་རྣམས་ལ་རོ་གཅིག་རྟོགས་པ་ཕྱེད་དང་བཞི་ཟེར། གཤེན་དགོན་དཀར་བ། གྱང་ཤན་གྲོང་བ། རྔོག་སེང་གེ་ཁ་པ། རྩི་ལུང་པ་རྣམས་ལ་ཐུགས་ཀྱི་སྲས་བཞི་ཟེར། རིན་པོ་ཆེ་ཤུགས་ཚར་བ། ལྷ་ས་བ་དགེ་འདུན་སྐྱབས། གྲུ་གུ་སྟོན་པ་བློ་གྲོས་སེང་གེ རྒྱན་ཐང་པ་རྣམས་ལ་ཡི་གེ་མའི་བུ་བཞི་ཟེར། བླ་མ་སྨར་པ། ཡེལ་ཕུག་པ། དགྱེར་སྒོམ་པ། དགེ་བའི་བཤེས་གཉེན་སེང་གེ་དཔལ་རྣམས་ལ་ཉེ་བའི་སྲས་བཞི་ཟེར་བ་སོགས་ཀྱི་གྲུབ་པའི་སྐྱེས་བུ་མང་དུ་བྱུང་།
ཕག་གྲུའི་དགོན་གནས་ཀུན་གྱི་གཙོ་བོ་གདན་ས་མཐིལ་དེ་འགྲོ་མགོན་གྱི་རྗེས་སུ་སྐྱུ་ར་རིན་པོ་ཆེས་ཅུང་ཟད་བསྐྱངས། དེ་རྗེས་རླངས་ལྷ་གཟིགས་ཀྱི་གདུང་ལས་འཁྲུངས་པ་སྤྱན་སྔ་གྲགས་པ་འབྱུང་གནས། དེ་ནས་རིམ་བཞིན་རིས་སྔ་ཐོག་བརྡུགས་པ། བཅུ་གཉིས་པ་རིན་ཆེན་རྡོ་རྗེ། རིན་པོ་ཆེ་གྲགས་པ་ཡེ་ཤེས། གཉིས་མཆོད་པ་གྲགས་པ་རིན་ཆེན། ཚེས་བཞི་རྙིང་མ་བ་གྲགས་པ་རྒྱལ་མཚན། བཅུ་གཉིས་གསར་མ་བ་གྲགས་པ་ཤེས་རབ། འདིའི་གཅེན་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་དབུས་གཙང་གི་བདག་པོ་བྱས། ཚེས་བཞི་གསར་མ་བ་གྲགས་པ་བྱང་ཆུབ། འདི་ཉིད་ཀྱི་རྟོགས་བརྗོད་རྒྱལ་བ་ཙོང་ཁ་པས་མཛད་པ་གསུང་ཐོར་བུ་ན་ཡོད། དེ་རྗེས་ཆོས་རྗེ་བསོད་ནམས་རྒྱལ་མཚན། སྤྱན་སྔ་དཔལ་ལྡན་བཟང་པོ། ཉེར་གཉིས་རིན་པོ་ཆེ་སོགས་རིམ་པར་བྱོན། དེ་ལྟར་འབྲི་གུང་སྒོམ་པ་ཤཱཀ་རིན་གྱིས་གདན་ས་དཔལ་གྱི་ཕག་གྲུ་དེ། །ཆུ་མིག་བརྒྱ་རྩའི་མགོ་བོ་ཡིན་ཞེས་གསུངས་པ་ལྟར་ཕག་གྲུའི་གདན་ས་འདི་ལས་བཀའ་བརྒྱུད་པའི་སྡེ་དགོན་དང་། བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་ལས་ཆུང་བ་བརྒྱད་རྣམས་མཆེད་པ་འོག་ཏུ་འཆད་དོ།
II.1.2.3 Tshalpa Kagyü
།གསུམ། ཚལ་པ་བཀའ་བརྒྱུད།
ཞང་ཚལ་པ་ནི། ཞང་འགྲོ་བའི་མགོན་པོ་གཡུ་བྲག་པ་ལས་བརྒྱུད་པ་སྟེ། བླ་མ་ཞང་ནི་སྐྱི་ཤོད་ཀྱི་ངམ་ཤོད་ཚ་གྲུར་ཞང་གི་རིགས་ལས་བྱུང་བའི་ཡབ་སྔགས་འཆང་རྡོ་རྗེ་སེམས་དཔའ་དང་། ཡུམ་མང་སྐྱིད་གཉིས་ཀྱི་སྲས་སུ་བོད་རབ་བྱུང་གཉིས་པའི་ཆུ་སྟག་སྤྱི་ལོ་1122ལོར་སྐུ་བལྟམས། མཚན་དར་མ་ཞེས་གསོལ། དགུང་ལོ་བདུན་ལ་སོན་སྐབས་ཡི་གེ་བསླབས་པས་མྱུར་བར་མཁྱེན། དགུང་ལོ་དགུ་ནས་བཅོ་བརྒྱད་ཀྱི་བར་ལ་མདོ་སྔགས་གཞུང་ལུགས་མང་དུ་གསན་ནས་མཁས་པར་གྱུར། དགུང་ལོ་ཉེར་དྲུག་པ་ལ་བསྙེན་པར་རྫོགས་ཏེ་མཚན་བརྩོན་འགྲུས་གྲགས་པར་བཏགས། དཔལ་ཆེན་རྒ་ལོའི་དྲུང་དུ་ལྷན་ཅིག་སྐྱེས་སྦྱོར་སོགས་ཀྱི་གདམས་ངག་མང་དུ་གསན། དྭགས་པོའི་སློབ་མ་སྒམ་པོ་བ་ཚུལ་ཁྲིམས་སྙིང་པོ་དང་མཇལ་ཏེ་ཕྱག་རྒྱ་ཆེན་པོ་གསན་པས་བཀའ་བརྒྱུད་ཀྱི་བྱིན་རླབས་ཞུགས། ལོ་མང་རིང་རི་ཁྲོད་ངེས་མེད་དུ་སྒོམ་སྒྲུབ་མཛད་པས་སེམས་ཀྱི་ངོ་བོ་རྗེན་པར་གཟིགས། སྐྱི་ཤོད་གུང་ཐང་དུ་གཙུག་ལག་ཁང་ལྷ་ཆེན་དང་བཅས་པ་བཞེངས། སྐུ་ཚེའི་དཀྱིལ་ནས་སྐུ་ཚེའི་སྨད་དུ་མ་སླེབས་བར་ལྷོ་ཁ་དང་འབྲི་གུང༌། འོལ་ཁ་ས་ཁུལ་གྱི་སྒེར་བཙན་དཔོན་རིགས་མང་པོར་དམག་དྲངས་ཏེ་ཁོ་ཚོའི་མི་སྡེ་རྣམས་དབང་འོག་ཏུ་བསྡུས། སྐུ་ཚེའི་སྨད་དུ་ཀརྨ་དུས་གསུམ་མཁྱེན་པས་རེ་འདུན་ཞུས་པ་ལྟར་སྐུ་ཚེ་མ་རྫོགས་བར་དུ་དམག་མཚམས་འཇོག་པ་གནང་། གནས་བདུན་དུ་སྐུའི་འགྱུར་བ་བདུན་བསྟན་ནས་མཚན་བདུན་དུ་ཐོགས། རབ་བྱུང་གསུམ་པའི་མེ་ལུག་སྤྱི་ལོ་1175ལོར་ཚལ་ཡང་དགོན་དང་། དེ་ནས་ལོ་བཅུ་གསུམ་སོང་བ་སྟེ་སྤྱི་ལོ་1187ལོར་གུང་ཐང་གི་དགོན་པ་བཏབ་ནས་ལྷ་ཆེན་དཔལ་འབར་བཞེངས། ཆོས་སྐྱོང་བྱ་རོག་གིས་ཅི་བསྒོ་སྒྲུབ། སྒོམ་པ་ཚུལ་ཁྲིམས་སྙིང་པོའི་བཀའ་བཞིན་ར་ས་འཕྲུལ་སྣང་གཙུག་ལག་ཁང་ཉམས་གསོ་བདག་གཅེས། དུས་ཀྱི་མཆོད་པ་བླ་ན་མེད་པ་སྤྲོས་ཏེ་ཞབས་ཏོག་རྒྱ་ཆེན་པོ་མཛད། ཚལ་དང་། གུང་ཐང་གཉིས་ཀའི་བདག་སྐྱོང་དང་འཆད་ཉན་མི་ཉམས་པར་མཛད། ཁོང་ལ་སྤྱིར་ཆོས་འབྲེལ་ཐོབ་པའི་བླ་མ་བཞི་བཅུ་རྩ་བཞི་དང་། གཙོ་བོའི་བླ་མ་དྲུག་སྟེ། ཙ་མི་སངས་རྒྱས་གྲགས་པ། དཔལ་ཆེན་རྒ་ལོ། གླིང་ཁ་བའི་སློབ་མ་མལ་ཡེར་པ། བྱང་སེམས་འོལ་ཁ་བ། དྭགས་པོ་སྒོམ་པ་ཚུལ་ཁྲིམས་སྙིང་པོ། གྲུབ་ཐོབ་བཻ་རོ་ཙ་ན་སྟེ་དེ་དག་གི་ཡོན་ཏན་བུམ་པ་གང་བྱོའི་ཚུལ་དུ་གསན། རྣམ་པར་དཀར་བའི་འཕྲིན་ལས་མཐའ་ཡས་ཤིང་དགུང་ལོ་དོན་གཉིས་པ་སྟེ་སྤྱི་ལོ་1193ལོར་མྱ་ངན་ལས་འདས། སློབ་མ་མང་དུ་བྱུང་བའི་གཙོ་བོ་ནི་ནམ་མཁའ་འོད་དང་། ཁ་རག་པ་འདུལ་བ་འོད། ལྷ་ཕྱུག་པ་ཉི་ཟླ་འོད། འབྲི་ར་བ་ཤཱཀྱ་འོད་བཅས་ཡིན་ལ། དེ་བཞི་ཀས་དགོན་པ་བཏབ་པས། དེའི་དབོན་པོའི་རིང་ལ་གྲྭ་པ་ཁྲི་ཙམ་ཚོགས་ཟེར། གདན་ས་དངོས་མཉམ་མེད་ཤཱཀྱ་ཡེ་ཤེས་དང་། དེ་ནས་སློབ་དཔོན་བྱང་ཡེས། ལྷ་ཕྱུག་པ་ཉི་ཟླ་འོད། སངས་རྒྱས་འབུམ། སངས་རྒྱས་སྙིང་པོ། སངས་རྒྱས་རས་པ། གསེར་ཁང་སྟེང་པ་སོགས་ཀྱིས་བསྐྱངས། གཞན་ཡང་མར་པ་འོད་སོགས་བསྟན་པ་ལ་བྱ་བ་བྱེད་ནུས་པའི་སྐྱེས་བུ་རིམ་པར་བྱོན་པས་ཚལ་པ་བཀའ་བརྒྱུད་ཅེས་གྲགས་སོ།
།དཔོན་ཆེན་དར་མ་གཞོན་ནུ་དང་། སངས་རྒྱས་དངོས་གྲུབ་སོགས་ཚལ་པའི་དཔོན་ཆེན་རིམ་པས་སྲིད་སྐྱོང་སྐབས་བསྟན་པའང་མ་ཉམས་པར་གནས་ཀྱང་། ཕྱིས་སུ་ཚལ་པའི་སྲིད་ཉམས་ཤིང་གཙུག་ལག་ཁང་རྣམས་ལ་མེ་སྐྱོན་བྱུང་། ད་ལྟ་ནི་སྐུ་གསུང་ཐུགས་ཀྱི་རྟེན་དང་། མགོན་ཁང་སོགས་ཡོད་པ་ཙམ་མོ།
II.1.2.4 Barom Kagyü
།བཞི། འབའ་རོམ་བཀའ་བརྒྱུད།
འབའ་རོམ་བཀའ་བརྒྱུད་ནི། རྗེ་མཉམ་མེད་དྭགས་པོ་ལྷ་རྗེའི་སློབ་མ། གྲུབ་པའི་དབང་ཕྱུག་བརྟུལ་ཞུགས་སྤྱོད་པ་ནག་པོ་བའི་སྐྱེ་བར་གྲགས་པ་འབའ་རོམ་པ་དར་མ་དབང་ཕྱུག་ལས་བྱུང་བ་ཡིན། རྗེ་དར་མ་དབང་ཕྱུག་ནི། ཆོས་བློན་བྲན་ཁ་དཔལ་ཡོན་གྱི་རྒྱུད་དུ་འཕན་ཡུལ་གྱི་ཀ་བ་ཡུལ་སྣར་ཡབ་སྟོན་པ་འབྱུང་གནས་བློ་གྲོས་དང་། ཡུམ་ཇོ་མོ་ལོ་ཆུང་མ་གཉིས་ལ། མེ་མོ་ལུག་སྟེ་སྤྱི་ལོ་1127ལོར་སྐུ་བལྟམས། སྲས་གསུམ་ཡོད་པའི་འབྲིང་པོ་ཡིན། དགུང་ལོ་བརྒྱད་པ་ལ་མཁན་པོ་ཀ་བ་དར་མ་སེང་གེ་དང་། སློབ་དཔོན་དབང་ཕྱུག་གཞོན་ནུ་གཉིས་ལས་རབ་ཏུ་བྱུང་། མཚན་དར་མ་དབང་ཕྱུག་ཏུ་གསོལ། དགེ་བཤེས་བྱ་ཡུལ་བ་དང་། པོ་ཏོ་བའི་བུ་ཆེན་གྲུ་བུ་ལུང་པ་ལ་བཀའ་གདམས་ཀྱི་ཆོས་སྐོར་གསན། དགུང་ལོ་ཉི་ཤུ་རྩ་གཅིག་གི་སྟེང་དུ་རྗེ་དྭགས་པོ་རིན་པོ་ཆེ་དང་མཇལ་ནས་བཀའ་བརྒྱུད་ཀྱི་ཆོས་རྣམས་བུམ་པ་གང་བྱོའི་ཚུལ་དུ་གསན། དཀའ་ཚེགས་མེད་པར་རྟོགས་པ་ཅིག་ཅར་དུ་འཁྲུངས། རྗེ་བཙུན་མི་ལ་སོགས་གཟིགས་སྣང་ཁྱད་པར་ཅན་མང་དུ་གཟིགས། མཉམ་མེད་དྭགས་པོ་རིན་པོ་ཆེས་ཁོང་ལ་ལྷོ་བྲག་མར་པས་བྱིན་གྱིས་བརླབས་པའི་གནས་ཡིན་པས། འབའ་རོམ་དུ་སོང་ལ་སྒྲུབ་པ་གྱིས་གསུངས། གསེར་དང་ཕྱག་དཔེ་སོགས་མང་དུ་སྦྱིན་ནས་དགོན་གནས་འདེབ་པའི་ལུང་བསྟན་གནང་། དྭགས་པོ་རིན་པོ་ཆེ་དགོངས་པ་རྫོགས་རྗེས་སྐུ་འབུམ་མ་ཚར་བར་ཐུགས་ཚིམས་པའི་ཞབས་ཏོག་མཛད། དགུང་ལོ་ཉེར་བརྒྱད་ལ་འབའ་རོམ་དུ་ཕེབས་ནས་ལོ་བདུན་གྱི་བར་སྒྲུབ་པར་ཞུགས། ཡང་ཁམས་སུ་ལན་གསུམ་བྱོན་ནས་ཀོ་མཚོ་དང་ལོ་སྡེའི་དགོན་པ་བཏབ། གདུལ་བྱ་དཔག་མེད་བསྐྱངས། དེ་རྗེས་འབའ་རོམ་དུ་བྱོན་ནས་བྲག་དམར་གྱི་ལོགས་ལ་གཙུག་ལག་ཁང་དང་དགོན་པ་བཏབ། བདེ་སྟོང་ཕྱག་རྒྱ་ཆེན་པོ་ལ་བསྲེ་འཕོ་དང་། གནས་ལུགས་ཕྱག་རྒྱ་ཆེན་པོ་ལ་གསེབ་ལམ་རིག་པ་རྐྱང་འདེད་ཀྱིས་མཚན་གསོལ་བས་སློབ་མ་མང་དུ་འདུས་པ་ལ་ཁྲིད་བཏབ། མཐར་དགུང་ལོ་བདུན་ཅུ་རྩ་གསུམ་ལ་ཕེབས་པ་རབ་བྱུང་གསུམ་པའི་ས་ལུག་སྤྱི་ལོ་1199ལོར་ཞི་བར་གཤེགས། དེ་ལ་བུ་སློབ་ངོ་མཚར་ཅན་མང་དུ་བྱུང་བ་ལས། བུ་ཆེན་བཞི་ནི། རྩེ་འབྲོམ་དབང་ཕྱུག་སེང་གེ་དང་། བྲག་ཀ་ཇོ་བཙུན། བླ་མ་ཆེན་པོ་ལྷོ་པ། སྟོན་པ་རིན་ཆེན་བླ་མ་བཅས་དང་། དེ་དང་ཉེ་བ་བཞི་ནི། བྲག་ཀ་ལྷ་སྟོན། སྒོམ་པ་གཞོན་ནུ་བུ་གྲགས། ཁྱི་མཉེས་ཨཱརྱ་དེ་ཝ། ལྷ་རྗེ་བློ་གྲོས་བཅས། བརྒྱུད་པ་འཛིན་པའི་སྲས་བཞི་ནི། ཏི་ཤྲཱི་རས་པ། བླ་མ་ཉིན་དགོན་པ། བླ་མ་དཔལ་རྒྱལ། སེང་གེ་རྒྱལ་མཚན། དབོན་པོ་ཤེས་རབ་བྱང་ཆུབ་དང་ལྔའོ།
།དེའི་གདན་ས་ལ་གཅུང་ཇོ་བཙུན་ནམ་མཁའ་རྒྱལ་མཚན་བཞུགས་ནས་བླ་མའི་ནང་རྟེན་ལ་གདུང་རྟེན་ཆེན་མོ། སྐུ་ལྡེར་གསུང་བྱོན་མ། མཆོད་ཁང་རྙིང་མ་རྣམས་བཞེངས། གདན་ས་ལོ་བཅུ་མཛད་ནས་ཆུ་ཕོ་འབྲུག་ལ་གཤེགས། དེ་ནས་དབང་ཕྱུག་རྒྱལ་མཚན། ཤེས་རབ་དབང་ཕྱུག །དབང་ཕྱུག་རྒྱལ་པོ། གཞོན་ནུ་ཤེས་རབ་སོགས་དབོན་རྒྱུད་རྣམས་ཀྱིས་གདན་ས་རིམ་པར་མཛད་པ་ཡིན་ལ། བརྒྱུད་འཛིན་དེ་རྣམས་ཀྱི་ནང་ནས་ཁྱད་དུ་འཕགས་པ་ནི་འགྲོ་མགོན་ཏི་ཤྲཱི་རས་པ་ཡིན། འབའ་རོམ་བཀའ་བརྒྱུད་པའི་གདན་ས་ལ་བྱང་འབའ་རོམ་མཚོ་དང་འབའ་རོམ་ལའི་ཉེ་འདབས་སུ་ཡོད་པའི་འབའ་རོམ་སྒོམ་སྡེ་བཅོ་བརྒྱད་རྣམས་ཡོད་ལ། དེ་དག་ཏུ་རང་ལུགས་ཀྱི་ཁྲིད་སྲོལ་ཆོས་བརྒྱུད་མ་ཆད་པར་བཞུགས་ཡོད་པར་གྲགས་སོ།
II.1.2.5 Drikung Kagyü
།ལྔ། འབྲི་གུང་བཀའ་བརྒྱུད།
འབྲི་གུང་པ་ནི། རྗེ་ཕག་མོ་གྲུ་པའི་སློབ་མ། འཕགས་པ་ཀླུ་སྒྲུབ་ཀྱི་རྣམ་སྤྲུལ། མདོ་ཁམས་སྐྱུ་རའི་གདུང་རྒྱུད། རྟེན་འབྲེལ་མཐར་ཕྱིན་སྐྱོབ་པ་འཇིག་རྟེན་མགོན་པོ་ལས་བརྒྱུད་པ་སྟེ། ཁོང་ནི་འཁྲུངས་ཡུལ་འདན་མ། གདུང་རུས་སྐྱུ་ར། རབ་བྱུང་གཉིས་པའི་ཆུ་མོ་ཕག་གི་ལོ་སྟེ་སྤྱི་ལོ་1143ལོར་སྐུ་བལྟམས། གཞོན་ནུའི་དུས་ནས་འགྲོ་མགོན་ཕག་མོ་གྲུ་པའི་དྲུང་དུ་བྱོན། མཚན་རིན་ཆེན་དཔལ་དུ་བཏགས། གདམས་པ་གསན་པས་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་མངོན་སུམ་དུ་གཟིགས་པའི་ཡེ་ཤེས་ཆེན་པོ་ཐུགས་ལ་འཁྲུངས། མཛེ་ནད་ཀྱིས་བསྙུངས་པ་ལ་སྙིང་རྗེ་ཆེན་པོ་བསྒོམས་པས་ཀླུ་གདོན་དེ་ཡང་འཁོར་དང་བཅས་པ་སྐུ་ལུས་ལས་ཐོན་ནས་སོང་བ་གཟིགས་ཤིང་། དེ་མ་ཐག་ཏུ་ནད་ཀྱང་དྲག །དགུང་ལོ་ཉི་ཤུ་རྩ་ལྔ་ལ་སུམ་ཐོག་པས་མཁན་པོ་མཛད་དེ་བསྙེན་པར་རྫོགས། སུམ་ཅུ་རྩ་བདུན་ལ་ཕེབས་པ་རབ་བྱུང་གསུམ་པའི་ས་ཕག་སྤྱི་ལོ་1179ལོར་འབྲི་གུང་མཐིལ་འོག་མིན་བྱང་ཆུབ་གླིང་ཕྱག་བཏབ། རིམ་གྱིས་ཇེ་རྒྱས་སུ་གྱུར་ཏེ་དགེ་འདུན་མཐའ་ཡས་པ་འདུས། གཉོས་རྒྱལ་བ་ལྷ་ནང་པས་ཆོས་སྟོན་དྲངས་པའི་དུས་སུ་འཁོར་ལྔ་ཁྲི་ལྔ་སྟོང་ལྔ་བརྒྱ་ཉི་ཤུ་རྩ་ལྔ་འདུས། དུས་གཅིག་ལ་དགེ་སློང་འབུམ་ཕྲག་གིས་ཚུལ་ཤིང་ལེན་པ་བྱུང་ཞེས་གྲགས་ལ། སྙན་གྲགས་ཀྱི་བ་དན་འཛམ་གླིང་ཁྱོན་ལ་ཁྱབ། དགུང་ལོ་བདུན་ཅུ་རྩ་ལྔ་ལ་ཕེབས་པ་རབ་བྱུང་བཞི་པའི་མེ་གླང་སྤྱི་ལོ་1217ལོར་སྐུ་གཤེགས་པའི་ཚུལ་བསྟན། ཕྱག་རྒྱ་ཆེན་པོ་ལྔ་ལྡན་གྱིས་གཙོས་པའི་གདམས་པས་བསྐྱངས་པའི་སློབ་མ་ཡང་སྤྱན་སྔ་བཞི། གཉོས་འགར་ཆོས་གསུམ། དཔལ་ཆེན་བཅུ་གཉིས་སོགས་མཐའ་ཡས་ཀྱང་། གདན་ས་སྐྱོང་བ་ནི། རྗེ་སྤྱན་སྔ་རིན་པོ་ཆེ། དབོན་རིན་པོ་ཆེ། གཅུང་རིན་པོ་ཆེ། གཉོས་རྒྱལ་བ་ལྷ་ནང་པ། མགར་དམ་པ་ཆོས་སྡིངས་པ། དཔལ་ཆེན་ཆོས་ཡེ། དབོན་ཤེར་འབྱུང་སོགས་སོ།
།ཐུགས་སྲས་སྤྱན་སྔ་གྲགས་པ་འབྱུང་གནས་ནི། །རླངས་ཀྱི་གདུང་རྒྱུད་དུ་རབ་བྱུང་གསུམ་པའི་ཤིང་ལུག་སྤྱི་ལོ་1175ལོར་སྐུ་འཁྲུངས་ཤིང་། རབ་བྱུང་བཞི་པའི་ཤིང་ཡོས་སྤྱི་ལོ་1255ལོར་འདས། རྗེ་འདིས་གདན་ས་མཐིལ་དང་འབྲི་གུང་གཉིས་ཀ་བསྐྱངས། རྗེ་འདིའི་རིང་ལ་འདུས་པ་ཁྲི་ཚོ་བཅོ་བརྒྱད་བྱུང་། དབོན་ཤེར་འབྱུང་ནི་སྐྱོབ་པའི་རུས་དབོན། བླ་མའི་ཞབས་ཏོག་དང་། མཁྱེན་པ་ལ་མཐའ་མེད། སྐྱོབ་པའི་བཞེད་པ་ཁྱད་ཆོས་བརྒྱ་དང་དགུ་བཅུ་པ་དགོངས་གཅིག་ཏུ་གྲགས་པ་ཡི་གེར་བཏབ། དེ་ནས་གདན་རབས་སུམ་ཅུ་ལྷག་གི་རིང་ལ། ནང་བརྟག་རྒྱུད་གསུམ་དང་། བདེ་དགྱེས་གསང་གསུམ་སོགས་ཀྱི་འཆད་ཉན་སྒོམ་སྒྲུབ་དར་ཞིང་རྒྱས་པ་དང་། མཁས་དང་གྲུབ་པའི་སྐྱེས་བུ་མང་དུ་བྱུང་བས། ཕྱག་རྒྱ་ཆེན་པོ་ལྔ་ལྡན་དང་། དམ་ཆོས་དགོངས་པ་གཅིག་པ་སོགས་རང་ལུགས་ཀྱི་ཡིག་ཆ་མང་དུ་བརྩམས། ཕྱིས་མལ་གྲོའི་ཉི་མ་ལྕང་ར་ལ་གཞུང་ཆེན་མོའི་འཆད་ཉན་ཚུགས་པ་དང་། ཕྱག་ཆེན། ཆོས་དྲུག་སོགས་རང་ལུགས་ཀྱི་ཁྲིད་སྲོལ་རྒྱུན་མ་ཆད་པར་བཞུགས་ཡོད་ལ། ད་ལྟའང་དགོན་ལག་དང་ཆོས་བརྒྱུད་ཀྱང་མ་ཉུང་བ་ཙམ་གནས་ཡོད། ཡང་འབྲི་གུང་གདན་རབས་བཅུ་དྲུག་པ་རྒྱལ་བ་རིན་ཆེན་ཕུན་ཚོགས་དང་། ཆོས་ཀྱི་གྲགས་པ་གཉིས་རྙིང་མའི་སྔགས་འཆང་ཆེན་པོར་གྱུར་པས་བཀའ་རྙིང་ཆུ་བོ་གཅིག་འདྲེས་སུ་གྱུར།
II.1.2.6 Drukpa Kagyü
དྲུག །འབྲུག་པ་བཀའ་བརྒྱུད།
འབྲུག་པ་བཀའ་བརྒྱུད་ནི། དཔལ་ལྡན་ཕག་མོ་གྲུ་པའི་སློབ་མ་གླིང་རས་པདྨ་རྡོ་རྗེ་དང་། ཆོས་རྗེ་གཙང་པ་རྒྱ་རས་པ་ལས་བརྒྱུད་པ་སྟེ། གྲུབ་ཐོབ་གླིང་རས་པ་ནི། ཉང་སྟོད་གླིང་སྨད་དུ་ཡབ་སྐྱབ་བེ་དང་ཡུམ་གཟུས་མོ་དར་ཆུང་གཉིས་ཀྱི་སྲས་སུ་རབ་བྱུང་གཉིས་པའི་ས་སྤྲེལ་སྤྱི་ལོ1128ལོར་སྐུ་འཁྲུངས། མཚན་པདྨ་རྡོ་རྗེ་ཞེས་གསོལ། དགུང་ལོ་དགུ་པ་ལ་ཀློག་བསླབས་ནས་འབྲི་ཀློག་ལེགས་པར་མཁྱེན། དགུང་ལོ་བཅུ་བདུན་ལོན་པའི་ཚེ་སློབ་དཔོན་གླིང་ལས་དགེ་བསྙེན་མཛད། དགུང་ལོ་སུམ་ཅུ་རྩ་བརྒྱད་པ་ལ་ཕག་མོ་གྲུ་པ་དང་མཇལ། ཁྲིད་གསན་ཏེ་བསྒོམས་པས་རྟོགས་པ་ཁྱད་པར་ཅན་འཁྲུངས། རྟོགས་པ་ཕུལ་བས་འགྲོ་བའི་མགོན་པོ་ཡང་ཐུགས་དགྱེས། སྤྱིར་རྒྱུད་ཀྱི་རྣམ་བཤད་དང་། སེམས་ཀྱི་རྡོ་རྗེའི་བསྟོད་པ། རྣལ་འབྱོར་འཇུག་པ། བདེ་མཆོག་གི་དཀྱིལ་འཁོར་གྱི་ཆོ་ག་ལ་སོགས་པ་བརྩམས་ཤིང་། བླ་མ་སྒྲུབ་པའི་ཕྱག་བཞེས་ཀྱང་རྗེ་བཙུན་གླིང་ནས་བྱུང་བ་ཡིན། ཕྱིས་སྣ་ཕུ་ཆོས་ལུང་གི་དགོན་པ་རུ། གྲུབ་ཆེན་གླིང་རས་པ་ལ་གསོལ་བ་འདེབས་ཞེས་འཁོད་པ་ལྟར་སྣ་ཕུར་ཆོས་ལུང་དགོན་པའི་གཞི་བཟུང་ནས་འགྲོ་བའི་དོན་རྒྱ་ཆེར་མཛད། དགུང་ལོ་དྲུག་ཅུ་རྩ་གཅིག་པ་སྟེ་རབ་བྱུང་གསུམ་པའི་ས་སྤྲེལ་སྤྱི་ལོ་1188ལོར་དགོངས་པ་རྫོགས།
དེའི་སློབ་མ་གཙོ་བོ་ནི། དཔལ་ནཱ་རོ་པའི་སྤྲུལ་པ་ཆོས་རྗེ་གཙང་པ་རྒྱ་རས་ཡེ་ཤེས་རྡོ་རྗེ་ནི། ཉང་སྟོད་ཁུ་ལེའི་ས་ཆར་རབ་བྱུང་གསུམ་པའི་ལྕགས་སྦྲུལ་སྤྱི་ལོ་1161ལོར་སྐུ་འཁྲུངས། མཚན་གཡུང་དྲུང་དཔལ་དུ་གསོལ། དགུང་ལོ་བཅུ་གཉིས་པ་ལ་གཅེན་པོ་སྐལ་ལྡན་གྱི་དྲུང་དུ་འབྲི་ཀློག་མཁས་པར་བསླབས། བཅུ་གསུམ་པ་ལ་སློབ་དཔོན་རྟ་ཐང་པའི་མདུན་ནས་མངོན་པ་དང་། ཡོ་ག །ཞི་བྱེད་པའི་གདམས་པ་སོགས་ཞུས། བཅོ་ལྔ་པ་ནས་བཟུང་སློབ་དཔོན་མཁར་ལུང་པ་ལོ་བརྒྱད་བསྟེན་ནས་རྫོགས་ཆེན་དང་ཚད་མ་ལ་སོགས་པ་གསན་ཞིང་སྦྱངས་པ་མཐར་ཕྱིན། གྲྭ་བསྐོར་ཡང་མཛད། སློབ་དཔོན་མཉེས་ནས་མཚན་ཤེས་རབ་བདུད་རྩི་འཁོར་ལོ་ཞེས་གསོལ། སྔ་རྗེས་སུ་སློབ་དཔོན་མང་པོ་བསྟེན་ནས་རྫོགས་ཆེན་དང་སྒྱུ་འཕྲུལ། ཐུགས་རྗེ་ཆེན་པོའི་སྐོར་སྤྱོད་དྲུག་སོགས་གསན། ཉེར་གཉིས་པ་ལ་རྗེ་བཙུན་གླིང་རས་པ་ར་ལུང་ན་བཞུགས་པ་དང་མཇལ་ཞིང་དབང་རྒྱུད་གདམས་ངག་མང་དུ་ཞུས། སྣ་ཕུར་སླར་ཡང་གླིང་རས་པ་དང་མཇལ་ནས་ཆོས་དྲུག་དང་། ལྷན་ཅིག་སྐྱེས་སྦྱོར་ལ་སོགས་པའི་གདམས་པ་གསན་པས་ཞག་བདུན་ནས་རས་ཐུབ་པ་བྱུང་། དགུན་འདག་སྦྱར་མཛད་དེ་བསྒོམས་པས་རླུང་ཕྱི་ནང་བསྲེ་ནུས་པ་དང༌། རྩིག་པ་ལ་ཐོགས་པ་མེད་པ་དང་། ཏིང་ངེ་འཛིན་གསལ་སྟོང་ནམ་མཁའ་དང་མཉམ་པ་འཁྲུངས་པ་བླ་མ་ལ་ཞུས་པས། རྗེ་བཙུན་མི་ལར་ཡང་འདི་ལྟར་བྱུང༌། ངོ་མཚར་ཆེ་གསུངས། བླ་མ་ཞང་གིས་མཁན་པོ་མཛད་དེ་ཚིག་རྫོགས་བསྒྲུབས། མཚན་ཡེ་ཤེས་རྡོ་རྗེ་ཞེས་གསོལ། རྗེ་བཙུན་རས་ཆུང་པས་གཏེར་དུ་སྦས་པའི་རོ་སྙོམས་སྐོར་དྲུག་བཏོན། བླ་མ་ཞང་གིས་ལུང་བསྟན་པ་ལྟར་ཀློང་རྡོལ་གྱི་དགོན་པ་བཏབ། ཡང་འབྲུག་ར་ལུང་གཉིས་ཀྱི་དགོན་པ་རུ། འགྲོ་མགོན་གཙང་པ་རྒྱ་རས་ལ་གསོལ་བ་འདེབས་ཞེས་འཁོད་པ་ལྟར་དུ། ཐོག་མར་ཡི་དམ་གྱི་ལུང་བསྟན་ལྟར་རྒྱལ་རྩེ་རྫོང་ལུང་དམར་ཡུལ་ཤོག་ཁོངས་སུ་ར་ལུང་དགོན་ཕྱག་བཏབ། དེ་རྗེས་གླིང་རས་པའི་ལུང་བསྟན་ལྟར་རབ་བྱུང་གསུམ་པའི་ཆུ་གླང་སྤྱི་ལོ་1193ལོར་ཆུ་ཤུར་གྱི་གནམ་ཕུར་འབྲུག་དགོན་པ་བཏབ། དགོན་འདི་གསར་དུ་འདེབས་སྐབས་འབྲུག་སྒྲ་དྲག་པོ་ཐེངས་འགའ་གྲགས་པས་དགོན་པའི་མིང་ལ་འབྲུག་ཅེས་བཏགས་ཤིང་། དེའི་བརྒྱུད་འཛིན་རྣམས་ལ་འབྲུག་པ་ཞེས་ཐོགས། ཁོང་སྐུ་འཚོ་བཞུགས་སྐབས་སློབ་མ་ཁྲི་ཚོ་ལྔ་ཙམ་འཚོགས་ཟེར། དེའི་སློབ་བརྒྱུད་ཀྱིས་བྱ་རྒོད་པོའི་ཉིན་ལམ་བཅོ་བརྒྱད་དུ་ཁྱབ་པ་བྱུང་སྟེ། མི་ཕྱེད་འབྲུག་པ། འབྲུག་ཕྱེད་སྤྲང་པོ། སྤང་ཕྱེད་གྲུབ་ཐོབ་ཅེས་ཀུན་ལ་རླུང་ལྟར་གྲགས། མཐར་དགུང་གྲངས་ལྔ་བཅུ་ང་གཅིག་པ་སྤྱི་ལོ་1211ལོར་དགོངས་པ་གཞན་དོན་དུ་གཤེགས།
རྗེ་འདི་ཉིད་ལ་སྤྱིར་བུ་སློབ་ངོ་མཚར་ཅན་ཉིས་སྟོང་བརྒྱ་བྱོན་པའི་ནང་ནས། སྣང་སེམས་རང་དབང་ཐོབ་པ་བཅུ་གསུམ། གཞན་ཕན་འགྲོ་དོན་བྱེད་པ་བརྒྱ་ཕྲག་གཅིག་བྱོན། དེ་དག་གི་ནང་ནས་དང་པོར་ཆེ་བ་སྤ་རྐྱང་གཉིས། བར་དུ་ཆེ་བ་རྒྱ་འབྲས་གཉིས། ཐ་མར་ཆེ་བ་ལོ་རྒོད་གཉིས། གཞན་ཡང་རས་པ་གསུམ། རྣལ་འབྱོར་གསུམ། ཞིག་པོ་གསུམ་སོགས་མང་དུ་བྱུང་། གདན་ས་ར་ལུང་དུ་དབོན་རས་དར་མ་སེང་གེ་བཞུགས་ཤིང་། དེ་ནས་དབོན་བརྒྱུད་རིམ་པར་བྱོན་པ་ལས་འཕྲིན་ལས་ཆེ་བ་ནི་རྒྱལ་དབང་རྗེ་ངག་དབང་ཆོས་རྒྱལ་ཡིན་ལ། དེའི་སློབ་མ་ལྷ་རྩེ་བ་ངག་དབང་བཟང་པོ་དང་། དེ་ནས་སྙན་ངག་མཁན་སངས་རྒྱས་རྡོ་རྗེ། བོད་མཁས་པ་སོགས་སློབ་བརྒྱུད་བཟང་པོ་མང་དུ་འཕེལ། ཁྱད་པར་དུ་འབྲུག་པ་ཀུན་མཁྱེན་པདྨ་དཀར་པོས་བསྟན་བཅོས་མང་དུ་བརྩམས། དེའི་སྐྱེ་བ་དཔག་བསམ་དབང་པོ་སོགས་བྱོན། གཞན་ཡང་གཙང་སྨྱོན། དབུས་སྨྱོན་དུ་གྲགས་པ་གཉིས་དང་། འབྲུག་སྨྱོན་ཀུན་ལེགས་སོགས་གྲུབ་ཐོབ་ཡ་མཚན་ཅན་ཡང་འགའ་བྱུང་སྟེ། དེ་རྣམས་ལ་བར་འབྲུག་ཅེས་གྲགས།
ཆོས་རྗེ་གཙང་པ་རྒྱ་རས་ཀྱི་སློབ་མ་ཁྱད་འཕགས་རྒོད་ཚང་བ་མགོན་པོ་རྡོ་རྗེ་ནི། རབ་བྱུང་གསུམ་པའི་ས་བྱ་སྤྱི་ལོ་1189ལོར་འཁྲུངས་ཤིང་། རབ་བྱུང་བཞི་པའི་ས་རྟ་སྤྱི་ལོ་1258ལོར་སྐུ་གཤེགས། ཐོག་མའི་མཚན་ལ་དོན་གྲུབ་སེང་གེ་དང་། གཙང་པ་རྒྱ་རས་ལས་རབ་ཏུ་བྱུང་བས་མགོན་པོ་རྡོ་རྗེར་གསོལ། ཐུགས་དམ་བཅུ་གཉིས། གོ་ཆ་བཅུ་གསུམ། སྐུ་གསུང་ཐུགས་ཀྱི་དམ་བཅའ་གསུམ། འཕྲལ་གྱི་དམ་བཅའ་བདུན། ཁྱད་འཕགས་ཀྱི་དམ་བཅའ་ལྔ་ལ་སོགས་པའི་རྣམ་ཐར་བསམ་གྱིས་མི་ཁྱབ་པ་མངའ་ཞིང་། སློབ་མ་གཙོ་བོ་བཞི་སྟེ་རྒྱལ་བ་ཡང་དགོན་པ། གྲུབ་ཐོབ་ཨོ་རྒྱན་པ། སྤྱིལ་དཀར་བ། ནེ་རིངས་པ་བཅས་མང་དུ་བྱུང་། རྒྱལ་བ་ཡང་དགོན་པའི་སློབ་མ་སྤྱན་སྔ་རིན་ལྡན། དེའི་སློབ་མ་ཟུར་ཕུག་པ་རིན་ཆེན་དཔལ་བཟང་། དེའི་སློབ་མ་འབའ་ར་བ་རྒྱལ་མཚན་དཔལ་བཟང་སྟེ། འདིས་ཐ་གྲུ་སྐོར་གསུམ་སོགས་བསྟན་བཅོས་མང་པོ་མཛད་ལ། སློབ་མ་ཡང་མང་དུ་བྱོན། དེ་དག་ལ་སྟོད་འབྲུག་ཅེས་སུ་གྲགས་ཤིང༌། སྟོད་ལ་དྭགས། བལ་ཡུལ། སྐྱིད་རོང༌། གཉའ་ནང་། མངའ་རིས་ཀྱི་ས་གནས་སོགས་སུ་ཁྱབ་པ་ད་ལྟའི་བར་དུ་ཁྲིད་སྲོལ་མ་ཉམས་པ་ཡོད།
རྒྱལ་བ་ལོ་རས་པ་དར་མ་དབང་ཕྱུག་ནི། ཡབ་རྣལ་འབྱོར་དང་ཡུམ་མེ་བཟའ་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་གསུམ་པའི་མེ་ལུག་སྤྱི་ལོ་1187ལོར་སྐུ་འཁྲུངས་ཤིང་། སྤྱི་ལོ་1250ལོར་འདས། སྐྱོར་མོ་ལུང་དུ་མཁན་པོ་སྦལ་ཏི་ལས་རབ་ཏུ་བྱུང་ཞིང་མཚན་དབང་ཕྱུག་བརྩོན་འགྲུས་ཞེས་གསོལ། ཁོང་ལ་དམ་བཅའ་ཆེན་པོ་དྲུག་ཞར་བྱུང་གི་དམ་བཅའ་དྲུག །ཁྱད་པར་གྱི་དམ་བཅའ་གཅིག་སྟེ་བཅུ་གསུམ་གྱི་རྣམ་ཐར་ངོ་མཚར་ཅན་མང་དུ་མངའ་ལ། ཐུབ་པ་ལྔ་ལྡན་གྱི་གདམས་ངག་ལ་རྩལ་འདོན་དུ་མཛད། དེ་ལ་དབོན་བརྒྱུད་པ་སློབ་མ་འཇམ་དབྱངས་མགོན་པོ་སོགས་མཁས་པ་གསུམ། ཙཱ་རི་རས་ཆེན་སོགས་རས་པ་གསུམ། ཨཱ་ལོ་ཤཱཀྱ་གསུམ་སྟེ་རྣལ་འབྱོར་བ་གསུམ་སོགས་མཐའ་ཡས་པ་ལས། འཇམ་དབྱངས་མགོན་པོས་གཅོད་ཀྱི་གདམས་པ་ཟབ་དོན་ཐུགས་སྙིང་དང་སྒོ་འབྱེད་བཅུ་སྤེལ་བ་དར་རྒྱས་ཆེ། ཙཱ་རི་རས་པས་འཕྲིན་ལས་རྒྱ་ཆེར་བསྐྱངས་པས་སློབ་མ་ཡང་མང་དུ་བྱུང༌། དེ་ལ་སྨད་འབྲུག་ཅེས་གྲགས། དེ་དག་གིས་མདོ་ཁམས་སྡེ་དགེའི་ཁུལ་གླིང་ཚང༌། རྫ་རྒྱུད། མགོ་ལོག །ཡུན་ནན་གྱི་འཇང་ཡུལ་སོགས་སུ་ཁྱབ།
དེ་ལྟར་ཆོས་རྗེ་རྒོད་ཚང་བ་དཔོན་སློབ་ནས་བརྒྱུད་པ་ལ་སྟོད་འབྲུག་དང་། རྒྱལ་བ་ལོ་རས་པ་དར་མ་དབང་ཕྱུག་ནས་བརྒྱུད་པ་ལ་སྨད་འབྲུག་ཟེར་ཞིང་། ཁ་རྒྱུན་དུ་སྟོད་འབྲུག་གནམ་གྱི་སྐར་མ། སྨད་འབྲུག་སའི་རྩེ་ཤིང་ཞེས་མང་བའི་ཚད་དུ་གྲགས། གདན་ས་གཙོ་ཆེ་བ་ཡང་ར་ལུང་དང་། འབྲུག་བདེ་ཆེན་ཆོས་འཁོར། ཀུན་མཁྱེན་པདྨ་དཀར་པོའི་སྐྱེ་སྤྲུལ་འབྲུག་ཆེན་རིམ་བྱོན་གྱི་བྱར་གསང་སྔགས་ཆོས་གླིང་དགོན། ཟངས་ཡག་བྲག །བསམ་གླིང་དགོན། མདོ་ཁམས་ཀྱི་སྒ་ཉག་ཁམས་པ་དགོན་སོགས་མང་ཙམ་ཡོད་ལ། དེ་དག་ལས་འབྲུག་པ་སྟོད་སྨད་བར་གསུམ་སོགས་ད་ལྟའི་དུས་སུ་ཡང་དར་རྒྱས་ཅུང་ཆེ་ཞིང་། བཤད་སྒྲུབ་གཉིས་ཀར་རང་རྐང་ཕེར་ངེས་ཀྱི་རྒྱུན་བཞུགས་པའོ།
II.1.2.7 Trophu Kagyü
།བདུན། ཁྲོ་ཕུ་བཀའ་བརྒྱུད།
ཁྲོ་ཕུ་བཀའ་བརྒྱུད་ནི་རྗེ་ཕག་མོ་གྲུ་པའི་དངོས་སློབ་རྒྱལ་ཚ་ཀུན་དགའ་ཤེས་རབ་དང་། དབོན་ཀུན་ལྡན་རས་པ་སྐུ་མཆེད་གཉིས་ལས་བརྒྱུད་པ་ཡིན། རྒྱལ་ཚ་རིན་པོ་ཆེ་ནི་རབ་བྱུང་གཉིས་པའི་ས་ཁྱི་སྤྱི་ལོ་1118ལོར། ཤབ་སྨད་དུ་སྣུབས་ནམ་མཁའི་སྙིང་པོའི་གདུང་རྒྱུད་དུ་འཁྲུངས། དགུང་ལོ་ལྔར་ཕེབས་སྐབས་ཡིག་རྩིས་ལ་སྦྱངས་པ་མཛད། གཞོན་ནུའི་དུས་ནས་ཆོས་ལ་དོན་གཉེར་ཆེ་ཞིང་། གནུར་ཉི་མ་དང་ཟུར་ཆུང་པའི་སྲས་རྗེ་སྒྲོ་ཕུག་པ་སོགས་བླ་མ་དུ་མའི་ཞབས་ལ་གཏུགས་ནས་ཆོས་མང་དུ་གསན། དགུང་ལོ་བཅུ་དགུ་པ་ལ་ཡུལ་དབུས་སུ་བྱོན། པུ་རངས་ལོ་ཙཱ་བའི་དངོས་སློབ་དམར་ཆོས་ཀྱི་རྒྱལ་པོ་དང་། ལོ་ཙཱ་བ་ཆོས་ཀྱི་བཟང་པོ། མེས་སྟོན་ཀུན་དགའ་སྙིང་པོ། རྔོག་མདོ་སྡེ་སོགས་མཇལ་ཏེ་ཆོས་མང་དུ་གསན་ནས་རབ་ཏུ་བྱུང་། བླ་མ་དམར་གྱི་ཞལ་བཀོད་ལྟར་ཕག་གྲུར་ཕེབས། ཕག་གྲུ་རྡོ་རྗེ་རྒྱལ་པོ་དང་མཇལ་ནས་ཆོས་དང་གདམས་ངག་རྒྱ་ཆེར་གསན། ཕྱག་རྒྱ་ཆེན་པོའི་རྟོགས་པ་ཁྱད་པར་ཅན་འཁྲུངས། དྭགས་པོ་སྒོམ་ཚུལ་དང༌། རྒྱ་རས་སོགས་བླ་མ་མང་པོ་བསྟེན་པས་ཟབ་ཁྱད་ཅན་གྱི་གདམས་ངག་བརྒྱ་དང་སུམ་ཅུ་སོ་དྲུག་བཞུགས། དགུང་གྲངས་ལྔ་བཅུ་ང་གསུམ་པ་རབ་བྱུང་གསུམ་པའི་ལྕགས་ཡོས་སྤྱི་ལོ་1179ལོར་ཁྲོ་ཕུ་དགོན་པ་ཐོག་མར་བཏབ་སྟེ་ཁྲོ་ཕུ་བཀའ་བརྒྱུད་པའི་སྲོལ་གཏོད། དགུང་ལོ་ལྔ་བཅུ་རྩ་བཞི་པར་མཁན་པོ་ཞང་ཞི་མཛེས་ལས་བསྙེན་པར་རྫོགས། དེ་རྗེས་དབུས་སུ་ཕེབས་ནས་མ་གཅིག་ལབ་སྒྲོན་གྱི་སྲས་པོ་ཐོད་སྨྱོན་བསམ་གྲུབ་ཀྱི་དྲུང་ནས་གཅོད་ཞུས། དགུང་ལོ་དོན་བརྒྱད་ལ་ཕེབས་པ་རབ་བྱུང་གསུམ་པའི་ཤིང་ཡོས་སྤྱི་ལོ་1195ལོར་དགོངས་པ་བདེ་བར་གཤེགས།
གཅུང་ཀུན་ལྡན་རས་པ་ཞི་བ་ཚུལ་ཁྲིམས་ནི། རབ་བྱུང་གསུམ་པའི་ས་འབྲུག་སྤྱི་ལོ་1148ལོར་སྐུ་འཁྲུངས། དབུས་སུ་རང་གི་ཕུ་བོ་མཇལ་བར་ཕེབས་སྐབས། དཔལ་ཕག་མོ་གྲུ་པའི་ཆོས་རར་བཞུགས་པ་དང་མཇལ། རྗེ་ཕག་མོ་གྲུ་པ་རྗེ་བཙུན་མི་ལའི་རྣམ་ཐར་གསུང་བཞིན་འདུག་པས་ངོ་མཚར་ཆེན་པོ་སྐྱེས། ངས་ཀྱང་དེ་ལྟ་བུ་ཞིག་བྱ་སྙམ་པའི་དམ་བཅའ་མཛད། རྗེ་ཕག་མོ་གྲུ་པས་སྣོད་ལྡན་གྱིས་སློབ་མ་ཡིན་པར་མཁྱེན་ཏེ། དགྱེས་བཞིན་རྗེས་སུ་བཟུང་ནས་གདམས་ངག་མང་དུ་གནང༌། ཁམས་སུ་ཕྱིན་ན་གདུལ་བྱ་ཆེ་བར་ལུང་བསྟན་ཡང་ཁྲོ་ཕུར་བྱོན་ནས་སྒྲུབ་པ་མཛད་པས་སྤངས་རྟོགས་ཀྱི་ཡོན་ཏན་དཔག་མེད་སྐྱེས། བླ་མའི་གདན་ས་ཕག་གྲུར་བྱོན་ནས་གཙུག་ལག་ཁང་ཆེན་པོ་བརྩིགས་པ་སོགས་ཀྱི་འགན་ཁུར་མཛད། སྒྲུབ་ཁང་ནས་གང་དུའང་མ་བྱོན་པར་རྒྱ་གར་གྱི་ཤིང་ཏོག་རིགས་མི་གཅིག་པ་སྣ་ཚོགས་ལག་ཏུ་འོང་བ་དང་། ཡུལ་དུ་མུ་གེ་བྱུང་སྐབས་ཀྱང་འབུའི་ཆར་ཕབ་པ་སོགས་གྲུབ་པའི་རྟགས་མང་པོ་བཏོན། དགུང་ལོ་བདུན་ཅུ་སྟེ་རབ་བྱུང་གསུམ་པའི་མེ་གླང་སྤྱི་ལོ་1217ལོར་འཇད་ཀྱི་ཤར་ཕྱོགས་བྱང་ཕུག་སྟེ་དེང་བཞད་མཐོང་སྨོན་རྫོང་ཆབ་ཁ་གྲོང་བརྡལ་བྱང་ཕུག་གྲོང་ཚོར་ཞི་བར་གཤེགས།
རྒྱལ་ཚ་སྐུ་མཆེད་གཉིས་ཀྱི་ཚ་བོ་ཁྲོ་ཕུ་ལོ་ཙཱ་བ་བྱམས་པ་དཔལ་ནི། རབ་བྱུང་གསུམ་པའི་ཆུ་སྦྲུལ་སྤྱི་ལོ་1173ལོར་ཡབ་ཇོ་འཕན་དང་། ཡུམ་བསྲེགས་མ་གསལ་བྱེད་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་དྲུག་ལ་ཡི་གེ་འབྲི་ཀློག་བསླབས། དགུང་ལོ་བརྒྱད་ལ་ཕེབས་སྐབས་རྒྱལ་ཚ་རིན་པོ་ཆེ་དང་། ཀུན་ལྡན་གྱིས་མཁན་པོ་མཛད་ནས་དགེ་ཚུལ་བསྒྲུབས། བྱམས་པ་དཔལ་ཞེས་པའི་མཚན་གསོལ། དགུང་ལོ་བཅུ་གཅིག་ནས་བཅུ་དྲུག་བར་དུ་དགེ་བཤེས་གཙང་དཀར་བ་ལས་ཚད་མ་རྣམ་ངེས་དང་དབུ་མ། བྱམས་ཆོས་སོགས་མདོ་སྔགས་ཀྱི་ཆོས་མང་དུ་གསན། དགུང་ལོ་བཅུ་བདུན་པར་བླ་མ་རྩེ་སྟོན་ཀུན་བཟང་ཁྲོ་ཕུར་སྤྱན་དྲངས་ནས། རྡོར་དབྱིངས་ལ་སོགས་པའི་དཀྱིལ་འཁོར་ལྔ་བརྒྱ་ཕྲག་གཅིག་གི་ཕྱག་ལེན་མན་ངག་གསན། དགུང་ལོ་བཅུ་དགུ་པར་བསྙེན་པར་རྫོགས། རྒྱལ་ཚ་དང་ཀུན་ལྡན་མཆེད་ལ་གདམས་ངག་ལུགས་མི་འདྲ་བ་བརྒྱ་དང་སུམ་ཅུ་རྩ་དྲུག་ཡོད་པ་མཐའ་དག་གསན། དགུང་ལོ་ཉེར་བཞིར་ཕེབས་སྐབས་རྒྱལ་ཚ་རིན་པོ་ཆེ་སྐུ་གཤེགས་ནས་གདམས་པའི་བདག་པོར་བསྐོས། ལོ་དེར་བལ་ཡུལ་དུ་ཕེབས་ཏེ་པཎ་ཆེན་བུདྡྷ་ཤྲཱིའི་དྲུང་ནས་རྒྱ་གར་གྱི་སྐད་ཡིག་སོགས་བསླབས་པས་ལོ་ཙཱ་མཁས་པར་གྱུར། རབ་བྱུང་གསུམ་པའི་ས་རྟ་སྤྱི་ལོ་1198ལོར་གྲུབ་ཆེན་མི་ཏྲ་ཛོ་ཀི་བོད་དུ་སྤྱན་དྲངས་ནས་བདེ་ཆེན་རལ་གཅིག་གི་སྐོར་སོགས་བསྒྱུར་བ་དང་། སློབ་དཔོན་དེའི་དྲུང་ནས་དབང་དང་གདམས་པ་དཔག་མེད་ཞུས། ཡང་པཎ་ཆེན་བུདྡྷ་ཤྲཱི་བོད་དུ་གདན་དྲངས་ནས་ཐུགས་རྗེ་ཆེན་མོའི་སྒྲུབ་ཐབས་བརྒྱ་རྩ་ལ་སོགས་པ་བསྒྱུར། རབ་བྱུང་གསུམ་པའི་ཤིང་བྱི་སྤྱི་ལོ་1204ལོར་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་སྤྱན་དྲངས་ཏེ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་མཁན་བརྒྱུད་དྲི་མ་མེད་པ་ཁ་ཆེའི་སྡོམ་རྒྱུན་ཞེས་པ་དེ་བོད་དུ་སྤེལ་ནས། བོད་ཀྱི་འདུལ་འཛིན་མཁས་གྲུབ་མང་པོས་སྡོམ་རྒྱུན་འདི་བཞེས་པས། ངུར་སྨྲིག་རྒྱལ་མཚན་འཆང་བས་གངས་ཅན་གྱི་ས་ཆེན་པོ་ཁྱབ་པར་མཛད། ཁྲོ་ཕུ་དགའ་ལྡན་གྱི་གཙུག་ལག་ཁང་ཆེན་པོ་བཏབ། རྗེ་འབྲི་གུང་པའི་དྲུང་ནས་མར་པ་བཀའ་བརྒྱུད་ཀྱི་དབང་ཁྲིད་གདམས་ངག་དུ་མ་གསན། དེ་རྗེས་ཁམས་རི་བོ་ཆེ་སོགས་སུ་ཕེབས་ནས་ཁྲོ་ཕུའི་རུ་དགོན་ཐེག་ཆེན་དར་རྒྱས་གླིང་ཕྱག་བཏབ། ཁྲོ་ཕུའི་གདན་ས་སྟོད་སྨད་གཉིས་ཞེས་གྲགས་པ་འདི་ནས་བྱུང་། ཁྲོ་ཕུ་དགོན་པར་ཁྱད་འཕགས་བཅུ་གསུམ་དང་ལྡན་པའི་གསེར་ཟངས་ཀྱི་བྱམས་ཆེན་ཁྲུ་བརྒྱད་ཅུ་པ་རྟེན་དང་བརྟེན་པ་སོགས་ལེགས་པར་བཞེངས། པཎ་ཆེན་ཤཱཀྱ་ཤྲཱིས་གཙོས་པའི་པཎ་ཆེན་དང་། ལོ་ཙཱ་བ་མང་པོས་རབ་གནས་ཀྱི་ཆོ་ག་རྒྱས་པར་མཛད། ཕྱིས་གཙང་གི་ཁྲོ་ཕུའི་བྱམས་ཆེན་ཞེས་མཚན་སྙན་ཤིན་ཏུ་ཆེ། སྤྱིར་ཕྱག་ཆེན་དོན་དགུ་མ་དང༌། མན་ངག་བརྒྱ་རྩ་ལ་སོགས་པས་གཙོ་མཛད་དེ་བུ་སློབ་ཀྱི་འཁོར་མང་དུ་བསྐྱངས། མཐར་དགུང་གྲངས་ལྔ་བཅུ་ང་གཉིས་པ་རབ་བྱུང་བཞི་པའི་ཤིང་བྱ་སྤྱི་ལོ་1225ལོར་དགོངས་པ་ཆོས་དབྱིངས་སུ་གཤེགས།
སློབ་མ་ཤིན་ཏུ་མང་པོ་བྱུང་བ་ལས། མཁན་ཆེན་བྱང་ཆུབ་དཔལ་བ། མཁན་ཆེན་བསོད་ནམས་སེང་གེ སངས་རྒྱས་ཞིག་ཆེན་ཏེ་བླ་ཆེན་གསུམ་དང་། བྱམས་པ་སྒྲུབ་བརྒྱུད་བསྟན་འཛིན། ཡང་རྩེ་རིན་ཆེན་སེང་གེ རོང་པ་རྒ་ལོ། བུ་སྟོན་རིན་ཆེན་གྲུབ་སོགས་མང་དུ་བྱོན་ནས་དྭགས་པོ་བཀའ་བརྒྱུད་ཀྱི་ལྟ་བ་ཕྱག་རྒྱ་ཆེན་པོ། སྒོམ་པ་ནཱ་རོ་ཆོས་དྲུག་གི་གདམས་པ་ཉམས་སུ་ལེན་པའི་ཁྲོ་ཕུའི་བརྒྱུད་འཛིན་དར་སྤེལ་གནང་། འོན་ཀྱང་ད་ལྟའི་ཆར་ཁྲོ་ཕུའི་གདན་ས་སྟོད་འབྲུག་པ་དང་། སྨད་ཀརྨ་ཀམ་ཚང་གི་ལུགས་འཛིན་པའོ།
II.1.2.8 Taklung Kagyü
།བརྒྱད། སྟག་ལུང་བཀའ་བརྒྱུད།
སྟག་ལུང་བཀའ་བརྒྱུད་ནི་སྟག་ལུང་ཐང་པ་བཀྲ་ཤིས་དཔལ་ལས་བརྒྱུད་པ་ཞིག་ཡིན། ཁོང་ནི་ཡབ་བློན་འབར་པོ་དང་ཡུམ་བྲབ་ཤི་བཟའ་དགེ་གསུམ་ཁྲོ་མོའི་སྲས་སུ་རབ་བྱུང་གཉིས་པའི་ཆུ་ཁྱི་སྤྱི་ལོ་1142ལོར་གཡང་ཤོད་བོང་ར་སྟེང་དུ་སྐུ་འཁྲུངས། དགུང་ལོ་བཅོ་བརྒྱད་ལ་ཕེབས་སྐབས་མལ་གྲོའི་ཐང་སྐྱ་དགོན་དུ་མཁན་པོ་ག་སྟོན་བླ་གང་བ་ཤེས་རབ་རྡོ་རྗེ་དང་། སློབ་དཔོན་ཚར་སྟོན་སྒོ་མང་བ་གཉིས་ལས་རབ་ཏུ་བྱུང་། མཚན་བཀྲ་ཤིས་དཔལ་ཞེས་གསོལ། དགེ་བཤེས་བྲག་དགོན་པ་ལས་ཤེར་ཕྱིན་འགྲེལ་ཆུང་། སྤྱོད་འཇུག །བསླབ་བཏུས། ལམ་སྒྲོན། དོ་ཧ་ལ་སོགས་པ་གསན། རྒྱ་གར་དུ་ཆོས་ཞུ་བར་ཕེབས་བཞེད་ཀྱང་གཞན་གྱིས་བཀག་ནས་མ་བཏང་། དགུང་ལོ་ཉེར་བཞི་པར་ཕག་གྲུ་རྡོ་རྗེ་རྒྱལ་པོའི་སྙན་པ་གསན་ནས་མཇལ་བར་ཕེབས་པ། དགྱེས་བཞིན་དུ་རྗེས་སུ་བཟུང་ནས་སྲས་ཀྱི་ཐུ་བོར་དབང་བསྐུར། བླ་མ་ཕག་གྲུའི་དྲུང་དུ་ལོ་དྲུག་བཞུགས། གདམས་ངག་མཐའ་དག་བུམ་པ་གང་བྱོའི་ཚུལ་དུ་གསན་པས་ཕྱག་རྒྱ་ཆེན་པོ་སྒོམ་མེད་ཀྱི་རྣལ་འབྱོར་ཐུགས་ལ་འཁྲུངས། བླ་མ་ཕག་གྲུ་སྐུ་གཤེགས་རྗེས་མལ་གྲོར་བྱོན། འཆད་ཁ་པ་ལས་བཀའ་གདམས་གསན། འཕན་ཡུལ་ཤོ་མ་རར་ཞང་ཤ་ར་བ་ལས་བསྙེན་པར་རྫོགས། དགུང་ལོ་སོ་དགུ་པ་ལ་དར་སྦས་རོང་གསུམ་དང་ཕོད་མདོ་བས་སྟག་ལུང་དུ་སྤྱན་དྲངས། འགྲོ་མགོན་གྱིས་ལུང་བསྟན་པ་ལྟར་རབ་བྱུང་གསུམ་པའི་ལྕགས་བྱི་སྤྱི་ལོ་1180ལོར་སྟག་ལུང་དགོན་པ་ཕྱག་བཏབ་པས། སྟག་ལུང་ཐང་པ་ཞེས་པའི་མཚན་ཐོགས། རབ་ཏུ་བྱུང་རྗེས་ཁྱིམ་པའི་ཁང་པར་མ་བྱོན། ཤ་ཆང་གསོལ་མ་མྱོང་། ཤ་ཆང་གི་མགྲོན་མི་བྱེད། གླིང་གསེབ་ཏུ་བུད་མེད་མི་གཏོང་བ་སོགས་འདུལ་བའི་ཕྱག་ལེན་ཞིབ་པར་མཛད། སྐུ་གདའ་ཁར་གྲྭ་སློབ་སུམ་སྟོང་ལྷག་ཙམ་འདུས་ནས་སྟག་ལུང་བཀའ་བརྒྱུད་ཀྱི་བསྟན་པ་སྤེལ། དགུང་ལོ་དྲུག་ཅུ་རེ་དགུ་པ་སྟེ་རབ་བྱུང་བཞི་པའི་ལྕགས་རྟ་སྤྱི་ལོ་1210ལོར་དགོངས་པ་ཆོས་དབྱིངས་སུ་གཤེགས།
དེ་ནས་དབོན་རིན་ཆེན་མགོན་པོས་གདན་ས་བཟུང་ནས་མཆོད་ཁང་ཆེན་མོ་བཞེངས། དེའི་རྗེས་སུ་སངས་རྒྱས་ཡར་བྱོན་གདན་སར་བཞུགས། དེ་ལ་གདན་ས་ཕེར་བའི་དབོན་བཀྲ་ཤིས་བླ་མ་དང་སངས་རྒྱས་དཔོན་གཉིས་བྱུང་བ་ལས། སངས་རྒྱས་དབོན་གྲགས་པ་དཔལ་འོད་ཟེར་དབང་པོ་ཁམས་སུ་བྱོན་ནས་སྤྱི་ལོ་1276ལོར་དེང་ཆབ་མདོ་ས་གནས་རི་བོ་ཆེ་རྫོང་ཁོངས་སུ་རི་བོ་ཆེ་དགོན་བཏབ། དེ་ནས་བཟུང་སྟག་ལུང་དགོན་དེའང་ཡར་ཐང་མར་ཐང་གཉིས་སུ་གྱེས། གཉིས་ཀར་གྲྭ་པ་སུམ་སྟོང་བརྒྱད་བརྒྱ་རེ་ཙམ་འཚོགས། དེ་ནས་དབུས་གཙང་མདོ་ཁམས་སོགས་སུ་སྟག་ལུང་བཀའ་བརྒྱུད་པའི་གྲྭ་ས་དང་སློབ་རྒྱུན་མང་དུ་འཕེལ། དབོན་བརྒྱུད་དང་སྤྲུལ་བརྒྱུད་རིམ་པར་བྱོན་པ་ལས། དབུས་གཙང་ཀུན་ཏུ་སྙན་པའི་གྲགས་པས་ཁྱབ་པ་སྟག་ལུང་ངག་དབང་གྲགས་པ་ཞེས་པས་སྟག་ལུང་སྡོམ་གསུམ་སོགས་རང་རང་ལུགས་ཀྱི་བསྟན་བཅོས་བརྩམས། འབྲི་སྟག་གི་ཆོས་རྒྱུན་ཉམས་པ་སླར་གསོ་དང་། མ་ཉམས་གོང་འཕེལ་གཏོང་བར་འཕྲིན་ལས་ཆེ།
ལྷག་པར་དུ་མ་ཐང་རི་བོ་ཆེར་བསྟན་པའི་གཙོ་འཛིན་སྐྱབས་མགོན་རྣམ་གསུམ་གྱིས་བསྟན་པའི་རྒྱུན་སྐྱོང་བ་ལས། མཁར་དྲུང་མཚོ་སྐྱེས་རྡོ་རྗེའི་སྐུ་རིང་ནས། བཀའ་དགོངས་ཕུར་གསུམ་དང་། རཏྣ་གླིང་པའི་གཏེར་ཆོས་སྐོར་སོགས་རྙིང་མ་བཀའ་གཏེར་གྱི་རྒྱུན་ཡང་བཙུགས་པས། བཀའ་རྙིང་ཟུང་འབྲེལ་གྱི་ལུགས་སུ་གྱུར། དུས་ཕྱིས་སྐྱབས་མགོན་རྣམ་གསུམ་གྱིས་བཀའ་བརྒྱུད་སྤྱིའི་ལུགས་ཀྱི་སྒྲུབ་གྲྭ་སྔར་ཡོད་ཁར། མདོ་སྔགས་རིག་གནས་དང་བཅས་པའི་གཞུང་ཆེན་པོ་ཁག་ལ་འཆད་ཉན་བྱེད་པའི་བཤད་གྲྭ་གསར་བཙུགས་གནང་། བཀའ་བརྒྱུད་པའི་འཆད་སྲོལ་གཞིར་བཞག །དེའི་ཁར་ཆོས་ཀྱི་རྒྱལ་པོ་ཤར་ཀཿཐོག་པའི་བཤད་སྲོལ་དང་། འཇམ་མགོན་མི་ཕམ་པའི་ཡིག་ཆས་ཁ་སྐོང་ཟུར་རྒྱན་མཛད་ནས་བཤད་པའི་སྲོལ་ཚུགས་པ་དང་། སློབ་མ་མང་དུ་འཕེལ་བ་བཅས་བཤད་སྒྲུབ་གཉིས་ཀའི་ཐད་ནས་མདོ་ཁམས་སྟོད་ཀྱི་ཆོས་སྡེ་ཆེན་པོ་ཞིག་ཏུ་གྱུར་ཏོ།
II.1.2.9 Martsang Kagyü
དགུ། སྨར་པ་བཀའ་བརྒྱུད།
སྨར་པ་བཀའ་བརྒྱུད་ནི་སྨར་ཚང་ཤེས་རབ་སེང་གེ་ལས་བརྒྱུད་པ་ཞིག་ཡིན། ཁོང་ནི་མདོ་ཁམས་འབྲི་ཤོད་ཀྱི་ཆ་ལག་ཏུ་གཏོགས་པ་སྨར་ཤོད་དགེ་རྒྱལ་བྱེ་མའི་ཀླུང་བྱ་བར། རབ་བྱུང་གཉིས་པའི་ཤིང་ཡོས་སྤྱི་ལོ་1135ལོར་སྐུ་འཁྲུངས་པར་འདོད། སྐུ་ན་ཆུང་ངུའི་དུས་ནས་ཆོས་ལ་མོས་པས། དཔལ་རྒ་ལོ་ཡུལ་དེར་ཕེབས་པ་དང་མཇལ་ཏེ་སྐྱབས་འགྲོ་སེམས་བསྐྱེད་བཟླས་ལུང་བྱིན་རླབས་དང་བཅས་པ་གསན། དགུང་ལོ་བཅོ་ལྔར་ཕེབས་སྐབས་བླ་མ་འབོམ་རྒྱལ་བྱ་བའི་དྲུང་ནས་མདོ་སྔགས་ཀྱི་བཀའ་བསྟན་གཞུང་ལུགས་མང་པོ་གསན། ལྷག་པར་དུ་བླ་མ་དཔལ་ཆེན་པོ་དང་། བླ་མ་ཨ་སེང་། བླ་མ་བུར་སྒོམ་བཅས་ཀྱི་ཞབས་ལ་གཏུགས་ནས་བདེ་མཆོག་ལ་སོགས་པའི་ཆོས་སྐོར་དུ་མ་གསན། དགུང་ལོ་ཉི་ཤུ་པར་རབ་ཏུ་བྱུང་། མཚན་ཤེས་རབ་ཡེ་ཤེས་ཞེས་གསོལ། དེ་རྗེས་དགེ་བཤེས་དར་མ་འབུམ་དང་ལྷན་དུ་དབུས་སུ་བྱོན། བྱ་འདུལ་གྱིས་མཁན་པོ་དང་། ཆ་པས་སློབ་དཔོན། གཙང་ནག་པས་གསང་སྟོན་མཛད་ནས་བསྙེན་པར་རྫོགས། གསང་ཕུར་ལོ་ལྔ་བཞུགས་ཏེ་མཁས་པར་གྱུར། དེ་ནས་ལྷ་སར་རྗེ་སྒོམ་ཚུལ་ལས་ཕྱག་ཆེན་ལ་སོགས་པའི་གདམས་པ་གསན། བཀའ་གདམས་པའི་དགེ་བཤེས་ལུང་མོ་བ་སོགས་ལས་བློ་སྦྱོང་སོགས་བཀའ་དང་གདམས་ངག་རྒྱ་ཆེན་གསན། འགྲོ་མགོན་ཕག་མོ་གྲུ་པའི་དྲུང་དུ་ཐོག་མར་ཚོགས་ཆོས་ཐུན་བཞི་ཙམ་དང་། ཕྱིས་སླར་བྱོན་ནས་ལོ་ལྔའི་རིང་བཀའ་བརྒྱུད་གོང་མ་རྣམས་ཀྱི་རྣམ་ཐར་དང་། བཀའ་གདམས་མན་ངག་མང་དུ་གསན། དེ་རྗེས་བླ་མའི་བཀའ་བཞིན་ཁམས་སུ་བྱོན། རབ་བྱུང་གསུམ་པའི་མེ་ཕག་སྤྱི་ལོ་1167ལོར་རང་ཡུལ་དུ་ཕེབས་ཤིང་། སྨར་ཁམས་སྒང་གི་གདམ་སྟེང་སྟེ་དེང་བོད་རང་སྐྱོང་ལྗོངས་ཆབ་མདོ་ས་གནས་བྲག་གཡབ་རྫོང་གི་ཁོངས་སུ་བྱོན་ནས་ཤཱ་དགོན་པ་བཏབ། དགེ་འདུན་ཉིས་སྟོང་ཙམ་རྒྱུན་དུ་འདུས། དེའི་སློབ་མའི་གཙོ་བོ་ཡང་དགོན་པ་ཡེ་ཤེས་རྒྱལ་མཚན་གྱིས་འདམ་སྟེང་ཡང་དགོན་དུ་སྒྲུབ་པ་མཛད་ཅིང་། ཡང་དགོན་གྱི་གདན་ས་བསྐྱངས། གཞན་ཡང་རྨོག་སྤྱན་སྔ་རིན་པོ་ཆེ། ཤྭ་དབུ་རྩེ་པ། རིན་ཆེན་གླིང་པ། སྤང་མཁན་ཆེན་འོད་ཟེར་བླ་མ། འགྲོ་མགོན་ཤིང་མགོ་རས་པ་སོགས་མང་དུ་བྱོན་ནས་སྨར་ཚང་བཀའ་བརྒྱུད་པའི་སློབ་རྒྱུན་མང་དུ་སྤེལ། ཕྱིས་སྟག་བླ་རྣམས་ཀྱིས་ཆོས་བརྒྱུད་བཟུང་བ་དཔལ་ཡུལ་བ་ལ་བྱིན་བརྒྱུད་འདྲེས་པའོ།
II.1.2.10 Yelpa Kagyü
།བཅུ། ཡེལ་པ་བཀའ་བརྒྱུད།
ཡེལ་པ་བཀའ་བརྒྱུད་ཀྱི་སྲོལ་གཏོད་པ་ཡེལ་པ་གྲུབ་ཐོབ་ཡེ་ཤེས་བརྩེགས་པ་ནི། ཡབ་སྒོམ་པ་ཨ་འབར་དང་། ཡུམ་དགོངས་པ་བཟའ་བཙུན་མ་སྒྲོན་ལྕམ་གཉིས་ཀྱི་སྲས་བཞིའི་དང་པོར། རབ་བྱུང་གཉིས་པའི་ཤིང་སྟག་སྤྱི་ལོ་1134ལོར་མདོ་ཁམས་ཀྱི་ཟླ་སིང་ལུང་དང་སར་སྐུ་འཁྲུངས། དཔལ་རྒ་ལོ་དང་མཇལ་ནས་ལུང་བསྟན་མཛད་ཅིང་ཆོས་ཀྱང་མང་དུ་གནང་། དགུང་ལོ་བཅུ་དགུར་མཁན་པོ་འབྲོམ་ལས་རབ་ཏུ་བྱུང་། མཚན་ལ་ཡེ་ཤེས་བརྩེགས་པ་ཞེས་གསོལ། དགུང་ལོ་ཉི་ཤུར་མཁན་པོ་དེ་རང་གི་དྲུང་དུ་བསྙེན་པར་རྫོགས། དགུང་ལོ་ཉེར་གསུམ་པར་དབུས་སུ་བྱོན། བླ་མ་ཆ་པའི་དྲུང་དུ་དབུ་མ་དང་སྡེ་སྣོད་གསན་སྦྱོང་མཛད། བླ་མ་རྔོག་ལས་རྔོག་པའི་ཆོས་སྐོར་དབང་རྒྱུད་མན་ངག་དང་བཅས་པ་རྫོགས་པར་གསན། དགུང་ལོ་ཉེར་དགུ་པ་སྟེ་རབ་བྱུང་གསུམ་པའི་ཆུ་རྟ་སྤྱི་ལོ་1162ལོར་ཕག་གྲུ་རྡོ་རྗེ་རྒྱལ་པོའི་ཞབས་ལ་གཏུགས། ཆོས་ཁྲིད་གསན་ཞིང་བསྒོམས་པས་དབུ་མའི་ལྟ་བ་ཐུགས་ལ་འཁྲུངས། ཁམས་པ་སྟོན་པའི་དགེ་སྦྱོར་ལུགས་བཟང་གསུངས་ནས་བླ་མ་ཡང་ཐུགས་ཤིན་ཏུ་དགྱེས། སྤྱིར་སངས་རྒྱས་ཡེལ་པས་འགྲོ་མགོན་ཕག་མོ་གྲུ་པའི་དྲུང་དུ་ལོ་བདུན་བཞུགས་ནས་བཀའ་བརྒྱུད་སྤྱི་དང་། ཁྱད་པར་དུ་ཕག་གྲུ་བཀའ་བརྒྱུད་པའི་བཀའ་གདམས་མན་ངག་མ་ལུས་པ་གསན་ནས་མཁས་པའི་དབང་པོར་གྱུར། དགེ་བཤེས་ཕག་མོ་གྲུ་པས་ལུང་བསྟན་པ་བཞིན་ཁམས་སུ་ཕེབས། དགུང་ལོ་སོ་བརྒྱད་པ་སྟེ་རབ་བྱུང་གསུམ་པའི་ལྕགས་ཡོས་སྤྱི་ལོ་1171ལོར་ཁམས་སུ་ཡེལ་ཕུག་དགོན་པ་ཕྱག་བཏབ། དངུལ་སྐུ་རྣམ་གཉིས་སོགས་ནང་རྟེན་གང་ལེགས་བཞེངས་ཏེ་བཀའ་བརྒྱུད་པའི་བསྟན་པ་རྒྱ་ཆེར་སྤེལ། སངས་རྒྱས་ཡེལ་པས་ལོ་བཅོ་བརྒྱད་རིང་ཡེལ་ཕུག་ཏུ་བཞུགས་ནས་བསྟན་པའི་བདག་པོ་མཛད། དགེ་འདུན་གྱི་སྡེ་བཙུགས། ཐུན་མོང་མ་ཡིན་པའི་རང་ལུགས་ཡེལ་པ་བཀའ་བརྒྱུད་པའི་སྲོལ་གཏོད། དེ་ནས་དགུང་ལོ་ལྔ་བཅུ་ང་ལྔར་ཕེབས་པ་རབ་བྱུང་གསུམ་པའི་ས་སྤྲེལ་སྤྱི་ལོ་1188ལོར་རྟ་རྣ་དགོན་པ་ཕྱག་བཏབ། དགུང་ལོ་ང་དགུར་ཕེབས་པ་རབ་བྱུང་གསུམ་པའི་ཆུ་བྱི་སྤྱི་ལོ་1192ལོར་ལྷོ་སྟོད་འཇང་གི་དགོན་པ་ཕྱག་བཏབ། སངས་རྒྱས་ཡེལ་ཕུག་པས་ཡེལ་ཕུག་དགོན་དང་། རྟ་རྣ་དགོན། ལྷོ་སྟོད་འཇང་གི་དགོན་པ་བཅས་གདན་ས་གསུམ་ལ་ལོ་ཉེར་བཞི་བཞུགས་པའི་རིང་རྣམ་མགུར་གསོལ་འདེབས་སོགས་ཀྱི་བསྟན་བཅོས་མང་དུ་བརྩམས། སློབ་མ་རྟོགས་ལྡན་གྱི་སྐྱེས་བུ་མང་དུ་བྱོན་པའི་ནང་ཁྱད་དུ་འཕགས་པ་ནི་མཁན་ཆེན་ཕུ་པ་དང་། བླ་འོད་གསལ་བ། ཁ་ཐར་ཡང་དགོན་པ། ལྡོང་འཇོང་བ་རྩེ་མོ། གསོལ་ཇ་བ་སྤང་ཁྱིམ་ལ་སོགས་པ་མང་དུ་བྱོན། དགུང་ལོ་དྲུག་ཅུ་རེ་གཅིག་ཏུ་ཕེབས་པ་རབ་བྱུང་གསུམ་པའི་ཤིང་སྟག་སྤྱི་ལོ་1194ལོར་དགོངས་པ་མྱ་ངན་ལས་འདས། སྐུ་གདུང་རྟ་རྣར་སྤྱན་དྲངས་ཏེ་སྐུ་འབུམ་བརྩིགས། དེ་རྗེས་ཡེལ་ཕུག་གི་གདན་ས་ལ་འབག་རྩེ་མོ་བཞུགས། སངས་རྒྱས་ཡེལ་ཕུག་པ་སྐུ་འདས་རྗེས་མཁན་ཆེན་ཕུ་པས་ཡེལ་ཕུག་དགོན་དང་། རྟ་རྣ་དགོན། ལྷོ་སྟོད་འཇང་གི་དགོན་པ་བཅས་གདན་ས་གསུམ་ཕྱོགས་རིས་མེད་པར་ལེགས་པར་བསྐྱངས། དེང་བྱང་རྟ་རྣ་དགོན་ཀཾ་ཚང་ལུགས་སུ་བསྒྱུར་ཟིན། མཁན་ཆེན་འདི་ཉིད་སྐུ་གཤེགས་རྗེས། སློབ་མ་ཡོན་བཙུན་དབོན་ས་དང་། བླ་མ་གྲགས་པ་འོད་ཟེར་སོགས་མང་དུ་བྱུང་ནས་ཡེལ་པ་བཀའ་བརྒྱུད་པའི་ཆོས་རྒྱུན་དང་སློབ་རྒྱུད་རྒྱས་པར་སྤེལ་ལོ།
II.1.2.11 Shuksep Kagyü
།བཅུ་གཅིག །ཤུག་གསེབ་བཀའ་བརྒྱུད།
ཤུག་གསེབ་བཀའ་བརྒྱུད་ནི། དགྱེར་སྒོམ་པ་ཚུལ་ཁྲིམས་སེང་གེའམ་དགྱེར་སྒོམ་ཆོས་ཀྱི་སེང་གེས་སྲོལ་གཏོད་པ་ཞིག་ཡིན་ཞིང་། ཁོང་ནི་ཡར་ལུང་ཤོང་ང་རྫོང་དུ་ཡབ་དམག་དཔོན་དཀོན་མཆོག་སྐྱབས་དང་། ཡུམ་རྒྱལ་ཚ་མ་མདོ་སྡེ་རྒྱན་གཉིས་ཀྱི་སྲས་སུ་རབ་བྱུང་གཉིས་པའི་ཤིང་བྱི་སྤྱི་ལོ་1144ལོར་སྐུ་འཁྲུངས། ཐོག་མའི་མཚན་ཆོས་ཀྱི་སེང་གེ་དང་། དགུང་ལོ་བཅུ་གཅིག་ལ་རབ་ཏུ་བྱུང་སྟེ། མཚན་ཚུལ་ཁྲིམས་སེང་གེ་ཞེས་གསོལ། ཁྲ་འབྲུག་གི་དཔོན་གཉེར་ཡང་མཛད། དགེ་བཤེས་ཧོར་གྱི་དྲུང་ནས་གསང་འདུས་ཀྱི་དབང་ཞུས་པས་གསང་མཚན་རྡོ་རྗེ་རྒྱལ་པོ་ཞེས་གསོལ། དེར་གསང་འདུས་ཀྱི་རྩ་འགྲེལ་ལ་སོགས་པ་གསན། དགུང་ལོ་བཅུ་དགུ་པ་རབ་བྱུང་གསུམ་པའི་ཆུ་རྟ་སྤྱི་ལོ་1162ལོར་འགྲོ་མགོན་ཕག་མོ་གྲུ་པ་རྡོ་རྗེ་རྒྱལ་པོའི་ཞབས་ལ་གཏུགས་ནས་ཐབས་ལམ་ཆོས་དྲུག་ལ་སོགས་པའི་གདམས་ངག་མ་ལུས་རྫོགས་པར་གསན། དེ་ནས་ཡུལ་དུ་རྒྱགས་ལེན་པར་ཕེབས་པའི་སྐབས་ཡབ་དགྲས་བཟུང་ནས་རྩོད་པ་ཆེན་པོ་ལངས་པ་དང༌། བླ་མ་འགྲོ་མགོན་ཡང་སྐུ་གཤེགས་པས་སྐྱོ་སྣང་རབ་ཏུ་སྐྱེས་ཏེ་མལ་ཀ་བ་ཅན་པ་མཇལ་བར་ཕེབས། ཟླ་བ་གཅིག་རིང་དབུ་སྔས་སྦྲེལ་ནས་བཀའ་བསྟན་གདམས་ངག་མང་དུ་གསན། དེ་རྗེས་འོལ་ཁར་ཕེབས་ནས་དྭགས་པོའི་སློབ་མ་རྣལ་འབྱོར་ཆེན་པོ་ཆོས་གཡུང་ལས་བཀའ་བརྒྱུད་ཆོས་དྲུག་ལ་སོགས་པའི་དོན་བརྒྱུད་ཀྱི་དབང་ཁྲིད་མ་ལུས་རྫོགས་པར་གསན་ཞིང་། སྒྲུབ་པ་རྩེ་གཅིག་ཏུ་མཛད་པས་གྲུབ་པ་ཐོབ། དགུང་ལོ་སོ་བརྒྱད་པ་རབ་བྱུང་གསུམ་པའི་ལྕགས་གླང་སྤྱི་ལོ་1181ལོར་སྙེ་ཕུར་ཤུག་གསེབ་དགོན་པ་བཏབ་ནས་འགྲོ་དོན་རྒྱ་ཆེར་སྤེལ། ཤུག་གསེབ་བཀའ་བརྒྱུད་ཅེས་པའི་ཐུན་མོང་མ་ཡིན་པའི་ལུགས་དེ་དར་ཁྱབ་ཏུ་ཕྱིན། དེ་ནས་གདན་ས་ཤུག་གསེབ་དགོན་དུ་ལོ་ཉི་ཤུ་རྩ་བཞི་བཞུགས་ཏེ་གདུལ་བྱ་འགྲོ་བའི་དོན་གང་ཟབ་མཛད་པ་དང་། སྟོད་ནས་རྒྱ་དང་། དམར་མཛོད་མ་བ། མཛོད་གསུམ། སྨད་ནས་རྟོགས་ལྡན་མི་གསུམ་སོགས་བྱུང་བ་སོགས་ཀྱི་སློབ་མ་རྣམས་ལ་རང་ལུགས་མན་ངག་མཐའ་དག་གི་སློབ་རྒྱུན་སྤེལ་བས་གདན་ས་དར་རྒྱས་གང་ལེགས་བྱུང་། མཐར་དགུང་གྲངས་རེ་གཅིག་ལ་ཕེབས་པ་རབ་བྱུང་གསུམ་པའི་ཤིང་བྱི་སྤྱི་ལོ་1204ལོར་དགོངས་པ་གཞན་དོན་དུ་གཤེགས།
དེ་ནས་དཔལ་རྒྱ་མཁར་པ་དང་། སངས་རྒྱས་དབོན། བྲག་འབུར་བ། ཤུག་གསེབ་རི་པ་གཞོན་ནུ་རྡོ་རྗེ། འབའ་ར་བ་རྒྱལ་མཚན་དཔལ་སོགས་ཀྱིས་གདན་ས་རིམ་པར་བསྐྱངས། དེ་རྗེས་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པ་དགུང་ལོ་སོ་གཅིག་ལ་ཕེབས་པ་སྤྱི་ལོ་1339ལོར་གངས་རི་ཐོད་དཀར་ཨོ་རྒྱན་རྫོང་གི་སྙེ་ཕུ་ཤུག་གསེབ་ཏུ་ཕེབས་ཤིང༌། ལོ་མང་རིང་སྒྲུབ་ཕུག་རྣམ་ལྔ་སོགས་སུ་དཀའ་སྤྱད་ཚད་མེད་ཀྱི་སྒྲུབ་པའི་རྒྱལ་མཚན་བཙུགས། དུས་དེ་ནས་བཟུང་དགོན་འདི་ཉིད་གསང་ཆེན་སྔ་འགྱུར་གྱི་བསྟན་པ་འཛིན་པའི་གདན་ས་ཁྱད་པར་ཅན་ཞིག་ཏུ་གྱུར། དེ་རྗེས་རྗེ་བཙུན་མ་ཆོས་ཉིད་བཟང་མོས་ཤུག་གསེབ་དགོན་དུ་རྒྱུན་བཞུགས་ཀྱིས་སློབ་མ་སུམ་བརྒྱ་ནས་མཐར་སྟོང་ཕྲག་ལྷག་བརྒལ་བ་བསྐྱངས་ཤིང༌། རི་ཁྲོད་ཁག་གི་སྒྲུབ་པ་དང་ལོ་གསུམ་མཚམས་པ་སོགས་དང་བཅས་པའི་བུ་སློབ་རྣམས་ལ་མན་ངག་སྙན་བརྒྱུད་ཀྱི་བཀའ་ཁྲིད་རྒྱ་ཆེར་བསྩལ། དུས་དེ་ཙམ་ནས་གངས་རི་ཐོད་དཀར་མ་གཏོགས་ཤུག་གསེབ་དགོན་འདི་བཙུན་མའི་དགོན་དུ་གྱུར་རོ།
II.1.2.12 Yazang Kagyü
།བཅུ་གཉིས། གཡའ་བཟང་བཀའ་བརྒྱུད།
གཡའ་བཟང་བཀའ་བརྒྱུད་ནི། ཟྭ་ར་བ་སྐལ་ལྡན་ཡེ་ཤེས་དང་། དེའི་སློབ་མ་གཡའ་བཟང་ཆོས་རྗེ་ཆོས་ཀྱི་སྨོན་ལམ་རྣམ་གཉིས་ཀྱིས་སྲོལ་གཏོད། དེ་གཉིས་ལས་ཟྭ་ར་བ་སྐལ་ལྡན་ཡེ་ཤེས་སེང་གེ་ནི། རབ་བྱུང་གཉིས་པའི་མཇུག་མཚམས་སུ་མོན་འགར་(འགར་མོང་མཁར་ཞེས་ཀྱང་འཁོད་)ཏེ་དེང་ལྷོ་ཁ་ས་ཁུལ་གྲ་ནང་རྫོང་རྣམ་སྲས་གླིང་ཡུལ་ཤོག་ཁོངས་སུ་སྐུ་འཁྲུངས། སྐུ་ན་ཆུང་ངུའི་དུས་ལུག་རྫི་གནང་སྟེ་བཞུགས་སྐབས་རི་ཁ་ནས་ཕག་མོ་གྲུ་པའི་དགོན་པའི་རི་མཐོང་བ་ཙམ་གྱི་སྒོམ་རང་བྱུང་དུ་ཤར། འགྲོ་མགོན་ཕག་མོ་གྲུ་པ་མཇལ་ཏེ་སྔར་སྒོམ་ཆེན་བཟང་པོ་ཞིག་ཡིན་ཚུལ་གསུངས། བླ་མ་ཕག་གྲུས་ངོ་སྤྲོད་གཅིག་བཏབ་པས་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེས་ཤིང་། མཚན་སྐལ་ལྡན་ཡེ་ཤེས་སེང་གེ་ཞེས་གསོལ། འགྲོ་མགོན་ཕག་མོ་གྲུ་པའི་བུ་ཆེན་བཞིའི་ཡ་གྱལ་དུ་གྱུར། རབ་བྱུང་གསུམ་པའི་ས་སྟག་སྤྱི་ལོ་1158ལོར་གྲ་རབ་ཀྱི་ཞྭ་ར་དགོན་པ་བཏབ་པས། བླ་མ་འདི་ཉིད་ཀྱི་མཚན་དུའང་ཐ་ར་བ་ཞེས་འབོད། སློབ་མའི་གཙོ་བོ་གཡའ་བཟང་ཆོས་རྗེ་སོགས་མང་དུ་བྱུང་། མཐར་རབ་བྱུང་བཞི་པའི་མེ་ཡོས་སྤྱི་ལོ་1207ལོར་དགོངས་པ་གཞན་དོན་དུ་གཤེགས། དེའི་སློབ་མའི་གཙོ་བོར་གྱུར་པ། གཡའ་བཟང་ཆོས་རྗེ་ཆོས་ཀྱི་སྨོན་ལམ་ནི། ཡབ་མགོན་ནེ་དང་། ཡུམ་ཞང་ལྕམ་འབུམ་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་གསུམ་པའི་ས་གླང་སྤྱི་ལོ་1169ལོར་ཡར་སྟོན་གཙང་ཞལ་གྱི་དམར་མོར་སྐུ་བལྟམས། གདུང་རུས་གནུབས་ཡིན། དེ་ནས་འཆད་དཀར་དུ་སློབ་དཔོན་རྣམས་ལས་འདུལ་བ་དང་བཀའ་གདམས་མང་དུ་གསན། དགུང་ལོ་བཅོ་བརྒྱད་པར་རྒྱ་གར་དགོན་པར་ཕེབས་ཏེ་མཁན་པོ་ཀླུབས་དཀར་དང་། སློབ་དཔོན་གོང་གད་པ་གཉལ་དར་མ་གཟི་བརྗིད། གསང་སྟེ་སྟོན་པ་སློབ་དཔོན་མེ་ཆར་གྱིས་མཛད་དེ་བསྙེན་པར་རྫོགས། འདུལ་བའི་བཤད་པ་དང་། ལག་ལེན་གཙོ་བོར་བཟུང་བས་གནུབས་འདུལ་འཛིན་པར་གྲགས། དགུང་ལོ་སུམ་ཅུ་པ་ལ་འབུམ་ཞིང་དུ་འཇིག་རྟེན་བྱ་བ་མཐའ་དག་བཏང་ནས་སྒྲུབ་པ་མཛད། དེ་ནས་བསྟན་པའི་སྙིང་པོ་སྒྲུབ་པ་ཡིན་པར་གཟིགས་ཏེ་ཞྭ་ར་བ་སྐལ་ལྡན་ཡེ་ཤེས་སེང་གེའི་ཞབས་ལ་གཏུགས་ནས་ཕྱག་རྒྱ་ཆེན་པོའི་ཆོས་སྐོར་བུམ་པ་གང་བྱོའི་ཚུལ་དང༌། སྤྱན་རས་གཟིགས་དཔལ་མོ་ལུགས་ཆ་ལག་དང་བཅས་པའི་གདམས་པ་མ་ལུས་པ་གནང་། དེ་ནས་སྐལ་ལྡན་བྱང་ཡེ་ལས་ཞི་བྱེད་སོ་ལུགས་དང་། མ་གཅིག་གི་སྲས་ཁམས་བུ་ཡ་མེའི་དྲུང་ནས་གཅོད་ཡུལ་སྐོར་རྣམས་གསན་ནས་ཐུགས་ཉམས་སུ་བཞེས་པས་གཡའ་བཟང་པའི་ཁྲིད་ཆེན་བཞིར་ཡང་གྲགས། དེ་ནས་འབུམ་ཞིང་དང་། མདའ་དགོན། ལྷ་ཡུལ་ཤར་ཁང་ལ་སོགས་པར་ལོ་མང་སྒྲུབ་པ་མཛད་པས་ཉམས་རྟོགས་ཆེན་པོ་འཁྲུངས། དགུང་ལོ་སོ་བརྒྱད་པ་རབ་བྱུང་གསུམ་པའི་མེ་སྟག་སྤྱི་ལོ་1206ལོར་ཡར་ཀླུང་གཡའ་བཟང་དགོན་པ་བཏབ་སྟེ། དགོན་དེ་ཉིད་དུ་རྒྱུན་བཞུགས་མཛད། བླ་མ་ཟླ་ར་བ་དང༌། སྐལ་ལྡན་ཡེ་ཤེས། གཡའ་བཟང་ཆོས་རྗེ་ཆོས་ཀྱི་སྨོན་ལམ་རྣམས་ཀྱིས་གཡའ་བཟང་བཀའ་བརྒྱུད་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་ཁ་གཏོད། དགེ་འདུན་གྱི་སྡེ་བཙུགས། བཀའ་བརྒྱུད་བཀའ་བཞིའི་འགྲོ་དོན་ལོ་ཉི་ཤུ་རྩ་བཞི་བར་དུ་བསྐྱངས། དུས་དེར་དྲང་སྲོང་རཱ་ཧུ་ལ་དངོས་སུ་མཇལ་དུ་ཕེབས་ནས་གཟའ་སྲུང་གི་མན་ངག་ཁྱད་པར་ཅན་ཕུལ། དེ་རྗེས་ཡོན་བདག་སོ་སོས་གདན་དྲངས་པ་ལྟར་གཉལ་སྟོད་སྨད་དང་། མཚོ་སྣ། ལྷོ་བྲག །ཡར་ཀླུང༌། ཨེ་སོགས་ཡུལ་གྲུ་མང་པོར་ཞབས་བཅགས་ནས་གདུལ་བྱ་འགྲོ་བའི་དོན་རྒྱ་ཆེར་བསྐྱངས། མཐར་དགུང་ལོ་དྲུག་ཅུ་རེ་ལྔ་པ་རབ་བྱུང་བཞི་པའི་ཆུ་སྦྲུལ་སྤྱི་ལོ་1233ལོར་དགོངས་པ་ཆོས་དབྱིངས་སུ་གཤེགས། དེའི་རྗེས་སུ་ཉེ་གནས་རིན་ཆེན་ཇོ་སྲས་དང་། དབོན་རིན་པོ་ཆེའམ་རྟོགས་ལྡན་རྒྱལ་པོ་དགེ་མཛེས་འོད། མཁར་ཆུ་པ་བསམ་གཏན་འོད། ཟ་ར་བ། གདོང་རྒྱུད་པ་ལ་སོགས་ཀྱིས་གདན་ས་བསྐྱངས། སློབ་མ་བུ་ཆེན་བཞིའམ་སྒོམ་ཆེན་བཞིར་གྲགས་པ་སྟེ། གཉལ་སྨད་དཔལ་རི་བ་སངས་རྒྱས་བྱ་སྒོམ་དང་། གོ་ར་གདོང་པ་སངས་རྒྱས་ལྟ་སྒོམ། གསེར་ལྟེ་བ་སངས་རྒྱས་སེ་སྒོམ། དགོན་གསར་བ་སངས་རྒྱས་རྒྱ་སྒོམ་སོགས་ཀྱིས་གཡའ་བཟང་པའི་སློབ་རྒྱུན་ཡུན་དུ་སྤེལ་བ་བཅས་སོ།
།མདོར་ན། བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་རྣམས་རྩ་བའི་སྡོང་པོ་གཅིག་ལ་ཡན་ལག་གི་ཡལ་ག་སོ་སོར་དབྱེ་ནས་རང་རང་ལུགས་ཀྱི་བླ་མ་གོང་མ་ཚོས་གདུལ་བྱ་སྐྱོང་བའི་ཐབས་ལམ་གྱི་ཁྱད་ཆོས་ཙམ་ཡིན་པ་ཡང་། སྟག་ལུང་ངག་དབང་རྣམ་རྒྱལ་གྱི་ཆོས་འབྱུང་ངོ་མཚར་རྒྱ་མཚོར་མདོར་ན་ཉན་ཐོས་ཀྱི་ངེས་འབྱུང༌། ཐེག་ཆེན་གྱི་སེམས་བསྐྱེད། གསང་སྔགས་ཀྱི་དམ་ཚིག་རྣམ་པར་དག་པ་རྣམས་གཞིར་བཞག་པའི་སྟེང་དུ་བཀའ་བརྒྱུད་རིན་པོ་ཆེའི་ཁྱད་ཆོས་མར་རྔོག་གི་རྒྱུད་བཤད། མི་ལའི་སྙིང་རུས་དང་གདམས་ངག །སྒོམ་པ་བའི་ངོ་བོ་གད་དར། ཀརྨ་པའི་རླུང་སེམས་དབྱེར་མེད། ཞང་གི་ལམ་མཆོག་མཐར་ཐུག །འབའ་རོམ་པའི་བསྲེ་འཕོ་གསེབ་ལམ། ཕག་གྲུའི་གསང་སྔགས། སྟག་ལུང་པའི་རྣམ་ཐར་སོ་དགུ། འབྲི་གུང་པའི་སྡོམ་གསུམ་གནད་གཅིག །གཙང་པ་རྒྱ་རས་ཀྱི་རྟེན་འབྲེལ་དང་རོ་སྙོམས། ལོ་རྒོད་ཀྱི་མོས་གུས་དང་ཞེན་ལོག་རྣམས་ནི་ཆ་མཐུན་ཁྱད་འཕགས་ཞེས་རེ་རེ་ལ་ཡང་ཐམས་ཅད་ཚང་བར་ཡོད་མོད་ཀྱི། གང་ལ་རྩལ་དུ་བཏོན་ནས་སློབ་མ་འཁྲིད་ཅིང་སྐྱོང་བར་མཛད་པའི་ཕྱིར་ཁྱད་པར་གྱི་འབྱེད་ཆོས་སུ་བཞག་ཏུ་རུང་ཞེས་གསུངས་པ་ལྟར། བཀའ་བརྒྱུད་པའི་ནང་གསེས་བླ་མ་དམ་པ་སོ་སོའི་གདམས་པ་ཉམས་ལེན་གྱི་ཁྱད་ཆོས་ཅུང་མི་འདྲ་ཡང་། ཡོངས་རྫོགས་ལ་བཀའ་བརྒྱུད་རིན་པོ་ཆེའི་བསྟན་པ་ཞེས་འཇིག་རྟེན་གསུམ་ན་སྙན་པར་གྲགས་སོ།
།དེ་མིན་ཡང་མན་ངག་སྙེ་མ་ཆུང་བ་ལས་སློབ་དཔོན་སློབ་མའི་བསམ་ཤེས་ནས། །ཅི་རིགས་པ་ནི་ངེས་སྦྱོར་བ་ཞེས་འཁོད་པ་བཞིན་ཆོས་བརྒྱུད་སོ་སོའི་བླ་མ་གོང་མ་ཚོས་རང་རང་གི་སློབ་མའི་ཁམས་དང་མོས་པ་ཅི་རིགས་ལ་གཞིགས་ཏེ་ཕྲ་ཞིང་ཟབ་པའི་མཐར་ཐུག་གི་གནད་དོན་དེ་དག་སློབ་མར་ངེས་སྦྱོར་གནང་བའི་སྐབས་མཚོན་བྱེད་ཀྱི་ཚིག་རིས་དང་ཐབས་ལམ་མི་འདྲ་བ་ཡིན། དེས་ན་ཤངས་པ་བཀའ་བརྒྱུད་ཀྱི་ཕྱག་ཆེན་གའུ་མ་དང་དྭགས་པོའི་ལྷན་ཅིག་སྐྱེས་སྦྱོར། རྙིང་མའི་མན་ངག་རྫོགས་ཆེན། ས་སྐྱའི་གསལ་སྟོང་འཛིན་མེད། ཞི་བྱེད་ཀྱི་གཅོད། དགེ་ལྡན་པའི་དབུ་མའི་ལྟ་བ་ལ་སོགས་པ་དེ་དག་གི་མཐར་ཐུག་གི་ངེས་དོན་ལ་ཡང་གཅིག་ཏུ་བབས་ལ། དེ་དག་ཀུན་ཐར་པའི་རྒྱུར་གྲུབ་པ་ཡང་། འཇམ་དཔལ་མཚན་བརྗོད་དུ་གྲུབ་པའི་མཐའ་ནི་དེ་དག་ཀུན། གང་ཡིན་ཐར་བའི་རྒྱུར་གསུངས་པ་ཞེས་འཁོད་པ་དང་འདྲ་བ་ཡིན། མཐར་ཐུག་ནས་བརྗོད་ན་ཆོས་ལུགས་གང་ཞིག་གི་གྲུབ་མཐའ་ཅི་རིགས་པ་ཐམས་ཅད་ཀྱང་བདེན་གྲུབ་ཀྱིས་སྟོངས་པས་སྒྱུ་མ་རྨི་ལམ་ལྟ་བུ་ཞིག་ཡིན་པ་ཡང་། སྒྱུ་ལུས་འཛིན་པ་རང་གྲོལ་དུ་ཕྱི་རོལ་པ་དང་། དབུ་མ། རྫོགས་ཆེན། ཕྱག་རྒྱ་ཆེན་པོ་ལ་སོགས་པའི་གྲུབ་མཐའ་ཐམས་ཅད་ཀྱང་སྒྱུ་མ་རྨི་ལམ། དེ་བས་ལྷག་པའི་གྲུབ་མཐའ་གཅིག་ཡོད་ཀྱང་སྒྱུ་མ་རྨི་ལམ་ཡིན་པས། སྒྱུ་མ་ལས་ལོགས་སུ་གྲུབ་པའི་ཆོས་གང་ཡང་མེད་ཅིང་། སྒྱུ་མ་ལས་མཐོ་བ་གང་ཡང་མེད་དོ་ཞེས་གསུངས་པ་ལྟར་དང་། ཡང་རྗེ་བཙུན་ཀུན་དགའ་གྲོལ་མཆོག་གིས་ཀྱང་བྱིས་པའི་སྐྱེ་བོ་དག་སྣ་བསྡུར་བ་བཞིན་དུ་ཁྱོད་ཀྱི་འདི་དང་ངའི་འདི་ཞེས་སོ་སོར་འཛིན་སྟངས་ཕྱེ་སྟེ། རྙིང་མ་བ་དང་། བཀའ་གདམས་པ། ཞི་བྱེད་པ། ས་སྐྱ་པ། བུ་སྟོན། ཇོ་ནང་པ། དགེ་ལྡན་པ། བོ་དོང་པ་ཞེས་ཐ་དད་ཀྱི་ཞལ་བཞེས་དང་། བཤགས་འདེབས་རང་རང་གི་མོས་བློ་ཕྱོགས་ཅི་རིགས་སུ་བཅད་ནས་ཁོ་ཅག་འདི་དང་འདི་མཐུན། འདི་དང་ཕྱེད་མཐུན་འདི་དང་གཏན་མི་མཐུན་ཞེས་མང་དུ་ཞིང་བ་དག་མཐོང་མོད། བདག་ནི་གྲུབ་མཐའ་སྨྲ་བ་མཐའ་དག་དང་ཕྱིན་ཅི་ལོག་འབའ་ཞིག་ཏུ་འཆར་བའི་བློ་རིགས་འདི་ལྟ་བུར་སྣང་སྟེ། དེ་ཡང་ཞིབ་ཏུ་སྙད་ན། གྲུབ་པའི་མཐའ་ཞེས་འདབ་འདི་ནི་ཡི་གེ་ཡིན་ཏེ། དབུ་ཅན་དུ་བྲིས་ན་དབུ་ཅན་དུ་འོང་ལ། དབུ་མེད་དུ་བྲིས་ན་དབུ་མེད་དུ་འོང་བ་ཡིན་ནོ་ཞེས་གསུངས་པ་དེ་ནི་ཚད་མའི་གཏམ་ཁོ་ནར་སྣང་ངོ༌།
II.1.3 - The Dagpo Kagyü
།གསུམ་པ། དྭགས་པོ་བཀའ་བརྒྱུད་པའི་ལྟ་སྒོམ་རྣམ་གཞག་སྐོར།
སྒྲུབ་བརྒྱུད་རིན་པོ་ཆེ་འདི་ཉིད་ཀྱིས་རྒྱུ་ཕར་ཕྱིན་ཐེག་པའི་ལྟ་བ་གཏན་ལ་འབེབས་ཚུལ་གྱི་རྣམ་གྲངས་མཐའ་ཡས་པ་བརྗོད་ཀྱིས་མི་ལངས་ཀྱང་། གཙོ་ཆེར་མཐའ་བཞི་སྐྱེ་འགོག་གི་རིགས་པ་དང་། རྡོ་རྗེ་ཟེགས་མའི་གཏན་ཚིགས་ཉིད་ཀྱིས་ཐོག་མར་དཔྱད་སྒོམ་ཁོ་ན། བར་དུ་དཔྱད་འཇོག་ཟུང་འབྲེལ། མཐའ་མར་འཇོག་སྒོམ་ཁོ་ན་སོགས་ཀྱིས་སྒོམ་ཚུལ་དུ་མའི་སྒོ་ནས་མཐའ་བྲལ་དབུ་མ་ཆེན་པོའམ་ཆོས་ཉིད་ཕྱག་རྒྱ་ཆེན་པོའི་ལྟ་བ་སྟེ་ཆོས་ཀྱི་བདག་མེད་གཏན་ལ་འབེབས་པ་ནང་བསྟན་གྱི་གྲུབ་མཐའ་གཞན་རྣམས་དང་འདྲ་ཡང༌། སྐབས་འདིར་འབྲས་བུ་རྡོ་རྗེ་ཐེག་པའི་ཐབས་གྲོལ་གྱི་གདམས་པ་ཐུན་མོང་མ་ཡིན་པ་ཕྱག་རྒྱ་ཆེན་པོ་དང་ནཱ་རོ་ཆོས་དྲུག་གི་སྐོར་ཅུང་ཙམ་འཆད་པ་ལ།
II.1.3.1 Mahamudra, the path of liberation
གཅིག །གྲོལ་ལམ་ཕྱག་རྒྱ་ཆེན་པོའི་སྐོར།
དེ་ཡང་རྗེ་མར་པས་ལྟ་བའི་ཡང་རྩེ་ཕྱག་རྒྱ་ཆེ། །སེམས་གནད་དུ་བསྣུན་པའི་བརྡ་དོན་ཞིག་ཅེས་གསུངས་པ་ལྟར་དྭགས་པོ་བཀའ་བརྒྱུད་ཅེས་ཡོངས་སུ་གྲགས་པའི་སྒྲུབ་བརྒྱུད་རིན་པོ་ཆེ་འདི་ཉིད་ཀྱི་སེམས་གནད་དུ་བསྣུན་པའི་ལྟ་བའི་ཡང་རྩེ་ཕྱག་རྒྱ་ཆེན་པོའི་སྐོར་བརྗོད་པ་ལ།
༡ ངོ་བོ་དང་སྒྲ་དོན་བསྟན་པ།
ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་འདི་ཉིད་ཀྱི་ཚིག་གི་ཐ་སྙད་ནི་སྤྱིར་སྔགས་ཁོ་ནར་གསུངས་ཤིང༌། སྒྲ་དོན་ནི་ཟུང་དུ་འཇུག་པ་ལ་ཕྱག་རྒྱ་དེའི་རང་བཞིན་གྱིས་ཆོས་ཐམས་ཅད་ལ་ཁྱབ་པས་ཆེན་པོ་སྟེ། ཆོས་ཐམས་ཅད་དེ་ལས་མི་འདའ་བ་དང་། ལེགས་སྦྱར་སྐད་དུ། མ་ཧཱ་མུ་དྲ་སྟེ། དེ་ལ་མུ་དྲ་ཞེས་པ་མི་འདའ་བའམ། མི་ཕྱེད་པའམ། མི་རྟིང་པའམ། འདུ་བྲལ་མེད་པ་ལ་འཇུག་སྟེ། དེས་ན་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་ས་རང་ས་ནས་སོ་མ་ཉམས། མདོག་མ་བསྒྱུར། དུས་གསུམ་དུས་མེད་དུ། རང་བྱུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལས་མི་འདའ་བས་ཕྱག་རྒྱ་མ་ཧཱ་ཞེས་པ། དེའི་གོང་ན་གཞན་མེད་པས་ཆེན་པོའོ་ཞེས་དང་། རྗེ་སྒམ་པོ་བས་སྣང་སྲིད་འཁོར་འདས་རྣམས་ཆོས་ཉིད་སྐྱེ་བ་མེད་པའི་ངང་ལས་མི་འདའ་བར་རྟོགས་པ་ནི་ཕྱག་གོ ཅིར་སྣང་ཅི་སྲིད་ཐམས་ཅད་གཉུག་མའི་དོན་ལས་མི་འདའ་བས་རྒྱའོ། ཆོས་ཉིད་རང་གྲོལ་དུ་རྟོགས་པས་ན་ཆེན་པོའོ་ཞེས་སོགས་གསུངས་པ་བཞིན། སངས་རྒྱས་བསྟན་པའི་གཞི་སོ་སོར་ཐར་པ་ནས་དཔལ་གསང་བ་འདུས་པའི་བར་གྱི་ལྟ་སྒོམ་ཐམས་ཅད་མི་འདའ་བར་བྱེད་པའི་རྒྱ་དང་། དེའི་གོང་རོལ་ན་གཞན་མེད་པས་ཆེན་པོ་ཡིན། ཕྱག་ཅེས་པའི་སྒྲ་ནི་འཁྲུལ་གཞི་བསལ་བའི་ཕྱིར་ལོ་ཙཱ་བ་རྣམས་ཀྱིས་བླ་དྭགས་སུ་བསྣན་ནས་ཕྱག་རྒྱ་ཞེས་སུ་བསྒྱུར་བ་འགོས་ལོ་སོགས་ཀྱིས་བཞེད་ཀྱང་། གོང་དུ་རྗེ་སྒམ་པོ་བས་སྣང་སྲིད་འཁོར་འདས་ཀུན་སྐྱེ་མེད་དུ་རྟོགས་པར་གསུངས་པ་དང་། ཀརྨ་རང་བྱུང་ཀུན་ཁྱབ་ཀྱིས་ཕྱག་ནི་ལག་པའི་ཞེ་ཚིག་སྟེ། སྟོང་པའི་རང་བཞིན་གྱི་རྟགས་ཐམ་དང་འབྲེལ་བ་དང་། སྣང་ཚུལ་ཐམས་ཅད་བདེན་གྲུབ་ཀྱིས་སྟོངས་ཞེས་པའི་དོན་ཡིན་པར་གསུངས། དེ་ལྟར་སློབ་དཔོན་ལྷན་ཅིག་སྐྱེས་པའི་རྡོ་རྗེས་མཛད་པའི་དེ་ཁོ་ན་ཉིད་བཅུ་པའི་འགྲེལ་པར་ཡང་། ངོ་བོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ། སྔགས་དང་རྗེས་སུ་མཐུན་པ། མིང་ཕྱག་རྒྱ་ཆེན་པོ་ཞེས་སུ་གྲགས་པའི་ཁྱད་པར་གསུམ་དང་ལྡན་པའི་གདམས་པ་མཆོག་འགྱུར་འདི་ཉིད་ནི་ཚིག་གི་བརྒྱུད་པ་ཙམ་མ་ཡིན་པར་དོན་གྱི་བརྒྱུད་པ་མཐར་ཐུག་སྟེ་ཕྱག་རྒྱ་ཆེན་པོ་དྲི་མ་མེད་པ་རྟོགས་པའི་བརྒྱུད་པ་བར་མ་ཆད་པ་བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་སྤྱིའི་གདམས་ངག་གི་གནད་གལ་ཆེན་ཞིག་ཡིན་པས། བཀའ་བརྒྱུད་པའི་ཆོས་བརྒྱུད་འཛིན་པ་སྤྱི་ལ་གདམས་པའི་མིང་ནས་བཏགས་ཏེ་ཕྱག་ཆེན་པ་ཞེས་སུའང་འབོད།
༢ དབྱེ་བ་དང་ཉམས་ལེན་རགས་བཤད།
ཕྱག་རྒྱ་ཆེན་པོ་ལ་དབྱེ་ན། གཞི་ལམ་འབྲས་གསུམ་སྟེ། ཆོས་ཐམས་ཅད་ཀྱི་ཆོས་ཉིད་གདོད་མ་ནས་སྤྲོས་པ་ཐམས་ཅད་དང་བྲལ་བ་རང་བཞིན་གྱིས་འོད་གསལ་བའི་སྟོང་པ་ཉིད་འཁོར་འདས་ཀུན་གྱི་ཁྱབ་བདག་ཏུ་གྱུར་པ་དང་། བྱེ་བྲག་ཏུ་གསལ་ཞིང་དྭངས་ལ་ངོས་གཟུང་རྒྱུ་མེད་པའི་རང་སེམས་ཀྱི་གཤིས་གདོད་མའི་གནས་ལུགས་བསམ་བརྗོད་ཀྱི་ཡུལ་ལས་འདས་པ་སྟེ། ཕྱག་ཆེན་གངྒ་མར་དེ་ལྟར་སེམས་ཀྱི་རང་བཞིན་གདོད་ནས་ནམ་མཁའ་འདྲ་ཞེས་དང་། སེམས་ཀྱི་རང་བཞིན་ཁོ་ནར་མ་ཧཱ་མུ་དྲ་ཞེས་སུ་བརྗོད་དེ། མ་ཧཱ་མུ་དྲའམ་ཕྱག་རྒྱ་ཆེན་པོའི་དོན་ནི་གང་ཡང་དེའི་ཕྱི་རོལ་ཏུ་མི་གནས་པས་སོ་ཞེས་གསུངས་པ་ལྟར། སེམས་ཀྱི་རང་བཞིན་ཁོ་ནར་ཕྱག་རྒྱ་ཆེན་པོ་ཞེས་སུ་འབོད་པ་གཞི་ཕྱག་རྒྱ་ཆེན་པོ་དང་། ཐོས་བསམ་སྒོམ་གསུམ་སོགས་ཀྱི་ལམ་ལ་བརྟེན་ནས་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་གདོད་མ་ནས་སྐྱེ་འགག་གནས་གསུམ་གྱི་རང་བཞིན་མེད་པ་འོད་གསལ་སྟོང་པ་ཉིད་དུ་གཏན་ལ་ཕབ་ནས་རྟོགས་ཤིང་། མྱོང་ཐོག་ཏུ་རང་ངོ་ཤེས་པའི་ལྟ་སྒོམ་ཁྱད་པར་ཅན་ནི་ལམ་གྱི་ཕྱག་ཆེན། དེ་ལྟ་བུའི་གཞིའི་ཕྱག་ཆེན་དེ་ཉིད་ལམ་ཕྱག་ཆེན་གྱིས་གོམས་པར་བྱས་པ་ལས་ནམ་མཁའ་གཡའ་དག་པ་ལྟར་གཉིས་སྣང་ཕྲ་ཞིང་ཕྲ་བའང་དག་ནས་སྒྲིབ་བྲལ་དག་པ་གཉིས་ལྡན་གྱི་ཡེ་ཤེས་འབའ་ཞིག་ཏུ་གྱུར་པ་ནི་འབྲས་བུའི་ཕྱག་ཆེན་ནོ།
།ཡང་ཕྱག་རྒྱ་ཆེན་པོ་ལ་མདོ་སྔགས་གཉིས་སུ་ཕྱེ་བ་ནི། རྗེ་སྒམ་པོ་བས་ཏིང་ངེ་འཛིན་རྒྱལ་པོའི་ནང་གི་ཆོས་རྣམས་ཀུན་གྱི་རང་བཞིན་ཕྱག་རྒྱ་ཆེ་ཞེས་པ་སོགས་ཀྱི་མདོ་ལུང་མང་དུ་དྲངས་ནས་ཕྱག་རྒྱ་ཆེན་པོར་ཕར་ཕྱིན་ཐེག་པའི་ལུགས་དང་སྔགས་ཀྱི་ལུགས་གཉིས་སུ་ཕྱེ་བས། ཕྱིས་པཎ་ཆེན་བློ་བཟང་ཆོས་རྒྱལ་གྱིས་ཀྱང་དངོས་གཞི་ཕྱག་རྒྱ་ཆེན་པོ་ལ། །བཞེད་ཚུལ་མང་དུ་འདུག་ན་ཡང༌། །མདོ་སྔགས་དབྱེ་བས་གཉིས་སུ་ཡོད་ཅེས་གསུངས་པ་ཡིན། དེ་ལས་དང་པོ་མདོ་ལུགས་ཀྱི་ཕྱག་ཆེན་ནི། ཐོག་མར་སྒོམ་པ་སྐྱེ་བར་བྱེད་པ་སྔོན་འགྲོ་བཞི་སྦྱོར། སྐྱེས་པ་ལམ་དུ་བྱེད་པ་ངོ་སྤྲོད་རྣམ་གསུམ་བཅས་ཀྱི་ཏིང་ངེ་འཛིན་དང་། གོལ་ཤོར་གྱི་འཕྲང་བཅད། རྣལ་འབྱོར་བཞི་སོགས་རིམ་གྱིས་ཉམས་སུ་ལེན་པ་སྟེ། སེམས་ཀྱི་ངོ་བོའི་སྟེང་དུ་རྩེ་གཅིག་ཏུ་འཇོག་པའི་མི་རྟོག་པ་བསྒོམས་ཏེ་གནས་པ་བསྒྲུབས། དེ་ལྟར་བསྒྲུབས་པའི་དམིགས་པ་ལ་གནས་པའི་སེམས་གསལ་རིག་དེ་ལུས་ཀྱི་ཕྱི་ནང་གང་དུ་ཡོད་མིན་སེམས་འཚོལ་རྒྱབ་པས་སེམས་ཀྱི་ངོ་བོ་གཅིག་ཀྱང་མ་རྙེད་པའི་བདེན་མེད་དུ་ངེས་པའི་ཚེ། བདེན་མེད་དེས་ཁྱད་པར་དུ་བྱས་པའི་སེམས་ཀྱི་ངོ་བོའི་སྟེང་དུ་རྩེ་གཅིག་ཏུ་འཇོག་པ་སྟོང་ཉིད་མ་ཡིན་འགག་གི་ཚུལ་དུ་སྒོམ་པ་ཡིན་པར་བཞེད། གཉིས་པ་སྔགས་ལུགས་ཀྱི་ཕྱག་རྒྱ་ཆེན་པོ་ནི། རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་ལས་བྱུང་བའི་བདེ་ཆེན་གྱི་འོད་གསལ་ལ་བཞེད་ཅིང་། དེ་ནི་གྲུབ་པ་སྡེ་བདུན་དང་། སྙིང་པོ་སྐོར་གསུམ་དུ་གྲགས་པའི་བརྗོད་བྱའི་གཙོ་བོ་རྣལ་འབྱོར་བླ་མེད་ཀྱི་རྒྱུད་སྡེ་མཐའ་དག་གི་སྙིང་པོའི་དོན་སྟོང་པ་ཉིད་དོ། དེ་སྒོམ་པ་ལ་ཐོག་མར་གཉུག་སེམས་མངོན་དུ་བྱ་དགོས་ཤིང་། དེ་ལ་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་དགོས་པས། གཉུག་སེམས་ཀྱི་ངོ་བོ་གཏན་ལ་ཕབ་སྟེ་དེའི་སྟེང་དུ་རྩེ་གཅིག་ཏུ་བཞག་པས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་འབྱུང་། དེའི་སྟོབས་ཀྱིས་ལྟེ་གསང་གི་གཏུམ་མོ་འབར་བ་ལ་བརྟེན་ནས་ཞུ་བ་དེས་དྲངས་པའི་དགའ་བཞི་སྐྱེས་ཏེ་གཉུག་སེམས་བདེ་བ་ཆེན་པོའི་ངོ་བོར་སྐྱེ། དེ་ཡུལ་སྟོང་པ་ཉིད་དང་དབྱེར་མེད་དུ་གྱུར་པའི་བདེ་སྟོང་གི་ཡེ་ཤེས་ལ་རྩེ་གཅིག་ཏུ་བཞག་པས་རྣལ་འབྱོར་བཞི་རིམ་གྱིས་བགྲོད་དེ་མཆོག་འགྲུབ་པར་འགྱུར་ལ། དེ་ལྟ་བུའི་བདེ་བ་དང་སྟོང་པ་ཐབས་ཤེས་ཟུང་དུ་འབྲེལ་ནས་ཕྱག་རྒྱ་ཆེན་པོ་བསྒོམ་པ་ལ་དཀར་པོ་ཆིག་ཐུབ་ཅེས་པའི་ཐ་སྙད་ཀྱང་མཛད།
ཕྱག་རྒྱ་ཆེན་པོ་ཉམས་སུ་ལེན་པའི་གང་ཟག་ལ་དབང་པོ་རྣོ་བརྟུལ་གཉིས་ལས། རླུང་དབུ་མར་སྡུད་པའི་ལམ་བསྒོམ་མི་ནུས་པའི་དབང་བརྟུལ་གྱིས་རེ་ཞིག་ཕ་རོལ་ཏུ་ཕྱིན་པའི་ལུགས་ཀྱི་ཕྱག་ཆེན་སྒོམ་པར་བྱེད་པ་ཡིན་ལ། དབང་རྣོན་ལའང་གཉིས་ཏེ། ཚེ་སྔོན་མའམ་ཚེ་སྟོད་ཡན་ལ་ལམ་སྔ་མ་སྔ་མ་ལ་སྦྱངས་ནས་རླུང་དབུ་མར་འཇུག་པར་བྱང་བ་ཞིག་ཡིན་ན། ལམ་ཐུན་མོང་བ་དང་། དབང་དང་། བསྐྱེད་རྫོགས་སོགས་སྔོན་དུ་འགྲོ་དགོས་ཤིང་། དེ་ལྟ་བུ་ལ་གང་ཟག་རིམ་གྱེས་པའི་ཐ་སྙད་མཛད་དེ། ཆོས་དྲུག་ཀ་དཔེ་མ་ལས་སེམས་ཅན་དང་པོའི་ལས་ཅན་ལ། །རིམ་གྱེས་པར་ནི་བསྟན་པར་བྱ་ཞེས་དང་། ཡང་དང་པོ་ཉིད་ནས་སེམས་ཀྱི་ངོ་བོའི་སྟེང་དུ་རྩེ་གཅིག་ཏུ་བཞག་སྟེ་བསྒོམས་པ་ཉིད་ཀྱིས་རླུང་དབུ་མར་ཞུགས་གནས་ཐིམ་བྱས་པས་གཉུག་སེམས་མངོན་སུམ་དུ་ཉམས་སུ་མྱོང་བར་འགྱུར་བ་ལ་གང་ཟག་ཅིག་ཅར་བའི་ཐ་སྙད་མཛད་དེ། ཆོས་དྲུག་ཀ་དཔེ་ཉིད་ལས་དེས་ན་སྦྱངས་པའི་འཕྲོ་ཅན་ལ། །ཅིག་ཅར་བ་ནི་སྟོན་པར་མཛད་ཅེས་ཕྱག་རྒྱ་ཆེན་པོ་དེ་ཉིད་ཉམས་སུ་ལེན་སྐབས་མདོ་སྔགས་ཀྱི་ལུགས་གཉིས་ལས་ངོ་མཚར་བའི་སྙིང་པོའི་ལུགས་ཞེས་ཟབ་མོའི་སྙིང་པོ་བཙན་ཐབས་སུ་རྟོགས་པའི་ལམ་ཞིག་ཡིན་པ་སྟེ། རྟོགས་ལྡན་གྱི་བླ་མས་སྐལ་ལྡན་གྱི་སློབ་མ་ཆེས་དབང་རྣོན་དུ་གྱུར་པ་ལ་རྡོ་རྗེ་ཡེ་ཤེས་ཀྱི་དབང་གི་བྱིན་རླབས་འབེབས་པ་ཙམ་གྱིས། ཐ་མལ་ཤེས་པ་སྙིང་དབུས་སུ་སད་ནས་རྟོགས་གྲོལ་དུས་མཉམ་དུ་འགྱུར་བས་སྤྲོས་བཅས་ཀྱི་ཐབས་དང་སྦྱངས་པའི་རྩོལ་བ་མ་ལྟོས་པར་དབང་པོ་རབ་སྨིན་གྲོལ་དུས་གཅིག་ཏུ་སྐྱེ་བའི་ལམ་མཆོག་བླ་ན་མེད་པ་ཞིག་ཡིན་པ་སོགས་ལ་དམིགས་ནས། རྗེ་མར་པས་ཀྱང་ཕྱག་རྒྱ་ཆེན་པོ་ངོ་མཚར་ཆེ། །གཅིག་ཆོད་ཀྱི་གདམས་པ་བློ་རེ་བདེ་ཞེས་གསུངས་པའོ།
༣ །ཕྱག་ཆེན་བོད་དུ་བསྒྱུར་བའི་བརྒྱུད་པ།
དེ་ཡང་ཆོས་རྗེ་རྒོད་ཚང་བའི་ཞལ་ནས་རྒྱལ་བ་ཤཱཀྱ་ཐུབ་པའི་བསྟན་པ་འདི་ལ་ཕྱག་རྒྱ་ཆེན་མོ་ཞེས་ལམ་ཕུལ་དུ་བྱུང་བར་མགོ་འདོན་མཁན་བྲམ་ཟེ་ཆེན་པོ་ས་ར་ཧར་གདའ་བ་བུ། དེའི་ལུགས་འཛིན་པ་རྒྱ་གར་ན་རྗེ་རི་ཁྲོད་ཞབས་ཡབ་སྲས་ཡིན་ཞེས་གསུངས་པ་ལྟར། ཡབ་རི་ཁྲོད་ཞབས་ཀྱི་ལུགས་སྲས་མི་སྲིད་པས་བཟུང་ནས་སློབ་མ་རྣམས་ལ་ཕྱག་རྒྱ་ཆེན་པོའི་མན་ངག་སྟོན་པས་འཛམ་བུའི་གླིང་ཐམས་ཅད་དུ་ཁྱབ། ཕྱག་རྒྱ་ཆེན་པོ་སྟོད་ལུགས་པ་ཚོས་ཇོ་བོ་མཻ་ཏྲི་པ་འི་སློབ་མ་རྣམས་ལས་ཕྱག་རྒྱ་ཆེན་པོ་བོད་དུ་འགྱུར་བ་ལ་སྔ་ཕྱི་བར་གསུམ་བཤད་དེ། སྔ་མ་སྐོར་ནི་རཱུ་པ་ལས་བརྒྱུད་པ་སྟེ། མངའ་བདག་མཻ་ཏྲི་པ་ས་རྗེ་བཙུན་ཀ་རོ་པ། དེས་སྐོར་ནི་རཱུ་པ་ལ་བརྒྱུད་པ་ཡིན། བར་པ་ལ་སྟོད་སྨད་གཉིས་ལས། སྟོད་འགྱུར་ནི་རྒྱ་གར་ཕྱག་ན་བོད་དུ་འབྲོག་ཇོ་སྲས་ཀྱིས་སྤྱན་དྲངས་ཏེ་གཙང་གི་ཆུ་སྒོར་བཞུགས་ནས་ལྷ་རྗེ་གཙང་ཤོད་པ། ཤེ་སྟོན་བྱང་འབར། སྤུ་ཧྲངས་ནག་པོ་ཤེར་དད། ནག་ཚོ་ཚུལ་ཁྲིམས་རྒྱལ་བ། རྨ་བན་ཆོས་འབར་སོགས་བོད་སྟོན་ཆེན་པོ་སུམ་ཅུ་ལ་གྲུབ་སྙིང་ཕྲ་མོ་དང་བཅས་པའི་གཞུང་དང་། བྲུལ་ཚོ་དགུ་གསུམ་ཉི་ཤུ་རྩ་བདུན་ཕྱག་རྒྱ་བཞིས་བཅིངས་པ་སོགས་གནང་། སྨད་འགྱུར་ཨ་སུ་སྟེ་བལ་པོ་སྐྱེ་མེད་དུ་གྲགས་པས་དབུས་སུ་ཚེ་ཕྱིད་པར་མཛད་ནས་སློབ་མ་སྒོམ་ཀ་བ་བཞི། གདུང་དྲུག །ཡོར་པོ་བའི་བུ་གསུམ། དམག་པ་སྒང་པ་ལ་སོགས་པར་གསུངས་པ་རྣམས་སོ། །ཕྱི་འགྱུར་ནི་མངའ་རིས་པ་ནག་པོ་ཤེར་དད་ཀྱིས་རྒྱ་གར་དུ་བྱོན་ནས་ཕྱག་རྒྱ་སྐུ་བགྲེས་ཁ་དང་མཇལ། ཕྱིས་བོད་དུ་བྱོན་ནས་ཕྱག་རྒྱ་ཆེན་པོའི་ཆོས་བཅུ་སོགས་གསུངས་པ་རྣམས་དང་། རྗེ་མར་པ་ལ་བྱུང་བར་ཟུར་འགྱུར་ཞེས་སུ་གྲགས་ཀྱང་། དེབ་སྔོན་དུ་དུས་སྔ་ཕྱིའི་གོ་རིམ་བཞིན་བརྒྱུད་པ་རིམ་པ་དང་པོ་ནི་ཇོ་བོ་རྗེས་མཻ་ཏྲི་པ་ལས་ཐེག་པ་ཆེན་པོ་རྒྱུད་བླ་མའི་རྩ་འགྲེལ་དང་དོ་ཧ་ལ་སོགས་པའི་སྐོར་གསན་པ་དེ་དག་ལས་ཇོ་བོས་དོ་ཧ་དང་གྲུབ་སྙིང་གི་སྐོར། ཀུན་ཏུ་བཟང་པོའི་སྤྱོད་པ་བྱེད་ཚུལ་རྣམས་བསམ་ཡས་མཆིམས་ཕུར་དགེ་བཤེས་སྟོན་པ་ལ་གསུངས་པ་དང་། རིམ་པ་གཉིས་པ་ནི་མངའ་བདག་མེ་ཏྲི་པ་ལས་རྗེ་མར་པས་གསན་ནས་བོད་དུ་སྤེལ་བ་རྣམས། རིམ་པ་གསུམ་པ་ནི་པཎྜི་ཏ་བཻ་རོ་ཙ་ན་རཀྴི་ཏ་བོད་དུ་ལན་ལྔ་བྱོན་ནས་གསུངས་པ་རྣམས། རིམ་པ་བཞི་པ་ནི་སྐོར་ནི་རཱུ་པ་ལས་བརྒྱུད་པ་རྣམས། རིམ་པ་ལྔ་པ་ནི་སྟོད་ལུགས་སྨད་ལུགས། རིམ་པ་དྲུག་པ་ནི་རྗེ་རས་ཆུང་པ་ལས་བརྒྱུད་པ་རྣམས། རིམ་པ་བདུན་པ་ནི་ནག་པོ་ཤེར་དད་ཀྱིས་གསུངས་པ་བཅས་ཁྱོན་རིམ་པ་བདུན་དུ་ཕྱེ་ནས་གསུངས། འདིའི་རིམ་པ་ལ་འགལ་འཛོལ་ཅུང་ཞིག་ཡོད་པར་སྣང་སྟེ། ཇོ་བོས་དགེ་བཤེས་འབྲོམ་སྟོན་པ་ལ་མ་གསུངས་པའི་སྔོན་དུ་བཻ་རོ་ཙ་ན་རཀྵི་ཏ་དང་སྐོར་ནི་རཱུ་པ་སོགས་བོད་དུ་ཕེབས་ནས་ཕྱག་ཆེན་གྱི་གདམས་པ་སྤེལ་ཟིན་པ་ཡིན་པས་དེའི་སྐོར་མུ་མཐུད་དཔྱད་པར་འཚལ།
༤ ཕྱག་ཆེན་སྐོར་གྱི་དོགས་དཔྱོད།
མཉམ་མེད་དྭགས་པོ་རིན་པོ་ཆེས་དཔལ་ཕག་མོ་གྲུ་པ་ལ། འོ་སྐོལ་གྱི་ཕྱག་རྒྱ་ཆེན་པོ་འདིའི་གཞུང་ནི་བཅོམ་ལྡན་འདས་བྱམས་པས་མཛད་པའི་ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཡིན་ཞེས་གསུངས་པ་བཞིན། དཔལ་ཕག་གྲུ་ཡབ་སྲས་དང་། རྗེ་འབྲི་གུང་དཔོན་སློབ། ཆོས་རྗེ་རང་བྱུང་རྡོ་རྗེ། འཇམ་མགོན་བློ་གྲོས་མཐའ་ཡས་ལ་སོགས་པས་ཐེག་པ་ཆེན་པོ་རྒྱུད་བླ་མའི་བཤད་པའམ་མདོ་ལུགས་ཀྱི་ཕྱག་རྒྱ་ཆེན་པོའི་ཁྲིད་སྲོལ་བརྒྱུད་འཛིན་གནང་བ་ཡིན། དགའ་ལྡན་ཆོས་འབྱུང་དུ་རྗེ་རིན་པོ་ཆེའི་གསུང་དྲངས་པར་ཕྱག་རྫོགས་དབུ་གསུམ་ལྟ་བ་བོད་འདིར་གྲགས། །དབུ་མ་ཀླུ་སྒྲུབ་ཡབ་སྲས་བཞེད་པའི་རྩེ། །གཞུང་ལུགས་སྦྱངས་པའི་མཁས་མིན་རྟོགས་པ་དཀའ། དེང་དུས་ཕྱག་རྒྱ་ཆེ་ཞེས་སེམས་གནས་ཀྱི། །ལྟ་བ་ཡིན་གྱི་ཕྱག་ཆེན་དངོས་མ་ཡིན་ཞེས་རྗེ་ཙོང་ཁ་པས་ཕྱག་རྫོགས་དབུ་གསུམ་གྱི་ལྟ་བ་ལས། ཀླུ་སྒྲུབ་ཡབ་སྲས་ཀྱིས་བཞེད་པའི་དབུ་མའི་ལྟ་བ་དེ་ཁྱད་དུ་འཕགས་པ་ཡང་གཞུང་ལུགས་ལ་སྦྱངས་པ་མཛད་པའི་མཁས་པ་མིན་པར་རྟོགས་དཀའ་ལ། ཁོང་གི་སྐུ་དུས་ཀྱི་ཕྱག་ཆེན་ཞེས་ཟེར་བ་དེ་སེམས་གནས་ཀྱི་ལྟ་བ་ཡིན་པ་ལས་ཕྱག་རྒྱ་ཆེན་པོ་དངོས་མ་ཡིན་ཞེས་ཁོང་དང་དུས་མཉམ་པའི་ཕྱག་ཆེན་གྱི་ཉམས་ལེན་པ་འགའི་ལྟ་ཚུལ་བཀག་པ་ཡིན། དེའི་རྒྱུ་མཚན་ནི་དགའ་ལྡན་ཆོས་འབྱུང་དུ་ལྟ་བ་ཕྱག་རྒྱ་ཆེན་པོ་ནི་སྤྱིར་གྲུབ་མཐའ་རིས་མེད་ཀྱི་ཆོས་སྐད་ཡིན་ལ། བཀའ་བརྒྱུད་པའི་ཕྱག་རྒྱ་ཆེན་པོ་ཡང་མི་ལ་ཡན་དུ་སྨད་པར་མི་རིགས་མོད་ཅེས་པ་དང་། ཡང་དེ་དང་ཕྱོགས་འདྲ་བར། དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་མཁས་གྲུབ་རྗེ་དང་ས་སྐྱ་པཎ་ཆེན་གྱིས་དགག་པ་སྐྱོན་པ་དེ་ཡང་བཀའ་བརྒྱུད་ཀྱི་བླ་མ་གོང་མ་ཚོའི་ལྟ་བ་ལ་དགག་པ་སྐྱོན་པ་མ་ཡིན་པར་ཕྱིས་སུ་སློབ་མ་འགའ་ཤས་ཀྱིས་བྲིས་པའི་ཕྱག་རྒྱ་ཆེན་པོའི་དཔེ་ཆ་དེ་དག་ལ་དགག་པ་སྐྱོན་པ་ཞིག་རེད་ཅེས་གསུངས་པ་ལྟར། ཕྱག་རྒྱ་ཆེན་པོའི་ལྟ་བ་དེ་ཉིད་མདོ་ལས་གསུངས་པས་ཡང་དག་འཁྲུལ་མེད་ཡིན་པ་ཐེ་ཚོམ་མེད་ལ། དེ་ཉིད་ཉམས་སུ་ལེན་མཁན་གྱི་སྔ་རབས་ཀྱི་བླ་མ་གོང་མ་ཚོར་སྨད་པར་མི་རིགས་ཀྱང་། ཕྱིས་གང་ཟག་ཐ་མལ་པ་འགའ་ཤས་ཀྱིས་ཕྱག་རྒྱ་ཆེན་པོ་ཁ་རུ་བཏོན་ནས་ལྟ་སྤྱོད་རྣམ་དག་གིས་ཐོག་ནས་ཉམས་ལེན་མི་བྱེད་པར་ལྟ་ཁུངས་གཙང་མ་དེ་རིམ་གྱིས་སྦགས་བཙོག་གིས་སྒྲིབ་པའི་ལོ་རྒྱུས་ཀྱི་བརྒྱུད་རིམ་མཚོན། དེས་ན་མཁས་གྲུབ་ཁྱུང་པོའི་ཕྱག་ཆེན་གའུ་མའི་ལྟ་བ་མཐར་ཐུག་ཀྱང་རྒྱལ་སྲས་མཻ་ཏྲི་པ་རང་ལ་ཁུངས་གཏུགས་པ་དང་། རྩོད་མེད་ཀྱི་བླ་མ་དུ་མས་ངོ་སྤྲོད་དང་གསལ་སྟོན་མཛད་པ། མཁས་གྲུབ་ཁྱུང་པོས་གནད་མ་འཕྱུག་པར་ཉམས་སུ་བཞེས་ནས་གདམས་པ་འདི་ཉིད་ཡང་དག་ཡིན་པའི་བདེན་དཔང་མཛད། འོན་ཀྱང་ཕྱིས་ཀྱི་འཕེལ་རིམ་ཁྲོད་བླ་མ་འགའ་ཞིག་ལ་རྗེ་མར་པ་ལྟ་བུའི་ཡོན་ཏན་དང་ཐུགས་རྗེ་མེད་པ། སློབ་མ་འགའ་ཞིག་ལ་རྗེ་མི་ལ་ལྟ་བུའི་དད་པ་དང་སྙིང་རུས་མེད་པ་སོགས་ཀྱིས་རྐྱེན་པས་ཕྱག་ཆེན་གའུ་མའི་གདམས་པ་རྣམ་དག་དེ་ལ་ཡང་གོང་དང་འདྲ་བར་ཉམས་ལེན་གནད་དུ་མ་ཕིགས་པའི་དུག་རླངས་ཅུང་ཞིག་ཕོག་ཡོད་ཀྱང་། གདམས་པ་རང་ཉིད་ནི་སྔ་བར་ཕྱི་གསུམ་དུ་ཡང་དག་དང་འཁྲུལ་མེད་ཁོ་ན་ཡིན། དེ་ལྟར་ཕྱག་རྒྱ་ཆེན་པོ་གའུ་མའི་ཆོས་ཚུལ་ཡང་དག་ཕྱིན་ཅི་མ་ལོག་པར་ཤེས་ནས་གདམས་པ་འདི་ཉིད་ཉམས་སུ་ལེན་པ་ཆེས་ལེགས་པ་ཡང་། ཀ་8ཐོག་རིག་འཛིན་ཆེན་མོས་མདོ་སྔགས་ཐོས་བསམ་ཐར་པའི་རིགས་རྒྱུད་ཙམ། །ཚུལ་བཞིན་བསྒོམས་ན་མཐར་འབྲས་མྱུར་དུ་འགྲུབ། །གཞན་གླུ་སྒྲ་ཚད་རྟོག་གེའི་རིག་པ་དང་། །ཁེ་གྲགས་ཀྱིས་སླད་ཐོས་རྒྱས་ཅི་ཞིག་བྱ། །དེང་སང་སྙིགས་དུས་ཚེ་ཐུང་མྱུར་དུ་འཆི། ཕྱག་ཆེན་སྒོམ་མཛོད་ཁོ་བོས་གྲོས་ཆེན་གདབ་ཅེས་གདམས་ངག་མཆོག་འགྱུར་འདི་ཉིད་ཚུལ་བཞིན་དུ་ཉམས་སུ་བླངས་ན། ཡུད་ཙམ་པ་ཡི་ཚེ་འདི་ལ་གནས་སྐབས་དང་མཐར་ཐུག་གི་འབྲས་བུ་ཐམས་ཅད་མངོན་དུ་འགྱུར་ཐུབ་ངེས་སོ།
II.1.3.2 The Six Yogas of Naropa, path of skillful means
།གཉིས། ཐབས་ལམ་ནཱ་རོ་ཆོས་དྲུག་གི་སྐོར།
སྤྱིར་ལམ་ལ་སྨིན་གྲོལ་གཉིས་དང་། གྲོལ་ལམ་ལ་བསྐྱེད་རྫོགས་གཉིས། རྫོགས་རིམ་ལ་མཚན་བཅས་མཚན་མེད་གཉིས་སམ་ཐབས་གྲོལ་གཉིས་ལ་སོགས་པ་ཡོད་པ་ལས། རྫོགས་རིམ་ཐབས་གྲོལ་གྱི་ཁོངས་སུ་གཏོགས་པ་ཐབས་ལམ་ནཱ་རོ་ཆོས་དྲུག་ནི་རྒྱ་གར་པཎ་ཆེན་ནཱ་རོ་ཏ་པ་ཡེ་ཤེས་དངོས་གྲུབ་ནས་བརྒྱུད་པའི་གདམས་ངག་སྟེ། ༡ མ་རྒྱུད་ཀྱི་རྡོར་དང་བདེ་མཆོག་ནས་བཤད་པའི་གཏུམ་མོ། ༢ ཕ་རྒྱུད་གསང་བ་འདུས་པ་ནས་བཤད་པའི་སྒྱུ་ལུས། ༣ དེ་ནས་བཤད་པའི་འོད་གསལ་སྟེ་རྩ་བ་གསུམ། ༤ མ་རྒྱུད་གདན་བཞི་ནས་བཤད་པའི་འཕོ་བ། ༥ དེ་ནས་བཤད་པའི་གྲོང་འཇུག ༦ བར་དོའི་གདམས་ངག་སྟེ་ཡན་ལག་གསུམ་བཅས་སོ། དེ་དག་རྒྱུད་སྡེ་ལ་བརྟེན་པའི་རྫོགས་རིམ་ཡིན་ཏེ། གདམས་པ་འདི་དག་ནི་ཕ་རྒྱུད་གསང་བ་འདུས་པ། མ་རྒྱུད་མ་ཧཱ་མ་ཡཱ། སྙིང་པོ་ཀྱི་རྡོ་རྗེ། ཡང་སྙིང་བདེ་མཆོག་འཁོར་ལོ། བཀའ་སྲུང་ཅན་གྱི་གདན་བཞི་རྣམས་ཏེ་ཁྱད་པར་ཅན་གྱི་རྒྱུད་སྡེ་ཆེན་པོ་ལྔ་རྩ་བཤད་ཆ་མཐུན་གྱི་རྒྱུད་ཡན་ལག་དང་བཅས་པར་བརྟེན་པ་ཡིན་ལ། དེ་དག་གི་སྒྲ་དོན་དང་དབྱེ་བ་རགས་ཙམ་བརྗོད་པ་ལ།
༡ གཏུམ་མོ།
ལམ་གྱི་གཞུང་ཤིང་གཏུམ་མོ་ནི། གང་ལ་གནད་དུ་བསྣུན་པའི་ཕུང་ཁམས་མ་དག་པ་རྣམས་སྲེག་ཅིང་ཉོན་མོངས་རྣམ་རྟོག་ཐམས་ཅད་རྩད་ནས་གཅོད་པའི་དོན་གྱིས་ན་གཏུམ་ཞེས་བྱ་སྟེ། རྡོ་རྗེ་སྙིང་འགྲེལ་ལས། སྲེག་བྱེད་ཕྱིར་ན་གཏུམ་མོར་བཤད། །ཅེས་དང་། བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མྱུར་དུ་སྐྱེད་པར་བྱེད་པས་མོ་ཞེས་བྱ། དེ་ལ་ཉོན་མོངས་འཇོམས་པའི་བྱེད་ལས་ཨ་གཏུམ་དང་། སྐྱེ་བའི་མེད་པའི་རང་བཞིན་ཨ་ཐུང་། དབྱིབས་ཨ་ཤད་གསུམ་དང་། ཡང་རྗེ་མཁའ་སྤྱོད་དབང་པོས་ལྟ་བའི་སྤྲོས་པ་གཅོད་པ་ཕྱིའི་གཏུམ་མོ་དང་། བསྒོམ་དོན་ཉམས་སུ་ལེན་པ་ནང་གི་གཏུམ་མོ། མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོའི་གོ་འཕང་ལ་སྦྱོར་བ་གསང་བའི་གཏུམ་མོ་བཅས་སུ་བཞེད་པ་སོགས་ཀྱི་དབྱེ་བ་མང་།
གང་ལ་གནད་དུ་བསྣུན་པའི་ཡུལ་ནི། དེའང་སྤྱིར་ལམ་འདི་དག་རྩ་རླུང་ཐིག་ལེའི་རྣལ་འབྱོར་ལ་བརྟེན་ནས་བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱས་ཏེ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་སྒྲུབ་བྱེད་ཡིན་ཏེ། ཆོས་དྲུག་དྲིལ་བ་རྡོ་རྗེའི་མགུར་ལས་ཕྱི་ནི་སྒྱུ་མ་ལྷ་ཡི་སྐུ། །ནང་ན་རྩ་གསུམ་འཁོར་ལོ་བཞི་ཞེས་གསལ་བ་ལྟར་མིའི་ལུས་ལ་ཁྱོན་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཡོད་པ་ལས་རྣལ་འབྱོར་དུ་བྱེད་པ་ན་རྩ་གསུམ་འཁོར་ལོ་བཞི་ལ་གནད་དུ་བསྣུན་པར་བྱ་བ་ཡིན། ཇི་ལྟར་གནད་དུ་བསྣུན་ཐབས་ནི། རྗེ་མར་པས་སྦྱོར་བ་བཞི་ལྡན་མ་ཤེས་ན། །ཡོན་ཏན་སྐྱོན་དུ་འགྱུར་བའི་ཉེན་ཞེས་གསུངས་པས་ཐོག་མར་སྦྱོར་བ་བཞི་དང་གནད་ལྔ་ལ་བརྟེན་ནས་སྟེང་འོག་གི་རླུང་ལྟེ་བར་ཁ་སྦྱར་བའི་བུམ་པ་ཅན་ལ་གཙོ་བོར་བྱེད་པ་དང་། ཐིག་ལེ་རྣལ་འབྱོར་དུ་བྱེད་པ་ན། གཙོ་བོར་བྱང་སེམས་དཀར་དམར་ཞུ་བདེའི་ཐིག་ལེ་གཉིས་འབར་འཛག་གི་འཕྲུལ་གྱིས་ཁ་སྦྱོར་བ་ལ་བརྟེན་ནས་འཕོ་བའི་ཀུན་རྟོག་འཛད་མེད་དུ་འཆིངས་ཏེ་བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བསྒོམས་པ། འགྱུར་མེད་ཀྱི་བདེ་བ་སྒྲུབ་བྱེད་ཐུན་མོང་མ་ཡིན་པ་ནང་གི་གཏུམ་མོའི་རྣལ་འབྱོར་བསྒོམས་པ་བཅས་རླུང་ནི་གཏུམ་མོ་འབར་བྱེད་ཀྱི་རྐྱེན་དང་། རྩ་ནི་དེའི་གནས་སམ་རྟེན། སྔགས་ནི་གཏུམ་མོ་བྱིན་གྱིས་རློབ་བྱེད་དོ། །དེ་ལྟར་ལུས་ལ་གནད་དུ་བསྣུན་ནས་གཏུམ་མོ་བསྒོམས་པའི་ཕན་ཡོན་གནས་སྐབས་སུ་རྟགས་བཅུ་གཉིས་དང་། ཡོན་ཏན་བརྒྱད་སོགས་འབྱུང་བ་དང་། མཐར་ཐུག་ལུས་འཇའ་ལུས་སྣང་སྟོང་དབྱེར་མེད་ལོངས་སྤྱོད་རྫོགས་པའི་སྐུ་དང་། སེམས་འོད་གསལ་བདེ་སྟོང་དབྱེར་མེད་ཆོས་ཀྱི་སྐུའི་དགོངས་པ་མངོན་དུ་གྱུར་ཏེ་འཚང་རྒྱ་བའོ།
༢ །སྒྱུ་ལུས།
ལམ་གྱི་བོགས་འདོན་སྒྱུ་ལུས་ནི། ཡུལ་ཅན་བདེ་བ་ཆེན་པོ་ཉིད་ཡུལ་སྒྱུ་མ་ལྟར་འཆར་བའི་སྒོ་ནས་བོགས་འདོན་པར་བྱེད་པའི་ཕྱིར་ལམ་གྱི་བོགས་འདོན་སྒྱུ་ལུས་ཏེ། རྣམ་པ་མེད་ཀྱང་རྣམ་པ་སྣ་ཚོགས་འཛིན་པའམ། སྣང་ཡང་རང་བཞིན་མ་གྲུབ་པའི་ཕྱིར་སྒྱུ་མའི་ལུས་ཞེས་བྱ། སྒྱུ་ལུས་ལ་སྤྱིར་དཔེའི་སྒྱུ་མ། སྣང་བ་སྒྱུ་མ། རྨི་ལམ་སྒྱུ་མ། བར་དོ་སྒྱུ་མ། འོད་གསལ་སྒྱུ་མ། སྤྲུལ་པ་སྒྱུ་མ། ཡེ་ཤེས་སྒྱུ་མ་སྟེ་བདུན་དང༌། དེ་མིན་མ་དག་པའི་སྒྱུ་ལུས། དག་པའི་སྒྱུ་ལུས། རྣམ་དག་སྒྱུ་ལུས་བཅས་གསུམ་དུ་དབྱེ། གཞན་ཡང་ཉམས་ལེན་བྱ་ཚུལ་གྱི་སྒོ་ནས་དབྱེ་ན། མཉམ་བཞག་སྒྱུ་ལུས་དང་རྗེས་ཐོབ་སྒྱུ་ལུས་གཉིས་ལས། དང་པོ་མཉམ་བཞག་སྒྱུ་ལུས་ནི། ངག་དབེན་དང་། ལུས་དབེན། སེམས་དབེན་གསུམ་སྔོན་དུ་སོང་ནས། སྟོང་པའམ་བདེ་བ་ལས་བྱུང་བའི་སྒྱུ་ལུས་ཀྱི་རིམ་པ་ཤུགས་ཀྱིས་སྐྱེ་ཞིང་། མཚན་མེད་ལ་གནས་ཁྱད་པར་ཅན་དང་འབྲེལ་བས་སྒོ་གསུམ་མི་གཡོ་བར་བཞག་པ་དང་། མཚན་བཅས་ལ་ལུས་གནད་བྱེད་བཅིངས། ངག་བུམ་པ་ཅན་གྱི་རྡོར་བཟླས། སེམས་ཀྱི་བྱུང་ཚོར་ཞུ་བདེའི་ངང་དུ་ནུབ་པ་དང་། རྗེས་ཐོབ་སྒྱུ་ལུས་ནི། དེ་ལྟར་མཉམ་བཞག་ཏུ་སྒྱུ་མའི་སྐུ་ལ་གསལ་སྣང་སྐྱེས་ནས་རྗེས་ཐོབ་ཏུ་ཐ་མལ་གྱི་སྣང་བ་ཐམས་ཅད་དང་། རྨི་ལམ་བར་དོ་བཅས་སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས་ལམ་དུ་འཁྱེར་བའོ།
༣ །རྨི་ལམ།
ལམ་གྱི་ཚོད་འཛིན་རྨི་ལམ་ནི། སྒྱུ་མ་གསུམ་བརྒྱུད་ཀྱི་ལམ་རྣམས་ཀྱི་དྲོད་ཚད་རྨི་ལམ་དུ་མྱོང་བ་བརྟན་མི་བརྟན་གྱིས་འཛིན་པར་བྱེད་པས་རྨི་ལམ་གྱི་རྣལ་འབྱོར་ཏེ། བག་ཆགས་ཀྱི་རང་གཟུགས་འཆར་བས་སམ་ཡུལ་གྱི་སྲོག་གཟུགས་འཛིན་པའི་ཕྱིར་རྨི་ལམ་ཞེས་བྱ་ཞིང་། དེ་ལ་དབྱེ་ན། རྗེ་མར་པས་རྨི་ལམ་ལ་ཡང་རྣམ་ལྔ་སྟེ། །དྲན་དང་སྒྱུ་མར་ཤེས་པ་དང༌། སྦྱངས་དང་གོམས་པ་འདྲིས་པ་དང་། །གོང་དུ་འཕོ་བ་ཞེས་པར་བྱ་ཞེས་རྣམ་པ་ལྔར་ཕྱེ་བ་དང་། ཡང་དཔེའི་རྨི་ལམ་དེ་ཉིད་དངོས། དོན་གྱི་རྨི་ལམ་ཉིན་སྣང་། དུས་མཐའི་རྨི་ལམ་བར་དོ་གསུམ། ངོ་བོའི་སྒོ་ནས་ལས་དང་པོ་བ། རྣལ་འབྱོར་པ། འཕགས་པའི་རྨི་ལམ་གསུམ་སོགས་སུ་དབྱེ་བ་མང་། རྨི་ལམ་ཉམས་ལེན་བྱེད་པ་ལ་ཐོག་མར་ཉིན་མོ་དྲན་པ་རྒྱུན་ཆགས་དང་། མཚན་མོ་མན་ངག་བཙན་ཐབས་ཀྱི་གནད་གཉིས་བཟུང་། མ་ཟིན་པའི་གེགས་སྟོང་འབྱམས་གཏུགས་འབྱམས་སད་འབྱམས་དྲེད་འབྱམས་བཞི། གཉེན་པོའི་མན་ངག་གིས་བསལ་བས་རྨི་ལམ་ལ་དེ་ཉིད་དུ་ངོ་ཤེས་པ་ནི་རྨི་ལམ་ཟིན་པ་ཡིན་ལ། དེའང་རྨི་ལམ་ལྟར་ཆོས་ཐམས་ཅད་ངོ་བོས་སྟོང་ཞིང་ཅིར་ཡང་སྣང་བས་བདེན་གཉིས་ཟུང་དུ་འབྲེལ། ཆོས་ཅན་ཆོས་ཉིད་ཡ་མ་བྲལ་བ་རྟེན་འབྲེལ་གྱི་གཟུགས་བརྙན་ངོ་མཚར་ཆེ། རྨི་ལམ་ཟིན་ནས་ལྷ་དང་འབྱུང་བཞི་སོགས་ལ་སྤྲུལ་སྒྱུར་སྦྱོང་བ། བདེན་མེད་དུ་ཤེས་པའི་ཐོག་བརྫིས་སྒྱུ་མར་སྦྱོང་བ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རྣམ་ཐར་ལ་སྦྱོང་བའི་ཏིང་ངེ་འཛིན་ཀློང་དུ་གྱུར་ནས། མཐར་རྨི་ལམ་དང་འོད་གསལ་གཉིས་བསྲེ་ཞིང་འཕོ་བ་སོགས་སོ།
༤ །འོད་གསལ།
ལམ་གྱི་སྙིང་པོ་འོད་གསལ་ནི། ཆོས་ཐམས་ཅད་ཀྱི་གནས་ལུགས་རང་བཞིན་གྱིས་འོད་གསལ་བར་རྟོགས་པ་ཉིད་ཉམས་ལེན་གྱི་རྩ་བ་ཡིན་པས་ལམ་གྱི་སྙིང་པོར་གྱུར་པ་འོད་གསལ་གྱི་རྣལ་འབྱོར་ཏེ། དེའི་སྒྲ་དོན་ནི། གནས་ལུགས་ཀྱི་རང་འོད་འགག་མེད་དུ་གསལ་བའམ་རང་བཞིན་མེད་ཀྱང་ལྷུན་གྲུབ་ཏུ་སྣང་བའི་ཕྱིར་འོད་གསལ་ཞེས་བྱ། དེ་ལ་དབྱེ་ན། དཔེ་དོན་དང་། ཉམས་རྟོགས། ཉིན་མཚན། སྲབ་མཐུག །མ་བུ་འོད་གསལ་གཉིས་སོགས་གྲགས་ཆེ་ཞིང་། དེ་དག་ལས་དོན་གྱི་འོད་གསལ་ནི། དོན་གྱི་འོད་གསལ་ཁྱད་པར་ཅན་ཞིག་མངོན་དུ་བྱེད་པ་ཡིན་ལ། དེའང་སྒྱུ་ལུས་དངོས་སམ་རྗེས་མཐུན་པ་ཞིག་བསམ་གཏན་གཉིས་ཀྱིས་བསྡུས་ནས་འོད་གསལ་བ་མངོན་དུ་བྱེད་པ་ནི་སློབ་མི་སློབ་ཀྱི་འོད་གསལ་ཏེ་ཆེས་མཆོག་ཏུ་གྱུར་བའོ། སྒོམ་དོན་ལམ་གྱི་བྱེ་བྲག་ལ། གཞི་དུས། ལམ་དུས། འབྲས་དུས་བཅས་ཡོད་པ་ལས། དང༌པོ་གཞི་དུས་ནི། སེམས་ཅན་ཐམས་ཅད་ཀྱི་སེམས་རང་བཞིན་གྱིས་འོད་གསལ་བ་ཆོས་ཐམས་ཅད་ཀྱི་ཁྱབ་བདག་དེ་ལ་གཞི་གདོད་མའི་འོད་གསལ་ཞེས་བྱ། དེ་ལ་མདོ་སེམས་གཉིས་ཀྱི་ངོས་འཛིན་མི་འདྲ་བ་ཡོད་ཀྱང་། འདིར་དབུ་མ་པ་ལྟར་ཀུན་གཞི་བསྒྲིབས་ལུང་མ་བསྟན་དུ་འདོད། གཉིས་པ་ལམ་དུས་ནི། ལུས་བསམ་གཏན་གྱི་ཆོས་བདུན་དང་ལྡན་པས་ཤེས་པ་རྟེན་མེད་དུ་མ་བཅོས་པར་གློད་ནས་བཞག་པས་སྟོང་པ་ཉིད་འཁྲུལ་མེད་རྣལ་འབྱོར་པའི་མངོན་སུམ་དུ་བྱེད་པ་འདི་ནི་རྒྱུད་སྡེ་ཟབ་མོ་རྣམས་ལས་འབྱུང་བའི་རྫོགས་རིམ་མཐར་ཐུག་པའི་མན་ངག་སྟེ། རྟེན་རྡོ་རྗེའི་ལུས་ཀྱི་གནད་བཅིངས་ནས་ཡིད་མིག་རླུང་གསུམ་རྣམ་པར་མི་རྟོག་པའི་ངང་ལ་བཞག་པ་ན་ལུས་སེམས་རྟེན་འབྲེལ་ཁྱད་པར་ཅན་གྱིས་རོ་རྐྱང་གི་རྒྱུ་བ་འགགས་པ་དབུ་མར་རེངས་པས་རྣམ་པ་དང་བཅས་པའི་སྟོང་ཉིད་ཕྱག་རྒྱ་ཆེན་པོ་མངོན་སུམ་དུ་ཉམས་སུ་མྱོང་བ་ཡིན། གསུམ་པ་འབྲས་དུས་ནི། གཞི་གདོད་མའི་འོད་གསལ་ཆོས་ཉིད་རང་གི་རྒྱུད་ལ་ཇི་ལྟར་གནས་པ་དེ་ཉིད་བླ་མས་ངོ་སྤྲད་དེ་ཉིན་མཚན་འོད་གསལ་གྱིས་ལམ་དུ་བྱས་པས། དོན་འབྲས་གནས་ལུགས་ཀྱི་རྟོགས་པ་མཐར་ཕྱིན་པ་འབྲས་བུའི་འོད་གསལ་ལོ།
༥ །བར་དོ།
ལམ་གྱི་བློ་ཆོད་བར་དོ་ནི། སྲིད་པ་བར་དོར་འོད་གསལ་དང་སྒྱུ་ལུས་ཀྱིས་བློ་གཅིག་ཆོད་བྱས་པས་ཟུང་འཇུག་མངོན་དུ་བྱེད་པས་ལམ་གྱི་བློ་ཆོད་ཀྱི་རྣལ་འབྱོར་དང་། ཕྱོགས་གཉིས་སུ་མ་ལྷུང་བས་སམ་སྔོན་རྗེས་གཉིས་ཀྱི་བར་ན་གནས་པའི་ཕྱིར་བར་དོ་ཞེས་བྱ། འདིའི་དབྱེ་བར་རྗེ་བཙུན་མི་ལ་དང་རྗེ་རས་ཆུང་པ་སོགས་བཀའ་བརྒྱུད་པའི་བླ་མ་གོང་མ་རྣམས་ཀྱི་བཞེད་ཚུལ་མི་མཐུན་པ་མང་དུ་ཡོད་མོད། རྗེ་མར་པས་ནི་སྣང་བ་སྐྱེ་ཤིའི་བར་དོ། རྨི་ལམ་གཉིད་ཀྱི་བར་དོ། ཐ་མ་སྲིད་པ་བར་དོ་ཞེས་གསུམ་དུ་དབྱེ་བ་ཁོ་ན་གྲགས་ཆེ། དེ་ལས་སྔ་མ་གཉིས་ནི་རྩ་བའི་ཆོས་བཞིས་ལམ་དུ་བྱེད་པ་ཡིན་པས། སྐབས་འདིར་བར་དོའི་དབྱེ་བ་རྣམས་ལས་བློ་ཆོད་ཀྱི་བར་དོ་ནི་སྲིད་པ་བར་དོར་སྦྱོར་བ་ཡིན།
བར་དོ་ལམ་དུ་འཁྱེར་བ་འཆི་ཀ་མའི་དུས་སུ་སློབ་པ་ནི། འབྱུང་བ་རིམ་གྱིས་ཐིམ་པ་ཤེས་པར་བྱ་ལ། རང་གི་སེམས་ལ་བལྟ་ཞིང་བར་དོ་ལ་བར་དོར་ཤེས་པར་བྱའོ་སྙམ་པའི་འདུ་ཤེས་དྲག་ཏུ་བྱ་ཞིང་། བར་དོ་དེ་ཉིད་ཀྱང་སྒྱུ་མར་ཤེས་པར་བྱ་ལ། དེ་ཁོ་ན་ཉིད་བསྒོམ་སྟེ། སྐྱེ་བའི་རྐྱེན་དུ་འགྱུར་བའི་ཕ་མ་ལ་ཆགས་སྡང་སྐྱེ་བ་ཡིན་པས་དེ་བཟློག་ཅིང་འོད་གསལ་དུ་མོས་པ་བྱ། དེ་ཉིད་སྦྱོང་བྱེད་ཀྱི་རྣལ་འབྱོར་ལ། རབ་རྣམས་ཀྱིས་བར་དོ་དང་པོའི་འོད་གསལ་ངོས་བཟུང་། འབྲིང་གིས་བར་དོ་གཉིས་པར་སྒྱུ་ལུས་ལ་རྩལ་སྦྱོང་། ཐ་མས་བར་དོ་གསུམ་པ་ལ་མངལ་གྱི་སྒོ་དགག་ཅིང་གདམ་པར་བྱའོ། དེ་ལས་དང་པོ་དབང་པོ་རབ་རྣམས་ནི། འཆི་ཁར་འབྱུང་བ་བཞི་དང་ཕྲ་རགས་ཀྱི་རྣམ་རྟོག་ཐམས་ཅད་ཐིམ་ཞིང་སྟོང་པ་བཞི་ཕྱི་ནང་གི་རྟགས་སྣང་དང་བཅས་འཆར་བའི་ཚེ། སྔར་འོད་གསལ་འཛིན་དུས་ཀྱིས་རིལ་འཛིན་རྗེས་གཞིག་གི་མངོན་པར་རྟོགས་པ་ལྟ་བུ་སོགས་ཀྱི་དགེ་སྦྱོར་དང་བསྲེ། ཁྱད་པར་སྣང་གསུམ་དང་འོད་གསལ་འཆར་དུས་བླ་མས་ངོ་སྤྲད་པའི་ལྟ་ཐོག་ཏུ་འཇོག །འཆི་བ་འོད་གསལ་གྱི་དུས་རླུང་སེམས་སྙིང་གའི་དབུ་མར་ཐིམ་པ་ན་གཉིས་སྣང་གི་སྤྲོས་པ་ཉེ་བར་ཞི་བ་ནམ་མཁའ་སྤྲིན་མེད་པ་ལྟ་བུ་ཞིག་འཆར་མོད། དེའི་ཚེ་སྔོན་གོམས་ཀྱི་མྱོང་བ་མཆོག་དང་ལྡན་པ་ལ་སྔར་འདྲིས་ཀྱི་མི་དང་ཕྲད་པའམ། མགྲོན་པོ་རང་ཡུལ་དུ་ཕྱིན་པ་ལྟ་བུ་འབྱུང་ལ། དེ་ངོས་ཟིན་ནས་མཉམ་པར་འཇོག་ཐུབ་ཀྱང་སྔོན་སྒྲོ་འདོགས་ཆོད་པའི་ལྟ་ཐོག་ཏུ་བཞག་ནས་སྐྱོང་རྒྱུ་མེད་ན་གནས་ལུགས་རྟོགས་པར་མི་འགྲོ་བས། ཚེ་འདིར་སྟོང་ཉིད་ཀྱི་ལྟ་བ་གཏན་ལ་ཕེབས་པ་དེ་ཉིད་བདེ་ཆེན་དང་ཟུང་འབྲེལ་དུ་བསྒོམ་པའི་ལམ་གྱི་འོད་གསལ་ལ་འབད་པར་བྱས་པས། འཆི་བའི་མཐར་བར་དོ་ལས་འབྱུང་བའི་དོན་དུ་དེ་ཉིད་ལ་སྒྱུ་ལུས་ལོངས་སྐུ་འགྲུབ་སྟེ་རྟེན་ལ་འཚང་རྒྱ་བར་གསུངས། གཉིས་པ་དབང་པོ་འབྲིང་གིས་ནི། བར་དོ་དང་པོའི་འོད་གསལ་དེ་ཉིད་ཁམས་དྲུག་ལྡན་གྱི་སེམས་ཅན་ཐམས་ཅད་ལ་འཆི་བའི་ཚེ་འབྱུང་ཡང་། མན་ངག་གི་གནད་ལ་གོམས་པ་ཆུང་བས་ངོ་མ་ཤེས་པ་དང་། ཤེས་ཀྱང་གནས་མ་ནུས་པའི་རྐྱེན་གྱིས་དྭངས་མ་ལྔ་འདུས་ཀྱི་ཚོགས་པ་སོ་སོར་གྱེས་ཤིང་ཡལ་ནས་རྣམ་ཤེས་སྲོག་རླུང་གི་བཞོན་པ་དང་བཅས་པ་སྒོ་དགུ་གང་རུང་ནས་ཐོན་ཏེ་བེམ་རིག་བྲལ་མ་ཐག་བར་དོའི་ཡིད་ལུས་སུ་སྐྱེ་བ་ནི་སྲིད་པ་བར་དོའི་མཚན་གཞི་དངོས་ཡིན་ལ། སྐབས་དེར་སེམས་ཅན་ཕལ་ཆེ་བ་ལ་འཇིགས་པའི་སྒྲ་བཞི། །ཡ་ངའི་གཡང་ས་གསུམ་ལ་སོགས་པ་སྡིག་སེམས་བག་ཆགས་ཀྱི་རང་གཟུགས་ལས་བྱུང་བའི་འཁྲུལ་སྣང་འཇིགས་སྐྲག་གི་ཉེར་འཚེ་བརྗོད་ཀྱིས་མ་ལངས་པས་ཉམ་ཐག་པར་འགྱུར་ལ། བསོད་ནམས་བྱས་པའི་སྐྱེ་བོ་ལ་ནི་སྣང་ལོག་དེ་རྣམས་མི་འཆར་བར་ལྷས་བསུ་ཞིང་བཀུར་བསྟིས་མཆོད་པ་སོགས་དག་པའི་སྣང་བ་དང་བཅས་ཏེ་བདེ་ནས་བདེ་བར་འགྲོའོ། དེ་ཉིད་ལམ་དུ་བྱེད་པ་ལ། ལས་ཀྱི་རྫུ་འཕྲུལ་དང་ལྡན་པ་སོགས་ངེས་པའི་རྟགས་དྲུག་གི་སྒོ་ནས་ངོ་ཤེས་པར་བྱས་ལ་བཟང་ངན་གྱི་སྣང་བ་གང་ཤར་ཡང་ཐེག་ཆེན་གྱི་སེམས་བསྐྱེད་སོགས་རང་གང་ལ་གོམས་པའི་དགེ་སྦྱོར་ལ་འཇོག་སྟེ། དེ་ཉིད་དྲན་པ་ཙམ་གྱིས་འཇིགས་པ་ལས་སྐྱོབ་ཅིང་འཚེ་བ་རྣམས་རང་གྲོལ་དུ་འགྱུར། དེས་ན་འཁྲུལ་སྣང་རང་ག་མའི་རྗེས་སུ་སྐད་ཅིག་ཙམ་ཡང་མ་ཤོར་བར་རིག་པ་སེམས་ཀྱི་རང་སོ་བཟུང་བས་རྣམ་ཤེས་སྟོབས་སུ་གྱུར་ཏེ་རླུང་ལ་དབང་ཐོབ། དེའི་ཚེ་འཁྲུལ་སྣང་རབ་རིབ་ཤར་ཡང་དེ་ཉིད་ལམ་དུ་ལྷོངས་འགྲོའོ། གསུམ་པ་དབང་པོ་ཐ་མས་ནི། བར་དོ་གཉིས་པ་ལ་མ་གྲོལ་བ་རྣམས་རིང་མཐའ་བདུན་ཕྲག་བདུན་དང་། ཐུང་བ་བདུན་ཕྲག་གཅིག་ཕན་ཆད་དུ་འཁྱམས་ཤིང༌། དེའང་བར་སྲིད་དེ་ལུས་མེད་པས་ཤིན་ཏུ་སྐྱོ་ནས་མིང་གཞི་འཁྱམས་པོ་རྣམ་ཤེས་རླུང་དང་བག་ཆགས་ཀྱིས་བདས་པས་རང་དབང་མེད་པར་སྐྱེ་གནས་འཚོལ་ཞིང་དྲི་ཟ། མངལ་སྒོ་ཉུལ་བ་ལས་རླུང་ལྔ་རྒྱུ་ཞིང་དུག་ལྔ་འདུས་པའི་སྣང་སེམས་ཀྱི་རྟེན་འབྲེལ་ལས། རྣམ་བྱང་འོད་ཀྱི་ལམ་ལྔ་དང༌། རིགས་དྲུག་གི་མངལ་བཟང་ངན་དང་སྐྱེ་གནས་བཞིའི་སྣང་བ་འཆར་བ་ན། གང་ལ་གོམས་པའི་དགེ་སྦྱོར་གནད་དུ་བསྣུན་ཏེ་རྒྱུ་རྣམ་བྱང་འོད་ཀྱི་ལམ་ལ་དབང་མེད་དུ་འཇུག་པ་དང་། རྐྱེན་མཚམས་སྦྱོར་གྱིས་སྐྱེ་བ་འཛིན་པ་ལ་འཇུག་ཡུལ་དང་འཇུག་མཁན་དགག་པའི་ཏིང་འཛིན་ཡིད་ལ་བྱ། ཅིས་ཀྱང་མ་ཁེགས་ན་མངལ་སྒོ་གདམ་པ་ལ་འབད་དོ།
༦ །འཕོ་བ།
ལམ་གྱི་སྐྱེལ་མ་འཕོ་བ་ནི། དབང་པོ་རབ་འབྲིང་ཐ་མའི་ལམ་གྱི་ལས་འཕྲོ་སྒྲུབ་པའི་རྟེན་བཟུང་བའི་གེགས་ལས་སྒྲོལ་བས་ལམ་གྱི་སྐྱེལ་མར་གྱུར་པ་དང་། གོ་འཕང་གཞན་དུ་བགྲོད་པས་སམ་རང་བཞིན་མེད་ཀྱང་ཀུན་ཏུ་འཇུག་པའི་ཕྱིར་ཆད་མཐུད་འཕོ་བ་ཞེས་བྱ་བ་ལ། དེའི་དབྱེ་བར་ཀ་དཔེ་ཕྱི་མ་ལས་སྦྱངས་ཏེ་འཕོ་བ་སོགས་རྣམ་དབྱེ་བཅུ་གཅིག་ཙམ་གསུངས་པ་དང་། ཡང་འགའ་ཞིག་གིས་ཆོས་སྐུ། ལོངས་སྐུ། སྤྲུལ་སྐུའི་འཕོ་བ་གསུམ་དུ་མཛད་པ། དེ་མིན་སྦྱངས་ཏེ་འཕོ་བ། ལུས་བཅོས་ཏེ་འཕོ་བ། བཙན་ཐབས་སུ་འཕོ་བ་སོགས་རྣམ་གྲངས་དབྱེ་ཚུལ་ཤིན་ཏུ་མང་། གདམས་པ་འདི་ལ་བརྟེན་ནས་སྐྱེ་བ་འདིར་སྡིག་ལས་སྟོབས་པོ་ཆེ་ཅི་ཙམ་སྤྱད་རུང་སླར་དབང་བསྐུར་མནོས་ཤིང་དམ་ཚིག་ཚུལ་བཞིན་དུ་སྲུང་བ་དང་། བསྐྱེད་རིམ་སྔོན་དུ་སོང་བའི་རྫོགས་རིམ་རྩ་རླུང་གི་སྦྱོར་བ་ཁྱད་པར་ཅན་དང་ལྡན་པ་ཞིག་གིས་འགྲུབ་པ་ཡིན་ལ། སྡིག་ཅན་རང་ག་བ་རླུང་སྦྱོར་དང་འཕོ་དམིགས་ཅུང་ཙམ་སྦྱངས་པས་ནི་དམིགས་པའི་བྱིན་རླབས་ཀྱིས་ཕན་ཡོན་ཅུང་ཟད་རེ་འབྱུང་ཡང་ཚུལ་བཞིན་དུ་འགྲུབ་པ་མ་ཡིན། ལྷག་པར་དུས་ལ་མ་བབས་པར་འཕོ་བ་གང་དགར་བྱར་མི་རུང་བ་སྟེ། འཆི་རྟགས་ངེས་ན་འཕོ་བྱས་ཏེ། །འཆི་རྟགས་མེད་ན་སངས་རྒྱས་གསོད་ཅེས་གསུངས་པ་ལྟར་སྡིག་ལྟུང་ཤིན་ཏུ་ལྕི།
སྒོམ་དོན་བྱེ་བྲག་ཏུ་སྨོས་པ་ལ། རབ་འོད་གསལ། འབྲིང་སྒྱུ་ལུས། ཐ་མ་བསྐྱེད་རིམ་ལ་འཕོ་བ་དང་གསུམ་དུ་མཛད་པའི་དང་པོ་ནི། གནས་ལུགས་ཀྱི་དོན་ཇི་ལྟ་བ་བཞིན་རྟོགས་པའི་ཤེས་རབ་དང་དེའི་ངང་ལ་རྩེ་གཅིག་ཏུ་གནས་པའི་ཏིང་ངེ་འཛིན་ཟུང་འབྲེལ་གྱིས་གནད་ཟབ་མོ་ལ་གོམས་པར་བྱས་པ་ན། ནམ་འཆི་བ་ལ་མངོན་དུ་ཕྱོགས་ཏེ་འབྱུང་བ་ཐིམ་སྡུད་ཀྱི་རྟགས་རྣམས་ཤར་བའི་ཚེ་འཕོ་བྱ་འཕོ་བྱེད་སོགས་ཀྱི་འཁོར་གསུམ་མ་དམིགས་པ་དེ་ཁོ་ན་ཉིད་ཀྱི་ལྟ་བ་འཁྲུལ་མེད་ཀྱི་སྟེང་དུ་གཞག་བྱ་འཇོག་བྱེད་རྩོལ་བ་མེད་པར་བཞག་པས་གཞིའི་འོད་གསལ་དང་ཆུ་ལ་ཆུ་བཞག་པ་ལྟར་དབྱེར་མེད་དུ་འདྲེས་ཏེ་བར་དོ་དང་པོར་བཏགས་པ་འཆི་བ་ཆོས་ཀྱི་སྐུར་འཚང་རྒྱ་བའོ། །གཉིས་པ་ནི། དབང་པོ་འབྲིང་དུ་གྱུར་པས་འཆི་སྲིད་ཐིམ་རིམ་དང་སྣང་གསུམ་མཐའི་འོད་གསལ་ངོས་མི་ཟིན་ཅིང༌། ཟིན་ཀྱང་གནས་པར་མ་ཐུབ་ན། སྒྱུ་ལུས་ལོངས་སྐུར་ལྡང་བར་བྱའོ་སྙམ་པའི་སྔོན་གྱི་འཕེན་པས་གསོས་བཏབ་སྟེ་སྣང་གསུམ་ལུགས་ཟློག་གི་མཐར་སྒྱུ་ལུས་ལྷ་སྐུར་ལྡངས་ཤིང་། དེ་ཉིད་ཀྱང་འོད་གསལ་དོན་དམ་པའི་རིམ་པས་སྦྱངས་ཏེ་འཁོར་བའི་བར་སྲིད་ལས་ཤིན་ཏུ་འདས་པའི་ཟུང་འཇུག་སྒྱུ་མའི་སྐུ་ཆུ་ལས་ཉ་འཕར་བ་ལྟར་བཞེངས་ནས་བར་དོ་ལོངས་སྐུར་འཚང་རྒྱ་བར་བྱ། གསུམ་པ་དབང་པོ་ཐ་མ་བསྐྱེད་རིམ་གྱིས་འཕོ་བ་ལ་གསུམ་སྟེ། ༡ སེམས་སྦྱངས་ཏེ་འཕོ་བ་ནི། ཕྱི་ནང་གི་སྟོང་ར་དང་རླུང་རྡུབ་བཟུང་འཕང་གསུམ་གྱི་སྦྱོར་བས་སེམས་ཀྱི་ཡིག་འབྲུ་བསྐུལ་ནས་འཇུག་ལྡོག་ལ་དབང་ཐོབ་པར་སྦྱངས་ཏེ་རྟགས་ཀྱིས་ཉམས་སད་ཅིང་། དུས་སུ་བབས་པའི་ཚེ་ལས་ལ་སྦྱར་བ་དང་། ༢ བཙན་ཐབས་སུ་འཕོ་བ་ནི། སྦྱངས་པ་ཚགས་སུ་མ་ཚུད་པར་གློ་བུར་དུ་འཆི་བས་གཏུགས་ན་རྟེན་བྱིན་རླབས་ཅན་གྱི་སྤྱན་སྔར་མོས་གུས་སེམས་བསྐྱེད་ཀྱིས་མཚམས་སྦྱར་ལ། དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པའི་བཞུགས་སྟངས་དང་། སྐྱེ་མེད་ཀྱི་ཡིག་འབྲུའི་སྦྱོར་བས་དག་པའི་ཞིང་དུ་འཇུག་པར་བྱ་སྟེ། ཐ་མལ་པ་དང་དུད་འགྲོ་རྣམས་ལ་ཕན་པ་རྒྱ་ཆེར་འབྱུང་བའི་གདམས་ངག་ཟབ་མོར་གསུངས། ༣ གྲོང་འཇུག་གི་འཕོ་བ་སྟེ། སྔོན་ལས་ངན་པའི་གཤེད་མས་གསོད་པར་ངེས་པ་སོགས་ལ་ལུས་ཀྱི་གནད་འཁྲུལ་འཁོར། སེམས་ཀྱི་གནད་དགུ་གསུམ་ལས་འདས་པ། ངག་གི་གནད་དབྱངས་གསལ་ཕྱེད་དང་གསུམ་པའི་སྦྱོར་བས། རང་གི་ཕུང་པོ་དོར་བྱས་ནས། །བསོད་ནམས་ཅན་གྱི་ལུས་སླངས་ཏེ། སེམས་ཅན་དོན་ནི་མ་ལུས་བྱ་ཞེས་པ་བཞིན་སྐད་ཅིག་ལ་རྣམ་ཤེས་རང་ལུས་ཀྱི་གྲོང་ལས་འཕོས་ནས་གཞན་ཤི་བའི་ལུས་མ་ཉམས་པའི་གྲོང་དུ་འཇུག་ཅིང་འགྲོ་བ་སེམས་ཅན་གྱི་དོན་མ་ལུས་བྱ་བའི་ཕྱིར་སྔགས་སྤྱོད་ཀྱི་རྟེན་ཁྱད་པར་ཅན་འཛིན་པའོ།
།གདམས་ངག་འདི་དག་ལས་བླ་མ་རྔོག་པ་རྣམས་ཆོས་དྲུག་གི་སྙིང་པོ་བསྲེ་འཕོ་གཉིས་སུ་བསྡུ་བར་མཛད་དེ། ནཱ་རོའི་ཚིགས་བཅད་བརྒྱད་མར་སྐྱེ་ཤི་རྨི་ལམ་བར་དོ་དང་། །སྲིད་པ་བར་དོ་གསུམ་དུ་གནས། །ཉམས་ལེན་བསྲེ་འཕོ་གཉིས་སུ་འདུས། བསྲེ་བ་བསྒོམས་པས་སངས་རྒྱས་དང༌། །འཕོ་བ་མ་བསྒོམས་སངས་རྒྱས་སོ་ཞེས་པ་ལྟར་སྒྱུ་མ་གསུམ་བརྒྱུད་ཀྱི་གདམས་ངག་ཅེས་སམ་བསྲེ་འཕོའི་གདམས་པ་གཉིས་སུ་མཛད་ལ། རྗེ་བཙུན་མི་ལས་བར་དོ་བརྒྱད་ཀྱི་ངོ་སྤྲོད་ཅེས་དང༌། ཏི་ཕུ་པས་གཏུམ་མོ་ལས་རྒྱ་གཉིས། རྨི་ལམ་བར་དོ་གཉིས། འོད་གསལ་ཟུང་འཇུག་གཉིས། འཕོ་བ་གྲོང་འཇུག་གཉིས་བཅས་ཟུང་བཞི་ཡ་བརྒྱད་དུ་མཛད། རྗེ་རས་ཆུང་པས་བསྲེ་བ་སྐོར་གསུམ་མམ་བསྲེ་འཕོ་དགུ་སྐོར་ཞེས་སུ་བཞེད་དེ། འདོད་ཆགས་བདེ་ཆེན་དང་བསྲེ་བ་གཏུམ་མོ། ཞེ་སྡང་བདེན་མེད་དང་བསྲེ་བ་སྒྱུ་ལུས། གཏི་མུག་མི་རྟོག་པ་དང་བསྲེ་བ་འོད་གསལ། གཏུམ་མོ་དང་སྒྱུ་ལུས་བསྲེས་ལ་ཉིན་མོ་སྒོམ། རྨི་ལམ་དང་འོད་གསལ་བསྲེས་ལ་མཚན་མོ་སྒོམ། བར་དོ་དང་འཕོ་བ་བསྲེས་ལ་འཆི་ཁར་སྒོམ། གང་ཟག་བརྩོན་འགྲུས་ཅན་ལ་གཏུམ་མོ། ལེ་ལོ་ཅན་ལ་རྨི་ལམ། ཚེ་ཐུང་འཕོ་བ་དང་བསྲེ་བ་སྟེ་དགའོ། རྗེ་སྒམ་པོ་བས། བསྒོམས་པས་འཚང་རྒྱ་བ་གཏུམ་མོ། སྒྱུ་མ་ལམ་དུ་བྱེད་པས་འཚང་རྒྱ་བ་རྨི་ལམ། གཉིད་མཐུག་ལམ་དུ་བྱེད་པས་འཚང་རྒྱ་བ་འོད་གསལ། མ་བསྒོམས་པར་འཚང་རྒྱ་བ་འཕོ་བ། གྲོང་འཇུག་འཕོ་བའི་ཆ་ལག་དང་། རྨི་ལམ་སྒྱུ་ལུས་གཅིག་ཏུ་བསྡུ་ཞིང་བར་དོ་ཡང་དེའི་ཡན་ལག་ཏུ་བྱས་ནས་ཆོས་དྲུག་གམ་ཡང་ན་རྩ་བའི་ཆོས་བཞིར་བསྡུས་པར་མཛད།
དེ་ལྟར་ཐབས་ལམ་ཆོས་དྲུག་འདི་དག་ཉམས་སུ་བླངས་པས་འབྲས་བུ་མངོན་དུ་བྱེད་ཚུལ་ནི། ཟབ་མོའི་ལམ་མཐར་ཕྱིན་པའི་འབྲས་རྟགས་བཅུ། ཡོན་ཏན་བརྒྱད། གྲུབ་པ་བརྒྱད། འཕྲིན་ལས་བཞི་སོགས་ཐུན་མོང་གི་དངོས་གྲུབ་རྣམས་དང་། ཡན་ལག་བདུན། དབང་ཕྱུག་བརྒྱད། སྐུ་བཞི་ཡེ་ཤེས་ལྔ་སོགས་མཆོག་གི་དངོས་གྲུབ་མཐར་ཕྱིན་པ་ཐོབ་ཅིང་། ཁྱད་པར་བདེ་སྟོང་ཟུང་འཇུག་འགྱུར་བ་མེད་པ། འཇའ་ལུས་སྒྲིབ་བྲལ་སྒྱུ་མའི་ཚུལ་ཅན། སྣང་སྟོང་རང་ཤར་སོ་སོར་རྟོགས་པ། ཆོས་སྐུ་ཀློང་འབྱམས་ཡེ་ཤེས་ཆེན་པོ། ངེས་པ་ལྔ་ལྡན་ལོངས་སྤྱོད་རྫོགས་པ། གང་དུའང་འཕོ་མེད་མཁའ་སྤྱོད་ཆེན་པོ་སྟེ་མཐར་ཐུག་གི་ཆོས་དྲུག་མངོན་དུ་འགྱུར་བ་ཡིན་ནོ།
II.1.3.3
།གསུམ། བཀའ་བརྒྱུད་པའི་ནང་གསེས་བྱེ་བྲག་པ་འགའི་ཁྱད་ཆོས་སྐོར།
དྭགས་པོ་བཀའ་བརྒྱུད་ཀྱི་གྲུབ་ཐོབ་རེ་རེའི་ཆོས་སྒོ་རབ་འབྱམས་རྒྱ་མཚོར་འཇལ་བའི་ཚད་དང་མཐའ་གཟུང་བར་མི་ནུས་ཀྱང་། རྗེ་བཙུན་མི་ལའི་གདམས་ངག་མཐའ་དག་རྒྱུད་དང་འབྲེལ་བའི་ཐབས་ལམ་དང་། བྱིན་རླབས་དང་འབྲེལ་བ་སྙན་བརྒྱུད་གཉིས་སུ་འདུ་བར་གསུངས་ཤིང་། དེ་དག་ཀུན་གྱི་རྩ་བ་ནི་ཕྱག་རྒྱ་ཆེན་པོ་དང་ནཱ་རོ་ཆོས་དྲུག་གཉིས་ཡིན་ཀྱང་། གདམས་པ་དངོས་ཀྱིས་སློབ་མ་བཀྲི་བའི་སྐབས་རང་རང་གི་ཐབས་ལམ་དང་། ཆོས་སྐད་ཅུང་ཟད་མི་འདྲ་བ་ཡོད་པ་སྟེ།
རྗེ་སྒམ་པོ་བའི་ལྷན་ཅིག་སྐྱེས་སྦྱོར་ནི། མོས་གུས་དང་ཞེན་ལོག་གཙོ་བོར་བྱས་པའི་ངོས་ནས་སྔོན་འགྲོ་སྦྱོར་བ་བཞི་ལྡན། དངོས་གཞི་ངོ་སྤྲོད་རྣམ་གཉིས། རྗེས་ཉམས་མྱོང་སྣང་ཐོག་ཏུ་སྐྱོང་བ་གསུམ་གྱིས་འཆད་པའི་སྔོན་འགྲོ་ནི་སྤྱི་དང་མཚུངས་ཤིང་། དངོས་གཞི་གཉིས་ནི་ཞི་ལྷག་ལ་ངོ་སྤྲོད་པ་ཡིན། གདམས་པ་འདི་ནི་ཇོ་བོ་རྗེའི་ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་གོ་ཆ་གཉིས་པའི་མན་ངག་ལས་བྱུང་བ་ཞིག་ཡིན།
རྗེ་བཙུན་མི་ལའི་ཐུགས་སྲས་ཟླ་བ་ལྟ་བུ་རས་ཆུང་རྡོ་རྗེ་གྲགས་པ་དང་། ངན་རྫོང་སྟོན་པ་གཉིས་ཀྱིས་ཡིད་བཞིན་ནོར་བུ་སྐོར་གསུམ་གྱི་མཛོད་ནས་བྱོན་པའི་བདེ་མཆོག་མཁའ་འགྲོ་སྙན་བརྒྱུད་ཀྱི་བཀའ་སྲོལ་འཛིན་པ་སྟེ། དེའང་འཁོར་ལོ་སྡོམ་པ་ཡབ་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་ནས་དབང་དང་འབྲེལ་བ་རྒྱུད་ཀྱི་གདམས་པ་ཞེས་རྩ་བཤད་ཀྱི་རྒྱུད་རྣམས་དང་། སིནྡྷཱར་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་ཡུལ་གྱི་བྱིན་རླབས་དབང་བཞི་ལ་བརྟེན་པ་བྱིན་རླབས་དང་འབྲེལ་བ་སྙན་བརྒྱུད་ཀྱི་གདམས་པ་ཞེས་ནོར་བུ་རྣམ་གསུམ་གྱི་མན་ངག་རྣམས་དང་། ལུས་མེད་མཁའ་འགྲོའི་བརྡ་དབང་ལ་བརྟེན་ནས་བརྡ་དང་འབྲེལ་བ་ངོ་སྤྲོད་ཀྱི་གདམས་པ་ཞེས་ལུས་མེད་མཁའ་འགྲོའི་ཆོས་སྐོར་གསུམ་བཞུགས་ཤིང་། བཀའ་སྲོལ་དེ་གཉིས་ནི་ཡོངས་སུ་གྲགས་པའི་དབང་དུ་བྱས་ཀྱི་རྗེ་བཙུན་མི་ལས་ཐུགས་སྲས་བརྒྱད་ལ་སྙན་བརྒྱུད་ཀྱི་གདམས་པ་ཆ་རེ་བྱིན་པར་བཤད་པ་དང་། ཁྱད་པར་ཟུར་མང་བཀའ་བརྒྱུད་ལ་བཀའ་བབས་པའི་དྭགས་པོ་སྙན་བརྒྱུད་ཀྱི་སྨིན་གྲོལ་གདམས་པ་ཟབ་ལ་རྒྱ་ཆེ་བ་ད་ལྟའི་བར་རྒྱུན་མ་ཆད་པར་བཞུགས།
ཀརྨ་བཀའ་བརྒྱུད་པའི་ཕྱོགས་ལ་ཕྱག་ཆེན་གྱི་ཉམས་ལེན་བཀའ་བརྒྱུད་པ་གཞན་རྣམས་དང་མཚུངས་ཀྱང་། ཀརྨ་པ་རང་བྱུང་རོལ་པའི་རྡོ་རྗེས་སྐུ་གསུང་ཐུགས་གནད་བཞི་ཆོས་ཉིད་ཀྱི་འཁོར་ལོ་ཕྱོགས་མེད་དུ་བསྐོར་ནས་གྲུབ་པའི་ཆོ་འཕྲུལ་ཞིང་ཁམས་ཀུན་ཏུ་ཁྱབ་པ་དུས་གསུམ་རྒྱུན་ཆད་མེད་པར་སྟོན་པའི་ཆོས་སྒོ་ཐམས་ཅད་ཀྱི་རྩ་བ་ནི། གང་ཟག་བློ་དམན་པ་རྣམས་སྔོན་དུ་འགྲོ་བའི་ཆོས་བཞིས་རྒྱུད་སྦྱོང་བ་དང་། དབང་པོ་འབྲིང་རྣམས་ལ་བཅའ་བ་ལུས་ཀྱི་གནད། སྲོག་རྩོལ་རླུང་གི་གནད། དམིགས་པ་སེམས་ཀྱི་གནད། ལུས་སྦྱོང་འཁྲུལ་འཁོར་གནད་བཞི་དང་། བཞི་ཀའི་རྩ་བ་བདེ་དྲོད་གཏུམ་མོའི་རྣལ་འབྱོར་བཅས་སྟོན་ཅིང་། དབང་པོ་རབ་ཏུ་གྱུར་པ་རྣམས་ལ་སྐུ་གསུམ་ངོ་སྤྲོད་ཕྱག་རྒྱ་ཆེན་པོ་ཅིག་ཅར་བའི་ལམ་ལ་ཡང་དག་པར་འཁྲིད་པར་མཛད་པ་ལའང་། ཀུན་རྫོབ་བྱང་སེམས་དང་འབྲེལ་བ་སྤྲུལ་སྐུའི་ངོ་སྤྲོད། སྲོག་རྩོལ་དང་འབྲེལ་བ་ལོངས་སྐུའི་ངོ་སྤྲོད། གཉུག་མ་རང་བཞག་གི་གནད་དང་འབྲེལ་བ་ཆོས་སྐུ་ངོ་སྤྲོད་པའི་ཕྱག་རྒྱ་ཆེན་པོ་རྟོགས་པ་རབ་འབྱམས་རང་བྱུང་ཡེ་ཤེས་ཉམས་སུ་བླངས་པའི་རིམ་པ་འདི་ཉིད་འཆི་ཁར་ཞག་བདུན་ཙམ་བསྒོམས་པས་ཀྱང་གདོན་མི་ཟ་བར་རྡོ་རྗེ་འཆང་གི་ས་བརྙེས་པར་གསུངས་སོ།
།འབྲི་གུང་པའི་ཕྱག་རྒྱ་ཆེན་པོ་ལྔ་ལྡན་ཞེས་པ་ནི། བདེ་གཤེགས་འཁོར་བ་འཇིག་དངོས་འགྲོ་མགོན་ཕག་མོ་གྲུ་པས་སྡེ་སྣོད་གསུམ་དང་རྒྱུད་སྡེའི་དོན་རྣམས་ཉམས་སུ་ལེན་ལུགས་ལྔ་རུ་བསྡུས་ནས་དགེ་འདུན་སྟོང་ཕྲག་ལྔ་ལ་ཚོགས་སུ་གསུངས་པ་སུས་ཀྱང་ཟབ་མོའི་དོན་དེའི་ངེས་པ་མ་རྙེད་པ་ལ། འཇིག་རྟེན་མགོན་པོ་འབྲི་གུང་པས་བུམ་པ་གང་བྱོའི་ཚུལ་དུ་ཐུགས་སུ་ཆུབ་ནས་ཉམས་སུ་བཞེས་པས་རེ་རེས་ཀྱང་གནས་སྐབས་དང་མཐར་ཐུག་གི་ནད་དང་བར་ཆད་ཞི་བ་དང་། ཆོག་དང་ཐུན་མོང་གི་ཡོན་ཏན་ཐམས་ཅད་ཐོགས་པ་མེད་པར་ཐོབ་པར་མཁྱེན་ནས་ཟབ་པ་དང་རྒྱ་ཆེའི་བཀའ་སྩལ་ཇི་སྙེད་པ་ཐམས་ཅད་ཀྱང་འདིའི་དོན་དུ་སྟོན་ཅིང་། བཅུ་ཆོས་དང་གསུམ་ཆོས་ཞེས་པ་ཡང་འདིའི་གནད་སྟོན་པ་ཡིན་ཏེ་དེ་བཞིན་གཤེགས་པ་རྣམས་ཀྱི་གསུང་གི་མཛོད་ཆེན་པོ་ཡིན། དེའི་ཚུལ་ནི། སེམས་བསྐྱེད། མོས་གུས། བསྐྱེད་རིམ། རྫོགས་རིམ། བསྔོ་བ་ལྔ་སྟེ། དང་པོ་དང་ཐ་མ་གཉིས་ཐེག་པ་ཐུན་མོང་བ་ཡིན་ལ། བར་པ་གསུམ་ནི་གསང་སྔགས་ཐུན་མོང་མ་ཡིན་པའི་ཉམས་ལེན་ཡིན། དེས་ན། ཕྱག་རྒྱ་ཆེན་པོ་སེང་གེ་འདྲ། །ལྔ་ལྡན་མེད་ན་མིག་མེད་ཡིན་ཅེས་གསུངས་ཏེ། གཞི་ཉོན་མོངས་པ་ལྔ་ལ་གནད་དུ་འགྲོ། ལམ་དུས་ཁྱད་པར་ཅན་གྱི་ལག་རྗེས་ལྔ་ཐོན། གདོན་རིགས་ལྔ་ཞི་ཞིང་འགྲོ་བ་ལྔ་གདུལ་བྱར་འགྱུར། འབྲས་བུའི་སྐབས་སྐུ་ལྔ་ཡེ་ཤེས་འཆར་བའོ། དེ་དག་ལ་བརྟན་པ་ཐོབ་ན་ཐམས་ཅད་ཕྱག་རྒྱ་ཆེན་པོར་འགྱུར་ཏེ། དམིགས་པ་མེད་པ་བྱང་ཆུབ་ཀྱི་སེམས། སྣང་སྟོང་དབྱེར་མེད་ཀྱི་ལྷ་སྐུ། འཁོར་འདས་བླ་མའི་རོལ་པ། རིག་སྟོང་དབྱེར་མེད་ཀྱི་ཕྱག་ཆེན། འཁོར་གསུམ་ཡང་དག་གི་བསྔོ་བ་སོགས་ལ་རིམ་པ་བཞིན་བྱང་སེམས་ཕྱག་ཆེན། ལྷ་སྐུ་ཕྱག་ཆེན། མོས་གུས་ཕྱག་ཆེན། གནས་ལུགས་ཕྱག་ཆེན། བསྔོ་བ་ཕྱག་ཆེན་ཞེས་སོགས་བརྗོད་དུ་རུང་ཞིང་དོན་ལའང་གནས་པས་ཕྱག་རྒྱ་ཆེན་པོ་ལྔ་ལྡན་ཞེས་ཡོངས་སུ་གྲགས། གཞན་ཡང་འབྲི་གུང་རས་པའི་ནཱ་རོ་པའི་ཆོས་བཅུར་གྲགས་པ་ནི། ཐོག་མར་སྨིན་ལམ་དབང་། གྲོལ་ལམ་རིམ་གྱིས་པའི་བསྐྱེད་རིམ། གཏུམ་མོ་ལམ་གྱི་དངོས་གཞི། ཅིག་ཅར་བས་འོད་གསལ། རང་རིག་ལྷག་པར་གནས་པ་གྲོང་འཇུག །འཕོ་བ། རྨི་ལམ། བར་དོ་རྣམས་ཆ་ལག་སྟེ། དེ་རྣམས་བསྒོམས་པས་གནས་སྐབས་ཀྱི་འབྲས་བུ་རྟགས་ལྔ་སོགས་ཐུན་མོང་གི་དངོས་གྲུབ། རང་དོན་ཆོས་སྐུ་དང་། གཞན་དོན་གཟུགས་སྐུ་གཉིས་འགྲུབ་པ་མཐར་ཐུག་གི་འབྲས་བུ་བཅས་སོ།
།དཔལ་ལྡན་འབྲུག་པ་བཀའ་བརྒྱུད་ལ་ཤིན་ཏུ་གྲགས་ཆེ་བ་སྟོད་འབྲུག་རྣམས་ཀྱི་ཁྲིད་ཆེན་བརྒྱད་དུ་གྲགས་པ་སྟེ། ལམ་ཟབ་མོས་གུས་ཀྱི་ཁྲིད། ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད། ཐབས་ལམ་ཁྱད་པར་ཅན་གྱི་ཁྲིད། གསང་སྤྱོད་ལྡོག་སྒོམ་གྱི་ཁྲིད། དག་སྣང་ཞིང་སྦྱོང་གི་ཁྲིད། ཆོས་བརྒྱད་འགོ་སྙོམས་ཀྱི་ཁྲིད། བྱམས་སྙིང་རྗེའི་ཁྲིད། རྒྱུ་འབྲས་རྟེན་འབྲེལ་གྱི་ཁྲིད་བཅས་དང་། ཁྲིད་ཆུང་བརྒྱད་དུ་གྲགས་པ། གཞན་ཡང་སྨད་འབྲུག་རྣམས་ཀྱི་ཐུབ་པ་ལྔ་ལྡན་ཏེ། ཕྱག་རྒྱ་ཆེན་པོ་འཆི་ཐུབ། གཏུམ་མོ་རས་ཐུབ། གསང་སྤྱོད་རི་ཐུབ། ནད་གདོན་འཁྲུགས་ཐུབ། གཉེན་པོ་རྐྱེན་ཐུབ་ཀྱི་ཁྲིད་བཅས་དང་། རྩ་བའི་བཀའ་བརྒྱུད་རྣམས་ཀྱི་སྐོར་དྲུག་ལ་སོགས་པ་རྩལ་དུ་བཏོན་ནས་འཆད་པར་མཛད་ཅིང་། ཆོས་རྗེ་གཙང་པ་རྒྱ་རས་པས་ཕྱག་ཆེན་ལ་བཤད་པ་ཚིག་གི་སྐོར། གདམས་ངག་ཉམས་ལེན་གྱི་སྐོར། རྟོགས་པ་བྱིན་རླབས་ཀྱི་སྐོར་བཅས་གསུམ། ཆོས་དྲུག་ལ་བསྲེ་འཕོ་གནད་ཀྱི་སྐོར། བྲུལ་ཚོ་བློ་རྡེག་གི་སྐོར། འཇུག་ལྡོག་སྤྱི་ཁྱབ་ཀྱི་སྐོར། མངོན་པར་རྟོགས་པའི་སྐོར། ཞལ་གདམས་གནད་ཀྱི་སྐོར། རྟོག་པ་ལམ་ཁྱེར་ནད་འདོན་སྐོར་ཏེ་ཐབས་ལམ་གནད་ཀྱི་སྐོར་དྲུག །རོ་སྙོམས་ལ་གཏེར་མཛོད་བཀའ་རྒྱ་ཅན། ཡང་མཛོད་ཐུགས་ཀྱི་མེ་ལོང་། གསང་མཛོད་སྦས་པ་མིག་འབྱེད་བཅས་གསུམ། རོ་སྙོམས་སྐོར་དྲུག་ལ། རྣམ་རྟོག་ལམ་ཁྱེར། ཉོན་མོངས་ལམ་ཁྱེར། ན་ཚ་ལམ་ཁྱེར། ལྷ་འདྲེ་ལམ་ཁྱེར། སྡུག་བསྔལ་ལམ་ཁྱེར། འཆི་བ་ལམ་ཁྱེར་རོ། དེ་དག་ལས་དང་པོ་ལྔ་ནི་ཕྱག་རྒྱ་ཆེན་པོ་དང་བྱང་ཆུབ་སེམས་ཀྱི་ལམ་ཁྱེར་ཡིན་ལ། འཆི་བ་ལམ་ཁྱེར་ཞེས་པ་ཆོས་དྲུག་གི་བར་དོའི་གདམས་པ་ལས་འཕྲོས་པའོ། ཡང་རྟེན་འབྲེལ་ཁོ་བོ་ལུགས། ལམ་ཟབ་མོས་གུས་ཆེན་པོ་རྣམས་ཀྱིས་ཤིང་རྟའི་སྲོལ་ཕྱེ་ནས་འཆད་པར་མཛད་ཅིང༌། སྟོད་འབྲུག་བསྟན་པའི་རྩ་ལག་གཉིས་པ་རྒྱལ་བ་ཡང་དགོན་པས་རི་ཆོས་སྐོར་གསུམ་དུ་བསྟན་ཏེ། དེའང་སྒྲུབ་པ་ཉམས་ལེན་གྱི་ཆོས་ཐམས་ཅད་ཚང་བར་སྟོན་པ་དགོས་པ་ཀུན་འབྱུང་གི་སྐོར། རྡོ་རྗེ་ལུས་ཀྱི་གནས་ལུགས་གསལ་བར་སྟོན་པ་སྦས་བཤད་ཀྱི་སྐོར། འཆི་བ་ལམ་དུ་བྱེད་པ་བར་དོ་འཕྲང་སྒྲོལ་གྱི་སྐོར་གསུམ། དང་པོ་ལ་རྩ་བ་ལུས་ལྟ་བུའི་ཆོས་གསུམ། གྱེས་པ་ཡན་ལག་ལྟ་བུའི་ཆོས་དགུ། །ཟབ་པ་དོན་སྙིང་ལྟ་བུའི་ཆོས་དྲུག །གཅེས་པ་སྲོག་ལྟ་བུའི་ཆོས་དྲུག །དམར་ཁྲིད་དབང་པོའི་སྒོ་ལྔ་སོགས་བཞུགས་ཤིང་། འབའ་ར་བ་རྒྱལ་མཚན་དཔལ་བཟང་གི་ཆོས་དྲུག་གི་ཡིག་ཆུང་ལ་འཇམ་དབྱངས་ཆོས་ཀྱི་གྲགས་པས་རྒྱས་པར་མཛད་པ་བདེ་ཆེན་སྐོར་གསུམ་གྱི་གདམས་ངག་ཅིག་ཅར་བ་དང་རིམ་གྱིས་པའི་ལམ་གཉིས་སུ་བཞུགས། རྗེ་འབའ་ར་བ་སོགས་ཀྱི་རི་ཆོས་ནི་ཟབ་ཆོས་རྒྱན་བཞི་སྐོར་གསུམ་ཞལ་གདམས་ཀྱིས་བརྒྱན་པ་ཞེས་བཤད་པས། རྒྱན་བཞི་ནི། རི་ཆོས་ཡོན་ཏན་ཀུན་འབྱུང་དང་། གསང་བ་དབང་གི་གྲུ་བོ་ཆེ། རྡོ་རྗེ་ལུས་ཀྱི་སྦས་བཤད། བར་དོའི་ཁྲིད་དང་བཞིའོ། དེ་དག་ཡོན་ཏན་ཀུན་འབྱུང་ནི། བརྗོད་བྱའི་དངོས་གཞི་སྐྱེས་སྦྱོར་དང་ཆོས་དྲུག་གི་རྒྱབ་ཆོས་ཡིན་ཞིང་། གང་དུ་སྒོམ་པའི་གནས་ཀྱི་མཚན་ཉིད་དང་རིམ་གཉིས་ཀྱི་སྔོན་འགྲོ་སྡོམ་པ་གསུམ་གྱི་རྣམ་གཞག་རྣམས་དང༌། དབང་གྲུ་ནི། བདེ་མཆོག་ནག་པོ་བ་གཙོ་བོར་སྟོན་པའི་དཀྱིལ་ཆོག་དང་། གཞན་ཡང་སྐྱེས་སྦྱོར་དང་ཆོས་དྲུག་ལ་མཁོ་བའི་དམིགས་སྐོར་མང་དུ་ཡོད། སྦས་བཤད་ཀྱི་གཞི་དངོས་པོའི་གནས་ཚུལ་གཏན་ལ་འབེབས་པ་སོགས་སོ།
།ཁྲོ་ཕུ་བཀའ་བརྒྱུད་པ་ལ་ཁྲོ་ཕུ་ལོ་ཙཱ་བས་ཕྱག་ཆེན་གྱི་ལྟ་བ་གཞིར་བཟུང་ནས་གསུངས་པའི་མན་ངག་འབྲུ་དགུ་དང་། སྙིང་གཏམ་བཞི་གསུམ་བཅུ་གཉིས། ཕྱག་རྒྱ་ཆེན་པོ་དོན་དགུ་མ། ཁྲོ་ཕུའི་མན་ངག་བརྒྱ་རྩ་སོགས་ཀྱི་བཀའ་སྲོལ་ཐུན་མོང་མ་ཡིན་པ་འགའ་ཞིག་ཐོས་རྒྱུ་འདུག་ཀྱང་ཞིབ་ཕྲའི་ལྟ་གནད་རྟོགས་པར་དཀའ་བ་བཅས་སོ།
II.1.4 - A brief history of the Shangpa Kagyü
།བཞི་པ། ཤངས་པ་བཀའ་བརྒྱུད་ཀྱི་བྱུང་ཚུལ་མདོ་ཙམ་བརྗོད་པ།
དེ་ཡང་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་ཆོས་ལུགས་ཤིག་ལ་ཆ་མཚོན་ན། དང་པོ་བྱུང་བའི་མཚམས་གང་ནས་འཛིན་དགོས་པའི་སྐོར་ལ་བཤད་ཚུལ་མི་འདྲ་བ་གཉིས་ཡོད་དེ། ༡ ཆོས་ལུགས་དང་སྲོལ་གཏོད་མཁན་བླ་མ་དེས་སློབ་མ་ལ་ཆོས་བཤད་ནས་ཆོས་བརྒྱུད་འཛིན་པའི་སློབ་མ་དང་པོར་བྱུང་བ་ནས་ངོས་འཛིན་པ་གཅིག་དང་། ༢ བླ་མ་དེའམ་དེའི་ཆོས་བརྒྱུད་འཛིན་པའི་སློབ་མས་དགོན་པ་སོགས་ཀྱི་གནས་གཞི་དང་པོར་བཟུང་བ་ནས་ཆོས་ལུགས་དེ་བྱུང་བར་འདོད་པའི་བཤད་ཚུལ་གཉིས་ཡོད་པས། སྐབས་རེ་དང་པོའི་དབང་དུ་བྱས་ནས་བཤད་དགོས་པ་དང་། སྐབས་རེ་གཉིས་པའི་དབང་དུ་བྱས་ནས་བཤད་དགོས་པ་ཡང་འདུག་ཅེས་གསུངས་པ་བཞིན། ཤངས་པ་བཀའ་བརྒྱུད་ཀྱི་ཆོས་བརྒྱུད་དངོས་སུ་བྱུང་མཚམས་ཀྱང་གཉིས་པའི་དབང་དུ་བྱས་ནས་བཤད་ན་ཅུང་ཟད་འཚམ་པ་སྟེ། དཔལ་ལྡན་ཤངས་པའི་ཆོས་སྐོར་གྱི་འབྱུང་ཁུངས་ཡིད་ཀྱི་མུན་སེལ་ལས་བསྟན་པའི་གཞི་འཕན་ཡུལ་འཆད་ཀར་བྱུང་མོད་ཀྱང་། བླ་མ་ཡི་དམ་གྱི་ལུང་བསྟན་པའི་གནས་ཤངས་ཡིན་པ་དང་། མཐར་ཐུག་ལྔ་པོ་རྫོགས་ས་ཡང་ཤངས་ཞོང་ཞོང་ཡིན་པས་ཤངས་པ་ཞེས་པ་དང་། རྡོ་རྗེ་འཆང་ནས་རྩ་བའི་བླ་མའི་བར་ཞལ་ནས་སྙན་དུའམ། བཀའ་ནས་བཀར་བརྒྱུད་པས་བཀའ་བརྒྱུད་དོ། དེས་ན་དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཅེས་གྲགས་སོ་ཞེས་འཁོད་པ་ལྟར། སྤྱིར་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ཤངས་སུ་མ་ཕེབས་གོང་འཕན་ཡུལ་དུ་འཆད་ཁ་དགོན་བཏབ་ནས་ཚོགས་པ་བསྐྱངས་པའི་ལོ་རྒྱུས་ཡོད་པས། བུ་སློབ་དེ་དག་མཁས་གྲུབ་ཁྱུང་པོའི་བརྒྱུད་པ་འཛིན་པ་བསྙོན་མེད་ཡིན་པ་མ་ཟད། ལྷག་པར་དུ་འཕན་ཡུལ་ནས་ཤངས་སུ་ཐོག་མར་ཕེབས་སྐབས་དཔོན་སློབ་སུམ་སྟོང་ཡོད་པ་རྣམས་ནི་ཕྱིས་སུ་ཤངས་པ་བཀའ་བརྒྱུད་ཀྱི་ཐོག་མའི་བརྒྱུད་འཛིན་པའང་ཡིན། དེར་བརྟེན་ཤངས་པའི་ཆོས་བརྒྱུད་ཀྱི་ས་བོན་ཐོག་མར་འཕན་ཡུལ་དུ་བྱུང་ཡང་། ལོ་ཏོག་རྒྱས་པ་དང་འབྲས་བཟང་སྨིན་པའི་ཡུལ་ནི་ཤངས་རང་དུ་ངེས་པ་སྟེ། ཤངས་པ་བཀའ་བརྒྱུད་ཅེས་ཡོངས་སུ་གྲགས་པའི་སྒྲ་བོ་ཆེ་དེ་ཡང་སྤྱི་ལོ་1121ལོར་ཤངས་ཁུལ་དུ་ཞོང་ཞོང་དགོན་སོགས་ཕྱག་བཏབ་པ་ནས་བྱུང་བ་ཡིན་པ་ཤེས་རྟོགས་ཐུབ། མཁས་གྲུབ་ཁྱུང་པོ་ཤངས་སུ་ཕེབས་རྗེས་སུ་ཁུལ་དེར་བཏབ་པའི་ཤངས་པ་བཀའ་བརྒྱུད་ཀྱི་དགོན་གནས་གཙོ་བོ་རྣམས་ཀྱི་སྐོར་སྔར་བཤད་ཟིན་པས་དེར་གཟིགས་པར་འཚལ།
II.1.5 -
ལྔ་པ། ཤངས་ཆོས་དང་བོད་དར་ནང་བསྟན་ཆོས་བརྒྱུད་གཞན་གྱི་བརྒྱུད་འཛིན་པའི་དབར་གྱི་འབྲེལ་བ།
དེ་ཡང་བོད་རིག་པ་མཁས་ཅན་མད་ཐེའུ་ཁེབ་སི་ཐིན་(Mathew Kapstein)གྱིས་ཤངས་པའི་ཆོས་བརྒྱུད་འདི་ཉིད་རང་རྐང་ཚུགས་པར་གནས་མི་ཐུབ་ཀྱང་ནགས་ཚལ་སྤྱི་ལ་རྒྱན་སྤྲོས་ནུས་པའི་རྒུན་ཤིང་དང་འདྲ་བས། དེ་ནི་བོད་བརྒྱུད་ནང་བསྟན་གྱི་གལ་ཆེའི་གྲུབ་ཆ་ཞིག་ཡིན་ཞེས་གསུངས་པ་བཞིན། ལོ་རྒྱུས་ཀྱི་བཤུལ་ལམ་རིང་མོའི་སྟེང་ཕྱི་ནང་གི་དཀའ་དུབ་ཅི་རིགས་ཀྱིས་བཙེས་པའི་ཤངས་པའི་ཆོས་བརྒྱུད་འདི་ཉིད་དེང་གི་ཆར་བརྒྱུད་གཙང་ཉམས་མེད་དུ་གནས་པའི་སྐལ་པ་ཕྲ་ཡང༌། འཕགས་བོད་མཁས་གྲུབ་དུ་མའི་ཐུགས་བཅུད་ལས་འཁྲུངས་པའི་ཆོས་བརྒྱུད་འདིའི་ཟབ་མོའི་གདམས་པ་དང་ཆོས་སྒོ་འགའ་ཞིག་བོད་བརྒྱུད་གྲུབ་མཐའ་གཞན་གྱི་ཁྲོད་དུ་གནས་དང་གནས་མུས་ཡིན་པ་ཡེ་ཤེས་མགོན་པོའི་ཆོས་སྐོར་སོགས་ཀྱིས་མཚོན། ཆོས་བརྒྱུད་གཞན་གྱི་ལུང་རིག་རྣམ་དཔྱོད་ཀྱི་སྤྱན་དང་ལྡན་པའི་བརྒྱུད་འཛིན་པ་ཚོས་ཤངས་པའི་གདམས་པ་ཉམས་ལེན་བྱེད་པ་དེ་ཤངས་པ་བཀའ་བརྒྱུད་འདི་ཉིད་ད་ལྟའི་བར་མི་ནུབ་པར་གནས་པའི་གལ་ཆེའི་ཐབས་ལམ་ཞིག་ཡིན་པ་དང་། ཤངས་པའི་བརྒྱུད་འཛིན་པ་ཚོས་ཀྱང་ཆོས་བརྒྱུད་གཞན་གྱི་ལེགས་ཆ་སྙིང་བསྡུས་ཀྱིས་ཤངས་པའི་རིག་གཞུང་གི་མ་ལག་འཐུས་ཚང་དུ་བཏང་ཡོད། དེས་ན་ལོ་རྒྱུས་ཀྱི་དལ་འབབ་རིང་མོའི་ཁྲོད་ཤངས་པའི་ཆོས་བརྒྱུད་འཛིན་པ་རྣམས་དང་བོད་ཀྱི་ནང་བསྟན་ཆོས་བརྒྱུད་གཞན་གྱི་བརྒྱུད་འཛིན་པའི་དབར་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བ་དམ་ཟབ་ཆགས་ཡོད།
II.1.5.1 Da-Shang lineages holders
གཅིག །དྭགས་ཤངས་གཉིས་ཀྱི་བརྒྱུད་འཛིན་པའི་སྐོར།
དེ་ཡང་དྭགས་ཤངས་ཆུ་བོ་གཉིས་འདུས་ཞེས་ཡོངས་སུ་གྲགས་པའི་བཀའ་བརྒྱུད་ཀྱི་རིང་ལུགས་ཆེན་པོ་འདི་གཉིས་ནི་བོད་དར་ནང་བསྟན་གྱི་བཀའ་བརྒྱུད་པའི་རྩ་བའི་སྡེ་པ་གཉིས་ཡིན་ལ། ཤངས་པ་བཀའ་བརྒྱུད་ལ་མཁས་གྲུབ་ཁྱུང་པོས་མཁའ་འགྲོ་ནི་དྷི་རྣམ་གཉིས་དང་། རྩ་བའི་བླ་མ་རྣམ་བཞིས་གཙོས་པའི་བླ་མ་བརྒྱ་དང་ལྔ་བཅུའི་ཐུགས་བཅུད་དང་། དྭགས་པོ་བཀའ་བརྒྱུད་ལ་ཡང་མར་པ་ལོ་ཙཱ་བས་རྗེ་ནཱ་རོ་ཆེན་པོས་སྣ་དྲངས་པའི་གྲུབ་ཐོབ་ཀྱི་བླ་མ་ལྔས་གཙོས་པའི་པཎ་གྲུབ་རྣམས་ཀྱི་ཐུགས་བཅུད་ལེགས་པར་བཞེས་ཡོད། དེ་ལྟར་དེ་གཉིས་པོའི་གསང་སྔགས་ཀྱི་གདམས་པ་འགའ་རེ་དང་། ཉམས་ལེན་གྱི་ཐབས་ལམ་སོགས་མི་འདྲ་བ་ཡོད་ཀྱང་གདམས་ངག་ལ་ཟབ་ཁྱད་མེད་པ་ཡང་། དཔལ་ལྡན་ཀུན་དགའ་གྲོལ་མཆོག་གི་ནི་གུའི་རྒྱབ་ཆོས་གླུའི་ཕྲེང་བ་ལས་རྗེ་བཀའ་བརྒྱུད་ཀྱི་དགུང་གནམ་མཐོན་པོ་ལ། །ཕ་གྲུབ་ཐོབ་ཀྱི་བླ་མ་རྒྱུ་སྐར་ཙམ། །དབྱིངས་དགག་མེད་ཀྱི་ཉི་ཟླ་འོད་པོ་ཆེ། །དེ་ནཱ་རོ་དང་ནི་གུ་མ་ལགས་སམ། །ཁོང་ལྕམ་སྲིང་གི་སྒྲུབ་བརྒྱུད་ཆུ་བོའི་རྒྱུན། །དུས་ད་ལྟའི་སྐལ་ལྡན་ཡོངས་ཀྱི་སྒོམ། ཡིད་ཚིམ་པར་སྟེར་བའི་སྨན་ཆབ་དེ། །ཆོས་ན་རོ་དང་ནི་གུ་མ་ལགས་སམ། ལུགས་རྣམ་གཉིས་ཀྱི་བཀའ་སྲོལ་སྐྱོང་བའི་རྗེས། །དཔལ་འགྲན་ཟླ་བྲལ་བ་སྤྲུལ་པའི་སྐུ། ངེད་རྟོགས་ལྡན་མང་པོའི་གཙུག་རྒྱན་གཅིག །མགོན་དྭགས་ཤངས་ཀྱི་བཀའ་བརྒྱུད་རྣམ་གཉིས་ལགས་ཞེས་གསུངས་པ་ལྟར་རོ། །དེ་གཉིས་པོའི་གདམས་པའི་བཀའ་བབས་དང་ཉམས་ལེན་གྱི་གནད་འདྲ་བས་གཉིས་ཀར་བཀའ་བརྒྱུད་པ་ཞེས་ཐོགས་ཀྱང་ཐོག་མའི་སྲོལ་འབྱེད་པ་གཉིས་ལ་ལུས་རྟེན་གྱི་ཁྱད་པར་ཡོད་དེ་མར་པ་ལོ་ཙཱ་བ་ནི་སྔགས་པ་དང་། མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ནི་དགེ་སློང་ཡིན། དེས་ན་ཆོས་ལུགས་ཀྱི་རྒྱུན་སྤྱོད་ཤེས་བྱ་ཞེས་པའི་ནང་དྭགས་ཤངས་བཀའ་བརྒྱུད་ཀྱི་གྲུབ་མཐའ་རིམ་པར་སྨོས་ཟིན་པའི་མཇུག་ཏུ་དེ་གཉིས་ཀར་གོ་རུང་བའི་སྡོམ་ཚིག་སྔོན་བརྒྱུད་འཛིན་གཙོ་བོ་སྔགས་པ་ཡིན་ཀྱང་། རིམ་པས་གཙོ་བོར་རབ་བྱུང་པ་ཤ་སྟག་ཡིན་ཞེས་འཁོད་པ་དེ་ཡང་དྭགས་པོ་ཁོ་ན་ལས་ཤངས་པ་ལ་མི་འཐད་པ་ཡིན།
སྔར་གྱི་ལོ་རྒྱུས་ཐོག་ཤངས་པའི་ཆོས་བརྒྱུད་འཛིན་པ་མང་པོས་དྭགས་པོ་བཀའ་བརྒྱུད་ལས་གྱེས་པའི་བཀའ་བརྒྱུད་པ་གཞན་གྱི་གདམས་པ་མང་དག་ཅིག་གསན་བཞེས་དང་ཉམས་ལེན་གནང་ཡོད་པ་དཔེར་ན་རྨོག་ལྕོག་པ་ནི་ཁྱུང་པོ་རྣལ་འབྱོར་གྱི་བརྒྱུད་འཛིན་ཡིན་ཀྱང་། ཕྱག་རྒྱ་ཆེན་པོའི་རྟོགས་པ་ཁྱད་པར་ཅན་རྗེ་སྒམ་པོ་བ་ཉིད་ལས་འཁྲུངས་པས་ཉིན་རེ་བཞིན་བྱ་རོག་ཏུ་སྤྲུལ་ནས་སྒམ་པོའི་གཙུག་ལག་ཁང་ལ་སྐོར་བ་མཛད་པ་དང་། བརྒྱུད་པ་འདིའི་ལུགས་ཀྱི་ཡང་གྲུབ་ཐོབ་ཡིན་ནོ་ཞེས་འཁོད་པ་བཞིན། དྭགས་པོ་བཀའ་བརྒྱུད་ཀྱི་གདམས་པའི་མངའ་བདག་དྭགས་པོ་ལྷ་རྗེས་ཤངས་པ་རིན་ཆེན་བདུན་བརྒྱུད་སྔ་མའི་བཞི་པ་རྨོག་ལྕོག་པ་ལ་ཕྱག་རྒྱ་ཆེན་མོའི་ཆོས་སྐོར་མང་དུ་བསྟན་པས། ཆོས་རྗེ་རྨོག་ལྕོག་པས་ཕྱག་རྒྱ་ཆེན་མོའི་ལྟ་བའི་སྒྲོ་འདོགས་ཡོངས་སུ་ཆོད། ཕྱིས་རྗེ་རྨོག་ལྕོག་པས་དྭགས་པོའི་སློབ་མ་གཙོ་ཆེ་བ་བཅུ་གཅིག་ལ་ཕྱག་ཆེན་གྱི་གདམས་པ་འདི་རྣམས་ཕར་གསུངས། གཞན་ཡང་ཆོས་རྗེ་རྨོག་ལྕོག་པས་དགེ་བཤེས་གཞུ་པ་ལ་ནཱ་རོའི་ཡིག་ཆུང་དང་། བླ་མ་བུར་སྒོམ་ནག་པོ་དང་ཕག་གྲུ་རྡོ་རྗེ་རྒྱལ་པོ་སོགས་ལས་ཀྱང་དྭགས་པོ་བཀའ་བརྒྱུད་ཀྱི་གདམས་པ་མང་དག་ཅིག་གསན་གནང་བས། དུས་དེ་ནས་བཟུང་ནས་དྭགས་ཤངས་གཉིས་ཀྱི་འབྲེལ་བ་ཇེ་ཟབ་ཏུ་སོང་། དེ་མིན་གཉན་སྟོན་རི་གོང་པས་ནཱ་རོ་ཆོས་དྲུག་གསན་པ། འགྲོ་མགོན་སངས་རྒྱས་སྟོན་པས་ཁྲོ་ཕུ་ལོ་ཙཱ་བ་ལས་ཤྲཱི་རྣམ་གསུམ་གྱི་གདམས་པ་འགའ་ཞུས་པ། མཁས་གྲུབ་ཤངས་སྟོན་གྱིས་མདོ་བོ་རུ་བླ་མ་ཀརྨ་པ་ལ་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ། སྐུ་གསུམ་ངོ་སྤྲོད། རླུང་སེམས་དབྱེར་མེད། བསམ་གཏན་ཐུན་འཇོག་ལ་སོགས་པའི་ཀརྨ་བཀའ་བརྒྱུད་ཀྱི་གདམས་པ་མང་དུ་ཞུས་པ། མཁས་བཙུན་རྒྱལ་མཚན་འབུམ་གྱིས་ཁྲོ་ཕུ་བའི་གདམས་ངག་ཆོས་ཆུང་བཞི་གསུམ་བཅུ་གཉིས། སྙིང་གཏམ་བཞི་གསུམ་བཅུ་གཉིས། གདམས་ངག་གནད་ཀྱི་ལྡེ་མིག །མི་གཡོ་བའི་དམིགས་པ་སྐོར་གསུམ། ཞེན་ལོག་དཔེ་སྒྲོན་མ་ལ་སོགས་པ་མང་དུ་ཞུས། མཁས་བཙུན་གཞོན་ནུ་གྲུབ་ཀྱིས་ཆོས་རྗེ་སངས་རྒྱས་སྟོན་པ་ལས་དྭགས་པོ་བཀའ་བརྒྱུད་ཀྱི་འབྲི་གུང་པ་དང་། འབྲུག་པ། ཚལ་པ་སོགས་ཀྱི་གདམས་པ་མང་དུ་ཞུས་པ། དུས་ཕྱིས་ཁྱུང་པོ་གཉིས་པ་ཚུལ་ཁྲིམས་མགོན་གྱིས་ཀརྨ་སྐུ་ཕྲེང་གསུམ་པ་རང་བྱུང་རྡོ་རྗེ་སློབ་དཔོན་དུ་བསྟེན་པ། རི་ཁྲོད་རས་ཆེན་སངས་རྒྱས་སེང་གེས་མཚུར་ཕུར་ཀརྨ་སྐུ་ཕྲེང་བཞི་པ་རོལ་པའི་རྡོ་རྗེ་ལས་གདམས་པ་མང་དུ་གསན་པ། མཁས་བཙུན་གཞོན་ནུ་གྲུབ་ཀྱིས་བླ་མ་དགེ་སློང་ལས་གྲུབ་ཆེན་ཏེ་ལོ་པའི་ཕྱག་རྒྱ་ཆེན་པོ་གངྒཱ་མའི་གདམས་པ་ཡང་ཞུས་པ། ཆོས་རྗེ་ནམ་མཁའ་རྒྱལ་མཚན་གྱིས་འབྲི་གུང་པ་ནས་བརྒྱུད་པའི་ཕྱག་ཆེན་དང་། ལྔ་ལྡན། ནཱ་རོ་ཆོས་དྲུག་བཅས་གསན་པ་སོགས་ཧ་ཅང་མང་།
ཡང་དྭགས་པོ་བཀའ་བརྒྱུད་ཀྱི་བརྒྱུད་འཛིན་པ་འགས་ཤངས་པའི་གདམས་པ་གསན་བཞེས་དང་ཉམས་ལེན་གནང་ཡོད་པ་སྟེ། ཀརྨ་པ་རང་བྱུང་རྡོ་རྗེས་གྲུབ་ཆེན་ཁྱུང་པོ་ཚུལ་ཁྲིམས་མགོན་ནི་རྩ་རླུང་ལ་བརྟན་པ་ཐོབ་པས་ཁོང་ནི་ངའི་སེམས་ཀྱི་སྣེ་ཁྲིད་པ་ཡིན་ཞེས་གསུངས་མྱོང་བ་ལྟར་རྩ་དང་རླུང་གི་ཡོན་ཏན་ལ་མཐར་ཕྱིན་པའི་སྐྱེས་ཆེན་ཁྱུང་པོ་གཉིས་པར་གྲགས་པ་ཚུལ་ཁྲིམས་མགོན་པོས་ཀརྨ་པ་སྐུ་ཕྲེང་གསུམ་པར་ཤངས་པའི་རྩ་རླུང་གི་གདམས་པ་དེ་རྣམས་གནང་བས། ཕྱིས་བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་སོ་སོའི་ཁྱད་ཆོས་ལྡིང་བའི་སྐབས་སུ་ཡང་ཀརྨ་པའི་རླུང་སེམས་དབྱེར་མེད་ཅེས་པ་དེ་བྱུང་བ་མིན་ནམ་སྙམ། གཞན་ཡང་ཤངས་པའི་ཚེ་སྒྲུབ་སྟེ་མགོན་པོ་ཚེ་དཔག་མེད་ཀྱི་སྒྲུབ་ཐབས་དེ་རྗེ་ནཱ་རོ་པས་ནི་གུ་མ། དེས་མཁས་གྲུབ་ཁྱུང་པོ་ལ་བརྒྱུད་པ་དེས་ཤངས་ལུགས་སུའང་རྗེ་ནཱ་རོ་པའི་གདམས་པ་རེ་ཟུང་བརྒྱུད་ཡོད་པ་མཚོན། དེ་མིན་ཤངས་པའི་མགོན་པོ་སྨད་ལུགས་དེ་ཉིད་སློབ་དཔོན་ཨའི་སེང་གེ་ལས་ཕག་གྲུ་བཀའ་བརྒྱུད་སོགས་ལ་དར་བ་དང་། ཡང་སྙིགས་མའི་དུས་ཀྱི་ཤངས་ཆོས་བསྟན་པའི་བདག་པོ་ཀརྨ་རང་བྱུང་ཀུན་ཁྱབ་ཀྱིས་ཤངས་ཆོས་དང་ཀརྨ་ཀམ་ཚང་གཉིས་ཀ་ཉམས་སུ་ལེན་པ་སོགས་ཀྱི་དཔེ་མཚོན་མང་། དེ་ལྟར་དྭགས་ཤངས་གཉིས་ཀྱི་སྔ་རབས་ཀྱི་བརྒྱུད་འཛིན་པ་འགས་གདམས་པ་འགའ་ཞིག་ཕར་ཞུ་ཚུར་ཞུ་དང༌། རྩོད་མེད་ཀྱི་གདམས་པ་ཡིན་ཕྱིན་ཆད་ལ་རིས་སུ་མ་མཆིས་པའི་ལྟ་མཆོག་བཟུང་ནས་ཉམས་ལེན་གནང་ཡང་། རང་རང་སོ་སོར་ཐུན་མོང་མ་ཡིན་པའི་གདམས་པ་དང༌། བླ་མ་བརྒྱུད་པ་སོགས་མི་འདྲ་བ་ཡོད་པས་དེ་གཉིས་དབར་མཚུངས་རྟགས་རྒྱབ་ན་མ་འགྲིག་སྙམ། དྭགས་ཤངས་གཉིས་ཀྱི་གདམས་པའི་གཙོ་བོ་ཆོས་དྲུག་གི་ཁྱད་པར་ཡང་ལེ་ཚན་གོང་མར་སྨོས་ཟིན་པས་བསྐྱར་དུ་བརྗོད་པའི་དགོས་པ་མེད་དོ།
II.1.5.2 Nyingma
།གཉིས། ཤངས་ཆོས་དང་རྙིང་མ་པའི་བརྒྱུད་འཛིན་གྱི་སྐོར།
ཤངས་པ་བཀའ་བརྒྱུད་ཀྱི་སྲོལ་འབྱེད་པོ་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ཁོ་ནར་ཆ་མཚོན་ན། ཤངས་པའི་བཀའ་སྲོལ་འདི་ལོགས་སུ་མ་གཏོད་པའི་གོང་དུ་བླ་མ་འབྱུང་གནས་སེང་གེ་སོགས་ལས་གསང་སྔགས་རྙིང་མའི་རྫོགས་ཆེན་གྱི་གདམས་པ་གསན་མྱོང་། དེ་ལྟར་རྙིང་མ་པའི་གྲུབ་མཐའ་ལ་ཞུགས་མྱོང་བའི་མཁས་གྲུབ་ཁྱུང་པོར་རྙིང་མའི་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་ཡོད་པ་ནི་ཨ་ཅང་བརྗོད་མེད་རེད། གཞན་ཡང་མཁས་གྲུབ་ཤངས་སྟོན་གྱི་མཛད་རྣམ་དུ་གཞུང་བྲག་དམར་བའི་བླ་མ་རས་པ་དཀོན་མཆོག་སྐྱབས་ཀྱིས་འགྲོ་མགོན་སངས་རྒྱས་སྟོན་པ་ལས་རྫོགས་ཆེན་སྙིང་ཐིག་ཞུས་པའི་སྐོར་འཁོད་པ་ལྟར་འགྲོ་མགོན་སངས་རྒྱས་སྟོན་པ་ལའང་རྫོགས་ཆེན་གྱི་གདམས་པ་མངའ་བ་མཚོན། ད་དུང་ཆོས་རྗེ་སངས་རྒྱས་སྟོན་པའི་སློབ་མ་མཁས་བཙུན་གཞོན་ནུ་གྲུབ་ལ་སྤྲུལ་སྐུ་འགའ་རབ་རྡོ་རྗེ་ལས་སྔ་འགྱུར་རྙིང་མའི་རྫོགས་ཆེན་གྱི་གདམས་པའང་ཐོབ་པ་དང་། དེ་མིན་ཤངས་ཆོས་ཉེ་བརྒྱུད་ཀྱི་བཀའ་བབས་གྲུབ་ཆེན་ཐང་སྟོང་རྒྱལ་པོས་ཀུན་སྤངས་དོན་ཡོད་རྒྱལ་མཚན་ལས་བྱང་གཏེར་ཡོངས་རྫོགས་དང་། ཁྱད་པར་རྔ་ཡབ་པདྨ་འོད་སོགས་སུ་ཕེབས་ནས་གུ་རུ་རིན་པོ་ཆེ་སོགས་གྲུབ་ཐོབ་དཔག་མེད་ལས་ཆོས་གསན་པས་རྙིང་མ་པའི་ཤིན་ཏུ་ཟབ་པ་ཉེ་བརྒྱུད་གཏེར་མའི་བླ་བརྒྱུད་དུའང་བཞུགས་སུ་གསོལ་ཡོད། ལྷག་པར་དུ་དབོན་སྟོན་སྐྱེར་སྒང་པས་རྒྱ་གོང་རི་པ་ལས་རྟ་མགྲིན་གསང་སྒྲུབ་ཀྱི་གཏེར་དཔེ་རྫོགས་པར་གསན་པས། ཟབ་མོའི་གཏེར་དང་གཏེར་སྟོན་གྲུབ་ཐོབ་ཇི་ལྟར་བྱོན་པའི་ལོ་རྒྱུས་མདོར་བསྡུས་སུ་བཀོད་པ་རིན་ཆེན་བཻཌཱུརྱའི་ཕྲེང་བར་ཡང་དུས་དེ་ནས་བཟུང་བཀའ་གཏེར་ཆུ་བོ་གཉིས་འདྲེས་སུ་གྱུར་ཞེས་འཁོད།
དེ་ལྟར་ཤངས་པའི་བརྒྱུད་འཛིན་པ་མང་པོས་རྫོགས་ཆེན་གྱི་ཆོས་སྒོར་ཞུགས་མྱོང་ལ། རྙིང་མ་པའི་སྐྱེས་ཆེན་རྩོད་མེད་འགས་ཀྱང་ཤངས་ཆོས་ཐུགས་ཉམས་སུ་བཞེས་མྱོང་བ་སྟེ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་རྣམ་ཐར་དུ་ཨོ་རྒྱན་གཏེར་བདག་གླིང་པས་ཇོ་ཤངས་ཞི་གཅོད་བོ་དོང་པ་སོགས་ཆོས་རྒྱུན་ཕྲ་བ་རྣམས་རང་སྟོབས་དང་གཞན་བསྐུལ་ལ་བརྟེན་གདམས་ངག་གི་སྲོག་རྩ་མཐུད་ཅེས་འཁོད་པ་ལྟར། ཁོང་གིས་སྔ་འགྱུར་རྙིང་མའི་ཆོས་བརྒྱུད་གཙོ་བོར་འཛིན་ཐོག་དཔལ་ལྡན་ཤངས་པའི་བཀའ་སྲོལ་སོགས་ཀྱི་ཆོས་སྒོ་རྣམས་ལ་ཡང་ཐུགས་སྣང་མཛད་པ་དང་། འཇམ་དབྱངས་མཁྱེན་བརྩེ་དབང་པོས་གཙོ་བོར་རྙིང་མ་པའི་བརྒྱུད་པ་འཛིན་ཐོག །བཤད་རྒྱུད་འདེགས་པའི་ཀ་ཆེན་བཅུ་དང་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀུན་གྱི་རིང་ལུགས་ཕལ་མོ་ཆེ་གསན་མྱོང་བ་སོགས་ཀྱིས་མཚོན་ནོ།
II.1.5.3 Sakya
།གསུམ། ཤངས་ཆོས་དང་ས་སྐྱ་པའི་བརྒྱུད་འཛིན་གྱི་སྐོར།
ཤངས་པ་བཀའ་བརྒྱུད་ཀྱི་རིན་ཆེན་བདུན་བརྒྱུད་སྔ་མའི་དྲུག་པ་རི་གོང་པ་སངས་རྒྱས་སྟོན་པས་ཆོས་རྗེ་ས་པཎ་གཙུག་ཏུ་བསྟེན་ནས་ས་ལུགས་ཀྱི་གདམས་པ་སོགས་གསན་མྱོང་བ་དང་། བསམ་སྡིངས་བརྒྱུད་པའི་སྤྱི་མེས་མཁས་བཙུན་གཞོན་ནུ་གྲུབ་ཀྱིས་ས་སྐྱ་པའི་ལམ་འབྲས་ཉམས་ལེན་གནང་ཡོད་པ་ཡང་། མཁས་བཙུན་གཞོན་ནུ་གྲུབ་ཀྱིས་ཕྱིས་མྱང་སྨད་དུ་བསམ་སྡིངས་བཏབ་ནས་ལམ་འབྲས། ཕྱག་ཆེན། ནི་གུ་རྣམས་ཆོས་ཀྱི་གཙོ་བོ་མཛད་ནས་གདུལ་བྱ་མང་པོ་ལ་ཁྲིད་བསྐྱངས་ཞེས་འཁོད། ཡང་འཇག་ཆེན་རྒྱལ་མཚན་འབུམ་ས་སྐྱར་བྱོན་ནས་བླ་མ་འཇམ་དབྱངས་པ་དང་སློབ་དཔོན་ཀུན་དགའ་སོགས་ལས་བརྟག་གཉིས་དང་། ས་ལུགས་ཀྱི་ལག་ལེན། ལམ་འབྲས་ཀྱི་ཁྲིད་ལམ་སྐོར་དང་བཅས་པ་མ་ཚང་བ་མེད་པར་ཞུས་ནས་སྲོག་ཤིང་དུ་དེ་དག་ལས་འགའ་ཞིག་གི་བཤད་པ་ཡང་མཛད་མྱོང་བ་དང་། ཆོས་རྗེ་བྱམས་པ་དཔལ་གྱིས་སློབ་དཔོན་སེང་གེ་བཟང་པོ་ལས་གཅོད་ཀྱི་སྐོར་དང་། ལམ་འབྲས་གཞུང་བཤད་སོགས་གསན་པ། གྲུབ་ཐོབ་ཐང་སྟོང་རྒྱལ་པོས་ས་སྐྱ་དང་ཤངས་ཆོས་གཉིས་ཀ་ཉམས་ལེན་གནང་བ། དེ་མིན་ས་སྐྱ་པཎྜི་ཏས་གསན་པའི་ནཱ་རོ་ཆོས་དྲུག་གི་ལུགས་ཤིག་རྨོག་ལྕོག་པ་ནས་བརྒྱུད་པ་སྡོམ་གསུམ་རང་མཆན་དུ་གསལ་ཞིང་། སུ་ཁ་སིདྡྷིའི་བྱིན་རླབས་ཀྱི་བཀའ་ཞེས་པའི་མཇུག་ཏུ་དགེ་སློང་ངག་དབང་ཆོས་གྲགས་ཀྱིས་ཚར་ཆེན་ཆོས་ཀྱི་རྒྱལ་པོ་ཡབ་སྲས་ཀྱི་གསུང་གི་ཟིན་ཐོ་ལ་བརྟེན་ནས་བཀོད་ཅེས་འཁོད་པ་དང་། ཤངས་པའི་གསེར་ཆོས་ལྔའི་བླ་མ་བརྒྱུད་པའི་གསོལ་འདེབས་ལམ་རིམ་གྱི་སྨོན་ལམ་དང་བཅས་པ་ལས་ཕ་བླ་མ་ཚར་པ་ཆོས་རྗེའི་སྐུ་དྲིན་ལས་དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་སྙན་བརྒྱུད་འཛིན་པའི་བཙུན་པ་མཁྱེན་བརྩེའི་དབང་ཕྱུག་གིས་དཔལ་ཞ་ལུ་གསེར་ཁང་གི་གཙུག་ལག་ཁང་དུ་སྦྱར་བ་བྱིན་རླབས་འཇུག་པར་འགྱུར་ཅིག་ཅེས་འཁོད་པ་ལྟར་འཇམ་དབྱངས་མཁྱེན་བརྩེ་དབང་པོས་ཚར་ཆེན་བློ་གསལ་རྒྱ་མཚོ་ལས་འཇག་བསམ་ནས་བརྒྱུད་པའི་ཤངས་པའི་གདམས་པ་མང་དག་ཅིག་གསན་པ་དེ་དག་གི་ཐོག་ནས་ཚར་ཆེན་ཆོས་ཀྱི་རྒྱལ་པོ་དང་། དགེ་སློང་ངག་དབང་ཆོས་གྲགས། འཇམ་དབྱངས་མཁྱེན་བརྩེ་དབང་པོ་སོགས་ཀྱིས་ཤངས་ཆོས་དུ་མ་ཉམས་སུ་བཞེས་གནང་བ་དང་། ཚར་ཆེན་བློ་གསལ་རྒྱ་མཚོས་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་རྗེས་གནང་གི་ཆོ་ག་བྱིན་རླབས་ཀྱི་ཆར་འབེབས་དང༌། དགེ་སློང་ངག་དབང་ཆོས་གྲགས་ཀྱིས་སུ་ཁ་སིདྡྷིའི་བྱིན་རླབས་ཀྱི་བཀའ་འཇམ་དབྱངས་མཁྱེན་བརྩེ་དབང་པོས་ཟབ་དོན་བསྡུས་པའི་རྡོ་རྗེའི་ཐོལ་གླུ་ངེས་དོན་ཐེམ་སྐས་དང་། ཤངས་པའི་གསེར་ཆོས་ལྔའི་བླ་མ་བརྒྱུད་པའི་གསོལ་འདེབས་ལམ་རིམ་གྱི་སྨོན་ལམ་དང་བཅས་པ་སོགས་ཤངས་ཆོས་སྐོར་གྱི་བསྟན་བཅོས་དང་ཁྲིད་ཡིག་འགའ་ཡང་མཛད། ཁོང་རྣམས་དང་འདྲ་བར་ལམ་འབྲས་ཚོགས་བཤད་ཀྱི་བརྒྱུད་འཛིན་མུས་ཆེན་དཀོན་མཆོག་རྒྱལ་མཚན། མུས་ཆེན་རྒྱལ་མཚན་དཔལ་བཟང༌། ཉེ་ཆར་གྱི་བློ་དགའ་རིན་པོ་ཆེ་སོགས་ས་ལུགས་ཀྱི་བརྒྱུད་འཛིན་པ་འགས་ཀྱང་མཁའ་འགྲོ་མ་སུ་ཁ་སིདྡྷིའི་ཆོས་སྐོར་འཆད་ཉན་དང་ཉམས་ལེན་གནང་སྲོལ་ཡོད་པ་མཚོན་ཐུབ། དེ་ལྟར་གཅིག་ནས་ཤངས་པའི་སྔ་རབས་ཀྱི་བླ་མ་སྐྱེས་ཆེན་དུ་མས་ས་ལུགས་ཀྱི་གདམས་པ་གསན་བཞེས་དང་ཉམས་ལེན་མཛད་ནས་སྐབས་དེའི་ཤངས་པའི་བརྒྱུད་འཛིན་གྱི་བུ་སློབ་རྣམས་ལ་བཤད་པ་ཡང་མཛད་པས། ས་སྐྱ་པའི་གདམས་ངག་གི་སྙིང་བཅུད་བསྡུ་ལེན་གནང་བ་དང་། གཉིས་ནས་ས་སྐྱ་པའི་བརྒྱུད་འཛིན་པ་འགའ་ཞིག་གིས་ཀྱང་ཤངས་ཆོས་སློབ་གཉེར་དང་ཉམས་ལེན་གནང་མྱོང་བའོ།
II.1.5.4 Jonang
།བཞི། ཤངས་ཆོས་དང་ཇོ་ནང་པའི་བརྒྱུད་འཛིན་གྱི་སྐོར།
ཤངས་པའི་ཤིན་ཏུ་ཉེ་བརྒྱུད་ཀྱི་བཀའ་བབས་འཇམ་མགོན་གྲུབ་པའི་དཔའ་བོ་དཔལ་ལྡན་ཀུན་དགའ་གྲོལ་མཆོག་གིས་མ་གཞི་ཇོ་ནང་པའི་ཆོས་བརྒྱུད་གཙོ་ཆེར་འཛིན་ཡང་། ཁོང་ལ་འཇག་བསམ་གཉིས་དང་། ཐང་ལུགས། ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མའི་ཞལ་གཟིགས་སོགས་བརྒྱུད་ནས་ཤངས་པ་བཀའ་བརྒྱུད་ཀྱི་གདམས་པ་མང་དག་ཐོབ་ཡོད་ཅིང་། དེ་རྗེས་རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཉེ་གནས་འགྱུར་མེད་བདེ་ཆེན་སོགས་ལ་ཐོབ་པའི་ཤངས་པའི་གདམས་ངག་དང་ཉམས་ལེན་བྱ་ཚུལ་རྣམས་ཇོ་ནང་པའི་ཆོས་བརྒྱུད་ཁོངས་སུ་བསྡུ་ལེན་གཏིང་གཟབ་གནང་ཡོད་ཅེས་འཁོད་པ་ལྟར། ཇོ་ནང་ཀུན་དགའ་གྲོལ་མཆོག་ནས་འགོ་བརྩམས་ཏེ། ཁོང་གི་སློབ་བརྒྱུད་དང་བཅས་པས་ཤངས་པའི་ཆོས་བརྒྱུད་ཀྱི་གདམས་པ་ཉམས་ལེན་དང་དར་སྤེལ་ཅི་རིགས་མཛད་སྟབས་ཤངས་པ་བཀའ་བརྒྱུད་ཀྱིས་ཇོ་ནང་པའི་ཆོས་བརྒྱུད་ལ་བོད་དར་ནང་བསྟན་གྱི་ཆོས་བརྒྱུད་གཞན་ལས་ལྷག་པའི་ཤུགས་རྐྱེན་ཐེབས་ཡོད།
ལྷག་པར་དུ་འཇམ་མགོན་ཀུན་དགའ་གྲོལ་མཆོག་གི་ཁྲི་འཛིན་ཇོ་ནང་ཀུན་མཁྱེན་ཏཱ་ར་ནཱ་ཐས་སྔ་རྗེས་སུ་ཆོས་སྐུ་ལྷ་དབང་གྲགས་པ་སོགས་ལས་ཤངས་པའི་ཆོས་སྐོར་མང་དག་ཅིག་གསན་བཞེས་དང་། ཉམས་ལེན་དཔྱིས་ཕྱིན་པ་གནང་ཡོད་པའང་ཁོང་གི་ལྗགས་རྩོམ་གྱི་གྲས་སུ་དཔལ་ལྡན་ཤངས་པའི་ཆོས་སྐོར་གྱི་འབྱུང་ཁུངས་ཡིད་ཀྱི་མུན་སེལ་དང་། མྱུར་མཛད་ཡེ་ཤེས་མགོན་པོའི་ཆོས་སྐོར་དང་སྒྲུབ་ཐབས་སོགས་ཀྱི་ཤངས་པའི་ཆོས་སྐོར་ཇི་སྙེད་ཅིག་ཐོན་པ་ལས་ཤེས་རྟོགས་ཐུབ། ཁོང་ཉིད་སྤྱིར་ཇོ་ནང་པ་ཆེན་པོའི་རིང་ལུགས་འཛིན་པ་ཀུན་ལ་གྲགས་ཀྱང་། རྟ་མགྲིན་ལས་བྱང་དྲེགས་པ་ཀུན་འདུལ་གྱི་མཇུག་ཏུ་ཤངས་པ་བཀའ་བརྒྱུད་ཀྱི་ཆོས་རིགས་སུ་སྐྱེས་པ་རྒྱལ་ཁམས་པ་ཏཱ་ར་ནཱ་ཐ་ཞེས་པའི་ནང་དུའང་ཤངས་ཆོས་རིགས་སུ་འཁྲུངས་པ་ཞེས་ཤངས་པའི་ཆོས་སྐོར་ལ་ཞུགས་པའི་བརྒྱུད་པའི་གྲས་སུ་ཡང་འཇོག་གནང་མཛད་ཡོད། དེ་ནས་མི་ལོ་སུམ་བརྒྱ་ཙམ་འདས་ནས་མདོ་སྨད་འཛམ་ཐང་དགོན་པའི་བླ་མ་སྤོམ་མདའ་དགེ་ལེགས་(སྤྱི་ལོ་1844ལོ་ནས་1899ལོ་བར་)སོགས་ཀྱིས་ཀྱང་ཤངས་པ་བཀའ་བརྒྱུད་ཀྱི་གདམས་པ་འཆད་ཁྲིད་དང་ཉམས་ལེན་གང་ལེགས་གནང་། སྤོམ་མདའ་དགེ་ལེགས་ཀྱིས་ནི་གུ་ཆོས་དྲུག་གི་ཟབ་འགྲེལ་སོགས་ཤངས་ཆོས་སྐོར་གྱི་བསྟན་བཅོས་དང་ཁྲིད་ཡིག་འགའ་ཡང་མཛད་ཅིང་། ཁོང་གི་བརྒྱུད་པ་འཛིན་པ་ནི་འཇམ་མགོན་ཀོང་སྤྲུལ་དང་། དེའི་སློབ་མ་སྙན་གྲགས་ཤིན་ཏུ་ཆེ་བའི་སྐྱབས་རྗེ་ཀ་ལུ་རིན་པོ་ཆེ་སྐུ་གོང་མས་ཇོ་ནང་པ་དང་ཤངས་ཆོས་གཉིས་ཀ་བརྒྱུད་འཛིན་དང་དར་སྤེལ་གྱི་མཛད་འཕྲིན་བསྐྱངས་སྟབས་དེང་ཙཱ་འདྲ་རིན་ཆེན་བྲག་གི་སྒྲུབ་སྡེ་ཀུན་བདེ་གླིང་དུ་ཇོ་ཤངས་གཉིས་ཀའི་གདམས་པ་ཉམས་སུ་ལེན་པ་དང༌། འཛམ་ཐང་གི་གཙང་པ་སྐུ་ཕྲེང་རིམ་བྱོན་སོགས་ཀྱི་བླ་མ་ཚོས་ཤངས་པའི་ཆོས་སྐོར་མ་ཉམས་བརྒྱུད་འཛིན་གནང་མུས་ཡིན་པའི་སྐོར་གཤམ་གྱི་ལེའུ་དྲུག་པའི་སྐབས་འཆད་པར་བྱའོ།
།དཔལ་ལྡན་ཤངས་པའི་ཆོས་བརྒྱུད་འདི་ཉིད་ལ་ལོ་རྒྱུས་ཀྱི་བགྲོད་ལམ་སྟེང་སྲོག་ལ་ཐུག་པའི་འཇིགས་པ་གྲངས་ལས་འདས་པ་ཞིག་འཕྲད་མྱོང་ཡང་། ཇོ་ནང་ཏཱ་ར་ནཱ་ཐ་དང་རྗེ་བཙུན་ཀུན་དགའ་གྲོལ་མཆོག་སོགས་ཀྱིས་གཙོས་པའི་ཇོ་ནང་པའི་རིང་ལུགས་འཛིན་པ་རྣམས་ཀྱིས་ཤངས་ཆོས་འདི་ཉིད་སྔ་བར་ཕྱི་གསུམ་དུ་རང་གི་བརྒྱུད་པ་བསྙོན་མེད་ལྟར་དུ་བརྩིས་ཏེ། ཐོས་བསམ་སྒོམ་གསུམ་གྱིས་རང་རྒྱུད་སྨིན་པ་དང་། འཆད་རྩོད་རྩོམ་གསུམ་གྱིས་གཞན་རྒྱུད་གདུལ་བ་སོགས་ཀྱི་མཛད་འཕྲིན་ནམ་མཁའ་དང་མཉམ་པ་སྤེལ་བར་མཛད། ལྷག་དོན་ཀུན་མཁྱེན་ཏཱ་ར་ནཱ་ཐས་རྡོ་རྗེ་ཐེག་པའི་རིང་ལུགས་རྣམས་ལ་འཁྲུལ་པས་བསླད་པ་ཐམས་ཅད་བསལ་ཞེས་རྡོ་རྗེ་ཐེག་པའི་བསྟན་པ་སྤྱི་དང་། ཡང་སྒོས་ཤངས་ཆོས་མ་ཉམས་དར་འཕེལ་གཏོང་བའི་བསྟན་བཅོས་རྒྱ་ཆེར་བརྩམས་ཏེ། ཐལ་རྡུལ་གྱིས་སྦགས་པའི་ཤངས་པའི་རིང་ལུགས་ལ་ལྷག་བསམ་གྱིས་བྱི་དོར་མཛད་ནས་ཤངས་པའི་བརྒྱུད་པ་འདི་ཉིད་ལ་འཆི་ཀ་མའི་སྲོག་མཐུད་པ་ལྟ་བུའི་བཀའ་དྲིན་ཆེས་ཆེར་བསྐྱངས། དེ་ནི་ཤངས་ཆོས་བརྒྱུད་འཛིན་པ་ཚོ་དང་བོད་བརྒྱུད་ནང་བསྟན་གྱི་རིག་པ་སྨྲ་བ་ཚོས་ཇི་སྲིད་ཉི་ཟླའི་བགྲོད་པ་མ་ནུབ་ཀྱི་བར་དུ་རྗེས་དྲན་བྱ་འོས་པ་ཡིན།
II.1.5.5 Kadam
ལྔ། ཤངས་ཆོས་དང་བཀའ་གདམས་གསར་རྙིང་གི་བརྒྱུད་འཛིན་པའི་སྐོར།
མཁས་གྲུབ་ཁྱུང་པོ་རྣལ་འབྱོར་སྐུ་འཚོ་བཞུགས་ཀྱི་དུས་ནི་བཀའ་གདམས་པའི་བསྟན་པ་དབུ་བརྙེས་པའི་དུས་སྐབས་ཤིག་ཡིན་པས། ཇོ་བོ་བཀའ་གདམས་པའི་རིང་ལུགས་འཛིན་པའི་མཁས་གྲུབ་རྣམས་ཀྱིས་གྲུབ་ཆེན་ཁྱུང་པོ་རྣལ་འབྱོར་དང་ཤངས་པའི་བླ་མ་གོང་མ་རྣམས་ལ་མདོ་ལུགས་ཀྱི་སློབ་གཉེར་དང་། གསང་སྔགས་ཀྱི་གདམས་པ་གང་ཅིར་ཚད་གཞི་མི་འདྲ་བའི་ཤུགས་རྐྱེན་ཐེབས་པ་ཡང་། མཁས་གྲུབ་ཁྱུང་པོས་མངའ་རིས་མཐོ་ལྡིང་དགོན་དུ་ཇོ་བོ་རྗེ་ལས་སེམས་བསྐྱེད་དང་། མངོན་རྟོགས་རྒྱན། མདོ་སྡེ་རྒྱན། རྒྱུད་བླ་མ། གསང་འདུས། དགྲ་ནག །འཇིགས་བྱེད་སོགས་ཀྱི་གདམས་པ་མང་དག་ཅིག་གསན་བཞེས་གནང་། ཡང་བཀའ་གདམས་ཆོས་འབྱུང་གསལ་བའི་སྒྲོན་མེར་བླ་མ་རྡོ་རྗེ་གདན་པས་ཁྱུང་པོ་རྣལ་འབྱོར་ལ་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་སྤྲུལ་པ་གླང་རི་ཐང་པ་ལ་བསྙེན་པར་རྫོགས་ཤིག་ཅེས་ལུང་བསྟན་ནས། ཁྱུང་པོ་རྣལ་འབྱོར་གྱི་མཁན་པོ་མཛད་ཅེས་འཁོད་པ་ལྟར། མཁས་གྲུབ་ཁྱུང་པོའི་བསྙེན་རྫོགས་ཀྱི་སྡོམ་པ་ཞུ་ས་ནི་བླ་མ་རྡོ་རྗེ་གདན་པས་ལུང་གིས་ཟིན་པའི་བཀའ་གདམས་པའི་དགེ་བཤེས་ཆེན་པོ་གླང་རི་ཐང་པ་རྡོ་རྗེ་སེང་གེ་ཡིན། དགེ་བཤེས་གླང་ཐང་པ་ནི་པོ་ཏོ་བའི་སློབ་མ་གླང་ཤར་ཉི་ཟླ་ཟུང་འབྲེལ་དུ་གྲགས་པའི་མཚུངས་མེད་སེམས་དཔའ་ཆེན་པོ་གླང་ཐང་པ་ཞེས་བདག་གཞན་མཉམ་བརྗེའི་བྱང་ཆུབ་སེམས་བསྐྱེད་ཀྱི་ཐུགས་དམ་མཐིལ་དུ་འཛིན་པས་དུས་སྐབས་དེར་མཚན་སྙན་ཡོངས་སུ་གྲགས་པའི་བཀའ་གདམས་པའི་དགེ་བའི་བཤེས་གཉེན་ཞིག་རེད། ཁོང་གིས་མཁས་གྲུབ་ཁྱུང་པོར་དགེ་སློང་གི་སྡོམ་པ་མནོས་པ་དང༌། བློ་སྦྱོང་ཚིག་བརྒྱད་མ་སོགས་ཟབ་རྒྱས་ཆོས་ཀྱི་གནང་སྦྱིན་འཕངས་མེད་དུ་བསྩལ་བས། ཕྱིས་ཀྱི་མཁས་གྲུབ་ཁྱུང་པོའི་བརྒྱུད་འཛིན་པ་རྣམས་ཀྱང་དགེ་བཤེས་གླང་ཐང་པའི་འདུལ་ཁྲིམས་ཀྱི་རྣམ་ཐར་སྐྱོང་མཁན་ཤ་སྟག་ཏུ་གྱུར། མཁས་གྲུབ་ཁྱུང་པོའི་དགོན་གནས་ཐོག་མ་འཆད་ཁ་དགོན་ཡང་བཀའ་གདམས་པའི་བསྟན་པ་དར་སའི་ལྟེ་བའི་ས་ཁུལ་འཕན་ཡུལ་དུ་གནས་པས་སྐབས་དེར་ཁྱུང་པོ་རྣལ་འབྱོར་གྱི་གྲྭ་སློབ་ཀྱི་གྲས་སུ་བཀའ་གདམས་པའི་རིང་ལུགས་འཛིན་མཁན་ཡང་ཡོད་པར་ངེས། ཡང་རིན་ཆེན་བདུན་བརྒྱུད་སྔ་མའི་བཞི་པ་ཆོས་རྗེ་རྨོག་ལྕོག་པས་དགེ་བཤེས་རྫ་ར་བ་ལ་བཀའ་གདམས་པའི་གདམས་ངག་མང་དུ་ཞུས། ཆོས་རྗེ་སྐྱེར་སྒང་པས་བླ་མ་སྤེན་ཕུག་པ་ལས་ལོ་ལྔའི་བར་ཇོ་བོ་རྗེའི་གདམས་པ་ཞུས་ནས། ཇོ་བོ་བཀའ་གདམས་པའི་ལྷ་བཞིའི་མན་ངག་གྲུབ་ཆེན་སྐྱེར་སྒང་པའི་བཀའ་སྲོལ་དང་འབྲེལ་བ་སྤྱན་རས་གཟིགས་སྙིང་རྗེ་མཁའ་ཁྱབ་ཀྱི་ཁྲིད་དེ་ཡང་ཤངས་པའི་ཞལ་གཟིགས་ཀྱི་ཆོས་སྐོར་གྲས་སུ་བཞུགས་མུས་ཡིན་པ། མཁས་གྲུབ་ཤངས་སྟོན་གྱིས་གཡའ་ལུང་དགོན་གསར་བའི་མཁན་པོ་ལ་བཀའ་གདམས་ལམ་རིམ་དང་། ལམ་སྒྲོན། བྱང་ཆུབ་སེམས་དཔའི་བློ་སྦྱོང་། གནས་བརྟན་བཅུ་དྲུག་གི་གསོལ་འདེབས། ཤེས་རབ་སྙིང་པོའི་སྒྲུབ་ཐབས་ལ་སོགས་པ་མང་དུ་ཞུས།
དེ་རྗེས་དགའ་ལྡན་ཆོས་འབྱུང་དུ་ཆོས་སྐྱོང་ཤངས་ལུགས་ཀྱི་ཕྱག་དྲུག་པར་བཀའ་མི་འདྲ་བ་བཅུ་གསུམ་ཡོད་པ་ནས་རྗེས་གནང་བར་ཆད་ཀུན་སེལ་སྣར་ཐང་ལོ་ཙཱ་བ་དོན་གྲུབ་བཟང་པོར་གསན་ཞེས་འཁོད་པ་ལྟར་སྤྱི་ལོའི་དུས་རབས་བཅོ་ལྔ་པའི་ནང་རི་བོ་དགེ་ལྡན་པའི་ཤིང་རྟའི་སྲོལ་འབྱེད་རྗེ་ཙོང་ཁ་པ་ཆེན་མོས་སྣར་ཐང་ལོ་ཙཱ་བ་དོན་གྲུབ་བཟང་པོ་ལས་ཤངས་ལུགས་ཀྱི་མགོན་པོ་ཕྱག་དྲུག་པའི་ཆོས་སྐོར་གསན་བཞེས་གནང་བ་དང་། འཇག་པའི་སློབ་བརྒྱུད་འཇག་ཆེན་བྱམས་པ་དཔལ་ལས་ཀྱང་ཤངས་ཆོས་འགའ་ཞིག་གསན་པ་དང་། མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་མུས་ཆེན་ནམ་མཁའི་རྣལ་འབྱོར་བ་ལས་མགོན་པོ་ཕྱག་དྲུག་པའི་ཆོས་སྐོར་མཐའ་དག་གསན་ཞིང་མགོན་བཀའ་བཅུ་གསུམ་རྣམས་གཙོ་ཆེར་ཤངས་ལུགས་ཁོ་ནར་ཁུངས་གཏུགས་ཤིང་། མཁས་གྲུབ་བེའུ་བུམ་ཞེས་པ་ཕྱོགས་བསྒྲིགས་མཛད་ནས། ཤངས་ལུགས་ཀྱི་མགོན་པོ་ཕྱག་དྲུག་པ་ཉིད་རིམ་བཞིན་དགེ་ལུགས་པའི་བཀའ་སྲུང་གི་གཙོ་བོའི་གྲས་སུ་གྱུར་ཅིང་། རྒྱལ་དབང་དང་པཎ་ཆེན་སོགས་དགེ་ལུགས་པའི་བླ་ཆེན་འགའ་ཞིག་བརྒྱུད་དབུས་གཙང་ཁམས་གསུམ་རྒྱ་སོག་ཡན་ཆད་དུ་ཤུགས་རྐྱེན་ཆེས་ཆེར་ཐེབས། སྤྱིར་ཤངས་ལུགས་ཀྱི་གདམས་པ་མང་དག་ཅིག་རི་བོ་དགེ་ལྡན་པས་ཉམས་བཞེས་དང་བསྡུ་ལེན་མཛད་པ་ཡང་གཙོ་ཆེར་ཡེ་ཤེས་མགོན་པོའི་ཆོས་སྐོར་དེ་ཉིད་ཡིན། གཞན་ཡང་རྒྱལ་དབང་སྐུ་ཕྲེང་དང་པོ་དང༌། གཉིས་པ། གསུམ་པ་རྣམས་ཀྱིས་ཀྱང་ཤངས་ཆོས་གསན་བཞེས་དང་ཉམས་ལེན་གནང་ཡོད་པ་སྟེ། རྗེ་དགེ་འདུན་གྲུབ་པའི་མཛད་རྣམ་ངོ་མཚར་རྨད་བྱུང་ནོར་བུའི་ཕྲེང་བར་ཤངས་པའི་ཆོས་སྐོར་ཅི་རིགས་པ་རྣམས་གསན་ཞེས་དང་། བྱང་ཆེན་གྱི་ཐེག་ཆེན་ཕོ་བྲང་དུ་རིན་པོ་ཆེ་ཀུན་དགའ་དཔལ་ལྡན་པ་སྤྱན་དྲངས་ཏེ་ཤངས་པའི་ནི་གུའི་ཆོས་སྐོར་ཚང་མ། མགོན་པོ་ཡིད་བཞིན་ནོར་བུའི་རྗེས་གནང་དང་བཅས་པ་རྣམས་ཞུས་ཞེས་འཁོད་པ་ལྟར་རྒྱལ་དབང་དགེ་འདུན་གྲུབ་པས་བྱང་ཆེན་དུ་བླ་མ་ཀུན་དགའ་དཔལ་ལྡན་སྤྱན་དྲངས་ཏེ་ཤངས་པ་བཀའ་བརྒྱུད་ཀྱི་ནི་གུ་ཆོས་དྲུག་དང་མགོན་པོ་ཡིད་བཞིན་ནོར་བུའི་རྗེས་གནང་སོགས་གསན་པ་དང་། རྒྱལ་དབང་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོའི་ཡབ་ཕ་རྒོད་ཀུན་དགའ་བཟང་པོ་དང་། དེའི་སྲས་དྲིན་མཆོག་དོན་ཡོད་རྒྱལ་མཚན། དེའི་སྲས་གྲུབ་པའི་དབང་ཕྱུག་ཀུན་དགའ་རྒྱལ་མཚན་སོགས་ཀྱིས་ཀྱང་ཤངས་པ་བཀའ་བརྒྱུད་ཀྱི་གདམས་པ་མང་དུ་ཉམས་ལེན་གནང་བ་སྟེ། གྲུབ་པའི་དབང་ཕྱུག་ཀུན་དགའ་རྒྱལ་མཚན་གྱིས་ནི་གུའི་རྨི་ལམ་ལ་བརྟེན་ནས་ཡུལ་སྣང་ཐམས་ཅད་གཏན་ལ་འབེབས་པར་ནུས་པས་སངས་རྒྱས་ཀྱི་ཞིང་དུ་མར་ཐོགས་མེད་དུ་བགྲོད་ཅེས་སོགས་འཁོད་པ་ལྟར། གྲུབ་དབང་ཀུན་དགའ་རྒྱལ་མཚན་གྱིས་ནི་གུའི་བཀའ་སྲོལ་ཉམས་ལེན་གྱིས་གྲུབ་པའི་རྩེ་མོར་སོན། ཡབ་མེས་རྣམས་ཀྱིས་ཤངས་ཆོས་ཉམས་སུ་ལེན་པའི་ཤུགས་རྐྱེན་གྱིས་རྗེ་དགེ་འདུན་རྒྱ་མཚོས་རྙིང་མའི་རྟ་མགྲིན་གསང་སྒྲུབ་ཤངས་ལུགས་བརྒྱུད་བཞེས་ཞེས་སོགས་གསལ་བ་ལྟར། ཤངས་ཆོས་དུ་མ་གསན་ཞིང་ཉམས་བཞེས་སུ་བསྟར་ནས་ནི་གུའི་ཁྲིད་ཡིག་སོགས་ཀྱང་མཛད་ལ། ད་དུང་འབྲོང་རྩེ་ཆོས་རྗེ་ཆོས་བློ་པ་དང་། ནང་སོ་ཚེ་དབང་བ་སོགས་སྐབས་དེའི་དགེ་ལུགས་ཀྱི་བླ་ཆེན་མང་པོར་ཤངས་པའི་ནི་གུ་ཆོས་དྲུག་སོགས་ཀྱི་གདམས་པ་ཡང་སྤེལ་བ། དེ་མིན་རྒྱལ་དབང་བསོད་ནམས་རྒྱ་མཚོས་ཤངས་དགེ་འཕེལ་རི་ཁྲོད་དུ་རྗེ་ཕྱོགས་ལས་པ་ལས་ཤངས་ཆོས་སྐོར་ཅིག་གསན་མྱོང་བ་སོགས་རི་བོ་དགེ་ལྡན་པའི་སྔ་རབས་ཀྱི་བརྒྱུད་འཛིན་པ་རྣམས་ཀྱིས་ཤངས་པའི་ཆོས་སྐོར་ཉམས་སུ་བཞེས་པའི་སྲོལ་བཟང་ལ་གཞིགས་ནས། དུས་ཕྱིས་རྒྱལ་དབང་དགེ་འདུན་རྒྱ་མཚོས་མཛད་པའི་ནི་གུ་ཆོས་དྲུག་གི་ཁྲིད་ཡིག་དེའི་སྟེང་ནས་ཀློང་རྡོལ་བླ་མ་ངག་དབང་བློ་བཟང་སོགས་དགེ་ལྡན་པའི་བླ་མ་མང་པོར་ཁྲིད་ཀ་ཐོབ་པ་དང་། ཡོངས་འཛིན་ཁྲི་བྱང་རིན་པོ་ཆེས་ཕ་བོང་ཁ་བདེ་ཆེན་སྙིང་པོ་ནས་བརྒྱུད་པའི་ནི་གུ་ཆོས་དྲུག་གི་ཉམས་ལེན་བཞིན་སྤྱི་ལོ་1958ལོ་ཙམ་ནས་ཆུ་བཟང་དུ་དབང་ཁྲིད་ཅི་རིགས་གནང་ཡོད་འདུག་ཅིང་། དབང་ཞུ་མཁན་ཚོས་སྐབས་འགར་འདོམས་དཀྲིས་ཙམ་ལས་གཅེར་བུར་བཞུགས་པ་དང་རུས་རྒྱན་སོགས་བསྣམས་སྲོལ་ཡོད། ད་ལྟའི་ཆར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བཤེས་འཇམ་དབྱངས་རྒྱ་མཚོ་སོགས་ཀྱིས་ཤངས་པའི་ནི་གུ་ཆོས་དྲུག་ལ་སོགས་པའི་དབང་ཁྲིད་ཅི་རིགས་སྩོལ་སྲོལ་འདུག །དེ་ལྟར་རི་བོ་དགེ་ལྡན་པའི་བརྒྱུད་འཛིན་པ་འགས་ཤངས་པའི་ཆོས་སྐོར་དེ་རྣམས་ཉམས་སུ་བསྟར་བ་ཕུད། དྭགས་ཤངས་གཉིས་ཀའི་གསང་སྔགས་ཀྱི་གདམས་པ་དང་ལྟ་གྲུབ་སོགས་གང་ཅིར་གསན་བཞེས་རྒྱ་ཆེར་གནང་བས། སྐུ་ཚེ་གཅིག་ལ་ཟུང་འཇུག་གི་གོ་འཕང་ཐོབ་པ་མཁས་གྲུབ་ནོར་བཟང་རྒྱ་མཚོས་བཀའ་དགེ་དགོངས་པ་གཅིག་སྒྲུབ་ཅེས་པའི་དཔེ་ཆ་བརྩམས་ཏེ། བཀའ་བརྒྱུད་པའི་ཕྱག་རྒྱ་ཆེན་པོ་དང་དགེ་ལུགས་པའི་དབུ་མའི་ལྟ་བ་དེ་གཉིས་རྗོད་བྱེད་ཚིག་གི་ཁྱད་པར་ལས་བརྗོད་བྱའི་དོན་གཅིག་མཚུངས་ཡིན་པའི་ལྟ་བ་ཡང་བཏོན་གནང་བས་བཀའ་དགེའི་དབར་གྱི་ལྟ་གྲུབ་ལ་འདྲ་བའི་ཆ་མང་དུ་ཡོད་པ་དང་། རྫོགས་བྱང་ལ་དམིགས་པའི་མཐར་ཐུག་གི་དགོངས་པ་ཡང་མཚུངས་པའོ།
II.1.5.6 Shijé
དྲུག ཤངས་ཆོས་དང་ཞི་བྱེད་པའི་བརྒྱུད་འཛིན་གྱི་སྐོར།
།དཔའ་བོ་གཙུག་ལག་ཕྲེང་བས་ཆོས་འབྱུང་མཁས་པའི་དགའ་སྟོན་དུ་ཞི་བྱེད་པ་དང་ཤངས་པའི་ཆོས་སྐོར་འདི་གཉིས་ཀ་ཆོས་བརྒྱུད་སྣ་ཚོགས་པའི་ཆོས་ཀྱི་བྱུང་བ་བརྗོད་པའི་ཁོངས་སུ་བཞག་གནང་མཛད་ཡོད། འདི་གཉིས་ཀྱི་གདམས་པ་ཕལ་ཆེ་བར་རང་རང་གི་ཁྱད་ཆོས་ལྡན་པས་མི་མཚུངས་ཀྱང་། ཆོས་བརྒྱུད་འདི་གཉིས་ཀྱི་སྲོལ་འབྱེད་པོ་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་དང་གྲུབ་ཆེན་ཕ་དམ་པའི་ཐུན་མོང་གི་བླ་མ་ནི་ཡེ་ཤེས་ཀྱི་མཁའ་འགྲོ་མ་སུ་ཁ་སིདྡྷི་ཡིན། གཞན་ཡང་ཤངས་པའི་བརྒྱུད་འཛིན་པ་རྣམས་ཀྱིས་ཞི་བྱེད་ཀྱི་གདམས་པ་ཉམས་ལེན་གནང་སྲོལ་ཡོད་པ་སྟེ། ཆོས་རྗེ་རྨོག་ལྕོག་པས་དགེ་བཤེས་འབལ་སྒོམ་ཕྱག་ན་ལ་ཞི་བྱེད་པའི་གདམས་པ་མང་དུ་ཞུས་པ་དང་། ཆོས་རྗེ་སྐྱེར་སྒང་པའི་རྣམ་ཐར་དུ་དེ་ནས་ཕག་མོ་གྲུ་པའི་ཞི་བྱེད་རྨི་ལམ་དེ་ཞུ་དགོས་སྙམ་ནས་གསོལ་བ་བཏབ་པས། དམ་པ་བྱོན་ནས་དུག་གསུམ་ལམ་ཁྱེར་གྱི་ཞི་བྱེད་གསུངས་ནས་ད་གསང་སྒྲུབ་ཀྱི་སྐྱབས་འགྲོའི་སྐོར་ང་སྒོམས་ལ་གསོལ་བ་ཐོབ་ཅིག །ངས་བྱིན་རླབས་འཇུག་པར་བྱའོ་གསུང་ངོ་ཞེས་པ་དང་འདྲ་བར། ནི་ཀོ་རིག་སེ་(Nicole Riggs)ཡིས་ཤངས་པ་བཀའ་བརྒྱུད་འདི་ཕ་དམ་པ་སངས་རྒྱས་ཀྱི་དམ་ཆོས་སྡུག་བསྔལ་ཞི་བྱེད་ཀྱི་གདམས་པ་དང་འབྲེལ་འདྲིས་ཆེ་བའི་ཁྱིམ་བརྒྱུད་དུ་འཁྲུངས་པ་ཆོས་རྗེ་སྐྱེར་སྒང་པ་བརྒྱུད་ཞི་བྱེད་པའི་གྲུབ་མཐའ་དང་འབྲེལ་བ་དམ་ཟབ་བྱུང་། ཆོས་རྗེ་སྐྱེར་སྒང་པར་དངོས་དང་རྨི་ལམ་ཅི་རིགས་བརྒྱུད་ཕ་དམ་པ་སངས་རྒྱས་ཀྱི་གདམས་པའང་ཐོབ་ཅེས་གསལ་བ་དེ་དག་ལས་དབོན་སྟོན་སྐྱེར་སྒང་པ་ཆེན་པོར་ཞི་བྱེད་ཀྱི་གདམས་པ་མང་དག་ཅིག་ཐོབ་ནས་ཤངས་པ་དང་ཞི་བྱེད་པའི་དབར་འབྲེལ་བ་དམ་ཟབ་ཆགས་པ་མཚོན། ཕྱིས་ཆོས་རྗེ་སངས་རྒྱས་སྟོན་པ་དགུང་ལོ་བཅུར་སོན་པའི་ཚེ། གངས་བཟང་དུ་མ་གཅིག་སྤྲུལ་སྐུ་བྱོན་ནས་གཅོད་ཀྱི་ཆོས་དབང་སེམས་ལ་བསྐུར། ཞལ་གདམས་ཆིག་བརྒྱུད་རྣམས་གནང་ནས་ལུང་བསྟན་ཡང་མཛད། ཁོང་གིས་མ་གཅིག་ནས་གསན་པའི་གཅོད་ཀྱི་ཆོས་སྐོར་རྣམས་ཤངས་པ་གསེར་གླིང་པ་བཀྲ་ཤིས་དཔལ་ལའང་གནང་། དེ་མིན་མཁས་བཙུན་གཞོན་ནུ་གྲུབ་ཀྱིས་ར་བཟའ་(ས་)སྨོན་མཁར་ དུ་མ་གཅིག་ལབ་སྒྲོན་དགུང་ལོ་བརྒྱ་དང་བཅུ་ལོན་པ་དང་མཇལ་ནས་གཅོད་སྐོར་དང་དཀའ་ཐུབ་ཀྱི་རིགས་རྣམས་རྫོགས་པར་ཞུས་པས། མ་གཅིག་གིས་ཀྱང་གདམས་པ་འདིའི་ཐོགས་གཅིག་ཁྱེད་རང་ཉམས་སུ་ལོངས་ ཞེས་གསུངས་པ་ལྟར་མཁས་བཙུན་གཞོན་ནུ་གྲུབ་ཀྱིས་ཀྱང་མ་གཅིག་ནས་གསན་པའི་གཅོད་ཀྱི་གདམས་པ་དེ་དག་ཉམས་ལེན་གནད་སྨིན་གནང་ཕྱིར་དབུས་གཙང་གི་གཉན་ཁྲོད་མང་པོར་ལུས་སྲོག་གཏོང་བའི་གཅོད་མཛད་ཅིང་ལྷ་འདྲེའི་དོན་བསྒྲུབས། དེ་ལྟར་ཤངས་པའི་བརྒྱུད་འཛིན་པ་རྣམས་ལས་གཙོ་ཆེར་ཆོས་རྗེ་སངས་རྒྱས་སྟོན་པ་དང་། མཁས་བཙུན་གཞོན་ནུ་གྲུབ་གཉིས་ཀྱིས་གཅོད་སྐོར་དུ་མ་ཉམས་བཞེས་མཛད་ཅིང་རང་རང་གི་བུ་སློབ་རྣམས་ལའང་རྒྱ་ཆེར་སྤེལ།
མདོར་ན་ཆོས་འབྱུང་མཁས་པའི་དགའ་སྟོན་ལས་ཕྱིས་ཤངས་པ་ཁོ་ནའི་ཆོས་བརྒྱུད་འཛིན་པ་ཅུང་ཉུང་ནའང་ཤངས་པའི་གདམས་ངག་གིས་ཆོས་བརྒྱུད་ཐམས་ཅད་ལ་ཁྱབ་པར་དར་རོ་ཞེས་གསུངས་པ་ཚད་མའི་གསུང་ཁོ་ནར་གནང་སྟེ། སྤྱི་ལོའི་དུས་རབས་བཅོ་ལྔ་པ་ཙམ་ནས་ཤངས་པ་ཁོ་ནའི་ཆོས་བརྒྱུད་ཁེར་རྐྱང་དུ་འཛིན་པ་ཅུང་ཟད་ཉུང་ཡང་། ཆོས་བརྒྱུད་གཞན་གྱི་བརྒྱུད་འཛིན་པ་ཚོས་ཤངས་ལུགས་ཀྱི་གལ་ཆེའི་གདམས་པ་རྣམས་ལ་རིས་མེད་ཀྱི་ལྟ་མཆོག་འཛིན་ནས་ཉམས་ལེན་གནང་བ་དང་། ཤངས་པའི་བརྒྱུད་འཛིན་པ་རྣམས་ཀྱིས་ཀྱང་ཆོས་བརྒྱུད་གཞན་གྱི་ཕུལ་བྱུང་གདམས་པ་གསན་བཞེས་དང་ཉམས་ལེན་གནང་བས་ཤངས་པའི་གདམས་ངག་དེ་དག་ཀྱང་ཆོས་བརྒྱུད་མང་ཆེ་བར་ཁྱབ་ནས་ཡོད་པས། དེ་ནི་ད་ལྟའི་དུས་སུ་ཡང་ཤངས་པའི་ཆོས་སྐོར་འགའ་ཞིག་གནས་ཐུབ་པའི་ཐབས་ལམ་གལ་ཆེན་ཞིག་ཡིན། དེས་ན་ཤངས་པ་བཀའ་བརྒྱུད་དང་བོད་ཀྱི་ཡུལ་གྲུ་གཅིག་ཏུ་དུས་ཡུན་རིང་པོའི་ནང་འཚར་ལོངས་ཀྱི་མྱུ་གུ་མཉམ་དུ་འབུས་པའི་ཆོས་བརྒྱུད་གཞན་རྣམས་དབར་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བ་དམ་ཟབ་ཆགས་ཡོད་དོ།
།སྨྲས་པ། གངས་ལྗོངས་སྒྲུབ་བརྒྱུད་བསྟན་པའི་སྲོག་ཤིང་མངའ་བདག་མར་ཁྱུང་རྣམ་གཉིས་ལ། །རྗེ་བཙུན་ནཱ་རོ་མཻ་ཏྲི་ལ་སོགས་པཎ་གྲུབ་ཀུན་གྱི་ཐུགས་བཅུད་རྫོགས། །གསང་སྔགས་ཟབ་ཆོས་གདམས་པའི་གྲུ་གཟིངས་ཉམས་ལེན་སྐྱ་བས་བསྐུལ་མཛད་དེ། །དྭགས་ཤངས་དོན་བརྒྱུད་བསྟན་པའི་བརྒྱུད་འཛིན་ཕྱག་ཆེན་རྒྱ་མཚོའི་ཕ་མཐར་སྒྲོལ། །ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།
II.2 - The Shangpa Kagyü Lineage
ལེའུ་གཉིས་པ། ཤངས་པ་བཀའ་བརྒྱུད་ཀྱི་རིང་ལུགས་འཛིན་པའི་བླ་རབས་རྣམས་ཀྱི་སྐོར།
དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་རིང་ལུགས་འདི་ཡང་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱིས་ཐོག་མར་སྲོལ་ཁ་འབྱེད་པ་ནས་དབུ་བཙུགས་ཏེ་གདམས་ངག་གི་ཉག་ཐག་ཡོངས་སུ་མ་ཆད་བར་མན་ངག་བརྒྱུད་པའི་རིན་ཆེན་སེར་གྱི་ཕྲེང་རྡོག་དང་གཉིས་སུ་མ་མཆིས་པའི་རྩ་བརྒྱུད་ཀྱི་བླ་མ་རབ་དང་རིམ་པས་ལུས་ཀྱི་སྙིང་ཁ་དང་མིག་གི་འབྲས་བུ་བཞིན་ཤངས་པའི་ལུགས་བཟང་ལྷ་ཆོས་བདུན་ལྡན་གྱི་སྒྲོན་མེས་ཕྱོགས་བཅུ་དུས་གསུམ་ཐམས་ཅད་ཁྱབ་པར་མཛད་པ་ཡང་། གཙོ་ཆེར་རིང་བརྒྱུད་དང་། ཉེ་བརྒྱུད། ཤིན་ཏུ་ཉེ་བརྒྱུད་བཅས་བརྒྱུད་པ་རྣམ་པ་གསུམ་དུ་ཕྱེ། དེས་ན་སྐབས་འདིར་ཨོ་རྒྱན་ཆེན་པོས་ལོ་རྒྱུས་བརྗོད་པས་དང་བ་འདྲེན། །ཡོན་ཏན་མཐོང་བས་དད་པ་སྐྱེ་ཞེས་གསུངས་པ་ལྟར། སྔར་སོང་ལོ་རྒྱུས་ཀྱི་གར་སྟེགས་ཐོག་བྱོན་པའི་བརྒྱུད་འཛིན་བླ་མ་དེ་དག་གི་མཛད་རྣམ་རགས་བསྡུས་ཙམ་ཞིག་ཕྱི་རབས་ཀྱི་དོན་དུ་ཅུང་ཟད་བརྗོད་པ་ལ།
II.2.1 - The distant transmission lineage
དང་པོ། རིང་བརྒྱུད།
རིང་བརྒྱུད་ནི། ཐོག་མར་རྒྱལ་བ་རྡོ་རྗེ་འཆང་ལ་ཁུངས་གཏུགས་པ་གང་ཞིག །བླ་མ་སྔ་མ་སྔ་མས་ཕྱི་མ་ཕྱི་མ་རིམ་བཞིན་རྗེས་སུ་བཟུང་ནས་བརྒྱུད་པའི་གདམས་པ་ལ་ཟེར། རིང་བརྒྱུད་ཀྱི་རྩ་བ་རིགས་ཐམས་ཅད་ཀྱི་ཁྱབ་བདག་རྒྱལ་བ་དྲུག་པ་རྡོ་རྗེ་འཆང་ཆེན་པོ་དངོས་ལ་གཏུགས་ཤིང་། དེ་རྗེས་རྡོ་རྗེ་འཆང་ཉིད་ཀྱིས་རྗེས་སུ་བཟུང་བ་ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མར་སྟོན་པར་མཛད། མཁའ་འགྲོ་ནི་གུ་མས་མཁས་གྲུབ་ཁྱུང་པོ་རྣལ་འབྱོར། དེ་ནས་རིམ་བཞིན་འགྲོ་མགོན་སངས་རྒྱས་སྟོན་པ་བར་བརྒྱུད་པ་དེ་རྣམས་ལ་ཡོངས་གྲགས་སུ་རིན་ཆེན་བདུན་བརྒྱུད་སྔ་མར་གྲགས། འགྲོ་མགོན་སངས་རྒྱས་སྟོན་པའི་སློབ་མ་ལས་གཙོ་བོ་ཉམས་དང་རྟོགས་པའི་དབང་ཕྱུག་མཁས་གྲུབ་ཤངས་སྟོན་གྱིས་རྨོག་ལྕོག་པའི་སྐུའི་སྐྱེ་བ་འཇག་པ་རྒྱལ་མཚན་འབུམ། དེས་འཇག་ཆེན་བྱམས་པ་དཔལ་བ། དེས་ཆོས་རྗེ་བློ་གྲོས་དཔལ་བཟང་དང་གྲུབ་ཐོབ་ཆོས་གཡུང་སོགས་ལ་བརྒྱུད་པ་ལ་འཇག་བརྒྱུད་དང་། འགྲོ་མགོན་ཉིད་ཀྱི་སློབ་མ་ལུང་རྟོགས་བསྟན་པའི་སྒྲོན་མེ་བསམ་སྡིངས་པ་གཞོན་ནུ་གྲུབ་ཀྱིས་ཤངས་པ་གསེར་གླིང་པ་བཀྲ་ཤིས་དཔལ། བྲག་སྒོ་ཆེ་བ་རྡོ་རྗེ་དཔལ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ་དང་ཡང་ན། འགའ་ཞིག་ཏུ་གཞོན་ནུ་གྲུབ་ཀྱིས་ཞང་སྟོན་བྱང་ཆུབ་ཤེས་རབ། བླ་ཆེན་དཔལ་བ། འཁྲུལ་ཞིག་ཚུལ་ཁྲིམས་རྒྱལ་མཚན། མཁྱེན་རབ་ཆོས་རྗེ་སོགས་ལ་བརྒྱུད་པར་བསམ་སྡིངས་ཀྱི་བརྒྱུད་པ་སྟེ་རིང་བརྒྱུད་ལ་འཇག་བསམ་གྱི་བརྒྱུད་པ་ཁག་གཉིས་བྱུང་། ཡང་མཁས་གྲུབ་གཙང་མ་ཤངས་སྟོན་གྱིས་ཁྱུང་པོ་ཚུལ་ཁྲིམས་མགོན་པོ། དེས་རས་ཆེན་པ་སངས་རྒྱས་སེང་གེ དེས་ཤངས་དཀར་བ་རིན་ཆེན་རྒྱལ་མཚན། དེས་ལྐུགས་ལུང་པ་སངས་རྒྱས་དཔལ་བཟང་། དེས་གྲུབ་ཆེན་ནམ་མཁའ་རྒྱལ་མཚན། དེས་རྒྱ་སྒོམ་ལེགས་པ་རྒྱལ་མཚན་བཅས་ལ་བརྒྱུད་པར་རིན་ཆེན་བདུན་བརྒྱུད་ཕྱི་མར་གྲགས་པ་སོགས་འཇག་བསམ་གཉིས་ཀྱི་གདན་སའི་བརྒྱུད་པ་དང་སློབ་བརྒྱུད་མཐའ་ཡས་པ་བྱོན་པ་ཡིན་ལ། ཆེ་བ་བཅུ་དང་ལྡན་པ་ལ་སྟོད་གནས་རྙིང་གི་གདན་རབས་ལ་སྤྱན་རས་གཟིགས་ཀྱི་རྣམ་འཕྲུལ་བརྒྱད་ཅུ་རྩ་བརྒྱད་བྱོན་ནས་བསྟན་འགྲོའི་དོན་བྱེད་པར་སྟོན་པའི་ཐོག་མའི་རབས་སུ་གྱུར་པ་ལ་སྟོད་པ་དཀོན་མཆོག་མཁར་གྱི་གདན་ས་པ་རིམ་བྱོན་དང་སློབ་བརྒྱུད་ལས་གྱེས་པ་སོགས་མཐའ་ཡས་སོ།
II.2.1.1 The former Seven Jewels of the Lineage
།གཅིག །རིན་ཆེན་བདུན་བརྒྱུད་སྔ་མའི་སྐོར།
རིན་ཆེན་བདུན་བརྒྱུད་སྔ་མ་ནི་རྒྱལ་བ་རྡོ་རྗེ་འཆང་ཆེན་པོ་ཉིད་ལས། རིམ་བཞིན་ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མ། དེས་མཁས་གྲུབ་ཁྱུང་པོ་རྣལ་འབྱོར། དེས་རྨོག་ལྕོག་པ་རིན་ཆེན་བརྩོན་འགྲུས། དེས་དབོན་སྟོན་སྐྱེར་སྒང་པ་ཆོས་ཀྱི་སེང་གེ དེས་གཉན་སྟོན་རི་གོང་པ་ཆོས་ཀྱི་ཤེས་རབ། དེས་འགྲོ་མགོན་སངས་རྒྱས་སྟོན་པ་བརྩོན་འགྲུས་སེང་གེ་བཅས་ལ་བརྒྱུད་པ་སྟེ།
Vajradhara
༡ རྒྱལ་བ་རྡོ་རྗེ་འཆང་།
དེ་ཡང་ནི་གུའི་བརྒྱུད་འདེབས་ལས་གནས་འོག་མིན་ཆོས་དབྱིངས་ཕོ་བྲང་དུ། །སངས་རྒྱས་རྡོ་རྗེ་འཆང་ཆེན་ལ་གསོལ་བ་འདེབས་ཞེས་འཁོད་པ་ལྟར་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་གཅིག་པའི་ངོ་བོ་དཔལ་རྡོ་རྗེ་འཆང་ཆེན་པོ་ཉིད་ནི་འོག་མིན་གྱི་གནས་གསང་བ་མཆོག་གི་དགྱེས་པ་དེར་བཞུགས་ཤིང༌། སྤྱིར་གསང་བ་བླ་ན་མེད་པའི་རྒྱུད་མཐའ་དག་གསུངས་པ་ཡིན། ཁོང་ནི་འཁོར་ཉིད་དང་མཉམ་པ་དང་། བྱང་ཆུབ་སེམས་དཔའ་ཁྲི་ཕྲག་དཔག་ཏུ་མེད་པ། རྣལ་འབྱོར་གྱི་ཚོགས་བྱེ་བ་ཕྲག་བརྒྱད་ཅུ་སྟེ། ཨ་བྷི་དྷ་ནས་གསུངས་པའི་འཁོར་དེ་དག་ལ་སོགས་པ་རྣམས་ཌཱ་ཀི་དང་འཁོར་ལོ་བཞི་བཟུང་བ་ཡེ་ཤེས་ཀྱི་ས་ལ་གནས་པ་རྫུ་འཕྲུལ་ཅན་དཔག་ཏུ་མེད་པ་རྣམས་ཀྱི་སྣང་ངོར་དག་པ་ཡེ་ཤེས་པའི་སྣང་ཚུལ་བདེ་བར་གཤེགས་པ་མྱ་ངན་ལས་མི་འདའ་ཞིང་། བདེ་བ་ཅན་དུ་རྟག་ཏུ་བཞུགས་པ་ཐུན་མོང་མ་ཡིན་པ་གསང་ཆེན་དུ་གདམས་པ་དང་། ཐུན་མོང་བའི་རྣམ་པར་ཐར་བ་མ་དག་པའི་འཇིག་རྟེན་གྱི་ཁམས་མི་མཇེད་ཀྱི་འཇིག་རྟེན་དུ་སྤྲུལ་པའི་སྐུའི་སྣང་བ་བསྟན་པ་ཐུན་མོང་སྤྱིའི་ལོ་རྒྱུས་གཉིས་སུ་ཡོད། དེ་ལ་ཆོས་སྐུ་དཔལ་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་ལོངས་སྤྱོད་རྫོགས་པའི་སྐུ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ཞེས་གསང་བ་འདུས་པ་ལས་གསུངས་པའི་སྐུ་སྟེ། དེ་ཉིད་ཀྱིས་གསང་སྔགས་ཕ་རྒྱུད་མ་རྒྱུད་ཀྱི་དོན་མཐའ་དག་དཔལ་ཕྱག་ན་རྡོ་རྗེ་ལ་གསུངས། དཔལ་རྡོ་རྗེ་འཆང་གི་ལོངས་སྐུ་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོ་ཞེས་བྱ་བར་གྱུར་པས་གཞུང་ཚོགས་པུ་ཏི་སྒྲིགས་བམ་དུ་བསྡུས་ནས་ནུབ་ཕྱོགས་ཨུ་རྒྱན་གན་དྷོ་ལ་དྷ་ན་ཀོ་ཥ་ཆོས་ཀྱི་མཛོད་ཅེས་བྱ་བ་ནས་སྤྲུལ་སྐུ་ཡེ་ཤེས་ཀྱི་ཌཱ་ཀི་ལ་གཏད་དེ་གནས་པ་ལས། དུས་ཕྱིས་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོ་དེའི་སྤྲུལ་པ་བྲམ་ཟེའི་རིགས་སུ་འཁྲུངས་པ་ཏི་ལོ་ཤེས་རབ་བཟང་པོ་ཞེས་བྱ་བས་ཡེ་ཤེས་ཀྱི་ཌཱ་ཀི་མ་ལ་གསན་ཞིང་། སླར་གྲུབ་ཆེན་ཏཻ་ལོ་པ་ཉིད་འོག་མིན་གྱི་སྐུ་ལུས་ཀྱི་བཀོད་པར་བྱོན་ནས་རྡོ་རྗེ་འཆང་དང་ཞལ་མཇལ་ཏེ་ཕ་རྒྱུད་མཐའ་དག་རིམ་པ་ལྔ། མ་རྒྱུད་མཐའ་དག་ཕྱག་རྒྱ་བཞིར་བསྡུས་ཏེ། བསྐྱེད་རིམ་ཡན་ལག་དྲུག་ལྡན། རྫོགས་རིམ་མཚན་ཉིད་བཞི་ལྡན། ཆོས་ཀྱི་ཚིག་གསུམ་ གྱི་འཁོར་འདས་ཀྱི་ཆོས་ཐམས་ཅད་གཅིག་ཏུ་འདུས་པའི་གདམས་པ་སྐུ་གསུམ་ལམ་ཁྱེར་རྣམས་ཐུགས་སུ་ཆུད་དེ་འཛམ་བུ་གླིང་དུ་མར་བྱོན་པ་ཡིན་གསུངས། དེ་ལས་ཉེ་བརྒྱུད་དང་རིང་བརྒྱུད་བཀའ་བབས་བཞི་བརྒྱུད་པཎ་ཆེན་ནཱ་རོ་པ། དེས་མར་པ་ལོ་ཙཱ་བ་ལ་བརྒྱུད་པ་ཡིན་ལ། ཤངས་ལུགས་ཀྱི་ནི་གུའི་གསེར་ཆོས་ཕལ་ཆེར་ནི་ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མས་རྒྱལ་བ་རྡོ་རྗེ་འཆང་དེ་ཉིད་ལས་དངོས་སུ་གསན་པ་སོགས་སོ།
།ཡང་གསོལ་འདེབས་རྡོ་རྗེའི་སྒྲ་དབྱངས་ལས་རིགས་ཀུན་བདག་ཉིད་ཐོག་མ་ཐ་མ་མེད། །དངོས་གཅིག་བརྟན་གཡོ་ཀུན་ཁྱབ་ཟུང་དུ་འཇུག །རང་བཞིན་འོད་གསལ་བདེ་ཆེན་ཡེ་ཤེས་སྐུ། ཁྱབ་བདག་རྡོ་རྗེ་འཆང་ལ་གསོལ་བ་འདེབས་ཞེས་དང་། ལོ་ཆེན་རིན་ཆེན་བཟང་པོས་བསྒྱུར་བའི་འདུས་པ་འཕགས་ལུགས་རྒྱུད་ཀྱི་འགྲེལ་པ་སྒྲོན་མ་གསལ་བར་རིགས་ཐམས་ཅད་ཀྱི་བདག་ཉིད་ཅན། ཐོག་མ་དང་མཐའ་མ་མེད་པ། དང་པོའི་སངས་རྒྱས། རིག་པ་ཆེན་པོའི་སྐྱེས་བུའི་གཟུགས། ཡེ་ཤེས་ཀྱི་སྐུ། རང་བཞིན་གྱིས་འོད་གསལ་བའི་བདག་ཉིད་ཅན། སྐུ་གསུམ་གྱི་བདག་ཉིད་ཅན། ཐེག་པ་གསུམ་གྱི་བདག་ཉིད་ཅན། དུས་གསུམ་གྱི་བདག་ཉིད་ཅན། རྡོ་རྗེ་གསུམ་གྱི་བདག་ཉིད་ཅན། བདེན་པ་གཉིས་ཀྱི་བདག་ཉིད་ཅན་ཞེས་སོགས་གསུངས་པ་ལྟར་ཐོག་མཐའི་མཚམས་དང་བྲལ་བའི་རིགས་ཀུན་གྱི་བདག་ཉིད། འཁོར་འདས་བརྟན་གཡོའི་དངོས་ཀུན་ཟུང་དུ་འཇུག་པའི་རྣམ་རོལ། རང་བཞིན་གྱིས་འོད་གསལ་ཞིང་བདེ་ཆེན་རྫོགས་པའི་ཡེ་ཤེས་ཀྱི་སྐུ། རྟག་པའི་ཡེ་ཤེས་ལྡན་ཞིང་སྐུ་གསུམ་མམ་བཞིའི་དབང་ཕྱུག་མཆོག་ཏུ་བརྙེས་པ་འདི་ཉིད་ནི། རྒྱལ་བ་རིགས་ལྔ་གཅིག་ཏུ་འདུས་པའི་བདག་ཉིད་ཅན་མཐར་ཐུག་གི་ལྷ་ཡིན་པས་སྨིན་གྲོལ་གྱི་ཡོན་ཏན་སྐྱེ་ཚབས་ཆེ་བ་དང་། སྡིག་གྲིབ་རྣམས་ཀྱང་དག་ཚབས་ཆེ་བ་རྒྱུད་སྡེ་རྣམས་སུ་གསུངས་པ་དང་། བླ་མེད་ལུགས་ལྟར་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཀྱང་སྲིད་མཐའི་བྱང་སེམས་གནས་འོག་མིན་དུ་མངོན་པར་བྱང་ཆུབ་བཞི་ ལ་སོགས་པས་དྲུག་པ་རྡོ་རྗེ་འཆང་ཆེན་པོའི་ངོ་བོར་སངས་རྒྱས་པར་གསུངས།
རྒྱལ་བ་རྡོ་རྗེ་འཆང་ཆེན་པོའི་སྐུ་མདོག་དང་ཡུམ་ཡོད་མེད་ནི་འཇིགས་བྱེད་ཀྱི་དབང་བསྐུར་སྐབས་སྐུ་མདོག་དཀར་པོ་དང་། ལམ་འབྲས་བླ་བརྒྱུད་ཀྱི་རྒྱལ་བ་རྡོ་རྗེ་འཆང་གཙོ་རྐྱང་ཡིན་པ་སོགས་མང་བར་འདུག་ཀྱང་། སྤྱིར་བླ་མེད་ལུགས་ལྟར་སྐུ་མདོག་སྔོན་པོ། ཡུམ་བཅས་དང་གཙོ་རྐྱང་གཉིས་ཀ་ཡོད་པ་ལས། སྐུ་མདོག་སྔོན་པོ་ནི་ཆོས་དབྱིངས། རྡོར་དྲིལ་དང་བཅས་ཡུམ་ལ་འཁྱུད་པ་ནི་བདེ་སྟོང་ཟུང་འབྲེལ། རིགས་ལྔའི་དབུ་རྒྱན་ནི་ཡེ་ཤེས་ལྔའི་རང་བཞིན་གྱི་སྐུ་ལྔའི་བདག་ཉིད་ཡིན་པ་སོགས་མཚོན་པར་བྱེད། གཞན་ཡང་མཁྱེན་སྲིད་མ་ལས་མཁྱེན་པས་སྲིད་པའི་འཆིང་བ་མཐར་མཛད་ཅིང་། །ཐུགས་རྗེས་ཞི་ལ་དགའ་བ་རིང་དུ་དོར། །སྲིད་ཞིའི་མཐའ་ལ་མི་གནས་སྲིད་ཞིའི་མགོན། རྒྱལ་བ་རྡོ་རྗེ་འཆང་ལ་གསོལ་བ་འདེབས་ཞེས་ཇི་ལྟ་བ་དང་ཇི་སྙེད་པའི་ཤེས་བྱ་ཐམས་ཅད་བདེ་བླག་ཏུ་མཁྱེན་པའི་ཤེས་རབ་ཀྱིས་སྲིད་པ་འཁོར་བའི་མཐའ་ལ་མི་གནས་པ་དང་། འགྲོ་བ་སེམས་ཅན་ཀུན་ཐུགས་རྗེའི་ཐབས་ཀྱིས་སྐྱོང་བས་ཞི་བ་མྱང་འདས་ལ་གནས་པར་མི་མཛད་པས་སྲིད་ཞིའི་མགོན་སྐྱབས་ཉག་གཅིག་ལགས། གང་དེའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་དང་མཛད་པ་འཕྲིན་ལས་སོགས་ཀྱང་། གསོལ་འདེབས་རྡོ་རྗེའི་སྒྲ་དབྱངས་སུ་རྒྱུན་མི་ཆད་ཅིང་འགོག་པའི་ཆོས་མི་མངའ། །ཕྲ་རབ་རྡུལ་དང་འགྱུར་བ་གཏན་ནས་སྤངས། །རྒྱལ་སྲས་ཀྱིས་ཀྱང་བསམ་པའི་ཡུལ་ལས་འདས་ཞེས་གསུངས་པ་ལྟར་རྒྱལ་བའི་སྲས་དག་གིས་ཀྱང་བསམ་ཚོད་ཀྱི་ཡུལ་ལས་འདས་པས་ན། སོ་སོ་སྐྱེ་བོ་ཤེས་རབ་ཀྱི་བློ་མིག་ལྡོངས་པ་ཁོ་བོ་ལྟ་བུར་འོལ་ཚོད་ཀྱིས་བརྗོད་པའི་སྤོབས་པ་བྲལ།
Niguma
༢ ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མ།
ལྷན་སྐྱེས་ཀྱི་མཁའ་འགྲོ་ནི་གུ་མ་ནི་ཀསྨིར་གྱི་སྤྲུལ་པའི་གྲོང་ཁྱེར་དཔེ་མེད་ཅེས་པར་བྲམ་ཟེའི་རིགས་སུ་སྐུ་འཁྲུངས་ཤིང་། རྒྱལ་བ་རྡོ་རྗེ་འཆང་དངོས་ཀྱིས་རྗེས་སུ་བཟུང་ནས་དབང་དང་གདམས་པའི་ཟབ་བཅུད་མཐའ་དག་རྫོགས་པར་བསྩལ། འཆི་མེད་རིག་འཛིན་གྲུབ་པའི་འཇའ་ལུས་ཀྱི་སྐུ་བརྙེས། མཁའ་འགྲོའི་གཙོ་མོ་ནི་གུ་མས་སོ་ས་གླིང་གི་དུར་ཁྲོད་དུ་སྐལ་ལྡན་གྱི་སློབ་མ་མཁས་གྲུབ་ཁྱུང་པོ་རྗེས་སུ་བཟུང་ཞིང་། འདི་ཉིད་ཀྱི་ཐུགས་ཀྱི་བཅུད་འབྱུང་བ་ལྟ་བུའི་གདམས་ངག་གསེར་ཆོས་ལྔ་སོགས་གསང་བ་བསམ་གྱིས་མི་ཁྱབ་པའི་ཟབ་ཆོས་རྣམས་ལྷག་ལུས་མེད་པར་བསྩལ་ནས། མཁས་གྲུབ་ཁྱུང་པོ་ཉིད་གང་དེའི་འཁོར་ཚོགས་རྒྱ་མཚོའི་ཐོག་མ། གདམས་ངག་རིན་ཆེན་བརྒྱུད་པའི་ཕྲེང་བར་བསྐོས་ཤིང་སྤྱིར་འཛམ་བུ་གླིང་པའི་སེམས་ཅན་ཐམས་ཅད་དང་། སྒོས་ཁ་བ་རི་པའི་ལས་ཅན་ཀུན་སྨིན་གྲོལ་གྱི་ལམ་ལ་དགོད་པའི་མཛད་བཟང་ཉིན་བྱེད་ཀྱིས་ཕྱོགས་ཀུན་ཁྱབ་པར་མཛད། མཁའ་འགྲོ་མ་འདིའི་སྐོར་ཞིབ་པ་སྡེ་ཚན་གོང་མར་སྨྲས་ཟིན།
Khyungpo Neljor
༣ མཁས་གྲུབ་ཁྱུང་པོ་རྣལ་འབྱོར།
སྒྲུབ་བརྒྱུད་ཤིང་རྟ་ལྔ་པ་དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་སྲོལ་འབྱེད་པ། ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མའི་ཐུགས་རྗེའི་ལྕགས་ཀྱུས་སྐྱེས་རབས་ཐམས་ཅད་དུ་རྗེས་སུ་བཟུང་ཞིང་། ཌཱ་ཀི་མ་ཉིད་ཀྱི་ཐུགས་ཀྱི་བཅུད་འབྱུང་བ་ལྟ་བུའི་གདམས་ངག་ཟབ་ལམ་མཐའ་དག་བུམ་པ་གང་བྱོའི་ཚུལ་དུ་རྫོགས་པར་བསྩལ་བ། ཤངས་པ་རིན་ཆེན་བདུན་བརྒྱུད་སྔ་མའི་གསུམ་པ་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ནི་སྤྱི་ལོ་978ལོར་ཡབ་ཁྱུང་པོ་སྟག་སྐྱེས་དང་ཡུམ་བཀྲ་ཤིས་སྐྱིད་གཉིས་ཀྱི་སྲས་སུ་བོད་ཡུལ་དབུས་ཀྱི་སྙེ་མོ་ར་མངས་སུ་སྐུ་འཁྲུངས། རྣལ་འབྱོར་པ་ཆེན་པོ་འདི་ཉིད་ཀྱིས་ཡེ་ཤེས་མཁའ་འགྲོས་རྒྱལ་བ་རྡོ་རྗེ་འཆང་ལས་དངོས་སུ་གསན་པའི་གསེར་ཆོས་ལྔ་སོགས་ཀྱི་གདམས་པ་རྣམས་འཕགས་མཆོག་འཇིག་རྟེན་དབང་ཕྱུག་གི་འདུལ་ཞིང་འདིར་གདན་དྲངས་པས། གདམས་ངག་དེ་དག་སངས་རྒྱས་དང་ཡེ་ཤེས་ཀྱི་མཁའ་འགྲོ་དངོས་ལས་རྨོག་ལྕོག་པ་སོགས་བརྒྱུད་པ་ཕྱི་མ་རྣམས་ལ་རིམ་བཞིན་བརྒྱུད་པའི་གསེར་ཟམ་ཉག་གཅིག་ཡིན། འདི་ཉིད་ཀྱི་སྐོར་ཞིབ་པ་རྣམས་སྡེ་ཚན་གོང་མར་བཤད་ཟིན་པས་དེར་གཟིགས་པར་འཚལ།
Mokchokpa Rinchen Tsöndrü
༤ རྨོག་ལྕོག་པ་རིན་ཆེན་བརྩོན་འགྲུས།
མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱི་སློབ་མ་སྔ་བུ་ལྔ་དང་ཕྱི་བུ་གཅིག་ལས་སྒྱུ་ལུས་རྨི་ལམ་གྱི་འོད་གསལ་སྦྱོང་པ། ཆིག་བརྒྱུད་ཀྱི་བཀའ་བབས་འཛིན་པའི་སློབ་མ་རྨོག་ལྕོག་པ་(ལྷོ་རོང་ཆོས་འབྱུང་དང་དེབ་སྔོན་སོགས་སུ་རྨོག་ཅོག་པ་ཞེས་ཀྱང་འཁོད་)རིན་ཆེན་བརྩོན་འགྲུས་ཞེས་བྱ་བ་འདི་ཉིད་ནི་ཤངས་ཀྱི་ལྷ་ཕུའི་སྤང་རྩ་ར་ ཤེའུའི་ རིགས་སུ་ཡབ་ཤེ་རྒན་སྨན་ཆུང་དང་ཡུམ་འབྲི་མོ་པད་སྒྲོན་གཉིས་ཀྱི་སྲས་སུ་སྤྱི་ལོ་1100ལོ་ཙམ་ལ་སྐུ་འཁྲུངས། ཁོང་གིས་སྐུ་ཚེ་གང་པོར་ཐོག་མར་ཆོས་སྒོར་ཞུགས་ནས་བླ་མ་བསྟེན་པ་དང་། བར་དུ་སྒྲོ་འདོགས་ཆོད་ནས་ཉམས་སུ་བླངས་པ། མཐའ་མར་ངེས་ཤེས་བསྐྱེད་ནས་སེམས་ཐག་ཆོད་པ་སོགས་མཁས་བཙུན་བཟང་པོའི་རྣམ་ཐར་འབའ་ཞིག་བསྐྱངས་པ་ལ།
དགུང་ལོ་བཅུ་དྲུག་ནས་བཅུ་བདུན་དུ་འགྲོ་བ་ལ་ཞོང་ཞོང་དུ་ཆོས་སྒོར་ཞུགས་ནས་བླ་མ་ཤངས་པའི་དྲུང་དུ་ལོ་གཅིག་རིང་འདུལ་བ་དང་དགྱེས་རྡོར་གྱི་དབང་སོགས་ཞུས། དེ་རྗེས་བླ་མ་ཇོ་བོ་རླུང་མོས་ལྷ་ཕུའི་མཐིང་ཆུང་ དུ་སྤྱན་དྲངས་ནས་དབྱར་ཆོས་གསུངས། ས་དེར་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་དང་མཇལ། དེ་ཡང་རྗེ་ཙོང་ཁ་པ་ཆེན་མོས་དང་པོར་རྒྱ་ཆེན་ཐོས་པ་མང་དུ་བཙལ་ཞེས་གསུངས་པ་ལྟར་བླ་མ་ཤངས་པས་ཀྱང་གཞོན་ནུའི་དུས་སུ་ཐོས་པ་གལ་ཆེ་བའི་བཀའ་གནང་བ་མ་ཟད། གསེར་ཞོ་དྲུག་དང་མདོ་སྡེ་རྒྱན་གྱི་པོ་ཏི་གཅིག་གནང་ནས་དགུང་ལོ་ཉེར་གཅིག་པ་སྟེ་སྤྱི་ལོ་1121ལོ་ཙམ་ལ་སློབ་དཔོན་གཡོར་པོ་དང་འགྲོགས་ཏེ་དབུས་སུ་སློབ་གཉེར་ལ་ཕེབས། གནམ་གྱི་རྫིང་ཁར་བླ་མ་ཁམས་པ་ཨ་སེང་གིས་སྨིན་བྱེད་ཀྱི་དབང་རྡུལ་ཚོན་དང་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལ་བརྟེན་པའི་དབང་བཞི་རྫོགས་པར་བསྐུར་བ་དང་། གྲོལ་ལམ་བསྐྱེད་རྫོགས་གཉིས་ལས་བསྐྱེད་རིམ་ལ་ལུ་ཧི་པའི་དཀྱིལ་འཁོར་རྫོགས་པར་སྒོམ་པ་དང་། རྫོགས་རིམ་ལ་རྩ་རླུང་ལུས་སྦྱོང་དང་བཅས་པ་སྟེ། སྦྱོར་དྲུག་རྩ་འགྲེལ་གཉིས། སྦྱོར་འཕྲེང་རྩ་འགྲེལ་གཉིས། སྙིང་པོ་གསུམ་སོགས་ཞུས། དབྱར་སྟག་རྩེའི་གྱེ་རེར་ རླུང་བུམ་པ་ཅན་འགའ་རེ་སྒོམ། བླ་མ་ཨ་སེང་གི་དྲུང་དུ་བཞུགས་སྐབས་བླ་མ་དེ་ཉིད་དང་དགེ་བཤེས་ཕྱུ་པ་ཆོས་ཀྱི་སེང་གེ །ཕྱུ་པ་ཆོས་སེང་གི་སློབ་མ་རིགས་པའི་སེང་ཆེན་བརྒྱད་ ཀྱི་ཡ་གྱལ་ཉང་བྲན་ཆོས་སེང་སོགས་མཁས་པ་དྲུག་ཅུ་ཙམ་འདུས་པ་རྣམས་ལ་བླ་མ་ཤངས་པའི་དོན་དམ་ཕན་མེད་གནོད་མེད་སྐོར་གསུངས་པས་དེ་རྣམས་ཀྱི་མགྲིན་གཅིག་ཏུ་ཁྱོད་བླ་མ་ཤངས་པའི་སློབ་མར་འདུག །གྲུབ་མཐའ་སྐྱོང་ཤེས་པར་འདུག་ཅེས་བསྟོད་བསྔགས་ཀྱི་མེ་ཏོག་ཐོར།
དེ་ནས་སྟོན་ཁ་ཞིག་རྗེ་རས་ཆུང་པའི་ཡེ་ཤེས་ངོས་ཟིན་པའི་སློབ་མ་བཅུ་གཉིས་ཀྱི་ཁོངས་སུ་གཏོགས་པའི་བླ་མ་བུར་སྒོམ་ནག་པོ་ལ་རྗེ་རས་ཆུང་པའི་ཟབ་མོའི་གདམས་པ་ཐབས་ལམ་གྱི་གདམས་ངག་བསམ་གྱིས་མི་ཁྱབ་པ་ཞིག་བཞུགས་པ་ལས་འཕོ་བ་གྲོང་འཇུག་དང་སྒྱུ་ལུས་འོད་གསལ་ལ་སོགས་པ་མང་དུ་གསན། ལྷག་པར་དུ་བླ་མའི་བཀའ་བཞིན་ཉི་ཁྲོས་ཀྱི་སེར་བ་ཕབ་པ་ལ། བླ་མས་མཚམས་མེད་པ་ལྔ་བྱས་པ་ཡང་འཚང་རྒྱ་ཐུབ་པའི་མན་ངག་བར་དོ་དུག་གི་ཚེར་མ་དང་དུག་གི་ཐུར་མ་ཞེས་པ་གཉིས་ཀྱང་སྦྱིན་ལ། རྗེ་རྨོག་ལྕོག་པའི་ཉི་ཁྲོས་དང་མགོན་པོའི་གདམས་པ་རྣམས་བླ་མ་ལ་ཕུལ། དེའི་རྗེས་སུ་དགེ་བཤེས་དཀོན་འཁར་བ་ལས་སྤྱན་སྔའི་སྒོམ་རིམ་དང་། ལམ་རིམ། རབ་གནས་སོགས་དང་། དགེ་བཤེས་རྫ་ར་བ་ལ་ཇོ་བོ་བཀའ་གདམས་པའི་གདམས་ངག །སློབ་དཔོན་གཡོར་པོ་ཅན་དུ་ལོ་ལྔ་ཕར་ཕྱིན་དང་སྤྱོད་འཇུག །ཉང་སྨོན་ལམ་གོད་པོ་ལ་སེམས་སྦྱང་སྤུངས་པ་ཁ་ཐོར་བ་གསུམ་ཞུས། དེ་རྗེས་རྒྱགས་ཟད་པ་དང་། ཡབ་ཀྱང་གཤེགས་པ་ཐོས་པས་འཁྲུངས་ཡུལ་ཤངས་ཀྱི་ལྷ་ཕུར་ཕེབས་ནས་ས་ཞིང་བཙོངས་ཏེ་དགེ་རྩ་བྱས། དེ་རྗེས་རྒྱ་གྲགས་བསོད་ལ་སྦྱོར་དྲུག་རྡོ་རྗེའི་ཚིག་རྐང་དང་། དགེ་བཤེས་ཞུ་པ་ལ་ཕྱིའི་སྒྲོ་འདོགས་གཅོད་པའི་གསང་སྔགས་འཇུག་པ་དང་། ནང་ཉམས་སུ་ལེན་པ་ནཱ་རོའི་ཡིག་ཆུང་། སྒོམ་སྐྱོན་སེལ་བ་བདུད་རྩིའི་དུག་སེལ་དང་། ཡང་སློབ་དཔོན་ཞང་ལ་འདུལ་བ་འོད་ལྡན་དང་སུམ་བརྒྱ་པ། དགེ་བཤེས་འབལ་སྒོམ་ཕྱག་ན་ལ་ཞི་བྱེད་སོགས་ཀྱི་གདམས་པ་མང་དུ་ཞུས། དེ་ནས་ཞོང་ཞོང་དུ་ཕེབས་ཤིང་བླ་མ་ཤངས་པས་གཟིམས་གཡོག་ཏུ་བསྐོས་ནས་ལོ་གཅིག་དང་ཟླ་བ་བདུན་གྱི་རིང་ཆིག་བརྒྱུད་ཀྱི་ཟབ་ཆོས་མ་ལུས་པ་བུམ་པ་གང་བྱོའི་ཚུལ་དུ་གནང་། བླ་མ་ཤངས་པ་སྐུ་གཤེགས་རྗེས་སྐུ་འབུམ་བཞེངས་པ་ལ་སོགས་པའི་རྗེས་ཀྱི་བྱ་བ་ཐམས་ཅད་ཚར་བར་བྱས། དེ་ནས་འུ་ཡུག་གི་སྡིངས་མར་ ཕེབས་ནས་ལོ་གཉིས་རིང་སྐུ་མཚམས་དམ་པོར་བཅད། སླར་འཁྲུངས་ཡུལ་སྤང་རྩ་ར་ཕེབས་ནས་ས་ཞིང་ལྷག་མ་རྣམས་བཙོངས། དྭགས་པོ་ལྷ་རྗེའི་སྙན་པ་གསན་ནས་ལམ་བར་གྱི་ནད་སོགས་དཀའ་དུབ་དུ་མ་ཁྱད་དུ་སད་ནས་དབུས་སུ་ཕེབས། བླ་མ་བུར་སྒོམ་ནག་པོའི་དྲུང་དུ་བཞུགས་སྐབས་ཕག་གྲུ་རྡོ་རྗེ་རྒྱལ་པོ་དང་མཇལ་ཏེ། དེ་ལས་བླ་མ་འཛིམ་གྱི་ཕག་མོ་ཀེང་རུས་ཀྱི་དྲྭ་བ་ཅན་དང་རྫོགས་རིམ་རྣམ་གསུམ་སོགས་ཀྱི་གདམས་པ་མང་དུ་ཞུས་པས། ཆོས་རྗེ་རྨོག་ལྕོག་པ་ནི་ཕག་གྲུ་རྡོ་རྗེ་རྒྱལ་པོའི་སློབ་མ་ཐོག་མའི་གྲས་ཤིག་ཡིན་ལ། ཕག་གྲུའི་བུ་ཆེན་ཉི་ཤུ་རྩ་བཞིའི་གྲས་ཀྱི་སྔ་ཚར་གྱི་བུ་ཆེན་བཞིའི་ཁོངས་སུའང་འདྲེན་གྱི་ཡོད། དེའི་རྗེས་ཙམ་ལ་འཁར་སྣར་ཞག་གཅིག་བསྒོམས་པས་བདེ་མཆོག་དྲུག་ཅུ་རྩ་གཉིས་ཀྱི་ཞལ་གཟིགས། གཡོར་པོ་སྨད་དུ་དགེ་བཤེས་དམར་ཞང་ཚན་གཉིས་ཀྱིས་སྣམ་བུ་དང་དར་ཡུག་སོགས་ཕུལ་ནས་འཕོ་བ་ཡེ་ཤེས་སྐར་ཁུང་མ་ཞུས་ཀྱང་མ་གནང་བར་ལྷོ་ཁ་གྲ་ཐང་དུ་བྲོས་འབྱོལ་ལ་ཕེབས། དེ་རྗེས་སྒམ་པོའི་གནས་སུ་དྭགས་པོ་ལྷ་རྗེ་དང་མཇལ་བས་བླ་སློབ་གཉིས་ཀ་ས་དང་པོ་ཐོབ་པ་ལྟ་བུའི་དགའ་བ་དཔག་ཏུ་མེད་པ་འཁྲུངས། བླ་མས་ངེད་གཉིས་ནི་སྐྱེ་བ་མང་པོའི་དཔོན་སློབ་ཡིན་ཀྱང་། སྐྱེ་བ་འདི་ལ་ད་རེས་ལས་མ་འཕྲད་གསུང་ཙ་ན་སྤྱན་ཆབ་ཤོར་བཞིན་སྐྱེ་བ་མང་པོའི་སྔོན་རོལ་ནས། །འོ་སྐོལ་གཉིས་ནི་དཔོན་སློབ་ཡིན། དམ་ཚིག་ངོ་ལྐོག་མེད་པ་དེས། །ད་རེས་སྒམ་པོའི་བྲག་ལ་འཛོམས། །ང་ཡི་བུ་ཁྱོད་འདིར་འོངས་སམ། །མོས་གུས་ཅན་ཁྱོད་འདིར་བྱོན་ནམ་ཞེས་པ་ལ་སོགས་པའི་མགུར་གསུངས། རྗེ་སྒམ་པོ་བའི་སྤྱན་སྔར་མ་ཧཱ་མུ་དྲའི་ཚིག་རྐང་བརྒྱད་པ་དང་། ངོ་སྤྲོད་ལྔ་པོ། ཇོ་བོ་ནས་བརྒྱུད་པའི་བླ་མ་རྣམས་ཀྱི་ཆོས་སྐོར་དགུ་དང་། ཌཱ་ཀི་མའི་སྙན་བརྒྱུད། ལྟ་སྒོམ་ཆེན་མོ་ཐུན་མོང་མ་ཡིན་པའི་སྐོར། ནོར་བུ་ཕྲེང་བ། ཕག་མོ། བདེ་མཆོག །རྐྱེན་བཞི་དང་། རྗེ་བཙུན་མི་ལ་ནས་བརྒྱུད་པའི་ཐབས་ལམ་ཆོས་དྲུག །གོ་ཆ་ལམ་ཁྱེར། བདེ་མཆོག་ལྷ་ལྔ། ཐབས་ལམ་མི་འདྲ་བ་ཉི་ཤུ་ཐམ་པ་སོགས་ཀྱི་གདམས་པ་བསམ་གྱིས་མི་ཁྱབ་པ་ཞུས། བླ་མ་སྒམ་པོ་བས་རྗེ་རྨོག་ལྕོག་པར་ཆོས་དྲུག་གི་ཉམས་རྟོགས་བཟང་པོ་སྐྱེས་འདུག་སྟེ། ལྟ་བ་ཐག་ཆོད་ཅིག་དགོས་པ་འདུག་ཅེས་གསུངས་པ་བཞིན་བླ་མ་དེ་ཉིད་ཀྱིས་ལོ་གཅིག་གི་རིང་ཆོས་རྗེ་རྨོག་ལྕོག་པ་ལ་གདམས་པ་མང་པོ་དང་། ལྷག་པར་དུ་ཕྱག་ཆེན་གྱི་ལྟ་བའི་སྐོར་མ་ལུས་པ་གནང་བས་ཟླ་བྲལ་ཕྱག་ཆེན་གྱི་ལྟ་བའི་སྒྲོ་འདོགས་ཡོངས་སུ་ཆོད། དེས་ན་ལྷོ་རོང་ཆོས་འབྱུང་དུ་ཡང་རྨོག་ལྕོག་པ་ནི་ཁྱུང་པོ་རྣལ་འབྱོར་གྱི་བརྒྱུད་འཛིན་ཡིན་ཀྱང་། ཕྱག་རྒྱ་ཆེན་པོའི་རྟོགས་པ་ཁྱད་པར་ཅན་རྗེ་སྒམ་པོ་བ་ཉིད་ལ་འཁྲུངས་པས་ཉིན་རེ་བཞིན་བྱ་རོག་ཏུ་སྤྲུལ་ནས་སྒམ་པོའི་གཙུག་ལག་ཁང་ལ་བསྐོར་བ་མཛད་པ་དང་། བརྒྱུད་པ་འདིའི་ལུགས་ཀྱི་ཡང་གྲུབ་ཐོབ་ཡིན་ནོ་ཞེས་འཁོད། ཕྱིས་བླ་མ་ལྷ་རྗེའི་སློབ་མ་དབུ་ཆེ་བཅུ་གསུམ་བྱུང་ནས་རྗེ་རྨོག་ལྕོག་པར་བླ་མ་ལྷ་རྗེའི་བཀའ་ཐམས་ཅད་ཁྱེད་ལ་བབས་པ་ཡིན་གསུངས་ནས་རྣམ་རྟོག་གིས་མི་གནོད་པའི་ཕྱག་རྒྱ་ཆེན་པོ་ཞུས། དེ་ལྟར་ཤངས་པའི་ཆིག་བརྒྱུད་ཀྱི་བཀའ་བབས་འཛིན་པ་རྨོག་ལྕོག་པས་དྭགས་པོ་བཀའ་བརྒྱུད་ཀྱི་སྤྱི་མེས་གྲས་སུ་གྱུར་པ་དྭགས་པོ་ལྷ་རྗེ་ལས་ཕྱག་ཆེན་གྱི་ལྟ་བ་ལ་སྒྲོ་འདོགས་ཆོད་པ་དེས་དྭགས་ཤངས་གཉིས་ཀྱི་ཕྱག་རྒྱ་ཆེན་པོའི་མཐར་ཐུག་ལྟ་དགོངས་གཅིག་ཏུ་བསྒྲུབས་པས། དེ་གཉིས་དབར་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བ་གལ་ཆེན་ཞིག་ཆགས་ཡོད་པ་མཚོན།
རྨོག་ལྕོག་པ་ཆེན་པོ་དྭགས་ལྷ་སྒམ་པོ་ནས་བསམ་ཡས་སུ་ཕེབས་པའི་ཚེ། རྗེ་སྒམ་པོ་བའི་མཆོག་འགྱུར་གྱི་སློབ་མ་རྣལ་འབྱོར་ཆོས་ཀྱི་གཡུང་དྲུང་དང་མཇལ་ནས་ཁོང་གཉིས་པོས་ལྷན་དུ་གཉན་མཁར་ནག་ཀྱང་བཏུལ། རྣལ་འབྱོར་ཆོས་གཡུང་ཕྱིས་འོལ་ཁར་བཞུགས་ནས་སྦ་དང་ཚོད་ཀྱི་དགོན་པ་གཉིས་ཀ་བཟུང་། ཆོས་རྗེ་རྨོག་ལྕོག་པ་སླར་དགོན་པ་འདྲེ་ཅན་ཞིག་ཏུ་ལོ་གཅིག་བཞུགས་རྗེས་ལྷ་ཕུ་རྨོག་ལྕོག་ཏུ་ཕེབས་ནས་ཡང་ན་ཤི་བ་ཞིག་དང་། ཡང་ན་སངས་རྒྱས་པ་གཅིག་ལ་གཏད་དགོས་སྙམ་ནས་རྨོག་ལྕོག་གི་བྲག་ཏུ་སྤྱིར་མི་ཟས་སྤངས་ནས་མི་ལོ་བཅུ་གཉིས་སྒྲུབ་པ་ལ་ཞུགས་མཐར་རྗེ་བཙུན་མི་ལ་དང་འདྲ་བར་ཟད་པར་ཟིལ་གནོན་གྱི་ཏིང་ངེ་འཛིན་ལ་མངའ་བརྙེས་པ་དང་། ནམ་མཁའ་ལ་དཀྱིལ་དཀྲུང་བཅའ་བ་སོགས་ཀྱི་ནུས་པ་ཕྱོགས་མེད་དུ་ཤར། དེ་རྗེས་ཤངས་ཀྱི་ཕྱུག་པོ་རྒད་པོ་གཅིག་གིས་གདན་འདྲེན་ཞུས་ནས་ཁྲི་མཐོ་པོ་ཞིག་བརྩིགས་ཏེ། དེ་རིང་གི་སྐབས་སུ་བླ་མའི་ཞལ་ནས་གསུངས་པ་དང་། མདོ་རྒྱུད་ནས་འདི་གསུངས་བྱ་བ་མ་འཆད་པར། ལོ་བཅུ་གཉིས་བྲག་ལ་བསྡད་ནས་བསྒོམས་པས་འདི་རྒྱུད་ལ་སྐྱེས་པ་ཡིན་བྱ་བའི་ཆོས་ཤིག་གསུངས་ཞེས་བསྐུལ་བར་ཆོས་རྗེ་རྨོག་ལྕོག་པས་ཀྱང་རང་རྒྱུད་ལ་ཇི་ལྟར་སྐྱེས་པ་བཞིན་ཆོས་རྣམས་གསུངས་པས་ཚོང་འདུས་དང་འཇད་བོ་དོང་མར་བཅད་ནས་བསྡུས་པའི་མི་རྣམས་ཤིན་ཏུ་མོས་པར་གྱུར། དེས་སྐབས་དེར་ཤངས་ཁུལ་ཙམ་མ་ཟད་ཤངས་དང་ཉེ་བའི་གཙང་ཕྱོགས་ཀྱི་ས་ཆ་གཞན་རྣམས་ལ་ཡང་ཁོང་གི་སྙན་གྲགས་ཀྱིས་ཁྱབ་པ་མཚོན། དུས་དེ་ཙམ་ལ་བླ་མ་བུར་སྒོམ་ནག་པོ་དང་། སློབ་དཔོན་གཡོར་པོ་ཅན། དྭགས་པོ་ལྷ་རྗེ་རྣམས་སྔ་རྗེས་སུ་སྐུ་གཤེགས་ནས་ཁོང་གི་རྨི་ལམ་དུ་བྱོན་ཏེ་གདམས་པ་འགའ་ཡང་གནང་། དེ་ནས་སྔ་རྗེས་སུ་རྨོག་ལྕོག་དང་ལྐུགས་ལུང་གི་དགོན་གནས་གཉིས་བཏབ་ནས་གློ་བོའི་དགེ་བཤེས་རྒྱལ་བ་དང༌། སྟོན་རིན་སོགས་ཀྱི་གདུལ་བྱ་རྣམས་ལ་ཟབ་རྒྱས་ཆོས་ཀྱི་གནང་སྦྱིན་ཕངས་མེད་དུ་བསྩལ། རྟའི་ཟླ་བ་ལ་མཚམས་སུ་ཞུགས་པས་འོད་གསལ་གྱི་གསལ་སྣང་མཆེད་དེ་གྲྭ་པ་རྣམས་ཀྱི་ཚེ་སྟོད་སྨད་ཀྱི་བྱ་སྤྱོད་ལེགས་ཉེས་ཐམས་ཅད་གསལ་བར་མཁྱེན། སློབ་མ་འགའ་རེ་ལ་ལེགས་བཅོས་ཀྱི་སླད་དུ་གསུངས་པར་མཛད་ཀྱང་ངམ་ཤོད་བླ་མཆོད་ལ་སོགས་པའི་མི་ཉན་པ་ཡང་མང་དུ་བྱུང་སྟབས་ཚོགས་པ་སྐྱོང་བའི་དུས་སུ་སྐབས་རེ་གཞན་དོན་བྱེད་པ་བདུད་ཡིན་སྙམ་པའི་སྐྱོ་ཤས་སྐྱེས་ཀྱང༌སྙིགས་མའི་སེམས་ཅན་བཟང་ངན་འབྲིང་གསུམ་སྐྱོང་བ་ལ་ཤ་ཚ་ཕན་སེམས་སྐྱོ་དུབ་མེད་པ་གསུམ་འཛོམས་དགོས་པར་འདུག་ཅེས་དགོངས།
དེ་ལྟར་ཆོས་རྗེ་རྨོག་ལྕོག་པ་རིན་ཆེན་བརྩོན་འགྲུས་འདི་ཉིད་ཀྱིས་སྔ་བར་ཕྱི་གསུམ་དུ་མཁས་གྲུབ་ཁྱུང་པོ་དང་། བླ་མ་ཁམས་པ་ཨ་སེང་། སློབ་དཔོན་གཡོར་པོ་ཅན། བླ་མ་བུར་སྒོམ་ནག་པོ། དགེ་བཤེས་དཀོན་འཁར་བ། དགེ་བཤེས་རྫ་ར་བ། ཉང་སྨོན་ལམ་གོད་པོ། སློབ་དཔོན་རྒྱ་གྲགས་བསོད། དགེ་བཤེས་གཞུ་པ། སློབ་དཔོན་ཞང་། དགེ་བཤེས་འབལ་སྒོམ་ཕྱག་ན། དགེ་བཤེས་རྡོར་རྒྱལ། རྗེ་སྒམ་པོ་བ་སོགས་ཁྱོན་བླ་མ་བཅུ་གསུམ་ཙམ་བསྟེན་ནས་གཙོ་ཆེར་ཤངས་པ་བཀའ་བརྒྱུད་ཀྱི་གདམས་ངག་དང་། གཞན་ཡང་དྭགས་པོ་བཀའ་བརྒྱུད་དང་། བཀའ་གདམས། ཞི་བྱེད། སྦྱོར་དྲུག་ལ་སོགས་པའི་གདམས་པ་མཐས་ཡས་པ་ཞིག་གསན་གནང་མཛད། ལྷག་པར་དུ་ཆོས་རྣམས་ཐོས་པའི་གོ་ཡུལ་ཙམ་དུ་མ་བཞག་པར་ཉམས་ལེན་གྱི་མཐིལ་དུ་བཟུང་ནས་མི་ལོ་བཅུ་གཉིས་རིང་དཀའ་སྤྱད་ཀྱི་གཡབ་མོ་རྒྱབ་ཏུ་བསྒྱུར་བ་དང་། མི་བཤིག་པའི་བརྩོན་འགྲུས་ཀྱི་གོ་ཆ་ཡོངས་སུ་སྤྲས་ཏེ། ཤོངས་པའི་བརྒྱུད་འཛིན་པ་རྣམས་ལ་རྗེ་བཙུན་མི་ལ་ལྟ་བུའི་དཀའ་སྤྱད་སྡུག་བསྲན་གྱི་སྙིང་སྟོབས་དང་སྒོམ་སྒྲུབ་ཀྱི་ཡོན་ཏན་ལ་རྩལ་རྫོགས་པའི་མིག་དཔེ་བཟང་པོ་ཞིག་སྟོན་གནང་མཛད། རྗེ་རྨོག་ལྕོག་པ་ཉིད་ཀྱིས་བླ་མ་ཤངས་པའི་ཆིག་བརྒྱུད་གདམས་པའི་ལྡེའུ་མིག་དབོན་སྟོན་སྐྱེར་སྒང་པར་གཏད་ནས། ཁོང་ཉིད་མི་ལོ་བཅུ་གཉིས་ཀྱི་ནག་མོག་གི་བྲག་ཁུང་དེ་དག་ལས་འདས་པའི་འོད་ཟེར་སྟོང་ལྡན་གྱི་ཞིང་ཁམས་ཤིག་ཏུ་ཕྱག་ཆེན་གྱི་རྩེད་འཇོར་ཕེབས། ཁོང་སྐུ་འདས་ནས་ཞག་འགའ་ཤས་ལོན་པའི་དུས། རྫུ་འཕྲུལ་འོད་ཀྱི་ལམ་ལ་སླར་ཡང་བྱོན་ནས་འགྲོ་མགོན་ཇོ་བཙུན་ལ་བརྒྱུད་པའི་དབང་ཞུ་བསྐོན་པ་དང་། དབོན་པོ་ཤེས་རབ་རས་པ་ལ་རིང་བརྒྱུད་མ་ཆད་པའི་ཆོས་གོས་གཏད་པ་སོགས་བརྒྱུད་པའི་དར་རྒུད་ལ་སྨན་པའི་ལུང་བསྟན་དང་བྱིན་རླབས་ཐམས་ཅད་རྫོགས་པར་གནང་ངོ༌། །ཞར་ལ། མཁས་གྲུབ་ཁྱུང་པོའི་འཁྲུངས་ལོ་སྤྱི་ལོ་978ལོ་དང་། འདས་ལོ་སྤྱི་ལོ་1128ལོ་གཞིར་བཟུང་ནས་ཆོས་རྗེ་རྨོག་ལྕོག་པའི་འཁྲུངས་ལོར་རགས་ཙམ་དཔྱད་ན། ཆོས་རྗེ་རྨོག་ལྕོག་པའི་རྣམ་ཐར་དུ་ལོ་བཅུ་དྲུག་ནས་བཅུ་བདུན་དུ་འགྲོ་བ་ལ་ཞོང་ཞོང་དུ་ཆོས་སྒོར་ཞུགས་ཏེ། ལོ་གཅིག་འདུལ་བ་ཉན་ནས། བླ་མ་ལ་དགྱེས་རྡོར་གྱི་དབང་ཞུས་ཞེས་འཁོད་པ་ལྟར། ཆོས་རྗེ་རྨོག་ལྕོག་པའི་འཁྲུངས་ལོ་ནི་ཤངས་པ་བཀའ་བརྒྱུད་ཀྱི་བླ་རབས་རྣམ་ཐར་ལྕགས་དཔར་མའི་དཔེ་སྐྲུན་གསལ་བཤད་སོགས་སུ་ཐད་ཀར་སྤྱི་ལོ་1110ལོ་ཡིན་པ་བཀོད་ཡོད། གལ་ཏེ་དེ་ལྟར་ཡིན་པའི་དབང་དུ་བཏང་ན། ཆོས་རྗེ་རྨོག་ལྕོག་པ་དགུང་ལོ་བཅུ་དྲུག་ལ་ཕེབས་པའི་ལོ་མཇུག་སྟེ་སྤྱི་ལོ་1126ལོར་ཞོང་ཞོང་དུ་ཐོག་མར་མཁས་གྲུབ་ཁྱུང་པོ་མཇལ་བ་དང༌། ཡང་རྣམ་ཐར་དེ་ཉིད་ལས་བདག་གིས་བླ་མ་ཆེན་པོ་དེ་སྔར་ལོ་ལྔ་བསྟེན། ཕྱི་ནས་ལོ་གཅིག་དང་ཟླ་བ་བདུན་བསྟེན་ནས་སྐུ་གཤེགས་སོ་ཞེས་གསལ་བ་བཞིན་ཆོས་རྗེ་རྨོག་ལྕོག་པས་བླ་མ་ཤངས་པ་ཐོག་མར་ལོ་ལྔ་བསྟེན་པ་སྟེ་དགུང་ལོ་བཅུ་དྲུག་ལ་ཕེབས་པ་སྤྱི་ལོ་1126ལོ་ནས་དགུང་ལོ་ཉེར་གཅིག་ལ་ཕེབས་པ་སྤྱི་ལོ་1131ལོར་དབུས་སུ་མ་བྱོན་བར་ཡིན། དབུས་སུ་བྱོན་རྗེས་བླ་མ་ཁམས་པ་ཨ་སེང་དང་། བུར་སྒོམ་ནག་པོ། དགེ་བཤེས་དཀོན་འཁར་བ་སོགས་ཀྱི་དྲུང་དུ་གདམས་པ་མང་དག་ཅིག་གསན་པ་དེ་དག་གི་དུས་ཡུན་མ་བརྩིས་ནའང་། སློབ་དཔོན་གཡོར་པོ་ཅན་ཁོ་ནའི་དྲུང་དུ་ལོ་ལྔ་ཕར་ཕྱིན་དང་སྤྱོད་འཇུག་གསན་ནས་བཞུགས་པ་སོགས་མཛད་རྣམ་དུ་གསལ་བར་འཁོད་པས། ལོ་ལྔ་སོང་རྗེས་ཏེ་སྤྱི་ལོ་1136ལོ་ཡིན་དགོས་པ་དང་། ཕྱིས་ལོ་གཅིག་དང་ཟླ་བ་བདུན་བསྟེན་ནས་མཁས་གྲུབ་ཁྱུང་པོ་སྐུ་གཤེགས་པ་སྟེ། སྤྱི་ལོ་1136ལོ་ནས་བརྩིས་ན་ལོ་གཉིས་མ་ཟིན་ཙམ་སྟེ་སྤྱི་ལོ་1138ལོའི་གོང་དུ་ཡིན་དགོས། མཁས་གྲུབ་ཁྱུང་པོའི་འདས་ལོ་སྤྱི་ལོ་1128ལོར་བརྩིས་ན་ལོ་གཅིག་ཙམ་ལས་བསྟེན་ལོང་བྱུང་མེད་པ་ཡིན། དེས་ན་ཆོས་རྗེ་རྨོག་ལྕོག་པའི་འཁྲུངས་ལོ་སྤྱི་ལོ་1110ལོར་ཡིན་མི་སྲིད་དེ། མཁས་གྲུབ་ཁྱུང་པོའི་འདས་ལོ་སྤྱི་ལོ་1128ལོ་ལ་ངེས་པ་ལས། ཆོས་རྗེ་རྨོག་ལྕོག་པ་དབུས་སུ་ཐོག་མར་བྱོན་སྐབས་དགུང་ལོ་ཉེར་གཅིག་དང་། དེའི་སྟེང་དགེ་བཤེས་གཡོར་པོ་ཅན་ཁོ་ནའི་དྲུང་དུ་སློབ་གཉེར་ལོ་ལྔ་དང་། ཕྱིས་ཞོང་ཞོང་དུ་ཕེབས་ནས་ལོ་གཅིག་དང་ཟླ་བ་བདུན་ཏེ་ལོ་གཉིས་མ་ཟིན་ཙམ་བར་བླ་མ་བསྟེན་པ་བསྡོམས་ན། དགུང་ལོ་ཉེར་བརྒྱད་ཟིན། དེ་མཁས་གྲུབ་ཁྱུང་པོའི་འདས་ལོ་སྤྱི་ལོ་1128ལོ་ནས་འཐེན་ན། ཆོས་རྗེ་རྨོག་ལྕོག་པའི་འཁྲུངས་ལོ་མ་མཐར་ཡང་སྤྱི་ལོ་1100ལོའི་གོང་ཙམ་དུ་ཡིན་དགོས། དེར་བརྟེན་དེབ་སྔོན་དུ་རྨོག་ལྕོག་པ་ནི། དཔལ་ཕག་མོ་གྲུ་པ་དང་དུས་མཚུངས་ཞེས་འཁོད་པ་དེར་ཕག་གྲུ་རྡོ་རྗེ་རྒྱལ་པོའི་འཁྲུངས་འདས་དང་ཡོངས་སུ་མཚུངས་པར་གོ་བ་ལེན་པས། ཆོས་རྗེ་རྨོག་ལྕོག་པའི་འཁྲུངས་ལོ་ཡང་དཔལ་ཕག་མོ་གྲུ་པ་དང་མཐུན་པར་སྤྱི་ལོ་1110ལོ་དང་འདས་ལོ་སྤྱི་ལོ་1170ལོར་བརྩིས་པ་ཡིན། འོན་ཀྱང་ཁོ་བོས་ནི་ལོ་ཚིགས་དྭངས་ཤེལ་མེ་ལོང་གི་སྤྱི་ལོ་1110ལོའི་ལོ་རྒྱུས་གྲས་སུ་ཤངས་པ་བཀའ་བརྒྱུད་ཀྱི་བླ་མ་རྨོག་ལྕོག་པ་རིན་ཆེན་བརྩོན་འགྲུས་ཀྱང་དུས་ཐོག་མཉམ་ཞེས་གསལ་བ་ལྟར་བླ་མ་རྨོག་ལྕོག་པ་དང་དཔལ་ཕག་མོ་གྲུ་པ་གཉིས་དུས་མཉམ་པ་ཙམ་ལས་ལོ་ཚིགས་ཡོངས་སུ་མཚུངས་པའི་དོན་མིན་སྙམ། དབོན་སྟོན་སྐྱེར་སྒང་པ་སོགས་ལའང་རིགས་བསྒྲེ་བར་བྱའོ།།
Öntön Kyergangpa
༥ དབོན་སྟོན་སྐྱེར་སྒང་པ་ཆོས་ཀྱི་སེང་གེ
སྐྱེས་རབས་ཀུན་ཏུ་འཕགས་མཆོག་ཐུགས་རྗེ་ཆེན་མོས་རྗེས་སུ་བཟུང་ཞིང་སྐུ་ཚེ་འདིར་ཡང་བརྩོན་འགྲུས་དྲག་པོའི་བསྒྲུབས་པས་མཚམས་སྦྱར་ཏེ་འཕགས་པ་ཉིད་དང་དབྱེར་མེད་པའི་མཆོག་གྲུབ་པ། བྱང་ཆུབ་ཀྱི་སེམས་མཆོག་རིན་པོ་ཆེ་རྩོལ་མེད་ཆུ་མོའི་རྒྱུན་བཞིན་མངའ་བ། རྗེ་བཙུན་རྨོག་ལྕོག་པ་ལས་མཁའ་འགྲོའི་ཆིག་བརྒྱུད་ཀྱི་གདམས་པ་ཐོབ་ཅིང་ཤར་ཕྱོགས་བཻཌཱུརྱ་སྣང་བའི་ཞིང་ཁམས་སུ་དེ་བཞིན་གཤེགས་པ་དྲི་མེད་ནམ་མཁའི་དཔལ་ཞེས་བྱ་བར་འཚང་རྒྱ་བར་འགྱུར་བའི་སྐྱེས་མཐའི་བྱང་སེམས་དབོན་སྟོན་སྐྱེར་སྒང་པ་ཆེན་པོ་འདི་ཉིད་ནི། སྤྱི་ལོ་1154ལོ་ ཙམ་ལ་ནང་གོང་གནམ་ སྟེ་དེང་སྟོད་ལུང་བདེ་ཆེན་རྫོང་གི་ཁོངས་སུ་སྐུ་འཁྲུངས། གདུང་རུས་འབལ་ཡིན། ཐོག་མར་ལོ་གཅིག་གཉིས་རིང་གཤིན་རྗེ་གཤེད་ལ་བསྙེན་པ་བསྐྱལ། དགུང་ལོ་བཅུ་བདུན་པ་སྟེ་སྤྱི་ལོ་1171ལོར་སྐྱེར་སྒང་དུ་ཁུ་བོ་འབལ་ཐམས་ཅད་མཁྱེན་པ་ ལས་རབ་ཏུ་བྱུང་ནས་སྤྱོད་འཇུག་དང་། བསླབ་བཏུས། བསྟན་རིམ་སོགས་ཞུས། དེ་རྗེས་འབལ་ཚད་མ་བའི་ཕྱག་ཕྱིར་ལྷ་སར་བྱོན་ནས་ཀླུ་སྦུག་ཏུ་འཕགས་པ་གཅེར་སྒོམ་བྱ་བའི་གྲུབ་ཐོབ་གཅིག་ལ་མོས་ནས་ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་ཚར་གསུམ་ཞུས། དེར་ལོ་བརྒྱད་མཚམས་ལ་ཞུགས་པས་ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ་ཞལ་གཟིགས། དེ་ནས་སྐྱེར་སྒང་དུ་ཕེབས་ཏེ་ཡང་ན་གཡག་གུ་ཤི་བ་ཞིག་དང་། ཡང་ན་ཚྭ་ལོན་པ་ལ་གཏད་དགོས། མི་ལུས་ལན་གཅིག་ཐོབ་དུས་འདིར་ཡང་ན་ང་རང་ཤི་བ་གཅིག་དང་། ཡང་ན་ཐུགས་རྗེ་ཆེན་པོའི་ཞལ་མཐོང་བ་གཅིག་ལ་གཏད་དགོས་སྙམ་སྟེ་བསྒྲུབ་པ་ལ་ཞུགས་ཀྱང་། ཁམས་པའི་གྲྭ་པ་རྣམས་ཀྱིས་རྟ་བཏགས། བེར་བསྐོན། དར་བསྐྱངས་ནས་ཁྱོད་གཞོན་དུས་སུ་ཐོས་པ་མ་བྱས་ན་འབལ་ཚད་མ་བ་རབས་ཆད་པས། དཀའ་བཞི་ལ་མཁས་པ་ཞིག་བྱེད་དགོས་ཟེར། དེ་ལ་མ་ཉན་པར་མཚམས་ལ་ཞུགས་པས་དེ་དག་གིས་ཆུ་དང་མེ་ཤིང་སོགས་ཀྱང་མ་སྐྱོལ་ཅིག །ཕར་འགྲོ་ཚུར་འགྲོ་ཐམས་ཅད་ཀྱིས་སྒོ་ལ་རྡོ་རྒྱོབ་ཅིག །དེ་ལྟར་བྱས་ན་སློབ་གཉེར་ལ་ཚུད་འོང་ཟེར་ནས་ཁྲིམས་བཏང༌། དེས་ན་དབོན་སྟོན་སྐྱེར་སྒང་པ་ཞག་རེ་ལ་སྐྱོ་ཚ་ཕོར་པ་རེ་ཡང་རེས་མྱོང་བ་རེས་མ་མྱོང་ངོ༌། ཐ་ན་དེའང་མེད་པར་ཆུ་དང་ཐལ་བ་བསྲེས་ནས་སྤྱད། དེ་ལྟར་དཀའ་སྤྱད་ཕུལ་དུ་ཕྱིན་པས་སྒྲུབ་པ་ལ་བརྩོན་མཐར། མི་ལོ་ཕྱེད་དང་བཞི་སོང་ཙ་ན། མདུན་གྱི་ནམ་མཁའ་ལ་ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ་པོའི་ཞལ་གཟིགས། དེ་ནས་སྔར་བསྙེན་པ་སྐྱེལ་བའི་བཅོམ་ལྡན་འདས་གཤིན་རྗེ་གཤེད་དམར་པོའི་ཞལ་ཡང་གཟིགས། དེ་ནས་ཁུ་བོ་འབལ་ཐམས་ཅད་མཁྱེན་པས་དར་ཡུག་དྲུག་དང་གསེར་ཞོ་གང་གནང་ནས་གཙང་ལ་སྟོད་ཀྱི་ཚ་རི་རས་པ་བྱ་བ་རྗེ་རས་ཆུང་པའི་གདམས་ངག་ལ་མཁས་པའི་གྲུབ་ཐོབ་གཅིག་ཡོད་པ་དེའི་རྩར་ཆོས་ཞུ་བར་བཏང་། དབོན་སྟོན་སྐྱེར་སྒང་པས་ལོ་གཉིས་ཀྱི་རིང་བླ་མ་དེའི་དྲུང་དུ་བཞུགས་ནས་བདེ་མཆོག་ལྷ་བཅུ་གསུམ་མ་དང་། ཕག་མོ་ལྷ་བཅུ་གསུམ་ལ་སོགས་པའི་དབང་དང་གདམས་པ་མང་དུ་ཞུས། དེ་རྗེས་འུ་ཡུག་ཏུ་ཕེབས་ནས་ཇོ་བོ་རྗེའི་གསང་སྔགས་ཀྱི་བཀའ་བབས་པའི་བླ་མ་སྤེན་ཕུག་པ་ལས་ལོ་ལྔའི་རིང་ཇོ་བོའི་གདམས་པ་རྣམས་ཞུས་པ་དང་། ཇོ་བོའི་ཌ་མ་རུ་དང་ཐུགས་དམ་གསུམ་ཡང་གནང་། དེ་རྗེས་ལྷ་ཕུར་ཕེབས་ནས་ལྐུགས་ལུང་དུ་ཆོས་རྗེ་རྨོག་ལྕོག་པ་དང་མཇལ། རྗེ་རྨོག་ལྕོག་པས་ཁོང་ཉིད་མཁའ་འགྲོའི་ཆིག་བརྒྱུད་ཀྱི་གདམས་ངག་སྦྱིན་པའི་སྣོད་དུ་མཁྱེན་ཏེ། ནི་གུ་ཆོས་དྲུག་ལ་སོགས་པའི་ཤངས་པའི་གདམས་ངག་རྣམས་ཀྱི་དབང་ལུང་ཁྲིད་གསུམ་རྫོགས་པར་སྩོལ་བའི་དབུ་སྙུང་བཞེས། དེ་ལྟར་ཆོས་རྗེ་རྨོག་ལྕོག་པའི་དྲུང་དུ་ལོ་ཤས་བཞུགས་རྗེས་ཨ་ཁུ་འབལ་ཚད་མ་བ་གྲོངས་ནས་སྐྱེར་སྒང་གི་གདན་ས་ལ་གདན་འདྲེན་མཁན་རྟ་པ་སུམ་བརྒྱ་ཙམ་བྱུང༌། ཁོང་རང་ཉིད་སྒྲུབ་པ་ཁོ་ན་བྱ་དགོས་དགོངས་ཀྱང་གདན་འདྲེན་པ་རྣམས་དང་བླ་མའི་གསུང་བཞིན་སྐྱེར་སྒང་དུ་ཕེབས་ཏེ་སྐུ་འབུམ་བརྩིགས། སྐབས་དེ་ནས་བཟུང་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་བྲན་བཞིན་དུ་ཉན་པར་བྱུང་བ་ཡང་། གསོལ་འདེབས་དད་པའི་སྒྲ་དབྱངས་སུ་སྐྱེར་སྒང་ཆོས་ཀྱི་གདན་སར་ཕེབས་པའི་ཚེ། ཡེ་ཤེས་མགོན་པོའི་འཁོར་རྣམས་དངོས་སུ་འོང༌། །བླ་མའི་གདན་སར་མཆོད་འབུལ་སྐྱེལ་པ་ཡི། །ཞབས་ཏོག་གུས་པས་བསྒྲུབས་ལ་གསོལ་བ་འདེབས་ཞེས་འཁོད་པ་ལྟར་ཡིན།
དབོན་སྟོན་ཆེན་པོས་སྔ་ཕྱིར་རྨི་ལམ་བཟུང་ནས་ཐུགས་རྗེ་ཆེན་པོ་དང་། སློབ་དཔོན་པདྨ་འབྱུང་གནས། རྗེ་བཙུན་སྒྲོལ་མ། མཁའ་འགྲོ་ནི་གུ་མ། མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་ལ་སོགས་པའི་དྲུང་ནས་ཟབ་གསང་གི་གདམས་པ་མཐའ་ཡས་པ་གསན་པ་དང་། བྱང་རྩེ་ལྡིང་དུ་རྟོགས་ལྡན་ཞང་སྒོམ་ཆོས་སེང་ལས་མཁའ་སྤྱོད་དཀར་དམར་དང་། དགྱེས་རྡོར་བདེ་མཆོག །མགོན་པོའི་གནད་ཡིག་དམིགས་པའི་སྒྲོམ་བུ། འཕོ་བ་ལ་སོགས་པའི་གདམས་པ་མང་དུ་ཞུས་པ། གདམ་པ་ཅོག་སྟོན་ལ་དཔལ་རྒ་ལོའི་ཆིག་བརྒྱུད་ཀྱི་གདམས་པ་རྣམས་གསན་པ་སོགས་མཛད། སྐུ་ཚེའི་སྨད་ལ་སྐྱེར་སྒང་དགོན་དུ་ཐུགས་རྗེ་ཆེན་མོའི་ཆོས་སྐོར་དང་ཤངས་པའི་གསེར་ཆོས་ལྔས་གཙོས་པའི་གདམས་པ་རྣམས་ཀྱིས་གདུལ་བྱ་ཀུན་ཚིམས་པར་མཛད། གཞན་དོན་གྱི་མཐུ་རབ་ཏུ་རྒྱས་ཏེ། སྒ་དང་རྒྱའི་རྒྱལ་པོས་འབུལ་ཚན་རྒྱ་ཆེར་ཕུལ་བས། བླ་མ་རྨོག་ལྕོག་པ་ཡང་སྐྱེར་སྒང་དགོན་དུ་གདན་དྲངས་ཏེ་འབུལ་ཆེན་དང་ཉམས་རྟོགས་འབུལ་བ་སོགས་མཛད། དགུང་ལོ་བདུན་ཅུ་དོན་གསུམ་པ་སྟེ་སྤྱི་ལོ་1227ལོ་ཙམ་ལ་གཟུགས་སྐུའི་མེ་ཏོག་ཡལ། དེ་ལྟར་དབོན་སྟོན་སྐྱེར་སྒང་པ་ཆེན་པོས་སྐུ་ཚེ་ཧྲིལ་པོར་ཤངས་ལུགས་ཀྱིས་གཙོས་གྲུབ་མཐའ་རིས་མེད་ཀྱི་བླ་མ་རྣམས་ལས་གདམས་ངག་གི་བདུད་རྩི་རྫོགས་པར་བཞེས་པ་དང་སྒྲུབ་པའི་དམ་ཚིག་ཉི་ཤུའི་གོ་ཆ་བརྟན་པར་སྤྲས་པས། ནང་མྱོང་རྟོགས་ཀྱི་ཡོན་ཏན་ལ་མངའ་བརྙེས་ནས་སྒྱུ་ལུས་འོད་གསལ་གྱི་བདེ་བ་ཆེན་པོའི་མཁའ་དབྱིངས་སུ་རང་དགར་སྤྱོད་པའི་ཟུང་འཇུག་གི་རྒྱལ་སར་གཤེགས། དེས་ན་ཆོས་རྗེ་རྨོག་ལྕོག་པས་ཀྱང་དབོན་སྟོན་གྱི་ལྷ་སྐུ་དང་འོད་གསལ་གྱི་རྩལ་འདི་ལྟ་བུ་ང་ལ་ཡང་མ་བྱུང་ཞེས་དང་། ང་བ་ཡིན་དབོན་སྟོན་ཁྱོད་མཛོ་ཡིན་པས། བ་ལ་མཛོ་སྐྱེས་བྱ་བ་ཡིན་ནོ་ཞེས་པ་ལ་སོགས་པའི་བསྟོད་པ་ཡང་ལན་མང་དུ་མཛད།
འོན་ཏེ་ཟབ་མོའི་གཏེར་དང་གཏེར་སྟོན་གྲུབ་ཐོབ་ཇི་ལྟར་བྱོན་པའི་ལོ་རྒྱུས་མདོར་བསྡུས་སུ་བཀོད་པ་རིན་ཆེན་བཻཌུརྱའི་ཕྲེང་བར་ཐུགས་རྗེ་ཆེན་པོའི་རྣམ་སྤྲུལ་དཔལ་ལྡན་ཤངས་པ་རིན་ཆེན་རྣམ་བདུན་དུ་གྲགས་པའི་གཉིས་པ་དབོན་སྟོན་སྐྱེར་སྒང་པ་ཆོས་ཀྱི་སེང་གེ་ཞེས་འཁོད་ཀྱང་། ཤངས་པ་རིན་ཆེན་རྣམ་བདུན་གྱི་གཉིས་པ་ནི་ཡོངས་གྲགས་སུ་མཁའ་འགྲོ་ནི་གུ་མ་ཡིན་པས། ལོ་རྒྱུས་སྤྱི་བྱིངས་དང་མི་མཐུན་པའི་བརྗོད་ཚུལ་འདི་རིགས་ནི་ངེས་པར་སྤང་བར་བྱའོ།།
Sangyé Nyentön
༦ རི་གོང་པ་སངས་རྒྱས་གཉན་སྟོན།
གཉན་སྟོན་རི་གོང་པ་ནི་ཡོལ་གྱི་མདའ་སྟེ་དེང་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་བྱེ་ནུབ་ཡུལ་ཤོག་གི་མདར་ གཉན་གྱི་རིགས་སུ་སྤྱི་ལོ་1175ལོ་ཙམ་དུ་སྐུ་འཁྲུངས། སྐུ་ན་ཆུང་ངུའི་དུས་ནས་འཁོར་བ་སྡུག་བསྔལ་གྱི་རང་བཞིན་དམྱལ་བའི་གནས་ཁང་ལྟ་བུ་ཞིག་ཏུ་གཟིགས་ནས་ཆགས་ཐོགས་མེད་པའི་སྦྱིན་པ་ལ་བརྩོན་པ་སོགས་དཀར་པོ་དགེ་བའི་སྤྱོད་ལམ་ཁོ་ན་སྐྱོང་བར་མཛད། དགུང་ལོ་བཅུ་གཅིག་པ་ལ་གོང་བུ་མཁར་དུ་སློབ་དཔོན་སྟོན་ཡེའི་དྲུང་དུ་ཆོས་སྒོར་ཞུགས། བཅུ་བདུན་པ་ལ་མཁན་པོ་འཁོན་བྱང་ཆུབ་སེམས་དཔའ་ལས་དགེ་ཚུལ་གྱི་སྡོམ་པ་བཞེས། དགུང་ལོ་ཉི་ཤུ་ལ་མཁན་པོ་བཟོད་པ་ཅན་དུ་བསྙེན་པར་རྫོགས། མཁན་པོ་བཟོད་པ་དང་མགར་ཕྱར་གཉིས་ལ་འདུལ་བ་མདོ་རྩ་ལོ་གསུམ་གསན། དེ་རྗེས་སློབ་དཔོན་གཡོ་པ་ལ་ཚད་མ་རྣམ་ངེས་དང་། བསྡུས་པ། ཚད་མ་ཆོས་མཆོག །དབུ་མ་ཤར་གསུམ། བསླབ་བསྡུས། སྤྱོད་འཇུག་དང་བཅས་པ་ལོ་མང་དུ་གསན། བླ་མ་གྲགས་པ་རྒྱལ་མཚན་ལ་རྒྱུད་དམ་པ་དང་བཅས་པ་ཞུས། སྔ་ཕྱིར་ཞི་བྱེད་དང་། ཕག་མོའི་ཆོས་དྲུག །ཁ་རག་བསྐོར་གསུམ། ནཱ་རོའི་ཆོས་དྲུག །སོ་ཆུང་པའི་གདམས་པ་རྣམས་དང་། གཞན་ཡང་འབྲི་གུང་པ། དོལ་པོ། ས་སྐྱ་པཎ་ཆེན་སོགས་ཀྱི་མཁས་གྲུབ་མང་དག་ཅིག་བསྟེན་ནས་གདམས་པ་དུ་མ་ཞུས་ཀྱང་སྤྲོས་པ་མ་ཆོད་པར་ད་དུང་ཐོས་པ་ཅུང་ཟད་བྱེད་དགོས་སྙམ། དུས་དེ་ཙ་ན་ལ་སྟོད་འཁྱམས་པོ་ཞེས་བྱ་བ་ཞིག་གོང་བུ་མཁར་དུ་འཕྲད་ནས། དེས་ཁོང་ལ་མཚུར་ཕུ་ན་བླ་མ་སྐྱེར་སྒང་པ་བྱ་བ། སངས་རྒྱས་དངོས་གཅིག་བཞུགས་ཀྱིན་འདུག་པས་དེར་འདེང་ཞེས་བསྐུལ། དབོན་སྟོན་གྱི་མཚན་ཐོས་མ་ཐག་མཆི་མ་དྲག་ཏུ་འཛགས་པའི་མོས་གུས་ཆེན་པོ་སྐྱེས་ཤིང་མྱུར་དུ་མཇལ་བའི་སྨོན་ལམ་བཏབ། དེ་ནས་དཔྱིད་དུས་ཤིག་སྐྱེར་སྒང་དུ་ཕེབས་ནས། བླ་མས་ཤངས་པའི་ཆོས་འདི་བཀའ་དོག་པར་ཡོད་ཀྱང་ཆིག་བརྒྱུད་བཀའ་རྒྱའི་ལྡེ་མིག་ཡོངས་རྫོགས་ཕྱག་ཏུ་གཏད་དེ། ཐོག་མར་དབང་བསྐུར་ནས་བརྩམས་ཏེ་གདམས་ངག་ཟབ་མོའི་བཅུད་ཀྱིས་ཚིམས་པར་མཛད། ཆོས་དྲུག་དང་ཕྱག་ཆེན་གྱི་ཁྲིད་སོགས་ཀྱང་མཛད་ནས་རེ་ཞིག་སྐྱེར་སྒང་དུ་བཞུགས། ཡེ་ཤེས་མགོན་པོས་བྲན་བཞིན་དུ་ཉན་པའི་བཀའ་བསྒོ་ཡང་གནང་།
ཐེངས་ཤིག་བྲག་ཁ་ཞིག་ཏུ་གསོལ་བ་དྲག་པོ་བཏབ་པས་མཁའ་འགྲོ་མ་སུ་ཁ་སིདྡྷི་བྱོན་ནས་རིག་པ་རྟེན་མེད་དུ་ཞོག་དང་རྣལ་འབྱོར་པ་ཞེས་ལན་གསུམ་གསུངས། ཕྱིས་ཀྱང་ཡེ་ཤེས་ཀྱི་མཁའ་འགྲོ་མ་འདི་ཉིད་ལན་གཅིག་བྱོན་ནས་གསང་སྒྲུབ་ཀྱི་གནད་སྔར་བས་ཟབ་པ་གསང་སྒྲུབ་བསྐྱེད་རྫོགས་དབང་བསྐུར་བཀའ་དང་བཅས་པ་ཞིག་གནང་ཞིང་ལུང་བསྟན་ཡང་མང་དུ་གསུངས། སླར་ཡང་སྐྱེར་སྒང་དུ་ཕེབས་ནས་ཆོས་རྗེ་སྐྱེར་སྒང་པས་གསང་སྔགས་རྗེས་སུ་ཡིད་རང་ལ་སོགས་པའི་གདམས་པ་ལྷག་མ་རྣམས་ཀྱང་མ་ལུས་པར་སྦྱིན་ཞིང་། གཉན་སྟོན་རི་གོང་པའི་འཁྲུངས་རབས་དང་ཚེ་ཚད། དགོན་གནས། སློབ་མ་གཙོ་བོ་ཕོ་བརྒྱད་མོ་གཉིས་བཅས་བཅུ་འོང་བ་སོགས་ཀྱི་རྣམ་དག་བདེ་བ་ཆེན་པོའི་ལུང་བསྟན་མཐའ་དག་བཀའ་རྒྱ་དང་བཅས་ནས་གསུངས། རྗེ་རི་གོང་པས་ཤངས་པའི་གདམས་ངག་གི་གནད་རྣམས་ལ་ཟིན་བྲིས་ཀྱང་བཏབ་ནས་དབོན་སྟོན་གྱི་སྤྱན་སྔར་ཞུ་དག་ཡང་ཡང་མཛད། སྐབས་དེར་ང་ལས་གདམས་པ་ཆེ་བ་བོད་ན་མེད་སྙམ་པའི་ཐུགས་རྒྱལ་ཡང་ཅུང་ཟད་བྱུང་། སྐྱེར་སྒང་དུ་དབྱར་དགུན་བཅུ་གསུམ་བཞུགས་ནས་སྒྲུབ་པ་ཚུལ་བཞིན་དུ་མཛད། དེ་ནས་འབྲི་གུང་དང་། གཙང་པ་རྒྱ་རས་དྲུང་དུ་བྱོན། འབྲུག་དགོན་པ་འདེབས་པ་དང་ཐུག་ནས་ཆོས་མང་པོ་ཞུས་ཤིང་ཕྱག་གཡོག་ཀྱང་མཛད། དེ་རྗེས་ཡོལ་གྱི་བཤུང་ལུང་སྤང་ཁར་ཕེབས་ཏེ་ལོ་གསུམ་མཚམས་དམ་པོར་བཅད་ནས་སྒྲུབ་པ་མཛད། བླ་མ་དུར་ཁྲོད་ནག་པོ་ཞེས་བྱ་བའི་རྣལ་འབྱོར་པ་གཅིག་ཀྱང་གདམས་ངག་སྒོ་སྐྱེལ་གྱི་ཚུལ་དུ་ཕེབས་ནས་འཆི་མེད་འཕྲུལ་འཁོར་གྱི་གདམས་པ་གནང་། གཉན་སྟོན་རི་གོང་པ་འདི་ཉིད་ཀྱིས་རྨི་ལམ་བཟུང་ནས་སྲིད་པའི་ལྷ་འདྲེ་དང་། དུ་རའི་བཙན། ཡུལ་ལྷ་ལྡེའུ་སྤང་དཀར། ཁྱད་པར་དུ་ཆུ་བོ་རིའི་སྒོ་བཞི་དང་། གཉན་མཁར་ནག་སོགས་ཀྱི་ལྷ་འདྲེ་གདུག་པ་ཅན་རྣམས་ཁྱུང་དང་ཁྲོ་བོ་དཔག་ཏུ་མེད་པར་སྤྲུལ་ནས་བཏུལ་བས། དེ་རྣམས་ཀྱིས་སྲོག་སྔགས་ཕུལ་ཞིང་དབང་ཞུས་ཏེ་དམ་པའི་ཆོས་ཀྱི་སྒོར་བཙུད། ཡོལ་གྱི་ཕུར་རི་གོང་གི་དགོན་པ་བཏབ་ནས་གདུལ་བྱ་རྣམས་ཤངས་ཆོས་ཀྱི་གདམས་པས་སྨིན་པར་མཛད་མཐར། སྤྱི་ལོ་1255ལོ་ཙམ་ལ་དགོན་གནས་དེ་ཉིད་དུ་དགོངས་པ་ཆོས་དབྱིངས་སུ་གཤེགས།
Sangyé Tönpa
༧ འགྲོ་མགོན་སངས་རྒྱས་སྟོན་པ།
རྒྱལ་བ་རྡོ་རྗེ་འཆང་ནས་རིམ་པར་བྱོན་པའི་བརྒྱུད་རབས་བདུན་པ་ཆིག་བརྒྱུད་རྡོ་རྗེའི་རྒྱ་བཀྲོལ་པ་པོར་ཡེ་ཤེས་ཀྱི་མཁའ་འགྲོས་ལུང་བསྟན་པ་འགྲོ་མགོན་སངས་རྒྱས་སྟོན་པ་བརྩོན་འགྲུས་སེང་གེ་ནི་ཁ་རག་རྩའི་སིལ་མར་ ངལ་དཀར་པོའི་རུས་སུ་སྤྱི་ལོ་1213ལོ་ཙམ་ལ་སྐུ་འཁྲུངས། ཇི་སྐད་དུ་གསོལ་འདེབས་སེང་གེའི་སྒྲ་དབྱངས་ལས་ཡ་ངལ་དཀར་པོ་གཤེན་བོན་སྒྲུབ་པའི་བརྒྱུད། །མཁའ་རེག་རྩ་ཡི་སིལ་མར་མཚན་དཔེ་གསལ། སྤྱོད་ལམ་ཀུན་ཏུ་ཆོས་ཀྱི་སྣང་བ་མཆེད། སྔོན་སྦྱངས་བག་ཆགས་སད་ལ་གསོལ་བ་འདེབས་ཞེས་གསལ་བ་ལྟར། ཁོང་ནི་མེས་པོ་ཆེན་པོ་གསལ་བའི་ཁྲི་ལ་སོགས་པའི་བོན་པོའི་དགེ་བཤེས་དང་གྲུབ་ཐོབ་མང་དུ་བྱོན་མྱོང་བའི་བོན་པོའི་རིགས་རྒྱུད་དུ་གཏོགས། འོན་ཀྱང་ཁོང་ཉིད་ཆོས་ལ་མོས་པས་བོན་གྱི་གྲུབ་མཐའ་རྣམ་གསུམ་ལ་མ་ཞུགས་པར་སྤྱོད་ལམ་ཐམས་ཅད་དུ་ཆོས་ཀྱི་སྣང་བ་མཆེད། དགུང་ལོ་བརྒྱད་དགུ་ཙམ་ལ་སོན་སྐབས་ཡི་གེ་འབྲི་ཀློག་ལེགས་པར་བསླབས། དགུང་ལོ་བཅུའི་དུས་སུ་གངས་བཟང་ན་མ་གཅིག་སྤྲུལ་སྐུ་བྱོན་ནས་གཅོད་ཀྱི་ཆོས་དབང་སེམས་ལ་བསྐུར་ཞིང་། ཞལ་གདམས་ཆིག་བརྒྱུད་རྣམས་ཀྱང་གནང་ནས་ལུང་བསྟན་མཛད། དགུང་ལོ་བཅུ་གཅིག་བཅུ་གཉིས་ཙམ་ནས་སྔོན་གྱི་ལས་འཕྲོ་སད་དེ་ངེས་འབྱུང་དང་སྐྱོ་ཤས་ཀྱིས་རབ་ཏུ་གཙེས་པས། རི་དང་གངས་མཐོང་བའམ་དེར་འགྲོ་བའི་དུས་སུ་རི་དྭགས་ཀླུང་ནས་ཐར་བའམ་དྲང་སྲོང་ནགས་ཁྲོད་དུ་སླེབས་པ་ལྟ་བུ་ཞིག་ཏུ་མངོན་གྱི་ཡོད། དགུང་ལོ་བཅུ་གསུམ་ལོན་པའི་ལོ་གསར་གྱི་ཚེས་གསུམ་ལ་བླ་མ་རྩ་རི་རས་པའི་དྲུང་ནས་རབ་ཏུ་བྱུང༌། ཆོས་ཕྱོགས་སུ་བརྩོན་པ་ཆེ་བ་དང་། དགེ་སྦྱོར་སྟོབས་ཀྱིས་གཞན་ཟིལ་གྱིས་ནོན་པས་མཚན་ཡང་བརྩོན་འགྲུས་སེང་གེར་གསོལ། དེ་ནས་སློབ་དཔོན་སྲེགས་ལ་འདུལ་བའི་ཕྲན་རྣམས་དང་། སྤྱོད་འཇུག །དགྱེས་རྡོར། ལམ་འབྲས། རྫོགས་ཆེན་བརྒྱུད་པ་ཐ་མ། ཁ་རག་སྐོར་གསུམ། སྨྲ་སྒོ་ཚོན་ཆ། འཇམ་གསང་རྣམས་གསན། དགུང་ལོ་བཅོ་བརྒྱད་ལ་བཤད་པ་མཛད་པས་ཆོས་མགོ་ཐོན་པར་བྱུང་། བླ་མ་སུམ་པ་རས་པ་ལ་བཀའ་བརྒྱུད་ཀྱི་གདམས་ངག་ནམ་མཁའ་སྒོ་འབྱེད་དང་གཅོད་ཚར་བཅུ་གསུམ་ཞུས་ནས་ཟས་ནོར་དང་ཉམས་ལེན་གྱིས་མཉེས་པར་མཛད། དེ་ནས་བླ་མ་དབུ་མ་པ་ལ་དགྱེས་རྡོར་གྱི་ཁྲིད་དང་། བདག་མེད་མའི་དབང་། ཕག་མོའི་བཅལ་ལུགས་སོགས་དང་། སྟོད་ལུང་གི་ཐག་མ་ལྷ་ཁང་ དུ་བླ་མ་བཟང་ཡུལ་བ་ལ་ཚེ་དཔག་མེད་ཀྱི་དབང་ཞག་བདུན་ཞུས་པས་མྱུར་དུ་འཆི་བའི་ཚེ་ཡང་བསྲིངས། བླ་མ་སྤང་པོ་ཁ་པ་ལ་ཞང་ཚལ་པའི་ཆོས་སྐོར་དང་འཁྲུལ་གཅོད། ཚེ་དཔག་མེད་ཀྱི་ཆིག་སྒྲུབ་ཞུས། དགུང་ལོ་བཅུ་དགུ་པ་ལ་གྲུབ་ཐོབ་བཟང་ཡུལ་པའི་གསུང་བཞིན་མཁན་པོ་ཆོས་རྒྱལ་ཅན་དུ་བསྙེན་པར་རྫོགས། དེ་རྗེས་བླ་མ་གླང་ཕུག་པ་ལས་དབྱར་གཅིག་གི་རིང་འདུལ་བ་དང་། སློབ་དཔོན་ཚོགས་སྟོན་ཤག་ལ་འདུལ་བ་མདོ་རྩག །བླ་མ་ཁྲོ་ཕུ་བ་ལ་ཤྲཱི་རྣམ་གསུམ་གྱི་གདམས་པ། བླ་མ་ས་སྐྱ་པ་ལ་བ་རི་བའི་སྒྲུབ་ཐབས་བརྒྱ་རྩ་དང་། རྣམ་རྒྱལ་རྣམ་འཇོམས། གཙུག་གཏོར། མི་གཡོ་བ། སྒྲོལ་མ། བླ་མ་སྒྲུབ་པ་སོགས། སློབ་དཔོན་གཙང་པ་ལ་དཔའ་བོ་གྲུབ་པའི་རྒྱུད་དང་། གྲྭ་པ་ཧག་དང་གཉན་ཆུང་ལོ་ཙཱ་བའི་གཅོད་རྣམས། སློབ་དཔོན་ཇོ་གདན་ལ་མངོན་པའི་ཕྲན་དང་། གཅོད་ངོམས་ལུགས་རྣམས། བླ་མ་མཁར་རྒྱ་བ་ལ་རྫོགས་པའི་ལུགས་ཀྱི་དགྱེས་རྡོར། གུར། མཚན་བརྗོད་གསང་ལྡན་སོགས། སློབ་དཔོན་ཇོ་རྒྱལ་ལ་གདན་བཞི་ཞུས་པ་སོགས་ཟབ་གསང་གི་གདམས་པ་མཐའ་ཀླས་པས་ཐུགས་ཀྱི་བུམ་བཟང་ཡོངས་སུ་གཏམས་པར་མཛད།
དེ་ནས་ཡུན་རིང་པོར་རྩད་བཅད་པ་བཞིན་ཡོལ་ཕུ་རི་གོང་དུ་སྒྱུ་ལུས་རྨི་ལམ་འབྱོངས་པ། ཡི་དམ་ལྷ་ཞལ་མཐོང་བ། མངོན་ཤེས་ཐོགས་མེད་མངའ་བའི་སྦས་པའི་རྣལ་འབྱོར་གཉན་སྟོན་རི་གོང་པའི་སྙན་པ་གསན་ཏེ། སྟོན་ཁ་ཞིག་རི་གོང་དུ་མཇལ་བར་ཕེབས། བླ་མས་སྔོན་ནས་མཁྱེན་པས་བླ་མ་ཀོང་པོ་བ་བྱ་བར་དི་རིང་རབ་གྲོང་ནས་བཙུན་པ་གཅིག་ང་མཇལ་དུ་ཡོང་བར་འདུག །དེས་ངའི་གདམས་ངག་གི་བདག་པོ་བྱེད་པར་འདུག །ཨོ་རྒྱན་དང་ཛ་ལན་དྷ་ར་ཚུན་ཆད་ནས་ཕྱིའི་རྒྱ་མཚོའི་འགྲམ་ཚུན་ཆད་དུ་ཆོས་ཀྱིས་ཁྱབ་ནས་འགྲོ་བར་འདུག །ད་ནང་ཆོས་སྐྱོང་དང་དཔའ་བོ་མཁའ་འགྲོ་དུ་མ་བསུ་བ་བྱེད་དུ་སོང་ཞེས་གསུངས་ནས་སེ་མའི་ན་ཁ་བར་བསུར་བཏང་། བླ་མ་དང་མཇལ་ནས་ཐོག་མར་ཐབས་ལམ་དང་སྒྱུ་ལུས་གཉིས་ཀྱི་སྔོན་འགྲོ་བཏབ་སྟེ་ཐབས་ལམ་གྱི་ཁྲིད་བསྐྱངས་པས་ཞག་བཅུ་གཅིག་ནས་རས་ཐུབ་པ་བྱུང་། བླ་མས་ཁོང་ཉིད་སྐྱེ་བ་ཕྱི་མ་ཤར་ཕྱོགས་དག་པའི་ཞིང་ཁམས་མེ་ཏོག་བཀྲམ་པ་ཞེས་བྱ་བར་དེ་བཞིན་གཤེགས་པ་པདྨོའི་དཔལ་ཅེས་བྱ་བར་འཚང་རྒྱ་བའི་ལུང་ཡང་བསྟན། དེ་ནས་སྒྱུ་ལུས་རྨི་ལམ་གྱི་ཁྲིད་བསྐྱངས་པས་ཞག་ཉི་ཤུ་རྩ་ལྔ་ལ་སྦྱོང་སྤེལ་སྤྲུལ་བསྒྱུར་ཐམས་ཅད་དུས་གཅིག་ལ་བྱུང་། ཁོང་གིས་ཐོགས་རྡུགས་མེད་པའི་རྨི་ལམ་གྱི་རྩལ་ལ་བརྟེན་ནས་དཀར་ཆུང་རྒྱལ་པོ་ སོགས་ཀྱི་མི་མ་ཡིན་མང་དག་ཅིག་ཀྱང་བཏུལ་བར་མཛད།
དེ་ནས་བྲག་དགོན་དུ་མཚམས་ལ་ཞུགས་པའི་ཐོ་རངས་ཤིག་རྨི་ལམ་བཟུང་ནས་བྲག་ལོགས་ལ་ཕར་ཐལ་ཚུར་ཐལ་དུ་སྦྱངས། ཡང་ཐེངས་ཤིག་བྲག་དགོན་དུ་མཁའ་སྤྱོད་དཀར་དམར་མཐིང་གསུམ་གྱི་ཞལ་ཡང་གཟིགས་པ་སོགས་དག་སྣང་རྒྱན་གྱི་འཁོར་ལོར་མངའ་དབང་འབྱོར། དེར་བརྟེན་སྟག་ཚང་རྫོང་པའི་རྒྱལ་རབས་མང་པོའི་ལེགས་བཤད་རྣམ་གྲངས་ཡིད་འཛིན་ནོར་བུའི་ཕྲེང་བར་ཁོང་ལ་བྲག་དགོན་པ་ཆོས་རྗེ་སངས་རྒྱས་སྟོན་པ་ཞེས་ཀྱང་འབོད། དེ་རྗེས་ཟད་པར་ས་ཆུ་མེ་རླུང་དུ་སྤྲུལ་བས་དེར་གྱུར་ནས་སོང་། ང་འཆི་ས་ཡང་གོང་མོའི་སྐད་ཐོས་ས་ཞིག་ཏུ་བྱེད་གསུངས། སྐུ་གཤེགས་ཁར་སྔོན་གྱི་འཕྲིན་ལས་ཀྱིས་ཤངས་སུ་བྱོན་ནས་བླ་མ་ཤངས་པའི་དུས་ཀྱི་རྟེན་རྣམས་ལ་ཕྱག་དང་མཆོད་པ་མཛད། རྟེན་ཕྱག་ན་བཞུགས་པ་རྣམས་བདག་པོ་ལ་གཏོད་ཟེར་ནས་བླ་མ་ཤངས་པའི་རྟེན་ངོ་མཚར་ཅན་མང་པོ་ལག་ཏུ་བྱོན། བླ་མ་སངས་རྒྱས་གཉན་སྟོན་གྱིས་ཁྱོད་འཆི་ས་ངའི་སྐུ་འབུམ་མཐོང་ས་ཞིག་ཏུ་གྱིས་ཞེས་གསུངས་པ་བཞིན་ཡོལ་རི་གོང་གི་བླ་མའི་སྐུ་འབུམ་དྲུང་དུ་དགུང་ལོ་བདུན་ཅུ་རྩ་གཉིས་ལ་ཕེབས་པ་སྟེ་སྤྱི་ལོ་1285ལོ་ཙམ་ལ་གཟུགས་སྐུའི་བཀོད་པ་ཡོངས་སུ་བསྡུས།
འདི་ཉིད་ཀྱི་སློབ་མ་མཆོག་གསུམ་སྟེ་མཁས་གྲུབ་གཙང་མ་ཤངས་སྟོན། གནས་རྙིང་པ་ཨ་ཡི་སེང་གེ མཁས་བཙུན་གཞོན་ནུ་གྲུབ་བཅས་ལ་ཤངས་ཆོས་ཀྱི་གདམས་པ་རྫོགས་པར་བསྩལ་བ་དང་། སློབ་མ་གཞན་ཡང་རྨོག་ལྕོག་རིན་ཆེན་བློ་གྲོས་སོགས་མང་དུ་བྱུང་བས། དཔལ་ལྡན་ཤངས་པའི་བསྟན་པ་སྟོད་མངའ་རིས་ཞོག །སྨད་མདོ་ཁམས། བར་དབུས་གཙང་ལ་སོགས་པར་རྒྱ་ཆེར་དར། རི་གོང་གི་གདན་ས་དེ་ཉིད་ནས་གྲྭ་པ་ཁྲི་ཚོ་ལྔ་ལན་ལྔ་སྐྱེས་ཏེ་ཤངས་པའི་བསྟན་པ་བོད་ཡུལ་སྟོད་སྨད་བར་གསུམ་དུ་ཁྱབ་པར་མཛད།
དེ་ལྟར་གསོལ་འདེབས་ཨུ་དུམྦ་རའི་འཛུམ་ཟེར་དུ་རྒྱལ་ཚབ་དམ་པ་ཆོས་ཀྱི་གདུང་འཛིན་པ། རྨོག་ལྕོག་སྐྱེར་སྒང་གཉན་སྟོན་འགྲོ་མགོན་སོགས། །སྲིད་མཐའི་བྱང་སེམས་དུ་མ་རིམ་བྱོན་ཏེ། ས་སྟེང་གྲུབ་པས་བཀང་ལ་གསོལ་བ་འདེབས་ ཞེས་འཁོད་པ་ལྟར་མཁས་གྲུབ་ཁྱུང་པོའི་རྗེས་སུ་ཆིག་བརྒྱུད་གདམས་པའི་བརྒྱུད་ཕྲེང་རིན་པོ་ཆེ་སྣ་བདུན་ལས་ཆོས་རྗེ་རྨོག་ལྕོག་པ་དང༌། དབོན་སྟོན་སྐྱེར་སྒང་པ། སངས་རྒྱས་གཉན་སྟོན། འགྲོ་མགོན་སངས་རྒྱས་སྟོན་པ་རྣམས་རིམ་པར་བྱོན་ནས་དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་བསྟན་པ་དབྱར་གྱི་མཚོ་བཞིན་བླ་ནས་བླ་རུ་སྤེལ་བར་མཛད།
II.2.1.2 The close disciples of Khyungpo Neljor
གཉིས། མཁས་གྲུབ་ཁྱུང་པོའི་དངོས་སློབ་ཀྱི་སྐོར།
མཁས་གྲུབ་ཁྱུང་པོ་རྣལ་འབྱོར་རྒྱ་གར་ལ་མ་ཕེབས་གོང་བོན་གྱི་སློབ་མ་གཙོ་ཆེ་བ་བདུན་བརྒྱ་དང༌། སྔ་འགྱུར་རྙིང་མའི་སློབ་མ་གཙོ་ཆེ་བ་སུམ་བརྒྱ་ཡོད་པ་དེ་དག་འགའ་ཞིག་གཞིར་བྱས་ནས། ཐེངས་གཉིས་པར་རྒྱ་གར་དུ་ཕེབས་སྐབས་མང་ཡུལ་སྐྱིད་གྲོང་དུ་ཕེབས་སྐྱེལ་ལ་བྱོན་པའི་སློབ་མ་ཆིག་སྟོང་ལྔ་བརྒྱ་འདུས་ཡོད། དེ་ནས་འཕན་ཡུལ་འཆད་ཁ་དགོན་ཕྱག་བཏབ་རྗེས་མཁས་གྲུབ་ཁྱུང་པོའི་བརྒྱུད་འཛིན་གྲྭ་སློབ་ཉིས་སྟོང་ཙམ་ཟིན་པ། དེ་ནི་དགེ་བཤེས་གླང་རི་ཐང་པའི་གྲྭ་སློབ་ཀྱི་ཚོགས་པའི་གྲངས་དང་མཉམ་པ་ཡིན། དེ་ནས་འགོ་བཙུགས་ཏེ་བླ་མ་དང་ཡི་དམ་གྱིས་ལུང་བསྟན་པའི་གནས་ཞོང་ཞོང་གི་གཙུག་ལག་ཁང་དུ་རྟེན་སྡོམ་པ་གསུམ་ལྡན། ལམ་དཀའ་ཐུབ་ཀྱི་སྲངས། འབྲས་བུ་གཞན་དོན་གྱི་སྤྱོད་པ་གསུམ་གྱིས་དབུས་གཙང་ཁམས་གསུམ་གྱི་གྲྭ་སློབ་རྣམས་ལ་དཀར་པོའི་ཆོས་ཀྱི་གནང་སྦྱིན་ལེགས་པར་བསྩལ་བས། ཤིང་སྣ་འཛོམས་སར་བྱ་རིགས་མང་ཞེས་པའི་དཔེ་ལྟར་ཡོངས་གྲགས་སུ་ཚོགས་པའི་མཐར་ཐུག་ཁྲི་ཚོ་བརྒྱད་ཙམ་གྱི་བར་མང་དུ་འདུས་ནས་ཤངས་ཆོས་བརྒྱུད་འཛིན་པའི་དཔུང་ཁག་སྟོབས་ཆེར་བཏང་ཡོད། གྲྭ་སློབ་དེ་དག་གི་འབོར་གྲངས་ཀྱང་དེང་རྣམ་གླིང་རྫོང་ཡོངས་ཀྱི་མི་འབོར་དང་། མངའ་རིས་ས་གནས་ཡོངས་ཀྱི་མི་འབོར་དང་གྲངས་མཉམ། མཁས་གྲུབ་ཁྱུང་པོ་བྱོན་དུས་ཀྱི་བོད་སིལ་བུའི་མཇུག་ཏུ་ཆོས་རྗེ་འབྲོམ་སྟོན་པས་མཛད་པའི་མི་རྩིས་ལྟར་ན་སྐབས་དེར་བོད་ལ་ཁྱོན་མི་འབོར་ས་ཡ་བཅུ་ཙམ་ཡོད་པར་བཞེད་པ་ལས། མཁས་གྲུབ་ཁྱུང་པོའི་ཚོགས་པའི་མཐར་ཐུག་ཁྲི་ཚོ་བརྒྱད་དེ་ལྟར་ན་ཤངས་ཆོས་འཛིན་པའི་གྲྭ་སློབ་ཁོ་ནས་སྐབས་དེའི་བོད་ཀྱི་མི་འབོར་ཁྱོན་ཡོངས་ཀྱི་ཧ་ལམ་0.8%དང་། ཡང་མཁས་གྲུབ་ཁྱུང་པོའི་རྣམ་ཐར་དུ་དེ་ནས་ཚོགས་པའི་མཐར་ཐུག་ཁྲི་ཚོ་བཅོ་བརྒྱད་ལ་ནི་ལོ་དུ་མར་ཆོས་མང་པོ་བསྟན་ཞེས་ཚོགས་པའི་མཐར་ཐུག་ཁྲི་ཚོ་བཅོ་བརྒྱད་ཅེས་འཁོད་པ་ལྟར་ན་སྐབས་དེའི་བོད་ཀྱི་མི་འབོར་ཁྱོན་ཡོངས་ཀྱི་ཧ་ལམ་1.8%ཟིན་ཡོད།
དེ་ལྟར་མཁས་གྲུབ་ཁྱུང་པོའི་རྣམ་ཐར་དྲི་མེད་སྐྱོང་བའི་དད་པ་བརྩོན་འགྲུས་དང་ལྡན་པ། རྒྱུད་སྡེའི་དབང་བསྐུར་ཀུན་ཚང་བ། སྙིང་རྗེ་ཤེས་རབ་ཀྱིས་ཕྱུག་པ། རྗེས་གནང་སྒྲུབ་ཐབས་ལ་མཁས་པ་བཅས་མཚན་ཉིད་བཞི་ལྡན་གྱི་སློབ་མ་དགེ་བའི་བཤེས་གཉེན་ཁྲི་ཕྲག་བརྒྱད་དང་ཚོགས་པའི་མཐར་ཐུག་ཁྲི་ཚོ་བཅོ་བརྒྱད་ལ་སོགས་ཤངས་ཆོས་འཛིན་པའི་སྐྱེས་བུ་ས་ཆེན་པོའི་རྡུལ་དང་མཉམ་པ་བྱོན་པའི་ནང་། གཙོ་ཆེར་སློབ་མའི་མཐར་ཐུག་དྲུག་སྟེ། ཡོན་ཏན་སྐྱེས་པའི་ས་གཞི་ལ་དྲི་མེད་ཤེས་རབ་ཀྱི་སྡོང་པོ་འཇམ་དཔལ་དབྱངས་དང་འཇིགས་བྱེད་ལ་མངའ་བརྙེས་པའི་རྨེའུ་སྟོན་པ་སྐྱེས། ཕན་སེམས་ཀྱི་ཡལ་གས་བྱམས་པ་ལ་ཆོས་གསན་པའི་བྱང་ཆུབ་སེམས་དཔའ་གཡོར་པོ་རྒྱ་མོ་ཆེ། ཚད་མེད་པའི་སྙིང་རྗེ་ཆེན་པོའི་ཡལ་འདབ་རྒྱས་པ་སྤྱན་རས་གཟིགས་དང་དབྱེར་མེད་པའི་དངུལ་སྟོན་རིན་དབང་། བྱམས་པ་ཕྱོགས་མེད་དུ་ཤར་བའི་བདེ་མཆོག་དང་མགོན་པོའི་བདག་ཉིད་ལ་སྟོད་པ་དཀོན་མཆོག་མཁར། ལྷ་སྐུ་འོད་གསལ་དབྱེར་མེད་ཀྱི་སྙིང་པོ་མངོན་དུ་གྱུར་ཅིང་མཁའ་འགྲོ་དངོས་སུ་འདུ་བའི་རྟོགས་ལྡན་ཞང་སྒོམ་ཆོས་སེང་། སྒྱུ་ལུས་རྨི་ལམ་གྱི་འབྲས་བུ་སྨིན་པའི་རྨོག་ལྕོག་པ་རིན་ཆེན་བརྩོན་འགྲུས་བཅས་སྔ་བུ་ལྔ་དང་ཕྱིས་བུ་གཅིག་ལ་སོགས་པས་ས་ཕྱོགས་མང་པོར་ཤངས་ཆོས་ཉམས་ལེན་དང་གདམས་པ་སྤེལ་བ་སྟེ།
༡ རྨོག་ལྕོག་པ་རིན་ཆེན་བརྩོན་འགྲུས་ཀྱིས་བླ་མ་ཁྱུང་པོ་ཁྱོན་ལོ་དྲུག་དང་ཟླ་བ་བདུན་བསྟེན་ཞིང་། ཤངས་ལྷ་ཕུ་རྨོག་ལྕོག་དགོན་དང་ལྐུགས་ལུང་དགོན་གཉིས་སུ་བུ་སློབ་ཀྱི་ཚོགས་པ་བསྐྱངས་ནས་ཤངས་ཆོས་དར་ཁྱབ་ཆེས་ཆེར་མཛད་པ་གོང་དུ་བཤད་ཟིན་པ་དང་།
༢ རྟོགས་ལྡན་ཞང་སྒོམ་ཆོས་སེང་གིས་བླ་མ་ཤངས་པ་ཁྱོན་ལོ་བཅུ་གཉིས་བསྟེན་ཞིང་ཟབ་དགུའི་གདམས་པ་རྒྱ་ཆེར་མནོས། ཕྱིས་གནམ་མཚོའི་དོ་ལ་ལོ་བདུན། བྱ་དུར་དང་ཐང་ལྷའི་མགུལ་སྒྲགས་པ་ལ་ལོ་ལྔ་བཞུགས་ནས་གདམས་དོན་ཇི་བཞིན་ཉམས་ལེན་མཛད་པས་གནས་ལུགས་ཀྱི་སྦས་དོན་རྗེན་པར་གཟིགས། རྡོ་རྗེ་རྣལ་འབྱོར་མས་མི་བཞིན་དུ་ལབ་པ་དང་། མགོན་པོ་ཕྱག་དྲུག་པ་སོགས་ཡི་དམ་དཔག་ཏུ་མེད་པའི་ཞལ་གཟིགས། སྐུ་ཚེའི་མཇུག་ཏུ་བྱང་རྩེ་ལྡིང་ དུ་ཡུན་རིང་བཞུགས་ནས་སློབ་མ་བསྐྱངས་ཏེ་ཤངས་ཆོས་སྤེལ།
༣ ལ་སྟོད་པ་དཀོན་མཆོག་མཁར་ནི་སྤྱི་ལོ་1048ལོར་དབྱིལ་གྱི་གདུང་རུས་སུ། ཡབ་དབྱིལ་ཞང་ཁྲོམ་རིན་ཆེན་འབྱུང་གནས་སམ་སྔགས་འཆང་རིན་ཆེན་འབྱུང་གནས་དང་། དེའི་ཇོ་མོ་གཞོན་པར་གནོད་སྦྱིན་བུ་ལིའི་གངས་འདབས་ཀྱི་ལྷ་སྡིངས་བྱང་ཆུབ་གླིང་གི་ནུབ་ཕྱོགས། དེང་གཅུང་རི་བོ་ཆེ་ཡུལ་ཤོག་ཁོངས་ཐུབ་མདོ་གྲོང་ཚོར་སྐུ་འཁྲུངས། འབྲེ་ཆེན་ཤེས་རབ་འབར་གྱི་སྙན་པ་གསན་པས་ཡབ་ཀྱིས་དཀོན་མཆོག་མཁར་སྐུ་མཆེད་གསུམ་པོ་རབ་ཏུ་འབྱུང་བར་བརྫངས་པ་བཞིན། མྱང་གི་བྱེ་མདར་འབྲེ་ཆེན་པོ་ལས་རབ་ཏུ་བྱུང་། སྔར་གྱི་བག་ཆགས་སད་པའི་སྟོབས་ཀྱིས་མཁན་པོ་འབྲེ་ཆེན་པོའི་སྐུའི་ཡོན་ཏན་མཐའ་དག་ཐུགས་སུ་ཆུད་ནས་མཁས་པའི་གྲགས་པ་ཀུན་ལ་ཁྱབ། དེ་རྗེས་ཁྱུང་རིན་ཆེན་གྲགས་དང་། ས་སྐྱ་ཀུན་དགའ་སྙིང་པོ་སོགས་བླ་མ་དུ་མའི་ཞབས་ལ་གཏུགས་ནས་མདོ་སྔགས་ཀྱི་ཆོས་གཞུང་རྒྱ་ཆེར་གསན་པས། རྗེ་བཙུན་ཀུན་དགའ་སྙིང་པོའི་ཕྱོགས་ཀྱི་མཁས་གྲུབ་བཞིའི་ཡ་གྱལ་དུ་གྱུར། གནས་རྙིང་མཁན་པོ་དཀོན་སེང་གི་སྐུའི་གཅེན་པོ་ཡིན། ཁོང་གིས་ལ་སྟོད་དང་ཉང་གཉིས་ལ་དགོན་གནས་མང་དུ་བཏབ་སྟེ་མགོན་པོ་སྟོད་ལུགས་སོགས་ཤངས་པའི་ཆོས་སྐོར་སྤེལ་བར་མཛད་ལ། ལ་སྟོད་གནས་རྙིང་གི་གདུང་རབས་ལ་སྤྱན་རས་གཟིགས་ཀྱི་རྣམ་འཕྲུལ་བརྒྱད་ཅུ་རྩ་བརྒྱད་བྱོན་པ་ལས་ཕྱིས་ཀྱི་གདུང་རབས་འགས་ཤངས་ཆོས་སྐོར་ཅིག་ཉམས་ལེན་དང་དར་ཁྱབ་རྒྱ་ཆེར་མཛད། ཁོང་ལ་དཔལ་ཕག་མོ་གྲུ་པ་དང་། གྲུབ་ཐོབ་ཉི་ཕུག་པ་ཆོས་ཀྱི་གྲགས་པ། མཁན་པོ་དབང་ཕྱུག་རིན་ཆེན་སོགས་བསམ་གྱིས་མི་ཁྱབ་པའི་སློབ་མ་མང་། མཐར་དགུང་གྲངས་གོ་དགུར་ཕེབས་པ་སྤྱི་ལོ་1147ལོར་རང་གིས་བཏབ་པའི་དགོན་པ་གནས་གསར་རམ་གནས་གོག་ཏུ་གཤེགས། སྐུ་གདུང་ཧྲིལ་པོ་ཐོག་མར་གནས་རྙིང་དང་ཉེ་བའི་ལྷོ་ངོས་ཀྱི་གནས་གོག་ལྷ་ཁང་གི་མཆོད་རྟེན་གཅིག་ཏུ་བཞུགས་ཀྱང་། ད་ལྟ་མཆོད་རྟེན་གྱི་ཤུལ་ཙམ་ལས་སྐུ་གདུང་མཇལ་རྒྱུ་མི་འདུག
སྤྱིར་ལ་སྟོད་པ་དཀོན་མཆོག་མཁར་ལ་བཀའ་བབས་པའི་ནི་གུ་ཆོས་དྲུག་གི་དབང་བྱིན་རླབས་ཁྲིད་བཅས་དང་འབྲེལ་བ་བཀའ་སྲུང་མགོན་པོའི་སྐོར་ལ། བླ་མ་མགོན་པོ་དབྱེར་མེད་ཀྱི་བྱིན་རླབས། གྲིབ་སེལ། གནས་དབབ་ལྷ་བཞི་བླ་མར་དྲིལ་ནས་སྒྲུབ་པ། མགོན་མཐིང་། གཏོར་དབང་བར་ཆད་ཀུན་སེལ། མགོན་དཀར་ཡིད་བཞིན་ནོར་བུ། མགོན་དམར་དབང་གི་རྒྱལ་པོ། མགོན་ལྗང་ཚེའི་བདག་པོ། མགོན་སེར་གུར་ཀུམ་མདོག་ཅན། མགོན་པོ་འཆིང་ཁ། གསང་སྒྲུབ་ཡུམ་ཅན་མགོན་པོ་སོགས་མགོན་བཀའ་བཅུ་གསུམ། བླ་མ་མགོན་པོ་དབྱེར་མེད་ཀྱི་ཁྲིད། རཱ་ཧུ་ལ་ནས་བརྒྱུད་པའི་སྐུ་དངོས་ལ་བསྟེན་པའི་ལྔ་ཁྲིད། མེ་ཏྲི་པ་ནས་བརྒྱུད་པའི་འཁོར་ལོ་བཞི་ཁྲིད། ཡང་མཻ་ཏྲི་པ་ནས་བརྒྱུད་པའི་མཁའ་སྤྱོད་དཀར་མོ་དང་མགོན་དཀར་ཡིད་བཞིན་ནོར་བུ་གཉིས་ཀྱི་འཁོར་ལོ་བཞི་ལ་བརྟེན་པའི་ཚེ་ཁྲིད་སོགས་མཐའ་ཡས་སོ།།
༤ མཁས་པ་ཕྱ་གཡོར་གཉིས་ཞེས་གྲགས་པའི་ཡ་གྱལ་དགེ་བཤེས་གཡོར་པོ་རྒྱ་མོ་ཆེས་སྟོད་ལུང་སོགས་དབུས་ཁུལ་གྱི་ས་ཆ་འགར་བཞུགས་ནས་ཤངས་ཆོས་སྤེལ། ལྷག་པར་ཕར་ཕྱིན་ཐེག་པར་མཁས་པའི་དགེ་བཤེས་འདི་ཉིད་ཀྱིས་རྨོག་ལྕོག་པ་རིན་ཆེན་བརྩོན་འགྲུས་ལོ་ལྔ་ཙམ་རྗེས་སུ་བཟུང་ནས་ཕར་ཕྱིན་དང་། སྤྱོད་བསྡུས་སོགས་འཆད་ཁྲིད་མཛད། ཁོང་གི་མཛད་རྣམ་ཞིབ་པ་ད་ཕན་མ་རྙེད།
༥ དངུལ་སྟོན་རིན་དབང་ནི་མཁས་གྲུབ་ཁྱུང་པོ་ཐེངས་གསུམ་པར་རྒྱ་གར་ནས་བོད་དུ་ཕྱིར་ལོག་ཕེབས་རྗེས། མངའ་རིས་ནས་སྙེ་མོར་གདན་དྲངས་ཏེ་ཆོས་འཁོར་འཛུགས་མཁན་གྱི་སྒོ་མོའི་ཇོ་བཙུན་ཁྱུང་པོ་དང་། དངུལ་བཙུན་ཀྲོངས་པོ་གཉིས་ལས། ཕྱི་མ་དངུལ་བཙུན་ཀྲོངས་པོ་ཞེས་པ་དེ་མིན་ནམ་སྙམ། མཛད་རྣམ་གཞན་མ་མཇལ།
༦ རྨེའུ་སྟོན་པ་སྐྱེས། འདི་ཉིད་ཀྱི་མཛད་རྣམ་ཞིབ་པ་ད་ཕན་མ་མཐོང་ཡང་། ཁོང་ནི་བོན་གྱི་གདུང་རྒྱུད་ཆེ་བ་དྲུག་གི་ནང་གསེས་མཁས་པ་རྨེའུ་ཡི་རིགས་སུ་གཏོགས་པར་སེམས། གང་ལགས་ཤེ་ན། གཅིག་ནས་མཁས་གྲུབ་ཁྱུང་པོ་རང་ཉིད་སྐུ་ཚེའི་སྟོད་དུ་བོན་ཆོས་ལ་ཞུགས་པ་དེས་རྐྱེན་པས། ཁམས་ཁུལ་གྱི་བོན་པོའི་གྲྭ་སློབ་འགའ་ཞིག་ཀྱང་ཞོང་ཞོང་དུ་མཁས་གྲུབ་ཁྱུང་པོའི་སྤྱན་སྔར་བྱོན་ནས་ཤངས་པ་བཀའ་བརྒྱུད་ཉམས་ལེན་གནང་སྲོལ་བྱུང་ཡོད་པ་དང་། གཉིས་ནས་མེའུ་སྟོན་ལྷ་རི་གཉན་པོས་ཤངས་གུར་ཞོག་དགོན་ཕྱག་བཏབ་པ་དང་། རྨེའུ་སྟོན་དམ་པ་དགོངས་མཛད་ཀྱིས་དཀར་པོ་བྲག་དང་བྲག་དཀར་སྒྲུབ་སྡེ་སོགས་སུ་བཞུགས་ནས་བོན་གྱི་བསྟན་པ་སྤེལ་བ། གསུམ་ནས་རྨེའུ་སྟོན་ཡེ་ཤེས་རྒྱལ་མཚན་དང་རྨེའུ་སྟོན་ཡེ་ཤེས་གཡུང་དྲུང་སོགས་རྨེའུ་ཡི་བརྒྱུད་འཛིན་པ་དེ་དག་གིས་མཛད་པ་སྐྱོང་སའི་གནས་གཞི་ཡང་སྤྱིར་ཞོང་ཞོང་གིས་ལྟེ་བར་བྱས་པའི་ས་རྣམས་སུ་འཁེལ་བའི་དབང་གིས་རྨེའུ་སྟོན་པ་སྐྱེས་ཞེས་པ་འདི་ཉིད་ཀྱང་རྨེའུ་ཡི་རིགས་སུ་གཏོགས་ཀྱང་། སྐབས་དེར་ཤངས་ཁུལ་དུ་ཁྱུང་པོ་ཉིད་གྲགས་ཆེ་བས་ཤངས་ཆོས་ཉམས་སུ་ལེན་ཏེ་འཇམ་དཔལ་དབྱངས་དང་འཇིགས་བྱེད་ལ་མངའ་བརྙེས་ཤིང་མཁས་གྲུབ་ཁྱུང་པོའི་ཉེ་གནས་གཙོ་བོའི་གྲས་སུ་གྱུར་པ་ཡིན། གཞན་ཡང་སྨན་རིའི་སློབ་དཔོན་བསྟན་འཛིན་རྣམ་དག་གིས་དགའ་ལྡན་ཆོས་འཁོར་གྱི་ཤར་ཕྱོགས་གཤང་ཆུའི་ཕར་ཁ་ན། རྨེའུ་ཚང་གི་གདན་ས་གཤང་གི་ཞོང་ཞོང་ཚལ་ཞེས་པ་དེ་འདུག་ཅེས་གསུངས་པས་ཀྱང་། མཁས་གྲུབ་ཁྱུང་པོས་དགོན་གནས་མ་བཏབ་གོང་སྐབས་ཤིག་རིང་ཞོང་ཞོང་དུ་རྨེའུ་ཡི་གདན་ས་ཡོད་པ་ལས་ཀྱང་ཤེས་རྟོགས་ཐུབ།
དེ་ལྟར་མཁས་གྲུབ་ཁྱུང་པོའི་དངོས་སློབ་ཀྱི་སྤྱིའི་གྲངས་ཚད་རགས་ཙམ་འཁོད་ཀྱང༌། མཛད་རྣམ་ཁུངས་མ་རྣམས་སུ་མཚན་གསལ་བར་འཁོད་པའི་སློབ་མ་ནི། སྔ་བུ་ལྔ་དང་ཕྱི་བུ་གཅིག་ཕུད་གཞན་ཡང་། རོང་པོ་དགེ་བ་རྒྱལ། བོན་ཞང་བདེ་བ་དཔལ། དགེ་བཤེས་རོང་པོ་དཀོན་རྒྱལ། ཉེ་གནས་རིན་ཆེན་རྡོ་རྗེ། དགེ་བཤེས་འགའ་པ་ཆོས་རྒྱལ་སོགས་སློབ་མ་ལྔ་ཙམ་དང་། གནས་རྙིང་གྱེན་ཐོར་མཁན་པོ་དབང་ཕྱུག་རིན་ཆེན་པས་ཤངས་པ་དུ་གུ་བ་ལ་ཆོས་སྐྱོང་གི་སྐོར་མཐའ་དག་གསན་ཞེས་འཁོད་པ་ལྟར། གནས་རྙིང་གི་མཁན་པོ་དབང་ཕྱུག་རིན་ཆེན་གྱིས་ཀྱང་མཁས་གྲུབ་ཁྱུང་པོའི་ཞབས་ལ་གཏུགས་ཏེ་ཆོས་སྐྱོང་གི་སྐོར་སོགས་གསན་མྱོང་བ། ཡང་དངུལ་ཆུ་དྷརྨ་བྷ་དྲའི་གསུང་འབུམ་དུ་ཤངས་པ་བཀའ་བརྒྱུད་ཀྱི་ཤིང་རྟའི་སྲོལ་འབྱེད་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་དུ་གྲགས་པ་དེ་ཉིད་ལ་གངས་ཅན་གྱི་ལྗོངས་འདིར་སློབ་མའི་གཙོ་བོ་བཀའ་བབས་གསུམ་བྱུང་བ་སྟེ། ནེ་གུ་ཆོས་དྲུག་གི་བཀའ་བབས་རྨོག་ལྕོག་པ་རིན་ཆེན་བརྩོན་འགྲུས། ཡེ་ཤེས་མགོན་པོའི་བཀའ་བབས་ལ་སྟོད་པ་དཀོན་མཆོག་མཁར། ཉམས་དང་རྟོགས་པའི་བཀའ་བབས་ཁྱུང་པོ་བྱས་བརྟེན་ཞེས་འཁོད་པ་ལྟར་མཁས་གྲུབ་ཁྱུང་པོའི་བཀའ་བབས་འཛིན་པའི་དངོས་སློབ་གལ་ཆེའི་གྲས་སུ་ཁྱུང་པོ་བྱས་བརྟེན་ཞེས་པ་ཞིག་ཀྱང་ཡོད་པ། དེ་མིན་དཔལ་རྒྱུད་སྡེ་ལྔའི་ཆོ་ག་དོན་གསལ་རྒྱས་བྱེད་དུ་རྒྱུད་སྡེ་ལྔ་བླ་མ་རཱ་ཧུ་ལ་ནས་མཁས་གྲུབ་ཁྱུང་པོར་བརྒྱུད་པའི་རིམ་པ་གསུངས་སྐབས། མཁས་གྲུབ་ཁྱུང་པོས་སྣེའུ་སྟོན་པ་ཡོན་ཏན་ཚུལ་ཁྲིམས་ལ་དངོས་སུ་བརྒྱུད་པའི་སྐོར་གསལ་བ་སོགས་ལས་མཁན་པོ་དབང་ཕྱུག་རིན་ཆེན་དང་། ཁྱུང་པོ་བྱས་བརྟེན། སྣེའུ་སྟོན་པ་ཡོན་ཏན་ཚུལ་ཁྲིམས་བཅས་ཀྱང་མཁས་གྲུབ་ཁྱུང་པོའི་དངོས་སློབ་ཡིན་པ་ཤེས་རྟོགས་ཐུབ། མཁས་གྲུབ་ཁྱུང་པོ་སྐུ་གཤེགས་རྗེས་སློབ་མ་གཙོ་བོ་མང་ཆེ་བ་ཞོང་ཞོང་དུ་མ་བཞུགས་པར་དབུས་གཙང་ཁུལ་གྱིས་གཙོས་པའི་ས་ཆ་མང་པོར་བྱོན་ཏེ། བླ་མ་ཤངས་པའི་གདམས་པ་རྣམས་གདུལ་བྱ་ཅི་རིགས་ལ་གསུངས་ནས་ཤངས་ཆོས་རྒྱ་ཆེར་སྤེལ། དེར་བརྟེན་མཁས་གྲུབ་ཁྱུང་པོ་སྐུ་གཤེགས་པ་དེས་ཞོང་ཞོང་གི་དགོན་གནས་ཉམས་རྒུད་དང་ཤངས་ཆོས་ཀྱི་སྟོབས་ཤུགས་མུ་མཐུད་གོང་འཕེལ་གཏོང་བར་ཚབས་ཆེའི་གྱོང་གུན་བཟོས་ཀྱང་། ཕྱོགས་གཅིག་ནས་བརྗོད་ན་དེས་ཤངས་པའི་ཆོས་བརྒྱུད་འདི་ཉིད་ཡུལ་ལུང་གཅིག་གཙོ་བོར་སློབ་གཉེར་དང་ཉམས་ལེན་བྱེད་པའི་བཀག་རྒྱ་ལས་གྲོལ་ཏེ་བོད་ཀྱི་ས་ཆ་མི་འདྲ་བར་ཁྱབ་བརྡལ་དུ་འགྲོ་རྒྱུར་སྔོན་འགྲོའི་ཆ་རྐྱེན་ལེགས་པར་བསྐྲུན་ནོ།
II.2.1.3 The later Seven Jewels of the lineage
།གསུམ། རིན་ཆེན་བདུན་བརྒྱུད་ཕྱི་མའི་སྐོར།
རིན་ཆེན་བདུན་བརྒྱུད་ཕྱི་མ་ནི། འགྲོ་མགོན་སངས་རྒྱས་སྟོན་པའི་སློབ་མ་མཁས་གྲུབ་གཙང་མ་ཤངས་སྟོན་དང་། ཁྱུང་པོ་གཉིས་པ་ཚུལ་ཁྲིམས་མགོན་པོ། རས་ཆེན་སངས་རྒྱས་སེང་གེ ཤངས་དཀར་རིན་ཆེན་རྒྱལ་མཚན། མཉམ་མེད་སངས་རྒྱས་དཔལ་བཟང་། གྲུབ་ཆེན་ནམ་མཁའ་རྒྱལ་མཚན། རྒྱ་སྒོམ་ལེགས་པ་རྒྱལ་མཚན་བཅས་ཏེ།
Tsangma Shangtön
༡ མཁས་གྲུབ་གཙང་མ་ཤངས་སྟོན།
མཁས་གྲུབ་ཤངས་སྟོན་ནི་ཁོང་རྒྱང་ཡང་སྒང་སྟེ་དེང་གཞིས་རྩེ་རྣམ་གླིང་རྫོང་སྟག་སྣ་ཡུལ་ཤོག་ཁོ་ལམ་ཚོན་ཁོང་རྒྱང་གྲོང་ཚོའི་ལྟག་ཏུ་ཡབ་དཔོན་པོ་དཀོན་བཟང་དང་ཡུམ་ཇོ་དགེ་གཉིས་ཀྱི་སྲས་སུ་སྤྱི་ལོ་1234ལོར་བཀྲ་ཤིས་པའི་ལྟས་དུ་མ་དང་བཅས་སྐུ་འཁྲུངས། གདུང་རུས་ནི་བླ་མ་རྭ་ལོ་སོགས་དང་མཚུངས་པར་རྭ་ཡི་རིགས་ཡིན། ཡུམ་གྱི་ལྷུམས་སུ་ཞུགས་པ་ན། ཡབ་ཡུམ་བདེ་སྐྱིད་དང་ལྡན་པར་འགྱུར། སྐུ་ན་ཆུང་ངུའི་དུས་ནས་སྔོན་གྱི་བག་ཆགས་སད་པའི་སྟོབས་ཀྱིས་འདོད་པར་རྐམས་ཆགས་མེད་པ། འཁོར་བའི་ཉེས་དམིགས་གཟིགས་པ། འཆི་བ་མི་རྟག་དྲན་པ། དད་སེམས་སྙིང་རྗེ་ཆེ་བ། མཆོག་གསུམ་བླ་མར་གུས་པ་སོགས་ཀྱི་བྱིས་པའི་སྤྱོད་པ་ལས་ཡོངས་སུ་འདས། དགུང་ལོ་བརྒྱད་དགུའི་དུས་སུ་ཡེ་གེ་འབྲི་ཀློག་བསླབས། བཅུ་གསུམ་ལ་བླ་མ་ཉི་ཐོག་པ་ལས་རབ་ཏུ་བྱུང༌། སློབ་དཔོན་ཚུལ་ཤེ་དང་སློབ་དཔོན་ཤཱཀྱ་འབུམ་ལས་ཕར་ཕྱིན་དང་སྤྱོད་འཇུག་གསན། དགུང་ལོ་བཅོ་བརྒྱད་ལ་གཞུང་དེ་གཉིས་ཀྱི་བཤད་པ་ཡང་མཛད། སློབ་དཔོན་ཚུལ་ཡེས་ཚད་མ་རྣམ་ངེས་ ཀྱི་གཞུང་ཁྲིད་སྐབས། ཡིག་ཕྲེང་དང་པོ་དེ་གསུངས་པ་དང་ཤོག་ངོས་དེ་ཐམས་ཅད་བདེ་བླག་ཏུ་གོ་བ་བྱུང་བས་དཀའ་ཚེགས་མེད་པར་མཁྱེན་ཞིང་སྟོན་པ་བཟང་པོར་གྲགས་སོ།
།དེ་ནས་བླ་མ་བས་སྟོན་ལྷ་རིན་ལ་དགྱེས་རྡོར་སྒྲུབ་ཐབས་དང་བཅས་པ། བདེ་མཆོག་དྲིལ་བུ་བ། རྗེ་བཙུན་སྒྲོལ་མ། ཕྱག་ན་རྡོ་རྗེའི་མདོ་ལུགས་སོགས་ཀྱི་དབང་བསྐུར་དང་བཅས་པ་ཞུས་ནས་ཐུགས་སུ་ཆུད་པར་མཛད། གཡའ་ལུང་དགོན་གསར་བའི་མཁན་པོ་ལས་བཀའ་གདམས་ལམ་རིམ་དང་། ལམ་སྒྲོན། བྱང་ཆུབ་སེམས་དཔའི་བློ་སྦྱོང་། གནས་བརྟན་བཅུ་དྲུག་གི་གསོལ་འདེབས། ཤེས་རབ་སྙིང་པོའི་སྒྲུབ་ཐབས་ལ་སོགས་པ་མང་དུ་ཞུས། མདོ་བོ་རུ་བླ་མ་ཀརྨ་པ་ལ་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ། སྐུ་གསུམ་ངོ་སྤྲོད། རླུང་སེམས་དབྱེར་མེད། བསམ་གཏན་མཐུན་འཇོག་ལ་སོགས་པ་ཞུས། ཡབ་ཡུམ་འདས་རྗེས་ཡུལ་གཞིས་བཙོངས་ནས་ལུང་པའི་སྟོན་ཁོངས་ལ་ཁལ་འགྱེད་དང་ཟོང་འགྱེད་ལན་བཅུ་གཅིག་མཛད་ནས་ཆགས་མེད་ཡོངས་སུ་གཏོང་བའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡོངས་སུ་སྤྱད། ཆོས་ཞུ་སའི་བླ་མ་རྣམས་ལ་ཟང་ཟིང་གི་འབུལ་བ་དང་མོས་གུས་ཀྱི་སྒྲུབ་པ་ལ་སོགས་པའི་མཉེས་པ་གསུམ་གྱིས་མཉེས་པར་མཛད། ཀུ་རེ་དང་ཀྱལ་ཀའི་ཕྱིར་ཡང་བླ་མའི་གསུང་ཟློག་མ་མྱོང་།
དེ་རྗེས་ཡོལ་ཕུ་རི་གོང་དུ་སངས་རྒྱས་སྟོན་པ་བྱ་བའི་བླ་མ་རྟོགས་ལྡན་གྲུབ་ཐོབ་བཟང་པོ་ཞིག་བཞུགས་ཟེར་བ་ཐོས་པ་ཙམ་ནས་སྔོན་གྱི་ལས་འཕྲོ་སད་དེ་མོས་གུས་ཆེན་པོ་སྐྱེས། བླ་མའི་ཞལ་མཇལ་བ་ཙམ་གྱིས་སྤྱན་ཆབ་རང་དབང་མེད་པར་ཤོར་ཞིང་མོས་གུས་ཐུན་མོང་མ་ཡིན་པ་སྐྱེས། དུས་དེ་ཉིད་དུ་དགེ་སྦྱོར་བཟང་པོ་ཉམས་སུ་ཤར། བླ་མས་སྒྱུ་ལུས་རྨི་ལམ་སྤྱིའི་དབང་བསྐུར་ཏེ་ཆོས་དྲུག་གི་ཁྲིད་བསྐྱངས། ཐབས་ལམ་ལ་བདེ་དྲོད་འབར་བས་ཞག་བདུན་ནས་རས་ཐུབ་པ་བྱུང་། སྒྱུ་ལུས་འབྲིང་པོ་ཞག་གསུམ་སྒོམ་པའི་དུས། རྨི་ལམ་དུ་ལྷ་སྐུ་རང་ཤར། རྨི་ལམ་རང་ཟིན། སྒྱུ་མ་རང་ཤར། སྦྱོང་སྤེལ་སྤྲུལ་བསྒྱུར་ཐམས་ཅད་དུས་གཅིག་ལ་ནུས་པར་བྱུང་། བླ་མས་ང་བས་ཀྱང་ཁྱོད་དགེ་སྦྱོར་སྐྱེ་ཚུལ་བཟང་བར་འདུག །དོན་ཁྲིད་ལེགས་པར་ཐོབ་པ་ཡིན། ད་ཆོས་དྲུག་ཤར་བཤད་པས་ཆོག་པར་འདུག་ཅེས་གསུངས། དེས་ན་མཁས་གྲུབ་ཤངས་སྟོན་དེ་ཉིད་སྒྱུ་ལུས་འབྲིང་པོ་ལ་དགེ་སྦྱོར་ཐག་ཆོད་པ་ཡིན། གཞན་ཡང་སེམས་འཆི་མེད་ལ་དུས་ཡུན་ཟླ་བ་ལྔ་ཞུས་པས་ལྷ་སྐུ་རང་ཤར་དུ་ཕལ་ཆེར་བྱུང༌། ཡང་དབྱར་དུས་ཤིག་ཡོལ་རི་གོང་དུ་དགེ་སྦྱོར་འཇུར་པོ་བྱས་པས་སྐུ་ལུས་ཤ་དཔངས་བསྟོད་ཅིང་སྐྲངས་ནས་རླུང་སྐྱ་རྦབ་བྱུང་བ་ལ། བླ་མས་ལུས་འཆི་མེད་ཀྱི་འཕྲུལ་འཁོར་གནང་བས་ལེགས་པར་ཕན། དེ་ལྟར་སྔ་རྗེས་སུ་བླ་མ་སངས་རྒྱས་སྟོན་པས་ཆོས་དྲུག་སོ་སོའི་དབང་དང་། མཁའ་སྤྱོད་དཀར་དམར། བདེ་མཆོག་ལྷ་ལྔ། རྒྱུད་སྡེ་ལྔའི་དབང་བསྐུར་སྒྲུབ་ཐབས་དང་བཅས་པ། ཚེ་དཔག་མེད་ཀྱི་དབང་སྒྲུབ་ཐབས་དང་བཅས་པ། སྐྱེར་སྒང་ལུགས་ཀྱི་ཐུགས་རྗེ་ཆེན་མོ་དང་རྟ་མགྲིན་གསང་སྒྲུབ། མྱུར་མཛད་ཡེ་ཤེས་མགོན་པོའི་ཆོས་སྐོར། བདེ་མཆོག་མཁའ་སྤྱོད་རིག་འཛིན་སོགས་ཤངས་པའི་ཟབ་ཆོས་མ་ལུས་རྫོགས་པར་བསྩལ་ཞིང་ཆིག་བརྒྱུད་གདམས་པའི་རྒྱལ་ཚབ་ཏུ་བསྐོས། མཁས་གྲུབ་འདི་ཉིད་ཀྱི་ཁྱད་དུ་འཕགས་པའི་ཡོན་ཏན་ལ་ཆོས་རྗེ་སངས་རྒྱས་སྟོན་པས་ཀྱང་འབྲི་གུང་ཁྲི་ཚོ་བཅོ་བརྒྱད་ཀྱི་གསེབ་ན་འོ་ཅག་གི་ཤངས་སྟོན་ཙམ་ཞིག་ཡོད་དམ་མེད་དམ་ཞེས་པ་ལ་སོགས་པའི་བསྔགས་པ་ཡང་ཡང་མཛད་ལ། མཁས་གྲུབ་ཤངས་སྟོན་ཉིད་བཅུ་བཞིའི་ས་ཐོབ་པ་དང་། སློབ་མ་བརྒྱུད་འཛིན་དང་བཅས་པ་ཐམས་ཅད་དག་པ་བདེ་སྟོང་མཁའ་སྤྱོད་དུ་འགྲོ་བར་ལུང་བསྟན།
མཁས་གྲུབ་ཤངས་སྟོན་གྱིས་རང་ཉིད་ཀྱི་གཅུང་པོ་ཚུལ་ཁྲིམས་དཔལ་ཡང་ཡབ་ཀྱིས་གཉེན་བསྒྲིགས་པ་བཤིག་སྟེ། བཙུན་པ་བྱེད་དུ་བཅུག་ནས་ཆོས་རྗེ་སངས་རྒྱས་སྟོན་པ་ལ་ཆོས་དྲུག་གི་ཁྲིད་ཞུས་པས། ཐབས་ལམ་ལ་དགེ་སྦྱོར་ཐག་ཆོད་པའི་སྒོམ་བཟང་པོ་བྱུང༌། ཡང་ཐེངས་ཤིག་ཡོལ་རི་གོང་དུ་གཞུང་བྲག་དམར་བའི་བླ་མ་རས་པ་དཀོན་མཆོག་སྐྱབས་ཆོས་རྗེ་སངས་རྒྱས་སྟོན་པ་ལ་ཆོས་ཞུ་རུ་བྱུང་བ་ལ་རྫོགས་ཆེན་སྙིང་ཏིག་ཞུས་པས། ལྟ་སྟངས་བྱས་མ་ཐག་ནམ་མཁའ་ཐམས་ཅད་ཁྲ་མིག་ཏུ་ཤིག་གེར་སོང་བས། ཁྲི་མིག་རེ་རེའི་ནང་ན་ཇོ་བོ་ཐུགས་རྗེ་ཆེན་པོ་རེ་རེ་བཞུགས་པ་ཞལ་གཟིགས། ཙ་རིར་སྐུ་ལུས་ལ་གེགས་ཤིག་བྱུང་བ་རྒན་མོ་ལྷས་པའི་བླ་མ་ཁམས་པ་ལ་ལམ་འབྲས་ཀྱི་གེགས་སེལ་ཞུས་པས་ཞག་ཉི་ཤུ་རྩ་ལྔར་གེགས་ཐོན། དེ་ལས་ལམ་འབྲས་ཞ་མ་ལུགས་ཀྱི་དབང་དང་། བཀའ་དང་བརྒྱུད་པའི་ལོ་རྒྱུས། གེགས་སེལ་ཐུགས་རྒྱུད། དམིགས་པ་རྒྱ་མཚོ། རྒྱུད་དྲག་པོ་གསུམ་འདུལ་སོགས་ཀྱི་གདམས་པ་མང་དུ་ཞུས། འཇག་ཆུང་དུ་བཞུགས་པའི་དུས་སུ། རང་གི་ལུས་པོ་ཁོང་རྒྱང་ལུང་པར་མ་ཤོང་བར་སྐུ་སྨད་ལུང་པས་བསྡམས་ནས་སྐུ་སྟོད་ཡན་ཆད་ནམ་མཁའ་ལ་ཡར་རྒྱང་ངེ་ཐོན་པའི་སྣང་བ་བྱུང་། ས་གཞི་དང་བར་སྣང་ཐམས་ཅད་ལྷ་སྐུ་ཁྲུ་རེ་ཙམ་མང་པོས་ཁྲིག་པ་ཡང་བདེ་མཆོག་ལྷན་སྐྱེས་དང་ཤཱཀྱ་ཐུབ་པ་ཆུ་ལོན་མ་མང་པོ་ཡོད་པ་ལོ་གསུམ་གྱི་རིང་འཇག་ཆུང་དུ་བབས་ནས། ཆུ་ལོན་སྐབས་སུ་ཡང་རྐང་འོག་ཏུ་མ་རྫི་བའི་ཕྱིར་ཕར་གཡོལ་ཚུར་གཡོལ་བྱེད་དགོས་ཀྱི་ཡོད། ལྷག་པར་ཕྱིར་མི་ལྡོག་པའི་ས་ནོན་པའི་རྟགས་སུ། རིགས་དྲུག་གི་གནས་སྐྱོང་ཐམས་ཅད་ཤར་བ་དང༌། མངོན་རྟོགས་རྒྱན་ལས་ཀུན་སྤྱོད་གཙང་དང་སྐུ་ལ་ནི། །སྨེ་བ་གནག་བག་མེད་པ་དང་ཞེས་གསལ་བ་ལྟར་སྐུ་ལ་འབུ་སྲིན་དང་སྲོ་ཤིག་ནག་སྦག་ལ་སོགས་པ་མི་གཙང་བའི་རྣམ་པ་གང་ཡང་མེད་པ་སྐུ་གཟི་གདངས་དང་ལྡན་པ། ཞལ་མཇལ་བ་ཙམ་གྱིས་དང་བ་འདྲེན་པ་ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད་པ་མངའ་བས་འགྲོ་མགོན་གཙང་མ་ཞེས་གྲགས་སོ།
།མཁས་གྲུབ་ཤངས་སྟོན་ངང་སྡེའི་འཁྲིས་ཀྱི་བྲག་ལ་བཞུགས་པའི་དུས་སུ། མཁའ་ལ་རོལ་མོའི་སྒྲ་ཆེན་པོ་ཞིག་གྲགས་པ་དང་མི་དཀར་པོ་ཞིག་བྱུང་ནས་ཡར་འདེང་ཞེས་བརྗོད་པ་ལྟར་བྱས་པས་རྗེ་བཙུན་སྒྲོལ་མའི་ཞལ་གཟིགས་པ་དང་གསུང་བྱོན་ཞིང་བྱིན་རླབས་ཀྱང་མཛད། གཉན་ཁྲོད་རྣམས་སུ་གཅོད་མཛད་པའི་དུས་སུ། དངོས་སུ་ཟབ་རྡེག་པ་དང༌། རྡོ་ཆར་འབེབས་པ་དང་། འདྲུད་པ་དང་། སྙིང་རླུང་བཟོད་གླགས་མེད་པ་ལ་སོགས་བྱུང་ཡང་གཅོད་མ་ཆོད་པ་དང་། ལྷ་འདྲེ་ཟིལ་གྱིས་མ་ནོན་པ། དབང་དུ་མ་འདུས་པ་དང་། དམ་ལ་མ་ཐོགས་པ་གཅིག་ཀྱང་མ་བྱུང་། མཁས་གྲུབ་ཤངས་སྟོན་གྱི་ལྗགས་རྩོམ་སྐོར་ལ། ཚད་མའི་བསྟན་བཅོས་སྒྱུ་མ་གསལ་བྱེད་ཆོས་དྲུག་དྲིལ་དོན་མ་འཆི་བ་བདུན་མ་ཐུགས་ལ་འཁྲུངས་པའི་ཉམས་དབྱངས་མཁར་དཔེ་མ་དང་། ཆོས་དབྱིངས་རྣམ་དག་མ་སོགས་ཕུལ་དུ་བྱུང་བ་མང་ཡང་། ད་ཕན་དེ་དག་གི་དཔེ་མ་མཇལ།
དེ་ལྟར་བླ་མ་གོང་མའི་ལུང་བསྟན་འཁོར་གྱི་ཐོག་མ། ཁམས་གསུམ་ཆོས་ཀྱི་རྒྱལ་པོ། རྒྱས་སྲས་ཀུན་གྱི་ཐུ་བོ། ལྷར་བཅས་འགྲོ་བའི་གཙུག་རྒྱན། ས་གསུམ་ན་འགྲན་ཟླ་བྲལ་བའི་བདག་ཉིད། ཐར་འདོད་རྣམས་ཀྱི་སྐྱབས་དམ་པ་མཁས་གྲུབ་གཙང་མ་ཤངས་སྟོན་འདི་ཉིད་ཀྱི་ནང་སེམས་ཀྱི་མྱོང་རྟོགས་རི་རབ་ཀྱི་རྩེ་མོར་སོན་ཡང་རྣམ་པ་ཀུན་དུ་རང་རྒྱུད་ཐ་མལ་པའི་ཚུལ་བཟུང་ནས་ཡོན་ཏན་ཐམས་ཅད་སྦས་པའི་རྣལ་འབྱོར་མཛད། ལྷག་པར་དུ་རང་ལ་མངའ་བའི་རྒྱུ་ནོར་ཡོད་ཚད་དགེ་ཕྱོགས་སུ་བཏང་ནས། དངོས་པོ་གཅིག་ཀྱང་མ་ལེན་པའི་དམ་བཅའ་མཛད། ཁོང་དགུང་ལོ་བདུན་ཅུ་དོན་དྲུག་ལ་ཕེབས་པ་སྤྱི་ལོ་1309ལོར་བདེ་བར་གཤེགས་སྐབས་སུ་ཡང་རྒོད་པོ་བྲག་སྟེང་ནས་འཕུར་བ་བཞིན་བཞུགས་གདན་དང་ན་བཟའ་ཕྲུགས་གཅིག་མ་གཏོགས། ཡོ་བྱད་གཞན་གང་ཡང་བཟུང་མེད་པ་ནི་ངོ་མཚར་ཆེ་བ་ཡིན། མཁས་གྲུབ་ཤངས་སྟོན་སྐུ་འདས་རྗེས་མཁས་བཙུན་རྒྱལ་མཚན་འབུམ་གྱི་རྨི་ལམ་དུ་བྱོན་ནས་རྒྱལ་བ་རིགས་ལྔའི་དབུ་རྒྱན་ཞིག་བསྣམས་ཏེ། བརྒྱུད་པ་མི་ཉམས་པར་བྱ་བའི་དོན་དུ་དབང་ཞུ་མགོ་ལ་བསྐོན་ནས་ཤངས་ཆོས་ཀྱི་བདག་པོར་བསྐོས།
Khyungpo Tsültrim Gönpo
༢ ཁྱུང་པོ་གཉིས་པ་ཚུལ་ཁྲིམས་མགོན་པོ།
དེ་ཡང་བླ་མ་མཆོད་པའི་ཆོ་ག་ཡིད་བཞིན་ནོར་བུ་ལས་བསམ་བཞིན་སྲིད་པར་སྐུ་སྤྲུལ་ནས། །འཁོར་བ་དོང་སྤྲུགས་སེམས་དཔའ་ཆེ། །ཁྱུང་པོ་གཉིས་པར་གྲགས་པ་ཡི། །ཚུལ་ཁྲིམས་མགོན་པོའི་ཞབས་ལ་འདུད་ཅེས་འཁོད་པ་བཞིན། ཤངས་པ་རིན་ཆེན་བདུན་བརྒྱུད་ཕྱི་མའི་དང་པོ། མཁས་གྲུབ་གཙང་མ་ཤངས་སྟོན་གྱི་སློབ་མ་ཁྱུང་པོ་ཚུལ་ཁྲིམས་མགོན་པོ་ནི། སྤྱི་ལོའི་དུས་རབས་བཅུ་གསུམ་པའི་སྨད་ཙམ་དུ། ཤངས་ཀྱི་སྐྱ་རར་ ཁྱུང་པོའི་རིགས་སུ་ཡབ་དཔོན་པོ་མགོན་ནེ་དང་ཡུམ་གྱིར་གྱི་ཕྱུག་མོ་ཀུན་ལྡན་ གཉིས་ཀྱི་སྲས་སུ་སྐུ་འཁྲུངས། གྲུབ་ཆེན་ཨོ་རྒྱན་པ་སྐྱ་རར་ཕེབས་པའི་དུས་ཤིག་སྐུ་ཉེ་རྣམས་ཀྱིས་སྐྱ་རའི་དཔོན་གྱིས་ཟེར་བ་ལ་མ་གསན་པར་ཁྱིམ་ལས་བྲོས་ཏེ་འཇག་ཆུང་དུ་ཕེབས། སྐབས་དེར་བླ་མ་ཤངས་སྟོན་ལ་མཁས་གྲུབ་ཁྱུང་པོ་མཇལ་བ་རྨིས་པས། ཁོང་གིས་ཁྱོད་རང་གི་ཆོས་ཚོ་ཚང་བར་གཏད་ཀྱི་གསུངས་ནས་དགེ་བསྙེན་བྱས། མིང་ཚུལ་ཁྲིམས་མགོན་པོར་བཏགས་ཞེས་འཁོད་པ་ལྟར། བླ་མ་ཤངས་སྟོན་དྲུང་དུ་དགེ་བསྙེན་གྱི་སྡོམ་པ་བཞེས་ཏེ་ཕྱག་རྒྱ་ཆེན་པོ་རྟོགས་མི་རྟོགས། ཆོས་དྲུག་རྡོ་རྗེའི་ཚིག་རྐང་། ཚིག་གསལ་ཐེམ་ཡིགའབྱམས་གཅོད་རྩ་འགྲེལ། སྒྱུ་ལུས་ཀྱི་སྦྱང་པ་རྣམ་གསུམ། འཆུག་མེད་བར་དོ་གསུམ་གྱི་གདམས་པ། འོད་གསལ་འཆར་སྒོ་ངོས་འཛིན། སྒྱུ་ལུས་དྲུག་ལྡན། ཁྱད་འཕགས་ཀྱི་གདམས་པ་བཅོ་ལྔ། གེགས་སེལ་རིན་ཆེན་སྒྲོན་མེ། མཁའ་སྤྱོད་དཀར་དམར་སོགས་ཤངས་ཆོས་ཀྱི་གདམས་ངག་མཐའ་དག་རྫོགས་པར་ཞུས། ཤངས་སུ་བྲེ་རྫིང་ཇོ་གདན་ཚོགས་པའི་མཁན་པོ་ཚུལ་ཁྲིམས་དཔལ་གྱི་མཁན་པོ་དང་། མཁས་བཙུན་དགེ་འདུན་རྒྱ་མཚོས་སློབ་དཔོན་མཛད་ནས་མཉམ་མེད་ཤཱཀྱའི་བསྟན་ལ་རབ་ཏུ་བྱུང༌། མཁས་གྲུབ་ཤངས་སྟོན་སྐུ་གཤེགས་རྗེས་ཐུགས་དགོངས་གར་རྫོགས་ཀྱི་གསོལ་འདེབས་ལ་སོགས་པ་ཆག་མེད་དུ་མཛད། དེ་ནས་འཇག་ཆུང་དུ་དབུ་སྔས་ཐོག་ཏུ་མི་འཇོག་པའི་དམ་བཅའ་མཛད་དེ་སྒྲུབ་པ་ལ་རྩེ་གཅིག་ཏུ་ཞུགས། དེའི་སྐབས་མཁས་གྲུབ་ཤངས་སྟོན་རྨི་ལམ་དུ་བྱོན་ནས། སྐུའི་བཀོད་པ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། རུས་པ་དང་རིན་པོ་ཆེའི་རྒྱན་དུ་མ་བསྣམས་པ། རིན་པོ་ཆེའི་གདན་ཁྲི་ལ་སོགས་ངོ་མཚར་བའི་བཀོད་པ་དཔག་མེད་བསྟན་ནས། ཤངས་པ་བཀའ་བརྒྱུད་ཀྱི་ཆོས་བཀའ་འདིས་གཞན་ལ་ཕན་པའི་རྟེན་འབྲེལ་མང་པོ་མཛད། སྐབས་དེ་དུས་གེགས་ཀྱང་མང་པོ་བྱུང་བས། མཚུར་ཕུར་ཀརྨ་རང་བྱུང་རྡོ་རྗེ་དང་ཞལ་མཇལ་ཞིང་མོས་གུས་ཁྱད་པར་ཅན་སྐྱེས། གེགས་ཕལ་ཆེར་ལས་གྲོལ། མཚུར་ཕུ་དགོན་དུ་གཞུ་དགེ་འདུན་སྒང་པའི་མཁན་པོ་གཞོན་ནུ་བྱང་ཆུབ་དང་། ལས་སློབ་བྱང་ཆུབ་མགོན། གསང་སྟེ་སྟོན་པ་བསོད་རིན། དད་པའི་ཁ་སྐོང་དགེ་འདུན་བཅུའི་དབུས་སུ་བསྙེན་པར་རྫོགས། དེ་རྗེས་ནས་ཁལ་གཅིག་གིས་རྩམ་པ་བྱས་ནས་ཤངས་ཕུའི་ལྷ་ལུང་ དུ་བཞུགས་པའི་དུས་རྩོལ་བཅས་རྩོལ་མེད་ཀྱི་དགེ་སྦྱོར་བློ་ཐག་ཆོད་པ་བྱུང་། ཤངས་ཕུར་ལོ་ཉི་ཤུ་རྩ་ལྔ་བཞུགས་པ་དང་། དགུང་ལོ་བཅུར་ཕེབས་སྐབས་སུ་སྐྱ་ར་བའི་རྒན་རྒོན་གཉིས་ལ་བུ་གཉིས་ཡོད་པ་ཟླ་བ་གཉིས་སོང་བ་དང་ཤི་བས། རྒན་རྒོན་སྨྱོ་སྟེ་མི་ལ་སོགས་པ་གང་མཐོང་བ་ལ་བུ་བུ་ཟེར་ནས་འགྲོ་བ། ཆུ་ལ་མི་བྱིང་མ་འཁྱེར་བ་དང་གཡང་དུ་ལྷུང་ཡང་མི་གནོད་པར་སྡུག་བསྔལ་གྱིས་གཙེས་པས། ཡུལ་མི་གཉེན་ཚན་རྣམས་གྲོས་བྱས་ནས་ཁོང་གི་རྩར་བསྐྱལ་བ་ཟླ་བ་གཅིག་ནས་སྨྱོ་ནད་དང་སྡུག་བསྔལ་སངས། སྨྱོ་ནད་དང་ནད་གདོན་ཅན་ལ་ཁྲིད་བཏབ་པས་ཕན་པ་དུ་མ་བྱུང༌། དེ་རྗེས་ཀརྨ་སྐུ་ཕྲེང་བཞི་པ་རོལ་པའི་རྡོ་རྗེ་སྐུ་འཁྲུངས་པ་གསན་ནས་མཚུར་ཕུ་དགོན་དུ་མཇལ་བར་ཕེབས། ཀརྨ་རོལ་པའི་རྡོ་རྗེའི་དྲུང་ནས་དབང་བསྐུར་དང་ཆོས་མང་དུ་གསན། ཞ་ལུར་བུ་སྟོན་ཐམས་ཅད་མཁྱེན་པ་དང་ཆོས་འབྲེལ་ཞུས་ཤིང་། འཛད་དུ་རྒྱལ་སྲས་རྔུལ་ཆུ་ཐོགས་མེད་ལས་འཇུག་པ་སེམས་བསྐྱེད། བློ་སྦྱོང་དོན་བདུན་མ། སྙིང་པོ་དོན་གསུམ། རྟེན་འབྲེལ་སྙིང་པོ་ལ་སོགས་པ་མང་དུ་ཞུས། ཕྱག་རྫས་ཅི་བྱུང་ཕལ་ཆེར་སྒོམ་ཆེན་པ་ལ་ནོར་གྱི་དགོས་པ་མེད་གསུང་ཞིང་། སྒོམ་ཆེན་པ་ལ་ཁང་པ་བཟང་པོ་མི་དགོས། སྤང་སྤྱིལ་དང་། ས་ཕུག་དང་བྲག་ཕུག་ཏུ་འཆི་རྒྱུ་ཡིན་གསུངས་ནས་ཡབ་ཡུམ་གྱི་གཤེགས་རྫོང་དང༌། ཉམས་ཆུང་ལ་སྦྱིན་པ། མ་ཎི་དུང་ཕྱུར་སུམ་ཅུ་མཛད་པ། སྤོང་ཐག་བཟང་པོ་ལན་གསུམ། དེ་བཞིན་སངས་རྒྱས་ཀྱི་དུས་མཆོད་དང་། ཆོས་རྗེ་རང་བྱུང་རྡོ་རྗེ། འཇག་པ་ཡབ་སྲས། རྒྱལ་སྲས་རྔུལ་ཆུ་ཐོགས་མེད་རྣམས་ཀྱི་དུས་མཆོད་ལ་ཆགས་མེད་བཏང༌། བདེ་ཆེན་གཟིམ་ཁང་ལ་སོགས་ཀྱི་དབེན་གནས་རྣམས་སུ་གཤེགས་དགོངས་ཀྱང་། ཡོན་བདག་བཟང་པོ་དང་གྲྭ་རིས་བུ་སློབ་རྣམས་ཀྱིས་གསོལ་བ་བཏབ་པ་བཞིན་གཞན་དུ་མ་གཤེགས། སྐུ་འདའ་ཁར་ངའི་ཕུང་པོ་འདི་ཞག་བདུན་ཞོག་ལ་དེ་ནས་མེ་ལ་བསྲེག །ཡང་ན་བྱ་ལ་སྦྱིན་གསུངས་ནས། སྟག་ལོའི་ས་ག་ཟླ་བ་ལ་ངོ་མཚར་གྱི་ལྟས་དུ་མ་དང་བཅས་དགའ་ལྡན་གྱི་གནས་སུ་གཤེགས། སྤུར་མ་ཞུ་ན་བྱིན་རླབས་ཆེ་གསུངས་ནས་བདག་ཆེན་པས་ཟངས་ཀྱི་གའུའི་ནང་དུ་བཞུགས་སུ་བཅུག །སྤུར་ཁང་ཞལ་ཕྱེ་བའི་དུས་རིང་བསྲེལ་ལ་སོགས་པའི་རྟེན་མང་དུ་བྱོན། སྐུ་འབུམ་ལ་བསྐོར་བ་བྱས་པས་ཕྱུགས་ལུག་གི་ནད་ཆད་པ་ལ་སོགས་བྱུང་། རས་ཆེན་སངས་རྒྱས་སེང་གེ་ལ་སོགས་པའི་གདུལ་བྱ་མང་པོ་སྨིན་གྲོལ་ལ་བཀོད།
Sangyé Sengé
༣ རས་ཆེན་སངས་རྒྱས་སེང་གེ
རྣལ་འབྱོར་གྱི་དབང་ཕྱུག་རས་ཆེན་སངས་རྒྱས་སེང་གེའམ་བྱ་བྲལ་རི་ཁྲོད་རས་ཆེན་ནི་མདོ་ཁམས་ཆོས་གླིང་དུ་ཡབ་ཨ་ཡུལ་(འགར་ཨ་སུ་ར་ཞེས་འཁོད་)དང༌། ཡུམ་ངག་ཁེགས་(འགར་ཁ་ཁེང་ཞེས་འཁོད་)གཉིས་ལ་སྲས་མིང་སྲིང་ལྔ་ཡོད་པའི་ཆེ་ཤོས་སུ་སྐུ་འཁྲུངས། ཡབ་མེས་རྣམས་ཐུགས་རྗེ་ཆེན་པོའི་ཆོས་སྐོར་གྱི་བརྒྱུད་པ་ཡིན་པས་རྣལ་འབྱོར་པའི་ཆ་ལུགས་འཛིན། དགུང་ལོ་བཞི་པ་ལ་རྨི་ལམ་ལེགས་པར་ཟིན། དགུ་ལོ་དྲུག་པ་ལ་སྐུ་མཆེད་གཉིས་ཆུ་ལེན་དུ་འགྲོ་དུས་འུར་རྡོ་ཞིག་རྙེད། འུར་རྡོ་དེ་སྐུ་མཆེད་གཞན་དེས་ཁོང་གི་ཞབས་ལ་འཕངས་པས། ཡུན་རིང་ན་སྟེ་རྐང་པ་ཡང་ཁྱོག །ཕ་མས་གཉེན་སྒྲིག་བྱ་རྒྱུའི་གྲབས་བྱས་ཡོད་ཀྱང་གཉེན་ཞིག །དགུང་ལོ་དགུ་པ་ལ་རབ་ཏུ་བྱུང་། མཚན་སངས་རྒྱས་སེང་གེར་གསོལ། དགུང་ལོ་བཅུ་གཉིས་ལ་སོན་སྐབས་བརྟག་གཉིས་ཀྱི་བཤད་ཁྲིད་དང་། བཅོ་བརྒྱད་པ་ལ་སྤྱོད་འཇུག་གི་བཤད་པ་མཛད། ཕར་ཕྱིན་ཡང་བློ་ལ་ཡོད་གསུངས། དགུང་ལོ་བཅུ་དགུར་ཕེབས་སྐབས་མཚུར་ཕུར་ལོ་གཅིག་བཞུགས་ཏེ་གཅོད་ཉམས་ལེན་གནང་། དེ་རྗེས་ས་སྐྱར་ཕེབས་ཏེ་མཁན་ཆེན་གནས་དྲུག་པ་ལས་རྣམ་འགྲེལ་གྱི་གཞུང་གསན་ཞིང་། ལོ་ཉི་ཤུ་རྩ་བརྒྱད་སོང་བ་དང་རྣམ་འགྲེལ་གྱི་གྲྭ་སྐོར་འཁོར། འབྲི་གུང་དུ་ཆོས་རྗེ་མཁས་གྲུབ་པའི་སློབ་མ། ཁོང་གི་གྲོགས་པོ་བླ་མ་བློ་བཟང་དང་འཕྲད་ནས་ནི་གུ་ཆོས་དྲུག་གི་ཆོས་བཀའ་གནང་བས་དགེ་སྦྱོར་བཟང་པོ་སྐྱེས་སྟབས། བླ་མ་བློ་བཟང་པས་ཁྱོད་ལ་དགེ་སྦྱོར་ཕུན་སུམ་ཚོགས་པོ་འོང་བར་འདུག་པས་ཤངས་སུ་ངའི་བླ་མ་ཚུལ་ཁྲིམས་མགོན་པོ་ཟེར་བའི་གྲུབ་ཐོབ་གཅིག་ཡོད་པ་དེའི་དྲུང་དུ་སོང་ལ་ཆོས་ཞུས་གསུངས། དེ་ལྟར་ཤངས་སུ་ཕེབས་ནས་ཁྱུང་པོ་ཚུལ་ཁྲིམས་མགོན་པོའི་དྲུང་དུ་ཐོག་མར་གཏུམ་མོ་ཉམས་བཞེས་གནང་བ་ཞག་བདུན་ནས་རས་ཐུབ་པ་བྱུང་། ད་ཐམས་ཅད་བཤད་པས་ཆོག་གསུངས་ཏེ། མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ནས་བླ་མ་ཤངས་སྟོན་བར་གྱི་རྣམ་ཐར་དང་། སྒྱུ་མ་ལམ་རིམ་རྩ་འགྲེལ། བདེ་མཆོག་ལྷ་ལྔའི་དབང་། ཆོས་དྲུག་སོ་སོའི་བཀའ་དྲུག །མཁའ་སྤྱོད་དཀར་དམར་དབང་བཀལ། སེམས་འཆི་མེད་ཀྱི་བཀའ། འཆུག་མེད་ལམ་འཁྱེར་གསུམ་གྱི་བཀའ། ཆོས་དྲུག་གི་ཚིག་རྐང་ཚིག་གསལ་ཐེམ་ཡིག །ནི་གུའི་དམིགས་པ་བསྐོར་གསུམ། ཁྱད་འཕགས་གདམས་པ་བཅོ་ལྔ། འོད་གསལ་འཆར་སྒོ་ངོས་འཛིན། དུག་གསུམ་དག་བྱེད་བདུད་རྩི། སྒྱུ་ལུས་འཛིན་པ་རང་གྲོལ། ཞུས་ལན་རིན་ཆེན་སྒྲོན་མེ། ཉམས་མྱོང་མ་རིག་མུན་སེལ། རྟ་མགྲིན་གསང་སྒྲུབ། ཡེ་ཤེས་མགོན་པོའི་སྐོར་སོགས་ཤངས་པའི་ཆོས་སྐོར་མ་ལུས་བུམ་པ་གང་བྱོའི་ཚུལ་དུ་གསན་ནས་ཤངས་པའི་བརྒྱུད་འཛིན་དུ་གྱུར་པ་ཡང་། གསོལ་འདེབས་གསང་བའི་སྒྲ་དབྱངས་ལས་ཁྱད་པར་ཁྱུང་པོ་གསུམ་པའི་ཞབས་པདྨོ། །མི་ཕྱེད་གུས་པས་གཙུག་གིས་རྒྱན་དུ་བཀོད། མཉེས་པ་རྣམ་དགུའི་ཟབ་གསང་བཅུད་མནོས་ཏེ། །རྒྱལ་བའི་གདུང་འཛིན་གྱུར་ལ་གསོལ་བ་འདེབས་ཞེས་འཁོད་པ་ལྟར་རོ།
།བླ་ལ་གནས་དྲུག་པ་གཤེགས་རྗེས་ས་སྐྱར་ཕེབས་ནས་ཅུང་ཟད་བཞུགས་ཀྱང་། རང་གཞན་གྱི་ཟག་པ་འཕེལ་འགྲོ་བར་དགོངས་ཏེ་ཤངས་སུ་ཕེབས། གཏུམ་མོའི་ཡོན་ཏན་གྱིས་རྟ་ལས་མགྱོགས་པ་བྱུང༌། དེ་རྗེས་རིན་སྤུངས་སུ་ཕེབས། གཏུམ་མོའི་ཡོན་ཏན་ལ་མངའ་བརྙེས་པས་མི་རྣམས་ཐམས་ཅད་ངོ་མཚར་སྐྱེས་ཤིང་། སྔར་གནོད་པ་བྱེད་མཁན་རྣམས་ཀྱིས་ཀྱང་བཤགས་པ་ཕུལ། ཆོས་རྗེ་མཁས་གྲུབ་པས་སློབ་དཔོན་ཁམས་པ་ངའི་ཤུལ་འདི་ཁྱོད་ཀྱིས་བཟུང་དགོས་ཞེས་གསུངས་པ་དང་། གཞན་ཡང་བུ་སློབ་མང་པོས་ཞུ་བ་ཕུལ་བ་བཞིན་དབོན་གནས་བདེ་ཆེན་གྱི་བདག་པོ་དང་འཛིན་སྐྱོང་མཛད། དགུང་ལོ་དྲུག་ཅུ་རེ་དགུ་པ་སྟེ་ཕག་ལོའི་ཟླ་བ་བརྒྱད་པའི་ཚེས་ཉི་ཤུ་ཉིན་སྐུ་མྱ་ངན་ལས་འདས། གདུང་བཞུའི་དུས་མེ་ཏོག་གི་ཆར་སོགས་སྐུ་གདུང་རིང་བསྲེལ་གྱི་སྙིང་པོ་མཐའ་ཡས་བྱོན་པ་བསོད་ནམས་ཀྱི་ཞིང་མཆོག་ཏུ་གྱུར།
གཞན་ཡང་དགོན་གོང་གི་ལོ་རྒྱུས་མདོ་ཙམ་ཞེས་པ་ལས་དགོན་འདི་(དགོན་པ་གོང་)ལས་ཐོན་པའི་སྐྱེས་བུ་དམ་པ་མཚན་སྙན་ཆེ་བ་ཡང་སྨད་ཁང་པ་གྲགས་པ་བཟང་པོ་དང་། དུས་ཕྱིར་མི་དབང་ཕོ་ལྷའི་བླ་མ་ཤངས་པ་རས་ཆེན་ཟེར་བ་ཞིག་ཡོད། དེས་བཞེངས་པའི་སེར་ཟངས་ཀྱི་གན་ཇི་ར་ལྷ་ཁང་ཆེན་པོའི་ཡང་སྟེང་དུ་ཡོད་ཅེས་འཁོད་པར་གཞིགས་ན། དགོན་འདིའི་ལྷ་ཁང་ཆེན་མོའི་ཡང་སྟེང་དུ་གསེར་ཟངས་ཀྱི་གན་ཇི་ར་བཞེངས་གནང་མཁན་མི་དབང་ཕོ་ལྷའི་བླ་མ་ཤངས་པ་རས་ཆེན་ཟེར་བ་ཞིག་འདུག་པ་དེ་ནི། རས་ཆེན་སངས་རྒྱས་སེང་གེ་འདི་ཉིད་ལ་གོ་ན་མི་འགྲིག་སྟེ། རས་ཆེན་སངས་རྒྱས་སེང་གེའི་འཁྲུངས་ལོ་གསལ་བར་མ་ངེས་ཀྱང་། སྤྱིར་སྤྱི་ལོའི་དུས་རབས་བཅུ་བཞི་པའི་ནང་བྱོན་པ་དང༌། མི་དབང་ཕོ་ལྷ་ནི་དེའི་རྗེས་ཀྱི་སྤྱི་ལོའི་དུས་རབས་བཅུ་བདུན་པའི་ནང་བྱོན་པ་ཞིག་ཡིན་ལ། དེའི་བླ་མ་ཤངས་པ་རས་ཆེན་ཟེར་བ་དེ་ཡང་མི་དབང་ཕོ་ལྷ་ཉིད་དང་དུས་མཚུངས་པས་མི་ལོ་ཉིས་བརྒྱ་ལྷག་གི་ཧེ་བག་ཡོད་པས་སོ།།
Shangkarwa Rinchen Gyeltsen
༤ ཤངས་དཀར་བ་རིན་ཆེན་རྒྱལ་མཚན།
ཤངས་དཀར་བ་རིན་ཆེན་རྒྱལ་མཚན་ནི་རབ་བྱུང་དྲུག་པའི་ཆུ་མོ་སྦྲུལ་གྱི་ལོ་སྟེ་སྤྱི་ལོ་1353ལོར་ཡབ་བདག་པོ་བཞི་ཐོགས་པ་མཁས་བཙུན་ཆེན་པོའི་ཡིག་མཁན་དབོན་ཡིག་བཟང་པོ་དཔལ་དང་། ཡུམ་ཇོ་སྲས་མ་དཔལ་ཆེན་གཉིས་ཀྱི་སྲས་སུ་ཤངས་ཁུལ་དུ་ཁྱུང་པོ་ཚུལ་ཁྲིམས་མགོན་གྱི་འཁྲུངས་ཡུལ་སྐྱ་ར་དང་ཐག་ཉེ་བར་སྐུ་འཁྲུངས། དགུང་ལོ་གསུམ་ལ་ཕེབས་སྐབས་ཡབ་ཡུམ་གཉིས་ཀ་འདས་པས། ཁུ་བོ་འདུལ་འཛིན་པ་རིན་ཆེན་འོད་མཛེས་དང་། ཤཱཀྱ་སེངྒེ་གཉིས་ཀྱི་དྲུང་དུ་ཡི་གེ་འབྲི་ཀློག་ལ་སོགས་པའི་སྦྱངས་པ་མཛད། དགུང་ལོ་བརྒྱད་ལ་དགེ་བསྙེན་གྱི་སྡོམ་པ་བཞེས། དགུང་ལོ་བཅུ་གཉིས་པ་ལ་དཔལ་ཟམ་འཚེར་ གྱི་གཙུག་ལག་ཁང་དུ་མཁན་པོ་མཛེས་པ་རྒྱལ་མཚན་དང་། སློབ་དཔོན་འདུལ་འཛིན་པ་ཤཱཀྱ་དཔལ་གཉིས་ལས་རབ་ཏུ་བྱུང་། མཚན་ཡང་རིན་ཆེན་རྒྱལ་མཚན་དུ་གསོལ། དགུང་ལོ་ཉི་ཤུ་པ་ལ་སྤང་ལོའི་གཙུག་ལག་ཁང་དུ་འདུལ་འཛིན་ཆེན་མོ་མཛེས་པ་རྒྱལ་མཚན། ལས་ཀྱི་སློབ་དཔོན་དངོས་གྲུབ་བཟང་པོ། གསང་སྟོན་སློབ་དཔོན་རིན་ཆེན་འོད་མཛེས་བཅས་དང་། དད་པའི་དགེ་འདུན་ རྒྱ་མཚོ་ལྟ་བུའི་དབུས་སུ་བསྙེན་པར་རྫོགས། དེ་རྗེས་དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་དང་ལོ་ཆེན་བྱང་ཆུབ་རྩེ་མོ་ལ་དབུ་མ་ལུགས་དང༌། སེམས་ཙམ་ལུགས་ཀྱི་ཆོ་ག་སེམས་བསྐྱེད་རྣམས་ཞུས། ཁྱུང་པོ་རིན་པོ་ཆེ་(འདིར་ཁྱུང་པོ་གཉིས་པ་ཚུལ་ཁྲིམས་མགོན་པོ་ལ་གོ་)ལ་སོགས་པའི་བླ་མ་མང་པོས་རྒྱུད་སྡེ་བཞིའི་དབང་བསྐུར་བྱིན་རླབས་དང་བཅས་ལེགས་པར་གནང་། དཔལ་ལྡན་ས་སྐྱར་སློབ་དཔོན་གཞོན་ནུ་བཀྲ་ཤིས་དང་། མཁན་པོ་ཡོན་ཏན་རྒྱ་མཚོ། ཁུ་བོ་བླ་མ་ཤཱཀྱ་བཟང་པོ་བཅས་ལས་ཚད་མ་སྡེ་བདུན་ལ་སོགས་པའི་གཞུང་ལུགས་མཐའ་ཡས་པ་གསན། དུས་དེར་དབུས་ན་རྔོག་སྟོན་དབོན་པོ་དང་། གཙང་ན་ཤངས་པ་དཀར་པོ་གཉིས་ཆོས་སྐད་བཟང་བར་གྲགས་སོ།
།དེ་རྗེས་ཞ་ལུར་ཕེབས་ཏེ་ཆོས་རྗེ་བུ་སྟོན་རིན་ཆེན་དོན་གྲུབ་ཀྱི་དྲུང་ནས་བྱམས་པའི་ཆོས་ལྔ་དང་། བྱམས་པ་དང་འབྲེལ་བའི་ཆོས་སྡེ་ཉི་ཤུ། མདོ་སྲས་ཡུམ་རྣམས་ལ་གསན་སྦྱངས་རྒྱ་ཆེན་མཛད་ཅིང་། ཆོས་རྗེ་བུ་སྟོན་གྱིས་ཁོང་ལ་འཕགས་བོད་ཀྱི་མཁས་པ་རྣམས་ཀྱིས་མཛད་པའི་འགྲེལ་པ་ཀུན་ཡང་ཞིབ་ཏུ་གཟིགས་གསུངས་པ་དེ་བཞིན་དུ་བསྒྲུབས། དེ་དག་ལས་ཕར་ཕྱིན་ཡིག་ཆ་འདྲ་མིན་མང་དུ་མངའ་བ་རྣམས་ལ་འགལ་བ་ཡོད་པ་གཟིགས་ཏེ། ཕྱིས་སུ་སྣར་ཐང་དཔེ་གཟིགས་པས། ཨར་བྱང་ཆུབ་ཡེ་ཤེས་ཀྱིས་མཛད་པའི་ཊིཀ་མཇལ་བ་དང་། རང་གི་འདོད་པ་བཞིན་འདུག་པས་ཨར་གྱི་སྐྱེ་བ་ཡིན་སྙམ་པའི་བག་ཆགས་དང་། ཐུགས་དགོངས་སུའང་དེང་སང་ཕར་ཕྱིན་ཚུལ་བཞིན་དུ་ཤེས་པ་ཁོང་རང་ཉིད་དང་གཡག་ཕྲུག་སངས་རྒྱས་དཔལ་བཟང་གཉིས་ལས་མེད་སྙམ་པ་ཡང་བྱུང་། བུ་སྟོན་རིན་པོ་ཆེ་ལ་དབང་ཞུས་མ་ཐག་ཐུགས་ཡེ་ཤེས་འབེབས་པས་རྟོགས་པ་མཆོག་ཏུ་གྱུར་ལ། ཆོས་རྗེ་པས་རྒྱུད་འགྲེལ་གྱི་བཤད་པ་ཐེངས་གྲངས་ཉི་ཤུ་མཛད་པ་རྣམས་ཆ་ཚང་བར་ཞུས། སློབ་གཉེར་གྱི་སྐབས་བསོད་སྙོམས་སོགས་ཀྱང་མ་མཛད་པས་འཚོ་བ་ཤིན་ཏུ་ཕོངས། ལྷག་པར་སྣར་ཐང་གི་བྲང་ཁང་སྟོང་པ་ཞིག་ཏུ་དཔེ་མཚམས་གནང་དུས་རྩམ་པ་ཆད་པ་དང་། ནང་པར་ཕྱག་བདར་ཁྲོད་ནས་ཕྱིང་པ་སེར་པོ་ཞིག་རྙེད་པའི་ནང་གསེར་ཞོ་དོ་ཡོད་པ། ཞོ་གང་གིས་འཚོ་བ་བྱས། ཞོ་གང་གིས་སློབ་དཔོན་ལ་མཆོད་པ་བཟང་པོ་ཞིག་བཤམས། དེ་རྗེས་ཆུ་མིག་ཏུ་ལོ་ཆེན་བྱང་ཆུབ་རྩེ་མོ་ལས་གསང་འདུས་རིམ་ལྔའི་མྱོང་ཁྲིད་གསན་པས། སྒྱུ་ལུས་རྨི་ལམ་གྱི་ཉམས་ལ་ཡུལ་སྣང་ཐམས་ཅད་གཟིགས་ཤིང་གཏན་ལ་ཕེབས། ལོ་ཆེན་བྱང་ཆུབ་རྩེ་མོས་ང་རྒས་པས་ཆོས་ཀྱི་བདག་པོ་མཛོད་གསུངས་ནས་ཞུ་བ་ཕུལ་བས་དགེ་སྦྱོར་གང་འཕེལ་དུ་བཞུགས། དེའི་བར་ལ་ཁྱུང་པོ་ཚུལ་ཁྲིམས་མགོན་སྐུ་གཤེགས་རྐྱེན་སྔར་ཤངས་ཆོས་ཞུ་བའི་སྙན་གསན་ཕབ་ཡོད་པ་མ་གྲུབ་པས། ད་གདན་ས་ལ་ཞུ་སྙམ་ནས་ཆོས་རྗེ་རི་ཁྲོད་རས་ཆེན་པ་ལ་བདེ་ཆེན་སྟེང་དུ་ཤངས་པའི་ཆོས་སྐོར་མ་ལུས་པ་ཞུས། བླ་མས་ཁྱེད་ཀྱི་ཐུགས་དམ་གྱི་སྟོབས་འདི་འདྲ་མཁས་གྲུབ་ཤངས་སྟོན་ལ་ཡང་མ་བྱུང་གསུངས་ཤིང་ཤིན་ཏུ་མཉེས་ནས། ཤངས་ཆོས་ཀྱི་གདམས་ངག་རྒྱ་མཚོའི་བརྒྱུད་ཕྲེང་སྐྱོང་བའི་བདག་པོར་མངའ་གསོལ། ཕྱག་དྲིལ་དང་ཤངས་ཆོས་ཀྱི་ཕྱག་དཔེ་ལ་སོགས་པའི་བྱིན་རླབས་ཀྱི་རྟེན་མང་དུ་གནང་། རས་ཆེན་སངས་རྒྱས་སེང་གེ་སྐུ་གཤེགས་རྗེས་བདེ་ཆེན་པ་ཀུན་གྱིས་གསོལ་བ་བཏབ་པ་བཞིན་བདེ་ཆེན་སྟེང་དུ་བླ་མའི་གདན་ས་སྐྱོང་དགོས་བྱུང་། གདན་སར་ཕེབས་ནས་བླ་མཆོད་བར་མ་ཆད་པར་གནང་། དུས་མཆོད་དང་སྒྲུབ་མཆོད་བཙུགས། རྗེ་རི་ཁྲོད་པའི་སྐུ་འདྲ་ལ་མཆོད་པ་དཔག་མེད་མཛད། དེ་ལྟར་རྗེ་འདི་ཉིད་ཀྱིས་སྐུ་ཚེ་གང་པོར་དཀའ་སྤྱད་དང་དུ་བླངས་ནས་ཐོས་པའི་ཆོས་རྣམས་རྩེ་གཅིག་ཏུ་བསྒྲུབས་པས་ཏིང་ངེ་འཛིན་གྱི་ཡོན་ཏན་ལ་མངའ་དབང་འབྱོར། དེར་བརྟེན་སྐུ་ལུས་ལ་སྨེ་བ་དང་། ནག་བག །ཕྱི་ནང་གི་སྲིན་འབུ་མི་འབྱུང་ཞིང་། དབུ་སྐྲ་བསིལ་བའི་དུས་སུ་ཡང་སྦུ་བ་མ་གཏོགས་འཁྲུ་རྒྱུ་མེད་གསུངས། བདེན་ཆེན་དུ་བཞུགས་རིང་གྲྭ་རིས་བུ་སློབ་རྣམས་བཤད་ཁྲིད་ཀྱིས་ལེགས་པར་བསྐྱངས་པ་ལས་ཤངས་པའི་ཆོས་ཀྱི་སྒྲུབ་པ་གཟུག་རྒྱུའི་ཐུགས་དགོངས་ཡོངས་སུ་བསྒྲུབས་མེད་པ་སྟེ། ཁོང་གིས་ངས་གནས་འདིར་འོང་བའི་རྒྱུ་མཚན་ནི་གུའི་བསྒྲུབ་པ་ཞིག་ཚུག་ལ་རེ་ནས་འོང་པ་ཡིན། སྦྱིན་བདག་ཀྱང་སྟོབས་ཆུང་མི་རྣམས་གོ་ཆ་ཆུང་བས་བསམ་བློ་མ་རྫོགས་ཞེས་གསུངས་པ་ལྟར་ཡིན། དེ་ནས་སྟག་གི་ལོ་སྟེ་སྤྱི་ལོ 1435ལོར་དགུང་གྲངས་བརྒྱད་ཅུ་གྱ་གཉིས་ལ་ཕེབས་པའི་ཚེ་དབེན་གནས་བདེ་ཆེན་དུ་ངོ་མཚར་བའི་ལྟས་དུ་མ་དང་བཅས་སྤྲུལ་པའི་སྐུ་ཆོས་ཀྱི་དབྱིངས་སུ་ཐིམ། ཞག་ཉི་ཤུ་རྩ་ལྔའི་རིང་ཐུགས་དམ་ལ་བཞུགས། སྐུ་གདུང་ཞུགས་འབུལ་སྐབས་གཟིམ་ཁང་ལ་འཇའ་ཟུག །རིང་བསྲེལ་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་བྱོན་ནོ།།
Sangyé Pelsang
༥ མཉམ་མེད་སངས་རྒྱས་དཔལ་བཟང་།
ཁོང་ནི་གཙང་གི་སྟག་ཚང་ཕུའི་འཆིང་ཁུང་(འགར་ཚ་བུ་ཞེས་འཁོད་)དུ་འབེ་ཡི་རིགས་སུ་ཡབ་དཔོན་རིན་ཆེན་བཟང་དང་། ཡུམ་ཚེ་བུམ་དཔལ་ཞེས་བྱ་བ་གཉིས་ཀྱི་སྲས་སུ་སྤྱི་ལོ་1398ལོར་སྐུ་འཁྲུངས། ཡབ་ཡུམ་གཉིས་ལ་དང་ཐོག་བུ་གཅིག་པུ་ཡོད་པ་འདས་ནས། བདུན་ཚིགས་ཀྱི་སཱཙྪའི་རབ་གནས་ལ་རི་ཁྲོད་རས་ཆེན་པ་གདན་དྲངས། ཡུམ་ལ་ནང་མཆོད་གནང་ནས་བུ་ཁྱད་པར་ཅན་ཞིག་འོང་བའི་ལུང་བསྟན་མཛད། ལོ་ཆེན་བྱང་ཆུབ་རྩེ་མོས་ཀྱང་ཡུམ་ལ་དེང་སང་ཙམ་ན་སྤྲུལ་པའི་བུ་ཞིག་སྐྱེ་བས་བརྩོན་པས་སྲུངས་ལ་གསོས་ཤིག་གསུངས། ལྷུམས་སུ་ཞུགས་པའི་ཚེ་ཡུམ་གྱི་ལུས་བདེ་ཞིང་སེམས་དྭངས་བ། སྐུ་བལྟམས་པའི་དུས་ཀྱང་ཡུམ་ལ་གནོད་པ་མ་བྱུང་། དགུང་ལོ་ཆུང་ངུའི་དུས་ནས་དཀར་པོའི་ཆོས་བཞིར་རབ་ཏུ་མོས་པས་སེམས་ཅན་གྱི་སྲོག་གཅོད་པ་སོགས་ལ་སྙིང་རྗེ་ཚད་མེད་འཁྲུངས། དགུང་ལོ་བདུན་པ་ལ་ཀློག་བསླབས་པས་ཚེགས་མེད་དུ་མཁྱེན། དམ་པའི་ཆོས་ལ་ཤིན་ཏུ་མོས་ཀྱང་ཡབ་ཡུམ་དང་སྐུ་ཉེ་རྣམས་ཀྱིས་རབ་བྱུང་བྱེད་དུ་མ་སྟེར། ཡབ་ལ་ཐབས་ལམ་སྣ་ཚོགས་སྤྱད་དེ་ཞུ་བ་ཕུལ། དགུང་ལོ་བཅུ་པར་འབུལ་ཡིག་འབྲི་ཀློག་སོགས་མཛད། ལུག་ཚང་དགེ་སློང་བས་ཡབ་ཡུམ་གཉིས་ལ་དྲོ་དྲངས་ནས་བུ་འདི་ཆོས་ལ་མོས་པས་ཆོས་སྒོར་འཇུག་རྒྱུའི་རེ་འདུན་ཞུས་པ་དང་། བླ་མ་ཤངས་དཀར་བས་ཀྱང་རྗེ་འདི་པའི་ཡབ་ཡུམ་དང་བཅས་པ་ལ་ཆོས་འཁོར་སྟེང་ན་གྲུབ་ཐོབ་མངོན་ཤེས་སྨྲ་བ་ཞིག་འདུག་པ་དེ་ལ་ཆོས་འོང་མིན་དྲིས་ཞེས་གསུངས་པ་ལྟར། གྲུབ་ཐོབ་དེ་ལ་ཞུས་པས་རི་མོ་ཞིག་འབྲི་རུ་བཅུག །ཁོང་གིས་ཡིད་ལ་གྲ་སྒྲིག་ཅི་ཡང་མེད་པར་རྡོ་རྗེ་རྩེ་ལྔ་པ་ཞིག་བྲིས་པས། གྲུབ་ཐོབ་དེས་བུ་དེ་རྡོ་རྗེ་ཐེག་པ་ལ་བྱ་བ་བྱེད་པ་ཞིག་འོང་གསུངས། མཐར་དགུང་ལོ་བཅོ་ལྔ་པར་མཁན་ཆེན་རྒྱལ་བ་བཟང་པོས་མཁན་པོ་དང་། རྗེ་ཤངས་དཀར་བས་སློབ་དཔོན་མཛད་ནས་ཤཱཀྱའི་བསྟན་ལ་རབ་ཏུ་བྱུང་། དེ་ནས་རྗེ་ཤངས་དཀར་བའི་དྲུང་དུ་ཆོས་དང་རིག་གནས་ཅི་རིགས་གསན་སྦྱོང་དཔྱིས་ཕྱིན་པ་གནང་ཞིང་། དགུང་ལོ་བཅོ་བརྒྱད་པ་ལ་བཤད་གསར་མཛད། དེ་ནས་སློབ་གཉེར་འདོད་ཀྱང་ཐག་རིང་དུ་འགྲོ་རྒྱུ་བྱུང་མེད། དགུང་ལོ་ཉི་ཤུའི་རྗེས་སུ་རྗེ་ཤངས་དཀར་བས་མཁན་པོ་དང་། སློབ་དཔོན་ཀུན་བཟང་གིས་ལས་སློབ། བླ་མ་སངས་རྒྱས་རྡོ་རྗེས་གསང་སྟོན་མཛད་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། རྗེ་ཤངས་དཀར་བའི་དྲུང་དུ་དབུ་སེམས་གཉིས་བསླབས། དེ་ནས་ལྷང་བུ་གུང་ཐད་དུ་རྗེ་ཤངས་དཀར་བར་ཆོས་ཁྲིད་ཞུ་བ་བརྒྱ་ཙམ་བྱུང་བ་ལ་ནི་གུ་དང་། ཁོང་ལ་དམིགས་པ་རེ་ལ་ཟླ་བ་ཕྱེད་ཕྱེད་བྱས་ནས་ཟླ་བ་དགུ་ལ་རྫོགས་པ་ཞིག་གནང་། ཉམས་སུ་ལེན་ཚུལ་ལ་བླ་མ་དགྱེས་ནས་བརྒྱུད་པ་འཛིན་པ་ཞིག་འོང་བའི་ལུང་བསྟན་མཛད། སླར་བདེ་ཆེན་དུ་ཕེབས་ནས་རྗེ་ཤངས་དཀར་བས་ནི་གུའི་ཆོས་སྐོར་ཆ་ལག་དང་བཅས་པ་ལ་ལོ་གཅིག་གི་བར་ཉམས་ཁྲིད་མཛད་པ་བཞིན་བསྒོམས་པས་བདེ་དྲོད་མྱུར་དུ་འབར། སྒྱུ་ལུས་ཀྱི་རྟོགས་པ་འཁྲུངས། རྨི་ལམ་སྤྲུལ་བསྒྱུར་དང་ཡུལ་སྣང་གཏན་ལ་ཕེབས་པ་དང་། འོད་གསལ་འཁོར་ཡུག་ཏུ་འཆར་བ་ལ་སོགས་པའི་ཉམས་རྟོགས་དཔག་མེད་འཁྲུངས། རྨི་ལམ་བཟུང་ནས་བདེ་ཆེན་ཞིང་གི་བཀོད་པ་ཡང་གཟིགས། བླ་མ་འདི་ཉིད་དགུང་ལོ་བཅོ་ལྔར་ཕེབས་སྐབས་ཐོག་མར་རྗེ་ཤངས་པ་དཀར་པོ་དང་མཇལ་བ་ནས། དགུང་ལོ་སོ་བདུན་གྱི་བར་ཏེ་བགྲང་བྱ་ཉི་ཤུ་རྩ་གཉིས་ཀྱི་རིང་བཀའ་ཐམས་ཅད་སྤྱི་བོས་བླངས་ཏེ་འབྲལ་མེད་དུ་བསྟེན། ཡུམ་སྲས་གཉིས་ལ་མཆོད་པ་ཟླ་མེད་པ་དང་། ཡབ་གཤེགས་པ་སོགས་ལའང་རྔན་ཆེན་མཛད། ཨ་ཁུས་སྤྱད་དངོས་ཞོ་བརྒྱ་ཙམ་འཕྲོག་པ་ལ་བླ་མའི་གསུང་བཞིན་ལབ་ཁ་ཚིག་གཅིག་ཀྱང་མ་གནང་ལ། དངོས་པོའི་བདག་འཛིན་རྟིང་ནས་ཆོད།
ལྷ་ཕུ་ལྐུགས་ལུང་དུ་ཟླ་བ་ལྔ་ཙམ་གྱི་རིང་རྗེ་ཤངས་དཀར་བ་ལས་ནི་གུ་ཆོས་དྲུག་དང་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་ཆོས་སྐོར་ལ་སོགས་རྫོགས་པར་གསན་ཞིང་། ཤངས་ཆོས་གདམས་པའི་བརྒྱུད་འཛིན་དུ་དབང་བསྐུར། རྗེ་ཤངས་དཀར་བ་སྐུ་བགྲེས་སྐབས་སུ་སྤྱན་ཡང་མི་གསལ་བས་ཕྱག་ཕྱི་དང་ཕྱག་དཔེའི་ཉར་ཚགས་དང་། སྤྱན་ཚབ་ཀྱང་གནང་དགོས་བྱུང༌། རྗེ་ཤངས་དཀར་བ་སྐུ་གཤེགས་ཁར་ཡང་ཁོང་ལ་སྐྱེ་སྲིད་ཀུན་ཏུ་མི་འབྲལ་བའི་དཔོན་སློབ་གནང་རྒྱུའི་དམ་བཅའ་མཛད། རྗེ་ཤངས་དཀར་བ་སྐུ་གཤེགས་རྗེས་ཞག་ཞེ་དགུའི་བར་གསོལ་འདེབས་རྒྱུན་མ་རྣམས་ལེགས་པར་མཛད་ཅིང་། སྐུ་འདྲ་གཟིམ་མལ་མ་ཞིག་ཀྱང་བཞེངས། དེ་རྗེས་མནལ་ལྟས་བཞིན་ལྷ་ཕུ་ལྐུགས་ལུང་དུ་ཕེབས་ནས་སྔར་གྱི་དགོན་གནས་དང་སྐུ་རྟེན་རྣམས་ལ་ཉམས་གསོ་དང་། དབུ་རྩེའི་རྫ་ཐོག་སོགས་ལེགས་པར་བཞེངས། རྨོག་ལྕོག་པ་རིན་ཆེན་བརྩོན་འགྲུས་ཀྱི་དུས་མཆོད་ལ་དམིགས་པའི་སྒྲུབ་མཆོད་ཆེན་པོ་ཞིག་བཙུགས་པ་སོགས་ཀྱི་མཛད་པ་རྒྱ་ཆེར་བསྐྱངས། ཚེས་ཉི་ཤུའི་ཉིན་གྲུབ་ཆེན་མ་རྣམ་གླིང་ནས་ཕེབས་ཏེ་གསོལ་བ་བཏབ་པས་ཀྱང་། ད་ལན་འགྲོ་གསུངས། མཐར་བརྒྱུད་འདེབས་བྱིན་རླབས་སྤྲིན་ཕུང་དུ་ལྷ་མི་འཁྲུག་མགོན་པོའི་ཞིང་ཁམས་སུ། མཉམ་མེད་སངས་རྒྱས་དཔལ་བཟང་ལ་གསོལ་བ་འདེབས་ཞེས་འཁོད་པ་ལྟར། དགུང་ལོ་དྲུག་ཅུ་རེ་བརྒྱད་ལ་ཕེབས་པ་སྟེ་སྤྱི་ལོ་1465ལོའི་ཐོ་རངས་ཤིག་ལ་ཤར་ཕྱོགས་མངོན་པར་དགའ་བའི་ཞིང་དུ་བདེ་བར་གཤེགས། དེ་ནས་ཞག་ལྔ་སོང་བའི་ཐོ་རངས་ཁམས་དྭངས་མ་བྱང་སེམས་མང་པོ་གྱེན་དུ་ལུད་ནས་ཐུགས་དམ་རྡོ་རྗེའི་དབྱིངས་ལས་གྲོལ་བའི་ཚེ་དྲི་བཟང་དང༌། འོད་ཟེར་གྱི་སྣང་བས་གཟིམ་ཁང་ཁེངས་པར་བྱུང༌། གདུང་སྦྱོར་བའི་ཚེ་ཡང་འཇའ་ཚོན་གྱི་དྲྭ་བ་དང་། སྐུ་གདུང་ལ་རིང་བསྲེལ། ཨ་ཡིག་འབུར་དུ་ཐོན་པ་ལ་སོགས་པའི་རྟེན་མང་དུ་བྱོན་ནོ།།
Namkha Gyeltsen
༦ གྲུབ་ཆེན་ནམ་མཁའ་རྒྱལ་མཚན།
དེ་ཡང་གསོལ་འདེབས་ཟག་མེད་སྒྲ་དབྱངས་ལས་མཁས་གྲུབ་སྐྱེས་མཆོག་དུ་མ་བྱུང་བའི་ཡུལ། །སངས་རྒྱས་གཉིས་པ་པདྨས་བྱིན་བརླབས་པའི། །གནས་མཆོག་ཁྱད་འཕགས་ཤངས་ཕུའི་དགོན་གསར་དུ། །བསམ་བཞིན་སྲིད་པ་བཟུང་ལ་གསོལ་བ་འདེབས། །རྣམ་དག་རྗེའུའི་རིགས་དང་ཞང་གི་རུས། གཟིགས་པས་དགོངས་པ་ལྷུམས་སུ་ཞུགས་པའི་ཚེ་ཞེས་འཁོད་པ་ལྟར་རྟོགས་ནམ་མཁའ་རྒྱལ་མཚན་ནི་སངས་རྒྱས་གཉིས་པ་སློབ་དཔོན་པདྨ་འབྱུང་གནས་ཀྱིས་བྱིན་གྱིས་བརླབས་པའི་གནས་ཆེན་སྲིན་འདུལ་ཡོད་སའི་ཤངས་ཕུའི་དགོན་གསར་ དུ་རྗེའུའི་རིགས་དང་ཞང་གི་རུས་སུ་ཡབ་རིན་ཆེན་བསོད་ནམས་དང་། ཡུམ་བསོད་ནམས་སྒྲོལ་མ་གཉིས་ཀྱི་སྲས་སུ་ཤིང་མོ་བྱའི་ལོ་ལ་སྐུ་འཁྲུངས། སྐུ་ན་ཆུང་ངུའི་དུས་ནས་ཡིག་དྲུག་ཞལ་འདོན། བྱམས་སྙིང་རྗེ་རང་ཤུགས་ཀྱིས་སྐྱེ་བ། སྒོ་གསུམ་བག་དང་ལྡན་པ། ཉེས་པའི་དྲི་མས་མ་གོས་པ། གནས་ལུགས་ཀྱི་དོན་ཞི་ལྷག་གི་ཏིང་འཛིན་འཁྲུངས་པ་སོགས་ཀྱི་ཡོན་ཏན་མཐའ་ཡས་མངའ། དགུང་ལོ་བརྒྱད་པར་བླ་མ་རིན་ཆེན་ཚུལ་ཁྲིམས་པའི་དྲུང་ལས་རབ་ཏུ་བྱུང་། དགུང་ལོ་བཅུ་གཉིས་པར་བརྟག་གཉིས་ལ་བཤད་པ་གནང་། དགུང་ལོ་བཅོ་བརྒྱད་ལ་གནུབས་ཆོས་ལུང་ དུ་འཁོན་རིན་ཆེན་རྒྱལ་དབང་གྲགས་པ་དང་། དད་པའི་དགེ་སློང་ཁ་སྐོང་དང་བཅས་པའི་དབུས་སུ་བསྙེན་པར་རྫོགས། མཚན་ནམ་མཁའ་རྒྱལ་མཚན་དུ་གསོལ། དྲན་ཤེས་བག་ཡོད་ཀྱི་ངང་ནས་མདོ་སྔགས་ཀུན་ལ་ཐོས་བསམ་སྒོམ་སྒྲུབ་ནན་ཏན་མཛད་པས་ཉམས་རྟོགས་ཆེན་པོ་འབར་ཞིང་མཉམ་མེད་སངས་རྒྱས་དཔལ་བཟང་དང་། བུ་སྟོན་ཐམས་ཅད་མཁྱེན་པ། སློབ་དཔོན་ནགས་ཀྱི་རིན་ཆེན། ལོ་ཙཱ་བ་ནམ་མཁའ་གྲགས། སྟག་རྩེ་རྒྱལ་མཚན་དཔལ་བཟང་། བོ་དོང་ཕྱོགས་ལས་རྣམ་རྒྱལ་སོགས་མཁས་གྲུབ་དུ་མའི་ཞབས་རྡུལ་སྤྱི་བོས་བླངས་ཏེ། ཐེག་པ་གསུམ་དང་རྒྱུད་སྡེའི་དོན་མཐའ་དག་ལ་མཁས་པར་གྱུར་ནས། འཆད་རྩོད་རྩོམ་པའི་གོ་འཕང་མཐོན་པོར་གཤེགས། གྲུབ་བརྙེས་སངས་རྒྱས་མཚན་ཅན་གྱི་ཐུགས་བཅུད་རྫོགས་པར་བཞེས་ནས་དབེན་པའི་གནས་སུ་བསྒོམས་པས་བདེ་དྲོད་རང་འབར་དང་། བྱང་སེམས་འཛག་མེད་དུ་བྱུང་བ། སྣང་བ་བདེན་མེད་དུ་རྟོགས་པ། རྨི་ལམ་གྱི་རྩལ་རྫོགས་ནས་ཞིང་ཁམས་དུ་མར་ཕེབས་པ་སོགས་མངོན་ཤེས་ཀྱི་ཡོན་ཏན་དང་གྲུབ་པའི་རྩལ་ལ་ཡོངས་སུ་མངའ་བརྙེས། དུས་འཁོར་དང་། རྡོ་རྗེ་ཕག་མོ་སོགས་ལྷག་པའི་ལྷ་ཡི་ཞལ་གཟིགས་ལ། མཁའ་འགྲོ་ཆོས་སྐྱོང་སྤྲིན་བཞིན་དུ་བསྡུ་བར་ནུས་ཤིང་། ཞལ་ཆབ་དང་ཁྲུས་ཆུའི་ཟེགས་མས་ཀྱང་ནད་གདོན་ཞི་བར་ནུས། ཆོས་རྗེ་སངས་རྒྱས་དཔལ་བཟང་གིས་ལྐུགས་ལུང་ཞིག་གསོས་གནང་བ་སོགས་ཀྱི་ཕྱག་གཡོག་ཞབས་ཏོག་འབད་པས་བསྒྲུབས་ཏེ། གནུབས་ཆོས་ལུང་། བྱང་ཆེན། ཁུ་ལུང་། བློ་མའི་ས་སྨྱུག་སོགས་སུ་སྒྲུབ་པ་དང་གཞན་དོན་ཟུང་དུ་འབྲེལ་ནས་རིམ་གཉིས་ཀྱི་རྩ་ལ་རྫོགས་ལ་ལུང་རྟོགས་ཡོན་ཏན་དང་ལྡན་པའི་བུ་སློབ་དུ་མ་སྐྱོང་གནང་མཛད། དུས་རྟག་ཏུ་ངེས་མེད་བྱ་བཏང་ཁོ་ནར་ཐུགས་རྩེ་གཏད་ཀྱང་། སྟག་ལྷུན་འགྲུབ་ལ་རེ་ཞིག་བཞུགས་དགོས་པ་བྱུང་ནས་ཆོས་འཁོར་རྒྱ་ཆེར་བསྐོར།
དགུང་ལོ་རེ་གསུམ་ལ་ཕེབས་པ་མེ་མོ་ཕག་གི་ལོར་གླང་རིའི་གདན་ས་མཛད་ཅིང་། གཙུག་ལག་ཁང་གི་རྟེན་དང་བརྟེན་པ་སོགས་རྒྱས་པར་བཞེངས། དེ་རྗེས་གདན་ས་བ་བསྐོས་ནས་རི་ཁྲོད་རབ་བརྟན་ཆོས་ལུང་དུ་བཞུགས། ཆོས་རྒྱལ་རབ་བརྟན་ཀུན་བཟང་སོགས་མི་ཆེན་དུ་མས་ཞབས་ལ་བསྟེན་པ་སོགས་ཀྱི་སྙན་པའི་གྲགས་པས་ཁྱབ། མཐར་སྐུ་སྙུང་བའི་ཚུལ་མེད་པར་སྐུ་ཤེད་ཅུང་ཟད་བྲི་ཞིང་ཞན་དུ་ཕེབས་པ་ན། ཡར་ངོའི་ཚེས་བཅུར་ཆོས་སྐུ་དེ་བཞིན་ཉིད་ཀྱི་འཕོ་བ་བྱེད་གསུངས་ནོས་ངོ་མཚར་གྱི་ལྟས་དུ་མ་དང་བཅས་ཤར་ཕྱོགས་མངོན་དགའི་ཞིང་དུ་ཞི་བར་གཤེགས།
Lekpa Gyeltsen
༧ རྒྱ་སྒོམ་ལེགས་པ་རྒྱལ་མཚན།
རྒྱ་སྒོམ་ལེགས་པ་རྒྱལ་མཚན་ནི་ཤངས་ཁུལ་གྱི་མཁས་གྲུབ་ཁྱུང་པོའི་གནས་དང་ཉེ་བའི་ལ་རྒྱབ་ཏུ། ལྡོང་གི་རིགས་སུ་ཡབ་དབོན་པོ་བཀྲ་ཤིས་མགོན། ཡུམ་བདེ་ལེགས་བུ་འདྲེན་གཉིས་ཀྱི་སྲས་སུ་འབྲུག་གི་ལོ་ལ་སྐུ་བལྟམས། མཚན་ལ་ཛམ་བྷ་ལ་ཞེས་གསོལ། སྐུ་ན་ཆུང་ངུའི་དུས་ནས་སྔོན་གྱི་ལས་འཕྲོ་སད་པའི་དབང་གིས་དཀར་པོའི་ལས་ལ་རབ་ཏུ་མོས་ཤིང་། འབྲི་ཀློག་སྨན་དཔྱད་སོགས་ཀྱང་དཀའ་ཚེགས་མེད་པར་མཁྱེན། ཁུ་བོའི་དྲུང་དུ་བཀའ་ཆོས་མང་དུ་གསན། གྲུབ་ཆེན་ནམ་མཁའ་རྒྱལ་མཚན་ལས་རབ་ཏུ་བྱུང་སྟེ། མཚན་ལེགས་པ་རྒྱལ་མཚན་དུ་གསོལ། དགུང་ལོ་ཉི་ཤུ་ཙམ་ལ་ཆོས་ལུང་སངས་རྒྱས་དཔལ་བཟང་གིས་མཁན་པོ་མཛད་དེ། དད་པའི་དགེ་འདུན་གྲངས་ཚང་བའི་དབུས་སུ་བསྙེན་པར་རྫོགས། བླ་མ་མཁས་གྲུབ་དུ་མའི་ཞབས་རྡུལ་སྤྱི་བོས་མཆོད་དེ་མདོ་སྔགས་ཀྱི་བསྟན་པ་སྤྱི་དང༌། ལྷག་པར་དུ་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་ལས་དཔལ་ལྡན་ཤངས་པའི་ཆོས་སྐོར་མ་ལུས་རྫོགས་པར་གསན། ཐོག་མར་རྒྱུད་སྡེ་ལྔའི་དབང་གི་གསང་མཚན་མི་བསྐྱོད་རྡོ་རྗེ་ཞེས་གསོལ། ཡང་བ་བོང་བ་རྡོ་རྗེ་རྒྱལ་མཚན་ལ་ཤངས་ཆོས་ཡོངས་རྫོགས། ནི་གུ་བསམ་སྡིངས་ལུགས་ཆ་ཚང་། ཕག་མོ་གཞུང་དྲུག་རྣམས་ཞུས། ཆོས་རྗེ་སེང་གེ་བཟང་པོ་ལས་བཀའ་གདམས་པའི་ཆོས་སྐོར་དུ་མ་གསན། ཐོས་བསམ་མཛད་པའི་གདམས་པ་རྣམས་ཉམས་ལེན་དཔྱིས་ཕྱིན་པ་གནང་སྟེ་གྲུབ་པའི་གོ་འཕང་མཐོན་པོར་གཤེགས། ཡེ་ཤེས་མགོན་པོས་རྗེས་སུ་བཟུང་། དེ་ལྟར་སྐུ་ལུས་སྤྲུལ་བསྒྱུར་སོགས་ཀྱི་ཡོན་ཏན་ཀུན་ལ་མངའ་བརྙེས་ཀྱང་། རྣམ་པ་ཐམས་ཅད་དུ་ཐ་མལ་པའི་ཚུལ་བཟུང་ནས་སྦས་པའི་རྣལ་འབྱོར་གྱི་བརྟུལ་ཞུགས་འཛིན། ཕྱིས་རི་ཁྲོད་རབ་བརྟན་ཆོས་ལུང་གི་གདན་ས་མཛད།
དེ་ཡང་ནི་གུའི་རྒྱབ་ཆོས་གླུའི་ཕྲེང་བ་ལས་མ་གི་ཤེད་ཤངས་ཕུའི་རྨོག་ལྕོག་གི །ཕོ་བྲང་དེ་སྤང་པོའི་སྤྱིལ་བུ་ན། །མི་གཟུགས་ལ་ཞུ་བདེའི་འོད་འབར་བ། རྒྱ་སྒོམ་རྡོ་རྗེ་འཆང་ཆེན་དེ་ན་བཞུགས་ཞེས་འཁོད་པ་ལྟར་རིན་ཆེན་བདུན་བརྒྱུད་ཕྱི་མའི་བདུན་པ་རྒྱ་སྒོམ་ལེགས་པ་རྒྱལ་མཚན་ཉིད་ལྷ་ཕུའི་རྨོག་ལྕོག་གི་སྤང་པོའི་སྤྱིལ་བུ་སོགས་ཤངས་ཁུལ་གྱི་རི་ཁྲོད་ངེས་མེད་དུ་སྒྲུབ་པ་མཛད་མྱོང་ཞིང་། སྐུ་ལུས་ལ་ཞུ་བདེའི་འོད་ཆེན་འབར་བ་སོགས་རང་རྒྱུད་ཡོངས་སུ་སྨིན་ལ།
གཞན་རྒྱུད་ལེགས་པར་གདུལ་ཕྱིར་སྐུ་ཚེ་གང་པོར་རྗེ་བཙུན་ཀུན་དགའ་གྲོལ་མཆོག་སོགས་སྐལ་ལྡན་གྱི་གདུལ་བྱ་མང་པོ་སྨིན་གྲོལ་གྱི་ལམ་བཟང་ལ་བཀོད་མཐར། ཞིང་མེ་ཏོག་པདྨའི་ཟེའུ་འབྲུ་ལ། །རྒྱ་སྒོམ་ལེགས་པ་རྒྱལ་མཚན་ལ་གསོལ་བ་འདེབས་ཞེས་འཁོད་པ་བཞིན་དག་ཞིང་འདི་ཉིད་དུ་དགོངས་པ་གཞན་དོན་དུ་གཤེགས། གདུང་རུས་ལ་རིང་བསྲེལ་བྱོན་པ་འགའ་ཞིག་ལྷ་རྩེའི་ཆོས་ལུང་བྱང་རྩེ་ ན་བཞུགས་པ་དང་། འགའ་ཤས་མྱང་ཆོས་འབྱུང་གི་མཇུག་ཏུ་བཀྲ་ཤིས་ལྷུན་པོ་དགོན་གྱི་ནང་རྟེན་དང་བཅས་པ་གསུངས་པའི་སྐབས་སུ་བདེ་མཆོག་མཁའ་འགྲོ་རྒྱ་མཚོའི་བརྒྱུད་(རྒྱུད་)ལེའུ་བཅོ་ལྔ་པའི་སྐབས་གསུངས་པའི་བདེ་མཆོག་མཁའ་འགྲོ་རྒྱ་མཚོ་ཞལ་ཕྱག་ཡོངས་རྫོགས་ངམ་རིང་དུ་བཞེངས། ཐུགས་ཀར་རྒྱ་སྒོམ་ལེགས་པ་རྒྱལ་མཚན་གྱི་རིང་བསྲེལ་བཞུགས་པ་འདིའི་རབ་གནས་ཀྱི་ཉིན་ནས་ངམ་རིང་ཚོང་འདུས་ཡོང་བའི་ཐོག་མ་བྱུང་ཞེས་འཁོད་པ་ལྟར་ན་བཀྲ་ཤིས་ལྷུན་པོ་དགོན་གྱི་བདེ་མཆོག་མཁའ་འགྲོ་རྒྱ་མཚོའི་སྐུ་འདིའི་ཐུགས་ཀར་རྒྱ་སྒོམ་ཆེན་པོའི་རིང་བསྲེལ་བཞུགས། འོན་ཀྱང་དེང་སྐུ་འདྲ་འདི་བཞུགས་ཡོད་མེད་དང་། ཡོད་ན་དགོན་གནས་དང་ལྷ་ཁང་གང་དུ་ཡོད་མིན་རྩད་མ་ཆོད།
དེ་ལྟར་རིན་ཆེན་བདུན་བརྒྱུད་ཕྱི་མའི་བདུན་པ་རྒྱ་སྒོམ་ལེགས་པ་རྒྱལ་མཚན་འདི་ཉིད་ཀྱིས། ནི་གུའི་ཆོས་སྐོར་འཇག་བསམ་གཉིས་ཀྱི་འཇག་ལུགས་ལ་གདན་ས་བརྒྱུད་པ་དང་། སློབ་མ་བརྒྱུད་པ་གཉིས་བྱུང་བ་ལས་གདན་ས་བརྒྱུད་པ་མཁས་བཙུན་རྒྱལ་མཚན་འབུམ་ནས། ཆོས་རྗེ་བྱམས་པ་དཔལ། བློ་གྲོས་ཀུན་དགའ་དཔལ་སོགས་བར་མ་ཆད་པ་རྣམས། སློབ་བརྒྱུད་ལ་འཇག་པ་གོང་འོག་གཉིས་ལས། གོང་མ་མུས་ཆེན་རྒྱལ་མཚན་དཔལ་བཟང་། གྲུབ་ཆེན་རྡོ་རྗེ་གཞོན་ནུ། གྲུབ་ཆེན་ནམ་མཁའི་རྡོ་རྗེ། རོང་སྟོན་ཤེས་བྱ་ཀུན་རིག་ནས་བརྒྱུད་པ་འཁྲུལ་ཞིག་ཆོས་འབྱོར་ལེགས་པས་གསན། འཇག་པ་འོག་མ་ཁྱུང་པོ་གཉིས་པ་ཚུལ་ཁྲིམས་མགོན་ནས་ཇོ་ནང་གི་ཕྱོགས་ལ་བརྒྱུད་པ། གནས་རྙིང་པ་ཨ་ཡི་སེང་གེ་ནས་བརྒྱུད་པ་ནི། གསེར་གླིང་པ་བཀྲ་ཤིས་དཔལ། ཁམས་པ་རྡོ་རྗེ་དཔལ། ལྐུགས་ལུང་པ་ཆོས་གྲགས་ལས་མཉམ་མེད་སངས་རྒྱས་དཔལ་བཟང་གིས་གསན་པ། སྤྲུལ་སྐུ་རིན་ཆེན་བློ་གྲོས་ལ་རྨོག་ལྕོག་པ་ཕྱི་མ་ཀུན་དགའ་འོད། དགེ་འདུན་བློ་བཟང་པ། ཤེར་སྒོམ་སངས་རྒྱས་དར། དེ་ལ་སངས་རྒྱས་དཔལ་གྱིས་གསན། ཡང་མཁས་བཙུན་གཞོན་ནུ་གྲུབ། ཀུན་མཁྱེན་རིག་པའི་རྡོ་རྗེ། བྱ་བཏང་ཆུའི་རྣལ་འབྱོར། གཞུ་སྟོན་ཚུལ་ཁྲིམས་མགོན་པོ། རྩ་གསུམ་ཆོས་གྲགས་པ་ལ་སངས་རྒྱས་དཔལ་གྱིས་གསན་པ་རྣམས། ཆོས་སྐུ་རིན་ཆེན་ནས་བརྒྱུད་པ། ཀུན་བཟང་ངག་དབང་བློ་གྲོས་པའི་སྤྱན་སྔར་ཞུས། མཁས་གྲུབ་སངས་རྒྱས་རྡོ་རྗེ། བྲག་ནག་པ་ནམ་མཁའ་རྒྱལ་ནས་བརྒྱུད་པ། བྲག་ནག་པ་སྟོབས་ལྡན་རྒྱལ་མཚན་ལ་ཞུས། ཤངས་ཟུར་ཁང་པ་བསོད་ནམས་བཟང་པོ། བ་བོང་པ་དཀོན་མཆོག་ལེགས་པ་ནས་བརྒྱུད་པ། བ་བོང་པ་རྡོ་རྗེ་རྒྱལ་མཚན་ལ་སོགས་ཏེ། ནི་གུ་ལུགས་སྲོལ་བཅུ་གཉིས་གཅིག་ཏུ་སྒྲིལ་བའི་གདམས་པའི་མངའ་བདག་ཏུ་གྱུར་ཏོ།།
II.2.2 - The close transmission lineage
གཉིས་པ། ཉེ་བརྒྱུད།
ཉེ་བརྒྱུད་ནི། ཀུན་མཁྱེན་དོལ་བུ་སངས་རྒྱས་ཀྱི་སྐུའི་སྐྱེ་བ་ཕྱི་མ་ཀམ་པ་བརྩོན་འགྲུས་བཟང་པོས། རིང་བརྒྱུད་མཁས་གྲུབ་ཤངས་སྟོན་གྱི་སློབ་མ་མུས་ཆེན་རྒྱལ་མཚན་དཔལ་བཟང་ནས་བརྒྱུད་པའི་རི་གོང་སྟོད་བརྒྱུད་དུ་གྲགས་པའི་སྙན་བརྒྱུད་རྣམས་བྱང་སེམས་སྦྱིན་པ་བཟང་པོ་ལས་གསན་ནས་ཐུགས་ཉམས་སུ་བཞེས། ཡང་གསོལ་འདེབས་གྲུབ་པའི་སྒྲ་དབྱངས་ལས་ཡེ་ཤེས་མཁའ་འགྲོ་ནི་གུ་ལན་གསུམ་དུ། །བྱོན་ནས་དབང་དང་གདམས་ངག་རྫོགས་པར་གནང་། །རྫུ་འཕྲུལ་མངོན་ཤེས་བསམ་མི་ཁྱབ་པར་འཁྲུངས། །གདམས་ངག་ཡེ་གེར་བཀོད་ལ་གསོལ་བ་འདེབས་ ཞེས་གསུངས་པ་བཞིན་གྲུབ་ཆེན་ཐང་སྟོང་རྒྱལ་པོ་ཉིད་ཡེ་ཤེས་མཁའ་འགྲོ་དངོས་ཀྱིས་རྗེས་སུ་བཟུང་སྟེ་གདམས་ངག་སོགས་ཡི་གེར་བཀོད་ནས་ཉེ་བརྒྱུད་རིམ་པ་གསུམ་བྱུང་བ་སྟེ། དང་པོ་གཙང་སྟོད་རི་བོ་ཆེར་ནི་གུ་མ་དངོས་སུ་བྱོན་ནས་རྡོ་རྗེའི་ཚིག་རྐང་སོ་སོའི་དངོས་ཤུགས་སྦས་གསུམ་གྱི་ཟབ་དོན་ལེགས་པར་བཀྲལ་བ་དང་། མཁའ་སྤྱོད་དཀར་དམར་གཉིས་ཀྱི་འཕོ་བ་ཤིན་ཏུ་ཟབ་པ་ཞིག་ཀྱང་བསྩལ། གཉིས་པ་མདོ་སྨད་སྲིན་རྫོང་ཤུག་སྡོང་གི་རྩ་བར་དེ་དག་སོ་སོའི་དབང་། གསུམ་པ་མཁའ་སྤྱོད་ཀྱི་གདམས་པ་ཡི་གེ་མེད་པའི་བརྡ་ཐབས་སུ་བྱུང་བ་བཅས་ཀྱི་བཀའ་བབས་སྔ་བར་ཕྱི་གསུམ་མང་མཁར་བ་བློ་གྲོས་རྒྱལ་མཚན་སོགས་ལ་བརྒྱུད་པར་ཐང་ལུགས་ཀྱི་བརྒྱུད་པ་ཞེས་ད་ལྟའི་བར་བཀའ་བརྒྱུད་ཟམ་མ་ཆད་པར་བཞུགས་སོ།
II.2.2.1 Thangtong Gyelpo
།གཅིག གྲུབ་ཐོབ་ཐང་སྟོང་རྒྱལ་པོ།
དེ་ཡང་ཨུ་རྒྱན་ཆེན་པོས་འོ་བ་ཞེས་བྱའི་ཤར་མདུན་དུ། །བརྩོན་འགྲུས་ཞེས་བྱའི་མིང་ཅན་བྱུང༌། །དེ་ནི་ང་ཡི་ཐུགས་སྤྲུལ་ཡིན་ཞེས་ལུང་བསྟན་པ་ལྟར་ཨུ་རྒྱན་པདྨ་འབྱུང་གནས་དང་ཐུགས་རྗེ་ཆེན་པོ་གཉིས་ཟུང་དུ་འཇུག་པའི་རྣམ་སྤྲུལ་གྲུབ་ཆེན་ཐང་སྟོང་རྒྱལ་པོ་ནི་གཙང་ལ་སྟོད་གཡས་རུ་བྱང་མའི་ཆབ་འོག །ཁ་རྒྱུན་དུ། གཅུང་སྨད་འོ་བ་ལྷ་རྩེ། གཅུང་སྟོད་རྒྱལ་ཐང་དཀར་པོ་ཞེས་སུ་གྲགས་པ་ལས་གཅུང་སྨད་འོ་བ་ལྷ་རྩེའི་རིན་ཆེན་སྡིངས་ ཀྱི་འཁྲུངས་ས་ཞེས་གྲགས་པའི་སུག་བྲིས་མའི་མ་རྒྱུད་ཀྱི་ཁྱིམ་དུ་སྤྱི་ལོ1385ལོར་ཡབ་རྡོ་རྗེ་རྒྱལ་མཚན་དང་། ཡུམ་རྒྱ་གར་ལྷ་མོ་གཉིས་ལ་རིགས་ཀྱི་མྱུ་གུ་ལྕམ་སྲིང་དྲུག་བྱུང་བ་སྟེ་སེ་རོ་དཔལ་དང་། སློབ་དཔོན་དཔལ་ཚུལ། འཕན་པོ། སྔ་དར། ཁྲོ་བོ་དཔལ་ལྡན། ལྕམ་མོ་དཔལ་འཛིན་རྡོ་རྗེ་མ་བཅས་ཀྱི་ལྔ་པ་ཁྲོ་བོ་དཔལ་ལྡན་ནི་ཕྱིས་ཐང་སྟོང་རྒྱལ་པོར་འབོད་པ་འདི་ཉིད་ཡིན། སྐུ་འཁྲུངས་པ་དང་ཀུན་སྤངས་དོན་ཡོད་རྒྱལ་མཚན་གྱིས་ཁྲོ་བོ་དཔལ་ལྡན་ཞེས་པའི་མཚན་གསོལ། ཚེ་དཔག་མེད་ཀྱི་དབང་དང༌། རྣམ་འཇོམས་ཀྱི་ཁྲུས་མཆོག །ཤེས་རབ་བློ་འཕེལ་གྱི་ཐབས་ལ་སོགས་པ་མང་དུ་མཛད། སྐུ་ན་ཆུང་ངུའི་དུས་ནས་རྣམ་དཔྱོད་རྩལ་གྱིས་ཕྱུག་ལ་ཕན་སེམས་ཆེ་བ་ཞིག་ཡོད། དགུང་ལོ་ལྔ་བཞེས་པའི་ཚེ། ཡབ་ཡུམ་གྱི་ར་ལུག་འཚོ་བར་བཏང་བས་ཀུན་སྤངས་དོན་ཡོད་རྒྱལ་མཚན་གྱི་ཆོས་གྲྭར་བྱོན་ནས་དབང་ཁྲིད་དང་རྗེས་གནང་མང་པོ་གསན། དགོན་པ་བྱང་སྡིངས་ སུ་བླ་མ་ཆོས་སྐྱོང་དཔལ་བའི་དྲུང་དུ་ཡི་གེ་བསླབས་པར་བརྫངས་པས། ཀློག་བརྡ་སྟོན་པ་ཙམ་གྱིས་མཁྱེན་ནས་བོད་ཡིག་དང་། ཝརྟུ། མཁའ་འགྲོའི་བརྡ་ཡིག་སོགས་འབྲི་གནང་མཛད། དེ་ནས་མི་རྒོད་ལ་ཆོས་རྒོད་ཡོད་ཅེས་པའི་དཔེ་བཞིན་དགོན་པ་བྱང་སྡིངས་སུ་བླ་མ་ཉི་མ་སེང་གེའི་དྲུང་ལས་རབ་ཏུ་བྱུང་ཞིང་མཚན་བརྩོན་འགྲུས་སེང་གེར་གསོལ། དོན་ཡོད་ཞགས་པའི་སྒྲུབ་ཐབས་ལས་ཚོགས་དང་། རྒྱུད་ཀྱི་ལུང་། སྨྱུང་གནས་ཀྱི་ཆོ་ག་དང་བཅས་པ་གསན། མདོག་སྟོད་སྐྱ་རའི་དགོན་པར་དཀའ་ལྔ་པ་དཔལ་འབྱོར་ཤེས་རབ་ཀྱི་དྲུང་དུ་བསྙེན་པར་རྫོགས། ན་བཟའ་ཆོས་གོས་གསུམ་གྱིས་མཛེས་ཤིང་མཚན་བརྩོན་འགྲུས་བཟང་པོར་གསོལ། ཁོང་གི་དྲུང་ནས་ཕྱག་རྒྱ་ཆེན་པོ་ལྔ་ལྡན་དང་། ལྷན་ཅིག་སྐྱེས་སྦྱོར། ནཱ་རོ། ནི་གུ སྦྱོར་དྲུག་ལ་སོགས་པ་གསན། ཆོས་རྗེ་ལྷ་གདོང་པ་བསོད་ནམས་མཆོག་པ་ལས་རི་ཆོས། གཅོད་སྐོར། རིག་འཛིན་རྒོད་ལྡེམ་གྱིས་གཏེར་ནས་དྲངས་པའི་རྫོགས་ཆེན་ཡོངས་རྫོགས། མཁའ་འགྲོ་སྙིང་ཐིག་རྫོགས་ཆེན་ཨ་རོའི་སྐོར་སོགས་གསན། དེ་རྗེས་གངས་བུ་ལེར་དར་མ་དཔལ་ལས་ཆུའི་དཀའ་ཐུབ་ཀྱི་གདམས་པ་དང་། ཀུན་སྤངས་རིན་ཆེན་རྒྱལ་མཚན། རེད་མདའ་བ་གཞོན་ནུ་བློ་གྲོས། བྱ་ཕུར་བ་སོགས་ལས་གསང་སྔགས་གསར་རྙིང་དང་། མེ་རླུང་གི་སྒོམ་ཐབས་སོགས་མན་ངག་མང་དུ་གསན་ནས་གཅིག་ཏུ་མ་ངེས་པའི་དབེན་གནས་རྣམས་སུ་ལོ་མང་རིང་སྒོམ་སྒྲུབ་ལ་གཞོལ། བལ་ཡུལ་དུ་བྷ་རོ་མ་ནུ་དྷ་རས་གསེར་དངུལ་རུས་ཆས་སིལ་སྙན་ལ་སོགས་པའི་མཆོད་པའི་ཡོ་བྱད་ཕུལ་བས་ཆ་རྐྱེན་མཛད་དེ་འཕགས་པ་ཤིང་ཀུན་ལ་སྐུ་དཀར་གསོལ་ཞིང་། བྱ་རུང་ཁ་ཤོར་ལ་ཉམས་གསོ་ལེགས་པར་མཛད། ལོ་ངོ་བཅོ་བརྒྱད་ཙམ་གྱི་རིང་རྒྱ་བལ་སོགས་ལ་འབྱོན་བཞུད་ཀྱིས་པཎྜི་ཏ་མ་ཧཱ་བོ་དྷི་དང་། བླ་མ་དྷརྨ་རཀྟ། བླ་མ་སིདྡྷི་རཏཱ། གྲུབ་ཐོབ་ཨ་ཏི་ཀ་ར་སོགས་ཀྱི་པཎ་གྲུབ་དུ་མ་ལས་ཆོས་གསན་པ་དང་། ལྷག་པར་དུ་རྡོ་རྗེ་གདན་དང་ཐག་ཉེ་བའི་གསང་བ་རྡོ་རྗེ་ཕུག་ཏུ་གསང་སྔགས་རྙིང་མའི་གྲུབ་ཐོབ་སྐལ་ལྡན་རྡོ་རྗེ་གྲགས་པ་ལས་རྙིང་མའི་ཆོས་སྐོར་མ་ལུས་གསན་མཐར་ཉམས་རྟོགས་ཁྱད་པར་ཅན་འཁྲུངས་པ་དང་། ཐེངས་ཤིག་ལྷ་རྩེའི་གྲམ་པ་རྒྱང་གི་ལྷ་ཁང་དམར་པོ་ནས་ཐུགས་སྒྲུབ་ཡང་གསང་བླ་ན་མེད་པའི་ཆོས་སྐོར་གཏེར་ནས་བཞེས་པ་སོགས་ཀྱིས་སྔ་འགྱུར་རྙིང་མ་བའི་ཤིན་ཏུ་ཟབ་པ་ཉེ་བརྒྱུད་གཏེར་མའི་བརྒྱུད་འཛིན་གྲས་སུ་ཚུད།
དེ་ནས་གྲུབ་ཆེན་ཉིད་ལ་བྱང་སེམས་སྦྱིན་པ་བཟང་པོས་སྒྲུབ་བརྒྱུད་ཀྱི་བསྟན་པ་ཟིན་པ་ཞིག་ཡོང་བ་འདུག །ང་རྒས་ཁར་ཆོས་བདག་པོ་ལ་འཕྲོད་པ་ཞིག་བྱེད་ཅེས་གསུངས་ནས་ནི་གུ་ཆོས་དྲུག་དང་ཕྱག་རྒྱ་ཆེན་པོ་གའུ་མ། ལམ་ཁྱེར་རྣམ་གསུམ། འཆི་མེད་འཆུག་མེད། མཁའ་སྤྱོད་དཀར་དམར། བླ་མ་མགོན་པོ་དབྱེར་མེད་སོགས་ཤངས་པ་རིན་ཆེན་རྣམ་བདུན་ནས་མཁས་གྲུབ་ཤངས་སྟོན་ལ་ལེགས་པར་བརྒྱུད་པའི་ཟབ་མོའི་གདམས་པ་མཐའ་དག་རྫོགས་པར་གནང༌། གྲུབ་ཆེན་གྱི་ཐུགས་ལ་བས་མཐའ་རི་ཁྲོད་འགྲིམས་ཤིང་སྙན་བརྒྱུད་ཟབ་མོ་གངས་རིའི་ལྗོངས་སུ་དར་བར་བྱེད་དགོངས་པའི་ཚེ། རྡོ་རྗེ་འཆང་གིས་རྡོ་རྗེའི་རྒྱལ་ཐབས་བསྩལ། །ཡེ་ཤེས་མཁའ་འགྲོས་གསང་མཛོད་ལན་གསུམ་གཏད་ཅེས་པ་ལྟར་བར་སྣང་གི་སྤྲིན་གསེབ་ཏུ་མཁའ་འགྲོ་ནི་གུ་མས་ཞལ་མངོན་སུམ་དུ་བསྟན། མཆོག་གི་དཀྱིལ་འཁོར་ཆེན་པོར་དབང་བཞི་རྫོགས་པར་གནང་བས་དགའ་བཞིའི་ལང་ཚོས་ཡོངས་སུ་གང་། དེའི་སྐབས་སུ་རྡོ་རྗེའི་ཚིག་རྐང་སོ་སོ་དང༌། དེ་དག་ལ་དངོས་ཤུགས་སྦས་གསུམ་གྱི་མན་ངག་གི་འཕུལ་ཕྱེ་སྟེ་ཡོངས་སུ་རྫོགས་པར་གདམས་ཤིང་། ཁྱད་པར་འཆུགས་མེད་མཁའ་སྤྱོད་དཀར་དམར་གྱི་འཕོ་བ་ཤིན་ཏུ་ཟབ་པ། གདམས་པ་དཔེ་གཉིས་ཀྱི་སྒོ་ནས་བཏོན་པ་དང་བཅས་པ་བཀའ་རྒྱས་བཏབ་ནས་གནང་བ་དེ་དག་ཉམས་བཞེས་སུ་བསྟར་བས། དུས་སྐད་ཅིག་ཉིད་ལ་སྐུ་ལུས་ཀྱི་བཀོད་པ་གྲངས་ལས་འདས་པ་སྟོན་པ་དང་། གཞན་གྱི་སེམས་ཤེས་པའི་མངོན་པར་མཁྱེན་པ་དང་། ཕ་རོལ་ལ་འཕོ་བ་མཛད་པས་དངོས་སུ་འཕོ་ནུས་པ་སོགས་གྲུབ་པའི་ཟློས་གར་བསམ་གྱིས་མི་ཁྱབ་པ་མངའ། ཕྱིས་ཀྱང་ལན་གཉིས་ཞལ་གཟིགས་ནས་ཉེ་བརྒྱུད་ཀྱི་གདམས་པ་ཁྱད་པར་ཅན་མང་དུ་བསྩལ། འོན་ཀྱང་རྩོམ་པ་པོ་ཞོལ་མུ་ཡིས་ཐང་སྟོང་རྒྱལ་པོ་འཕགས་བལ་དུ་ལན་མང་དངོས་སུ་ཕེབས་ནས་ནི་གུ་མ་མཇལ་ཏེ་གསེར་ཆོས་ལྔ་ཞུས་པར་འདོད་པ་ལོ་རྒྱུས་ཀྱི་དོན་དངོས་དང་མི་མཐུན། ཕྱིས་གྲུབ་ཆེན་གྱིས་བླ་མ་ནམ་མཁའི་རྣལ་འབྱོར་དང་མཇལ་ནས་ཆོས་ཕར་ཞུ་ཚུར་ཞུ་མཛད་སྐབས་ཕལ་ཆེར་བླ་མ་དེ་ལས་ཤངས་ཆོས་ཅུང་ཞིག་གསན་མྱོང་བ་དང་། བླ་མ་རྡོ་རྗེ་གཞོན་ནུ་ལས་ཀྱང་ཤངས་ཆོས་སྐོར་མང་དུ་གསན།
དེ་རྗེས་རིན་ཆེན་སྡིངས་ཀྱི་ཤར་ཕྱོགས་དམ་ཕུག་ཀོ་ས་ལ་བྲག་སོགས་སུ་སྒྲུབ་པར་ཞུགས། མ་ཎི་དུང་སྒྲུབ་ལན་གཉིས་མཛད་ནས་འཕགས་པ་སྤྱན་རས་གཟིགས་ཞལ་གཅིག་ཕྱག་གཉིས་མ་སོགས་ཀྱིས་ཞལ་གཟིགས། ཐོག་མར་ཐར་པ་གླིང་གི་བླ་མ་མཆོག་བཟང་ལེགས་པའི་བློ་གྲོས་ཀྱི་དྲུང་དུ་ཕྱག་རྒྱ་ཆེན་པོ་གངྒ་མ། གའུ་མ། ཡི་གེ་མེད་པ། ལྔ་ལྡན་ལ་སོགས་པའི་ཁྲིད་དང་དབང་ལུང་མང་དུ་གསན་པ་དང་། སླེ་ཁ་བ་ཤེས་རབ་བཟང་པོ་ལས་དུས་ཀྱི་འཁོར་ལོའི་དབང་གོང་མ། ཇོ་ནང་ལུགས་ཀྱི་སྦྱོར་དྲུག་ཆ་ཚང་གསན། དེ་རྗེས་གཙང་རྒྱས་སྡེ་ཐང་ཁར་ གསང་སྤྱོད་ལ་ཞུགས་པའི་སྐབས་ཡེ་ཤེས་ཀྱི་མཁའ་འགྲོ་མ་སྡེ་ལྔས། ཁྱབ་གདལ་ཆེན་པོའི་ཐང་ཆེན་ན། སྟོང་ཉིད་རྟོགས་པའི་རྣལ་འབྱོར་པ། །འཇིགས་མེད་རྒྱལ་པོ་ལྟ་བུར་བཞུགས། །དེ་ཕྱིར་ཐང་སྟོང་རྒྱལ་པོར་ཐོགས་ཞེས་པས་ཐང་སྟོང་རྒྱལ་པོ་དང་། ལུང་སྟོང་སྨྱོན་པ། ཟས་རྣམས་བཅུད་ལེན་མཁན། རྐྱེན་རྣམས་རོ་སྙོམས་མཁན། ཆོས་རྣམས་རྐྱགས་གཏད་མེད་པ་བཅས་ཀྱི་མཚན་མཆོག་ལྔ་གསོལ་བས། གསོལ་འདེབས་གྲུབ་པའི་སྒྲ་དབྱངས་སུ་གདུལ་དཀའ་འདུལ་ཕྱིར་གྲུབ་པའི་སྐུར་བཞེངས་པ། །ཡེ་ཤེས་ཌཱ་ཀི་ཡོངས་ཀྱི་མིང་གཅིག་པུ། །མཚན་མཆོག་ལྔ་དང་ལྡན་ལ་གསོལ་བ་འདེབས་ཞེས་འཁོད་པ་ཡིན་ལ། དུས་དེ་ནས་བཟུང་ཐང་སྟོང་རྒྱལ་པོ་ཞེས་པའི་མཚན་སྙན་གྱི་བ་དན་ས་གསུམ་ཁྱོན་དུ་གཡོ། སླར་འཁྲུངས་ཡུལ་དུ་ཕེབས་ནས་ཕ་མ་གཉིས་ཀྱི་བུ་ལོན་རྣམས་མཇལ་རྗེས་ཐར་པ་གླིང་གི་སྒྲུབ་ཁང་ཞལ་དཀར་ལྷ་གདོང་དུ་ར་མ་གཉིས་ཀྱི་འོ་མ་ལ་འཚོ་བ་མཛད་པ་ལས་གཞན་ལོངས་སྤྱོད་བྲེ་གང་ཡང་མེད་པར་ལོ་དྲུག་སྒྲུབ་པ་གནང་བའི་སྐབས་ཤིག་རྨི་ལམ་བཟུང་ནས་རྒྱ་གར་གྱི་དུར་ཁྲོད་ཀེང་རུས་མེ་འབར་དུ་ཕེབས་ཏེ་རྗེ་བཙུན་བི་རུ་པ་ལས་རྒྱུད་སྡེ་མཐའ་ཡས་པ་མཐའ་དྲུག་དང་ཚུལ་བཞིས་རྣམ་པར་ཕྱེ་སྟེ། ལམ་འབྲས་བུ་དང་བཅས་པའི་མན་ངག་ཡོངས་སུ་རྫོགས་པ་གསན། ལྷ་ལྡན་གྱི་ཇོ་བོ་རིན་པོ་ཆེའི་མགུལ་ལ་གསེར་རྡོག་པོ་ཉི་ཤུ་རྩ་གཅིག་ཕུལ་བ་སོགས་མཆོད་པ་དུ་མས་མཉེས་པར་མཛད།
ཐེངས་ཤིག་ཚལ་གུང་ཐང་གི་མེ་ཏོག་མཆོད་པ་ ལ་བྱོན་ནས་ལྷ་སར་ལོག་ཕེབས་སྐབས་ལྷ་གདོང་ཤན་ཁར་གྲུ་དཔོན་ལ་གླ་རྔན་གནང་རྒྱུ་མ་བྱུང་བས་ལ་ཁར་ཇག་པ་དང་ཆུ་ཁར་གཉན་དཔོན་གྱི་དཔེ་ལྟར་གྲུ་དཔོན་གྱིས་ཁོང་གི་དབུ་ལ་ཤན་སྐྱ་ལན་གསུམ་ཞུས་ཏེ་ཆུ་ནང་དུ་བསྐྱུར་བས། ཁོང་གི་ཐུགས་དགོངས་ལ་ཉམ་ཐག་གི་སྐྱེ་བོ་གྲངས་ལས་འདས་པ་ཞིག་ཀྱང་འདི་དང་འདི་འདྲ་བའི་དཀའ་སྡུག་དང་བརྙས་བཅོས་མྱོང་དགོས་པ་ཤུགས་ཀྱིས་མཁྱེན་ནས་ཆུ་ཀླུང་བརྒལ་མི་བཏུབ་པ་རྣམས་ལ་ལྕགས་ཟམ་གཟུག་རྒྱུའི་མི་ཕྱེད་པའི་དམ་བཅའ་ཐུགས་ལ་བཀོད། དེ་རྗེས་ཀོང་པོར་ལྕགས་འཚོལ་བར་ཕེབས་སྐབས་སློབ་མ་ལྔ་བཅུ་ཙམ་བྱུང་བ་རྣམས་ཁྲིད་ནས་ཀོང་ཡུལ་སྟེང་རྩ་དང་སྨན་མོ་སྒང་སོགས་སུ་ཕེབས་ཏེ་ལྕགས་ཀྱི་སློང་མོ་དང་། ལྕགས་གཏེར་སྔོག་འདོན་གྱི་ལས་ལ་ཞུགས་ཤིང་། མགར་བ་མང་པོའི་དཀའ་སྤྱད་ལ་བརྟེན་ནས་ཞག་བཅོ་བརྒྱད་ཀྱི་རིང་ལ་ལྕགས་ཐག་འདོམ་བཅོ་བརྒྱད་ཡོད་པ་བཞི་གྲུབ་པས་མཚོན་ལྕགས་གུག་རྐང་བུ་སྟོང་ཕྲག་མང་པོ་བཟོ་རྡུང་མཛད། དེ་དག་མཛོ་གཡག་སོགས་ལ་བཀལ་ནས་དབུས་གཙང་དུ་དབོར། གཞན་ཡང་དབུས་གཙང་ཁམས་གསུམ་དང་མོན་ཡུལ་སོགས་སུ་ལྕགས་མང་པོ་བསྒྲུབས་ཏེ་ལྕགས་ཟམ་འཛུགས་ཡུལ་གྱི་ས་ཆ་ཁག་ལ་དྲངས། ཐོག་མར་སྐྱིད་ཆུའི་གྲུ་ཁ་དེ་ཉིད་དུ་ལྕགས་ཟམ་གཟུག་རྒྱུའི་དམ་བཅའ་བཞིན་དགུང་གྲངས་བདུན་ཅུར་ཕེབས་པ་རབ་བྱུང་བདུན་པའི་ལྕགས་ཕོ་ཁྱི་སྤྱི་ལོ1430ལོར་སྡེ་པ་སྐྱིད་ཤོད་པ་དང་ཁུལ་དེའི་སྐྱ་སེར་ཀུན་བསྐུལ་ནས་ལྷ་གདོང་ཤན་ཁའི་ལྕགས་ཟམ་ཐོག་མར་བསྐྲུན། དུས་དེ་ནས་བཟུང་གྲུབ་ཐོབ་ལྕགས་ཟམ་པ་ཞེས་སྙན་པའི་གྲགས་པ་ཕྱོགས་ཀུན་དུ་ཁྱབ། དེ་ནས་ཆུ་བོ་རིའི་ལྕགས་ཟམ་དང་། ཡར་ལུང་ཉ་མགོ་གྲུ་ཁའི་ལྕགས་ཟམ་སོགས་སྐུ་ཚེ་གང་པོར་ཁྱོན་ལྕགས་ཟམ་ལྔ་བཅུ་ང་བརྒྱད། ཤན་ཆེན་དང་གྲུ་འདྲེས་པ་བརྒྱ་དང་བཅོ་བརྒྱད། ཤིང་ཟམ་དྲུག་ཅུ་སོགས་འཛུགས་གནང་མཛད། གྲུབ་ཆེན་གྱིས་བཙུགས་གནང་བའི་ལྕགས་ཟམ་དེ་དག་ལ་མི་ཆུར་ལྷུང་སྟེ་འཆི་བ་སོགས་བྱུང་མྱོང་མེད་པ་ནི། དཔེར་ན་བགྲང་བྱ་བཞི་བཅུའི་གོང་ཙམ་དུ་ལྷ་རྩེ་རྫོང་གྲའུ་ཡུལ་ཤོག་ལྕགས་ཁ་གྲོང་ཚོའི་ཉེ་འཁོར་གྱི་ལྕགས་ཟམ་དེའི་སྟེང་ཚྭ་དོ་པོ་གཅིག་སྒལ་པར་ཁུར་ཡོད་པའི་བུ་མོ་ཞིག་ཆུ་ནང་དུ་ལྷུང་། ཚྭའི་ལྗིད་ཀྱིས་རྐྱེན་པས་ཆུའི་གཏིང་དུ་ལྷུང་ཡང་བུ་མོ་དེས་ཐག་པ་གཏོང་ཤོག་ཅེས་འབོད་པས་ཉེ་འཁོར་གྱི་མིས་ཐག་པར་བརྟེན་ནས་བུ་མོ་དེ་སྲོག་ཉེན་ལས་བསྒྲོལ་ཞེས་པ་སོགས་དོན་དངོས་ཀྱི་ཤོད་རྒྱུན་མང་དུ་མཆིས། ལྷག་པར་དམ་པ་གང་དེས་ལྕགས་ཟམ་སྒྲུབ་པའི་དགེ་བསྐུལ་གྱི་ཆ་རྐྱེན་དུ་མཛད་ཅིང་དེང་ལོངས་སུ་སྤྱོད་ཡུལ་དུ་གྱུར་པའི་ཨ་ཅེ་ལྷ་མོའི་ཟློས་གར་གྱི་འཁྲབ་རྒྱུན་ཡང་གསར་དུ་གཏོད་པ་སོགས་ཀྱིས། སྤྱི་ལོའི་དུས་རབས་བཅོ་ལྔ་པའི་ནང་གཙོ་བོར་ཤངས་པ་བཀའ་བརྒྱུད་ཀྱི་བརྒྱུད་འཛིན་པའི་བླ་ཆེན་ཞིག་གིས་ངོས་ནས་སྐབས་དེའི་སྤྱི་ཚོགས་ཀྱི་འགྲིམ་འགྲུལ་འཕེལ་རྒྱས་དང་། རིག་རྩ་ལ་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ་བཅས་ཀྱི་དམངས་ཕན་བྱ་གཞག་ལ་ལེགས་སྐྱེས་བསམ་གྱིས་མི་ཁྱབ་པ་ཕུལ་ཡོད་པས། རིས་མེད་སྐྱེ་འགྲོ་ཀུན་གྱིས་གཙུག་ཏུ་བཀུར།
མ་གཞི་གྲུབ་ཆེན་ཐང་སྟོང་རྒྱལ་པོ་སྲས་མཁར་དགུ་ཐོག་ཏུ་ཞག་གསུམ་བཞུགས་པའི་ཚེ་ནུབ་གཅིག་མར་པ་ལོ་ཙཱ་བ་དང་མཇལ་བས། རྗེ་མར་པས་མ་ཧཱ་མ་ཡའི་དབང་བསྐུར་རྒྱུད་བཤད་མཛད་ནས་ཆོས་བདག་པོ་ལ་འཕྲོད་དོ་གསུངས་ནས་ནམ་མཁའ་ལ་གཤེགས། ཡང་ཆོས་རྗེ་འབྲི་གུང་པ་ནམ་མཁའ་རྒྱལ་མཚན་དང་མཇལ་ནས་ནཱ་རོ་ནི་གུ་ཕར་ཞུ་ཚུར་ཞུ་མཛད། དེ་ལྟར་ཁོང་གིས་སྐུ་ཚེ་གང་པོར་སྔ་འགྱུར་རྙིང་མའི་མན་ངག་ཟབ་ཆོས་དང་། ས་སྐྱ་པའི་ལམ་འབྲས། དྭགས་པོ་བཀའ་བརྒྱུད་ཀྱི་ནཱ་རོ་ཆོས་དྲུག་སོགས་ཀྱི་གདམས་ངག་མང་དག་ཅིག་ཐུགས་ཉམས་སུ་བཞེས་པ་མ་ཟད། རིས་སུ་མ་མཆིས་པའི་དགེ་ལས་པ་རྣམས་ལ་རང་རང་གི་བློ་འདོད་ལྟར་ཆོས་ཕྱག་རྒྱ་ཆེན་པོ་དང་། རྫོགས་ཆེན། ནཱ་རོ་ནི་གུའི་ཆོས་དྲུག །གཙང་ཁྲིད་དང་བློ་སྦྱོང་སོགས་ཁྲིད་ཚུལ་སྣ་ཚོགས། མདོ་སྡེ་ལས་བརྒྱ། དགོངས་པ་ངེས་འགྲེལ། ཁང་བུ་བརྩེགས་པའི་མདོ་ལ་སོགས་པ་སྤྱི་ཆོས་སུ་གནང་། ལྷག་པར་དུ་ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མས་རྗེས་སུ་བཟུང་ཞིང་ཉེ་བརྒྱུད་ཀྱི་བཀའ་བབས་ལན་གསུམ་བསྩལ་བས། ཁོང་ནི་དུས་རབས་བཅོ་ལྔ་པའི་ནང་ཤངས་ཆོས་ཀྱི་ཚབ་མཚོན་བརྒྱུད་འཛིན་པ་ཞིག་ཡིན་པ་གོར་མ་ཆག །ཁོང་གིས་ལོ་མང་རིང་གནས་ངེས་མེད་དུ་ཕེབས་ནས་དགོན་གནས་གསར་བཞེངས་དང་དམ་པའི་ཆོས་ཀྱི་གདམས་ངག་མཐས་ཀླས་པ་མདོ་དབུས་ཁམས་གསུམ་སོགས་ཀྱི་གདུལ་བྱ་འགྲོ་བའི་དོན་དུ་སྤེལ་བ་ཡང་། སྤྱི་ལོ་1446ལོ་ཙམ་ནས་བཟུང་གྲུབ་ཆེན་ཉིད་དང་ལྷ་རིགས་སྡེ་དགེའི་རྒྱལ་རབས་དང་པོ་བོ་ཐར་བཀྲ་ཤིས་སེང་གེ་གཉིས་མཆོད་ཡོན་ཟུང་འབྲེལ་གྱིས་ཕྱག་བཏབ་པའི་ཐང་རྒྱལ་ལྷ་ཁང་དང་སྲིབ་དགོན་དུད་བརྒྱ་རྩ་བརྒྱད་རྣམས་དེང་ཕལ་ཆེར་དགོན་ཆེན་དགོན་གྱི་ཁོངས་སུ་གཏོགས་པས་ས་ལུགས་འཛིན་པ་ཤ་སྟག་ཡིན་ལ། དེ་མིན་ཤངས་པའི་ཆོས་སྐོར་ལ་སོགས་པའི་ཆོས་བརྒྱུད་གཞན་གྱི་གདམས་པ་རྣམས་ཀྱང་གནས་ངེས་མེད་དུ་སྤེལ་ནས་སངས་རྒྱས་བསྟན་པའི་གདུགས་དཀར་ཕྱོགས་མཚམས་ཀུན་ཏུ་ཁྱབ་པར་མཛད། ཁོང་གིས་ཤངས་ཆོས་ཀྱི་གདམས་པ་འདི་དག་གཙོ་ཆེར་མང་མཁར་བ་བློ་གྲོས་རྒྱལ་མཚན་དང་འབྲི་གུང་ཆོས་རྗེ་ནམ་མཁའ་རྒྱལ་མཚན་སོགས་ལ་བསྩལ་མཐར་རབ་བྱུང་དགུ་པའི་ས་སྦྲུལ་སྤྱི་ལོ1509ལོར་གཙང་སྟོད་རི་བོ་ཆེར་སྐུ་གཤེགས།
II.2.2.2 Lodrö Gyeltsen
གཉིས། དཀའ་བཅུ་པ་བློ་གྲོས་རྒྱལ་མཚན།
དཀའ་བཅུ་པ་བློ་གྲོས་རྒྱལ་མཚན་ནི་སྤྱི་ལོའི་དུས་རབས་བཅུ་བཞི་པའི་ནང་ལྷ་རྩེའི་མང་མཁར་དུ་སྐུ་འཁྲུངས། ཁོང་ནི་གཞུང་ཆེན་བཀའ་པོད་ལྔར་སྦྱངས་པ་མཐར་སོན་པའི་དགེ་བཤེས་ཤིག་ཡིན་ཞིང༌། གྲུབ་ཆེན་ཐང་སྟོང་རྒྱལ་པོ་དང་མཇལ་ནས་ནི་གུའི་ཉམས་ཁྲིད་རྒྱས་པར་གསན། ས་ཉལ་མའི་ཕུག་པར་ཟླ་བ་བདུན་བསྒོམས་པས། གཏུམ་མོའི་བདེ་དྲོད་དང་སྒྱུ་མའི་ཉམས་བཟང་པོ་སྐྱེས། རྨི་ལམ་སྤྲུལ་བསྒྱུར་གྱི་སྒོ་ནས་རྒྱ་གར་རྡོ་རྗེ་གདན་སོགས་ཡུལ་སྣང་གཏན་ལ་ཕེབས་ཤིང་། འོད་གསལ་གྱི་གཟིགས་པ་རྒྱ་ཆེན་པོ་ཤར། ཁྲིད་གྲོལ་ནས་ཁྲིད་ཡིག་ལ་གཟིགས་པས་དེར་མ་འཁོད་པའི་དམིགས་པ་མང་པོ་བྱུང་འདུག་པ་བླ་མ་ལ་དྲིས་པས། ཡེ་ཤེས་མཁའ་འགྲོས་དངོས་སུ་གནང་བའི་གདམས་པ་ཡིན་པས་བསྐྱུར་མི་ཉན་གསུངས། ཟིན་བྲིས་བྱས་ན་ཡོང་མིན་དྲིས་ཀྱང་མཁའ་འགྲོའི་གནང་བ་མ་ཐོབ་པས་མི་ཡོང་གསུངས། དེ་རྗེས་ཁོང་གིས་ཆོས་སྡེའི་སློབ་དཔོན་གྱི་ཁུར་མཛད་སྐབས་སུ་ཡང་འབད་པས་ཉམས་སུ་བླངས་པས། དབེན་པར་སྒོམ་པ་བས་ཆོས་སྡེའི་ཚོགས་དབུས་སུ་སྒོམ་པ་བོགས་ཆེ་བ་བྱུང་། དཀའ་བཅུ་པ་སླར་གྲུབ་ཆེན་གྱི་དྲུང་དུ་བྱོན་པས་ནི་གུའི་དམིགས་པ་རྣམས་བརྗེད་འདུག་གམ་གསུངས། མི་འདུག་ཞུས་པས་ཤོག་བུ་ལོངས་ལ་བྲིས། མཁའ་འགྲོའི་བཀའ་གནང་ཐོབ་པ་ཡིན་ཞེས་གསུངས། དེ་ནས་ཇི་ལྟ་བ་བཞིན་བྲིས་ཏེ་བླ་མར་ཕུལ་བས་ཤིན་ཏུ་དག་པ་མཁྱེན། ཟིན་བྲིས་འདིའི་ལུང་བསྟན་འཛིན་རིན་པོ་ཆེ་གཙོ་བོར་གྱུར་པའི་གདུལ་བྱ་འགའ་ཞིག་ལ་གནང་།
དེ་ཡང་ནི་གུའི་བརྒྱུད་འདེབས་སུ་གནས་མང་མཁར་དགོན་གསར་གྱི་དགོན་པ་རུ། བརྒྱུད་འཛིན་བློ་གྲོས་རྒྱལ་མཚན་ལ་གསོལ་བ་འདེབས་ཞེས་པ་ལྟར། རྗེ་བཙུན་བློ་གྲོས་རྒྱལ་མཚན་འདི་ཉིད་ཀྱིས་གཙང་སྟོད་ལྷ་རྩེར་ཐེག་ཆེན་འོད་གསལ་གླིང་ཞེས་པའི་ས་སྐྱ་ཚར་ལུགས་ཀྱི་དགོན་གནས་ཕྱག་བཏབ་གནང་མཛད། དེང་བསམ་གྲུབ་དགོན་གསར་ཞེས་ཡུལ་མིང་དགོན་ལ་ཐོགས་པ་དེ་ཡིན། ཁོང་གིས་དགོན་གནས་འདི་བཏབ་ནས་བུ་སློབ་ཀྱི་འཁོར་རྣམས་ལ་ཤངས་པའི་ཉེ་བརྒྱུད་ཀྱི་གདམས་པ་རྒྱ་ཆེར་སྤེལ་བས་བཀའ་དྲིན་ཆེ་བ་ཡིན། ནི་གུ་ཐང་སྟོང་ལུགས་འདི་མང་མཁར་བ་བློ་གྲོས་རྒྱལ་མཚན་གྱིས་མཁས་གྲུབ་དཔལ་ལྡན་དར་པོ། དེས་རྗེ་བཙུན་བསོད་ནམས་རྩེ་མོ། དེས་སྐལ་བཟང་འགྱུར་མེད་བདེ་ཆེན། མཁན་ཆེན་ངག་དབང་ཆོས་གྲགས། དེས་འཇམ་དབྱངས་བསོད་ནམས་རྒྱལ་མཚན། དེས་ངག་དབང་བསྟན་པ་རབ་རྒྱས། དེས་མང་ཐོས་བསོད་ནམས་ཆོས་འཕེལ། དེས་ཀུན་དགའ་ལེགས་པའི་འབྱུང་གནས། དེས་འཇམ་དབྱངས་བསོད་ནམས་དཔལ་བཟང་། དེས་འཕགས་མཆོག་ཆོས་ཉིད་ཡེ་ཤེས། དེས་མཚུངས་མེད་ཡེ་ཤེས་རྒྱལ་མཆོག །ཡོངས་འཛིན་མ་ཏིའི་མཚན་ཅན། དེས་འཇམ་མགོན་རྡོ་རྗེ་རིན་ཆེན། དེས་འཇམ་དབྱངས་མཁྱེན་བརྩེ་དབང་པོ། དེས་འཇམ་མགོན་ཡོན་ཏན་རྒྱ་མཚོ་ལ་རིམ་གྱིས་བརྒྱུད་པའོ།
II.2.3 - The very close transmission lineage
།གསུམ་པ། ཤིན་ཏུ་ཉེ་བརྒྱུད།
ནག་པོ་སྤྱོད་པའི་རྣམ་སྤྲུལ་རྗེ་བཙུན་ཀུན་དགའ་གྲོལ་མཆོག་ཉེ་བརྒྱུད་དག་པའི་སྣང་བར་རྡོ་རྗེ་བཙུན་མོ་ནི་གུ་མས་ཞལ་དངོས་སུ་བསྟན་ཏེ་གདམས་ངག་ཁྱད་པར་ཅན་ལན་གཉིས་བསྩལ་བ་དང་། རིང་བརྒྱུད་འཇག་བསམ་གཉིས་དང་ཐང་སྟོང་རྒྱལ་པོ་ལ་སོགས་བརྒྱུད་པའི་རྣམ་གྲངས་ཉེར་བཞི་སྟེ། བརྒྱུད་སྲོལ་ཉེར་ལྔ་དང་ཁྲིད་ཐེངས་བརྒྱ་ལྷག་བཅས་འཇམ་མགོན་གྲུབ་པའི་དཔའ་བོ་དཔལ་ལྡན་ཀུན་དགའ་གྲོལ་མཆོག་གིས་གསན། ཁོང་གིས་ཆོས་སྐུ་ལྷ་དབང་གྲགས་པ་སོགས་ལ་བརྒྱུད་པ་ནི་གུ་ཇོ་ནང་གི་ལུགས་སུ་གཏོགས། དེའི་བརྒྱུད་པ་གཞན་རྣམས་ཁོ་བོས་ཟུར་དུ་བཀོད་པའི་ཤངས་པའི་བླ་རབས་ཀྱི་མཚན་ཐོར་གསལ་བས་དེར་གཟིགས་པར་འཚལ། སྐབས་འདིར་ལུགས་འདིའི་ཚབ་མཚོན་གྱི་བླ་མ་འགའ་ཞིག་གི་སྐོར་ཅུང་ཟད་ཞིང་བ་ལ།
II.2.3.1 Künga Drölchok
གཅིག །དཔལ་ལྡན་ཀུན་དགའ་གྲོལ་མཆོག
།ཁོང་ནི་མངའ་རིས་སྨད་ཀྱི་གློ་བོ་སྨོན་ཐང་ དུ་གཉག་སྟོན་ཤཱཀྱ་མུ་ནེའི་རིགས་སུ་ཡབ་རྗེ་དགུང་ལོ་ལྔ་བཅུ་རྩ་བརྒྱད་དང་། ཡུམ་དགུང་ལོ་ཉི་ཤུ་རྩ་གཉིས་བཞེས་པའི་ཚེ་སྐུ་བལྟམས། སྐུ་འཁྲུངས་སྐབས་སྒྲོལ་མ་འབུམ་ཐེར་འཛུགས་པའི་དུས་ཡིན་པས། རྗེ་བཙུན་སྒྲོལ་མའི་ཐུགས་རྗེར་དགོངས་ཏེ་མཚན་སྒྲོལ་མ་འབུམ་དུ་གསོལ། དགུང་ལོ་བཞི་པའི་ཐོག་བླ་མ་དམ་པ་ཀུན་དགའ་མཆོག་གྲུབ་ཀྱི་དྲུང་དུ་ཆོས་སྒོར་ཞུགས། དེ་ནས་དགུང་ལོ་བརྒྱད་ཀྱི་བར་དུ་ཡབ་ཀྱི་དྲུང་ནས་ཀློག་ཡིག་སོགས་སྦྱངས། དགུང་པོ་བཅུ་གསུམ་པ་ལ་བླ་མ་ཀུན་དགའ་མཆོག་གྲུབ་ལས་རབ་ཏུ་བྱུང་ཞིང་། མདོ་སྔགས་ཀྱི་ཆོས་མང་དུ་གསན། དེ་ནས་དབུས་གཙང་དུ་སློབ་གཉེར་ལ་ཕེབས། ལམ་བར་དུ་ས་སྐྱ་མཇལ་ནས་ཁའུ་བྲག་རྫོང་དུ་ཀུན་སྤངས་ཆོས་ཀྱི་ཉི་མའི་དྲུང་དུ་དཔལ་མགོན་གྱི་རྗེས་གནང་གསན་པས། ཆོས་སྐྱོང་གི་སྐུའི་རྣམ་པ་གསལ་ཆ་ཆེར་བྱུང༌། ལོ་དགོན་དུ་ཞེན་པ་བཞི་བྲལ་གྱི་ཁྲིད་གསན་རྗེས་ཆགས་མེད་ཀྱི་ངེས་འབྱུང་དྲག་པོ་སྐྱེས། དེ་ནི་ཁྲིད་ཐོབ་པའི་ཐོག་མ་ཡིན། དེ་རྗེས་ཆོས་གྲྭ་ཆེན་པོ་གསེར་མདོག་ཅན་ དུ་པཎྜི་ཏ་དོན་ཡོད་གྲུབ་པ་ལ་རྒྱུད་སྡེ་ལྔ་དང་། བདེ་མཆོག་ལྷ་ལྔའི་དབང་ཞུས་ཤིང༌། སླར་མངའ་རིས་སུ་ཕེབས། དགུང་ལོ་ཉི་ཤུ་པ་ལ་ཐམས་ཅད་མཁྱེན་པ་བསོད་ནམས་ལྷུན་གྲུབ་ལེགས་པའི་རྒྱལ་མཚན་གྱིས་མཁན་པོ་དང་། ངོར་ཆེན་རྡོ་རྗེ་ལྷ་མཆོག་གིས་ལས་སློབ་མཛད་དེ་དད་པའི་དགེ་འདུན་གྲངས་ཚང་བའི་དབུས་སུ་བསྙེན་པར་རྫོགས། སློབ་དཔོན་རྣམས་ལས་གསུང་ངག་ལམ་འབྲས་སོགས་མང་དུ་གསན། བླ་མ་དཔལ་ལྡན་ཚུལ་ཁྲིམས་པ་ལ་འཇིགས་བྱེད་ཀྱི་ཆོས་སྐོར་རྣམས་ཞུས། དྲུང་པ་ཆོས་རྗེ་ལས་རྒྱལ་སྲས་ཁྲིད་དྲུག་དང་། ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་ཕུད་པའི་གཞན་ལྔའི་དམིགས་ཁྲིད། སྐྱེས་བུ་གསུམ་གྱི་ཁྲིད། སྙིང་རྗེ་མཁའ་ཁྱབ་སྟེ་བཀའ་གདམས་ལྷ་བཞིའི་ཟབ་ཁྲིད། བློ་སྦྱོང་སོགས་བཀའ་གདམས་པའི་ཆོས་སྐོར་མང་དག་ཅིག་གསན། མོན་རྫོང་པ་ཟླ་བ་རྒྱལ་མཚན་ནས་བརྒྱུད་པའི་ལམ་འབྲས་ཞ་མ་ལུགས་སོགས་བརྒྱུད་ལུགས་མི་འདྲ་བ་ཉེར་ལྔ། སྒྲོལ་དཀར་འབྱུང་པོ་འདུལ་བྱེད་སོགས་ས་སྐྱ་པའི་ཆོས་སྐོར། གཞན་ཡང་གཙུག་རྒྱན་ནོར་བུ་འཇམ་དབྱངས་བསོད་ནམས་ལྷུན་གྲུབ་དང་། སངས་རྒྱས་རིན་ཆེན་སེང་གེ ཀུན་དགའ་མཆོག་གྲུབ། དོན་ཡོད་མཚན་ཅན། དཔལ་ལྡན་ཚུལ་ཁྲིམས། ཡིག་དྲུག་ཤེས་དཔལ། ཁམས་སྟོན་བསོད་ནམས་རྒྱལ་མཚན། ཀརྨ་པ་དྲེ་བོ་ཆོས་རྒྱལ། དཔལ་ལྡན་འབྲུག་པ་ངག་དབང་ཆོས་རྒྱལ། ལྕང་ལུང་པ་གཞོན་ནུ་མཆོག་གྲུབ། སྟག་ལུང་པ་རྣམ་རྒྱལ་བཀྲ་ཤིས་སོགས་མཁས་གྲུབ་གཉིས་ལྡན་གྱི་བླ་མ་དྲུག་ཅུ་ཙམ་བསྟེན་པ་ལས། རྗེ་བཙུན་ཀུན་དགའ་གྲོལ་མཆོག་ཉིད་ཀྱིས་གང་ཆོས་ཀྱི་འབྲེལ་བའི་བླ་མ་དྲུག་ཅུ་རྩ་མཆིས་པ་ཀུན་ཀྱང་རྒྱ་སྒོམ་གཅིག་པུར་ངོ་བོ་གཅིག་པ་མ་གཏོགས་ཐ་དད་པར་ནི་མི་འཛིན་ཞེས་གསུངས་པ་ལྟར་རྒྱ་སྒོམ་ཆེན་པོ་ནི་ཁོང་གི་རྩ་བའི་བླ་མ་ཉག་གཅིག་ཡིན་པ་བཅས་དེ་དག་གི་དྲུང་ནས་མདོ་སྔགས་ཀྱི་གཞུང་འགྲེལ་དང་དབང་ཁྲིད་བྱིན་རླབས་ལ་སོགས་པའི་མན་ངག་མཐའ་ཡས་པ་གསན་ཏེ་མཁས་ཤིང་གྲུབ་པའི་རྩེ་མོར་སོན་པས། གྲུབ་མཐའ་རིས་མེད་ཀྱི་བླ་མ་མང་པོས་ཞབས་ལ་གཏུགས། དབུས་གཙང་སྡེ་དཔོན་ཆེ་ཕྲ་ཀུན་གྱི་མཆོད་པའི་ཞིང་དམ་པར་གྱུར་ཅིང་། གདུལ་བྱ་མཐའ་ཡས་པ་སྨིན་གྲོལ་གྱི་ལམ་བཟང་ལ་བཀོད། སྔ་རྗེས་སུ་ཐུབ་བསྟན་གསེར་མདོག་ཅན་དང་། དཔལ་འཁོར་བདེ་ཆེན་གླིང་། རྩེ་ཆེན་ངམ་རིང་སོགས་ཀྱི་གདན་སའི་བདག་པོར་བསྐོས་ཀྱང་། བྱ་བཏང་ཁོ་ནའི་ཚུལ་གྱིས་སྡེའི་ཞལ་འཛིན་ཆེར་མ་མཛད། སྐུ་ཚེའི་མཇུག་ཏུ་ཇོ་ནང་དུ་སྒྲུབ་པར་ཞུགས་པ་དང་། ལྷག་པར་ཆོས་ལུང་བྱང་རྩེའི་དགོན་གནས་ བཏབ་ནས་སྒྲུབ་སྡེ་ལ་གཙོ་བོར་མཛད་ཅིང་། སློབ་མ་མཁས་པ་མང་དུ་བྱུང་བ་ལས་གཙོ་བོ་རྡོ་རིང་པ་ཀུན་དགའ་རྒྱལ་མཚན། མཁས་དབང་བྱམས་པ་ལྷུན་གྲུབ། ཆོས་སྐུ་ལྷ་དབང་གྲགས་པ་རྣམས་ལ་ས་དྭགས་ཇོ་ཤངས་ཀྱི་ཆོས་སྐོར་མཐའ་ཡས་པའི་བཀའ་བབས་གཏད་དེ། གཟུགས་སྐུ་ཆོས་དབྱིངས་སུ་བསྡུས། སྐུ་གདུང་རིང་བསྲེལ་གྱི་སྙིང་པོ་ཆོས་ལུང་བྱང་ཆུབ་རྩེ་མོར་བཞུགས་སོ།
།རྗེ་བཙུན་འདི་ཉིད་ལ་ཤངས་པའི་ཆོས་ཀྱི་བཀའ་བབས་པ་དང་། གདམས་པ་ཇི་ལྟར་གསན་པའི་སྐོར་ཡང་། ཐེངས་ཤིག་མནལ་ལམ་དུ་བུད་མེད་དམར་པོ་གཉིས་ཀྱིས་ཡར་བཏེགས་ནས་སོ་ས་གླིང་གི་དུར་ཁྲོད་ཡིན་ཟེར་བ་ཞིག་ཏུ། ནི་གུ་མས་ཚོགས་དཔོན་མཛད་པའི་མཁའ་འགྲོ་མ་མང་པོ་འདུས་པའི་ཚོགས་འཁོར་གྱི་གྲལ་དུ་ཚུད་པ་དེས། ནི་གུ་མས་བྱིན་གྱིས་བརླབས་པའི་མཚན་མ་ཐོབ། དེ་རྗེས་ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མས་དངོས་སུ་ཞལ་གཟིགས་ཏེ་ཆོས་དྲུག་དང་ཕྱག་ཆེན། ལམ་ཁྱེར་དང་འཆི་མེད། མཁའ་སྤྱོད་དང་མགོན་པོ་སོགས་ཀྱི་བཀའ་སྣ་རྣམས་གནང་བས། རྗེ་བཙུན་གྱིས་ཀྱང་བདག་དང་མཁའ་འགྲོའི་བར་དུ་བརྒྱུད་པ་གཞན་མི་དགོས་གསུངས། ལྷག་པར་དུ་ཡོལ་ཕུ་རི་གོང་གི་རང་བྱུང་མགོན་པོའི་ལུང་བསྟན་བཞིན་སྦས་པའི་རྣལ་འབྱོར་རྒྱ་སྒོམ་ལེགས་པ་རྒྱལ་མཚན་གྱིས་རྒྱུད་སྡེ་ལྔའི་དབང་བསྐུར་མནོས་ཤིང་། དེ་རྗེས་ཤངས་པའི་ཚོགས་ཆོས་སྔོན་འགྲོ་མི་རྟག་སྐྱོ་ཤས་ཀྱི་ཉམས་ཁྲིད་ཆེན་མོ་བསྩལ་ནས། རྩ་བའི་ཆོས་དྲུག །བཀའ་དྲུག་དང་དམིགས་པ་སྤེལ་བའི་མྱོང་ཁྲིད། སྡོང་པོ་ཕྱག་ཆེན་གའུ་མའི་དོན་ཁྲིད་དབང་དང་འབྲེལ་བ། ལམ་འཁྱེར་གྱི་འཇུག་སྒོའི་བྱིན་རླབས། མཁའ་སྤྱོད་དཀར་དམར་བྱིན་རླབས་དང་འབྲེལ་བའི་ལྟ་ཁྲིད། གསང་སྒྲུབ་ལྟེ་བ་འཕྲུལ་འཁོར། མགོན་པོ་སྙིང་ཞུགས་ཀྱི་དམར་ཁྲིད། མགོན་པོ་མི་འདྲ་བ་སུམ་ཅུ་སོ་གསུམ་སོགས་ཀྱི་དབང་བཀའ་དྲུག་ཅུ་རེ་བརྒྱད་ཙམ་གསན་པ་བཅས། སྔ་ཕྱིར་ཤངས་ཆོས་ཀྱི་གདམས་པ་ལྷག་མ་རྣམས་རྫོགས་པར་བསྩལ་བས། རྒྱ་སྒོམ་ཆེན་པོས་ཀྱང་ཆོས་བདག་པོ་ལ་འཕྲོད་པ་མི་རྒན་ད་ལྟ་ཤི་ཡང་བློ་བདེ་ཞེས་གསུངས་པ་ཡིན། ཡང་རྗེ་བཙུན་ཀུན་དགའ་གྲོལ་མཆོག་ཉིད་ཀྱིས་ནི་གུའི་ཁྲིད་བརྒྱ་རྩ་བརྒྱད་འཆད་པའི་དམ་བཅའ་ཕུལ་བས། རྒྱ་སྒོམ་ཆེན་པོའི་ཞལ་ནས་བརྒྱ་རྩ་བརྒྱད་ཀྱི་མཐར་དངོས་གྲུབ་ཀྱི་ཕ་ཕོགས་ཆེན་པོ་བྱུང་ཞེས་པའི་ལུང་བསྟན་གནང་ཞེས་འཁོད་པ་ལྟར་ནི་གུའི་ཁྲིད་ཐེངས་གྲངས་བརྒྱ་རྩ་བརྒྱད་འཆད་པའི་དམ་བཅའ་ཕུལ་བས། རྒྱ་སྒོམ་ཆེན་པོའི་ལུང་བསྟན་ཐོབ་པ་དང་། ཤངས་པའི་གདམས་ངག་གི་བརྒྱུད་པ་ཅུང་ཟད་ཉམས་རྒུད་དུ་སོང་བའི་དུས་དེར་ཤངས་ཆོས་རྒྱ་ཁྱབ་ཏུ་འགྲོ་བར་ལེགས་སྐྱེས་བསམ་གྱིས་མི་ཁྱབ་པ་ཕུལ་བར་མཛད། གཞན་ཡང་རིན་པོ་ཆེ་ལྕོག་པོ་རྩེ་པ་ལས་གྲུབ་རྒྱལ་མའི་ཚེ་དབང་དང་། མགོན་པོ་རྒྱན་གྱི་སྐོར། དུར་ཁྲོད་ལམ་ཁྱེར། གའུ་མའི་རྡོ་རྗེའི་ཚིག་རྐང་སོགས་ཞུས། ཁམས་སྟོན་བསོད་ནམས་རྒྱལ་མཚན་ལ་ནི་གུའི་ཆ་ལག་ཕྱག་ཆེན་རྣམས་མཐའ་རྒྱས་སུ་གསན། དེ་ལྟར་ཁོང་ལ་ནི་གུའི་ལུགས་སྲོལ་མི་འདྲ་བ་ཉེར་ལྔ་ཐོབ་པས། ཁོང་རང་ཉིད་ཀྱིས་ཀྱང་ཆོས་ནི་གང༌། སྤྱིར་ཤངས་པའི་བཀའ་བརྒྱུད་ལ་སྙིང་ཕུར་བཏབ་མོད། ཐོས་པའི་ཆོས་ཇི་སྙེད་པ་མཐའ་དག་ཀྱང་དེའི་ཚུལ་དུ་འདུས་པ་ལས་རྣམ་རྟོག་གི་རྒྱུ་ཤན་མི་བྱེད་དོ་ཞེས་གསུངས་པ་ལྟར་ཤངས་པའི་ཤིན་ཏུ་ཉེ་བརྒྱུད་ཀྱི་རིང་ལུགས་དྲི་མེད་མངའ་བ་ཡིན། སྐུ་གཤེགས་ཁར་བྲག་སྟོད་པ་ལྷ་དབང་གྲགས་པ་ཤངས་ཆོས་གདམས་པའི་རྒྱལ་ཚབ་ཏུ་བསྐོ་བཞག་མཛད་པ་བཅས་སོ།
།ཞར་ལ། དམ་པ་འདི་ཉིད་ཀྱིས་དམ་པའི་ཆོས་ཀྱི་མན་ངག་ཟབ་མོའི་བཅུད་ཀུན་ལེགས་བསྡུས་ཀྱི་ཚུལ་དུ་མཛད་པ་གྲོལ་མཆོག་ཁྲིད་བརྒྱ་ཞེས་གྲགས་པ་ཟབ་མོའི་ཁྲིད་ཚན་བརྒྱ་རྩ་བརྒྱད་ཀྱི་བཀླག་ལུང་ཚར་གསུམ་ཕྱག་བཞེས་ཀྱི་བཀའ་སྲོལ་མཆོག་གི་བརྒྱུད་རིམ་ནི། རྗེ་བཙུན་ཀུན་དགའ་གྲོལ་མཆོག་ཉིད་དང་། དེ་ནས་རིམ་པར་ཐུགས་སྲས་མཁན་ཆེན་ལུང་རིག་རྒྱ་མཚོ། རྗེ་བཙུན་ཏཱ་ར་ནཱ་ཐ། རྒྱལ་ཚབ་རིན་ཆེན་རྒྱ་མཚོ། དགེ་སློང་སྙིང་པོ་མཐའ་ཡས། རྗེ་ཀུན་བཟང་དབང་པོ། ཚེ་དབང་ནོར་བུ་དང་ཀུན་དགའ་རྣམ་རྒྱལ་གཉིས། དེ་གཉིས་ནས་ཆོས་ཀྱི་འབྱུང་གནས་ཀརྨ་འགྱུར་མེད། པདྨ་ནོར་བུ། དཔལ་ལྡན་མི་ཕམ་ཆོས་རྒྱལ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། དེ་ནས་འཛམ་ཐང་སྒར་གོང་འོག་གི་རྡོ་རྗེ་འཛིན་པ་ཅི་རིགས་པས་གསན་ཞིང་ལུང་རྒྱུན་ད་ལྟའི་བར་མ་ཆད་ཙམ་བཞུགས། ཡང་གྲོལ་མཆོག་ཁྲིད་བརྒྱ་ཞིབ་ཁྲིད་ལུགས་ཀྱི་བརྒྱུད་རིམ་ནི། རྗེ་གྲོལ་མཆོག་གང་ཉིད་དང༌། གང་གི་ཞལ་སྔར་གསན་པ་ལུང་རིག་རྒྱ་མཚོ་དང་། ལྷ་དབང་གྲགས་པ་གཉིས། དེ་གཉིས་ཀས་རྗེ་བཙུན་ཏཱ་ར་ནཱ་ཐ། ཁོང་ནས་གསན་པ་རྗེ་བཙུན་འཕྲིན་ལས་དབང་མོ་དང་། རིན་ཆེན་རྒྱ་མཚོ་གཉིས། དེ་གཉིས་ནས་དགེ་སློང་སྙིང་པོ་མཐའ་ཡས། ཀུན་བཟང་དབང་པོ། དེ་ནས་ཚེ་དབང་ནོར་བུ་དང་གོང་བླ་ཀུན་དགའ་རྣམ་རྒྱལ་གཉིས། གོང་བླ་དེ་ཉིད་ལས་འཛམ་ཐང་སྒར་གོང་འོག་གི་བླ་སྤྲུལ་ཅི་རིགས་ལ་ཐོབ་པ་ཡིན་ལ། གཞན་ཡང་ཀུན་བཟང་དབང་པོའི་རྗེས་ནས། སྔགས་གསར་ཕྱོགས་ལྕགས་ཟམ་པ་བློ་བཟང་དཔལ་གྲུབ། ལྕགས་ཐང་བ་བཀྲ་ཤིས་འབྱུང་གནས། འཇམ་དབྱངས་བཞད་པ་འཇིགས་མེད་དབང་པོ། ངག་དབང་བློ་བཟང་། བདེ་བའི་རྡོ་རྗེ། དཀོན་མཆོག་རྒྱལ་མཚན། བཀའ་འགྱུར་བ་ཤེས་རབ་རྒྱ་མཚོ། ཨ་མཆོག་སྤྲུལ་སྐུ་དཀོན་མཆོག་བསྟན་པའི་རྒྱལ་མཚན། དཀོན་མཆོག་མཁས་གྲུབ། འབྲོག་དགེ་ཡོན་ཏན་རྒྱ་མཚོ། གྲོང་མང་རིག་འཛིན་རྣམ་སྣང་རྡོ་རྗེ་སོགས་ནས་རྔ་ཡུལ་ཕྱོགས་སུ་བརྒྱུད་ཚུལ་ཞིག་ཡོད་ལ། འདི་ནི་དམར་ཁྲིད་ལྟར་གྱི་ཁྲིད་ཚུལ་རྒྱས་པ་ཡིན་མོད། འོན་ཀྱང་གོང་ལྟར་བཀླག་ལུང་བཞིན་བྱས་པས་ཁྲིད་ཀྱི་གོ་ཆོད་པའི་གསུངས་སྲོལ་ཡོད་ཅིང་། གང་ལྟར་ཡང་བརྒྱུད་ལྡན་གོང་མ་རྣམས་ཀྱི་ཉམས་ལེན་ཕྱག་བཞེས་མ་ཆད་པའི་བྱིན་རླབས་དོན་བརྒྱུད་དུ་གྲགས་སྐད།
II.2.3.2 Chöku Lhawang Drakpa
གཉིས། བྲག་སྟོད་པ་ལྷ་དབང་གྲགས་པ།
ཁོང་ནི་ལ་སྟོད་དུ་སྐུ་འཁྲུངས་ཤིང་། ཐོག་མར་སྟོད་འབྲུག་གི་བླ་མ་འགའ་ལས་འབྲུག་ལུགས་ཀྱི་ཆོས་སྐོར་གསན། དེ་རྗེས་བླ་མ་དུ་མ་ལས་རས་ཆུང་པའི་སྙན་བརྒྱུད། སྔ་འགྱུར་རྙིང་མའི་ཆོས་སྐོར། སྦྱོར་བ་ཡན་ལག་དྲུག་པ། ས་སྐྱའི་ཆོས་སྐོར་སོགས་གསན་པས་ཐུགས་རྒྱུད་བྱུར་བུར་གཏམས། ཁྱད་པར་དུ་རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཞབས་ལ་གཏུགས་ནས་ཤངས་པ་བཀའ་བརྒྱུད་པའི་གདམས་པ་མང་དག་ཅིག་གསན་ཞིང་། ཤངས་པའི་ཆོས་སྐོར་མ་ལུས་པ་བུམ་པ་གང་བྱོའི་ཚུལ་དུ་མཁྱེན་ཞིང་ཐུགས་སུ་ཆུབ་པར་མཛད། སྒྲུབ་པའི་རྒྱལ་མཚན་བཙུགས་ཏེ་ཉམས་རྟོགས་ཀྱི་ཀློང་བརྡོལ། རྩ་རླུང་ལ་རང་དབང་ཐོབ་ཅིང་འཆི་མེད་རྡོ་རྗེའི་སྐུ་བརྙེས་པས་དགུང་ལོ་བརྒྱ་དང་ཉི་ཤུ་བཞུགས། དེ་ཡང་ནི་གུའི་བརྒྱུད་འདེབས་བྱིན་རླབས་སྤྲིན་ཕུང་ལས་གནས་བྲག་སྟོད་ཆོས་ཀྱི་དགོན་པ་རུ། ཆོས་སྐུ་ལྷ་དབང་གྲགས་པ་ལ་གསོལ་བ་འདེབས་ཞེས་འཁོད་པ་ལྟར་ཕྱིས་རྟག་བརྟན་ཕུན་ཚོགས་གླིང་གི་དགོན་ལག་ཁག་བཅུ་དྲུག་ གི་ཁོངས་སུ་གཏོགས་པའི་ཕོ་དགོན་བྲག་སྟོད་ཆོས་ཀྱི་ཕོ་བྲང་ དུ་བཞུགས་ནས་ས་དྭགས་ཇོ་ཤངས་སོགས་གྲུབ་མཐའ་རིས་མེད་ཀྱི་གདམས་པས་གདུལ་བྱ་དུ་མ་སྨིན་གྲོལ་ལ་བཀོད། སློབ་མ་རྣམས་ལས་མཆོག་ཏུ་གྱུར་བ་རྗེ་བཙུན་ཏཱ་ར་ནཱ་ཐས་རང་ཉིད་དགུང་ལོ་སོ་གསུམ་ལ་ཕེབས་སྐབས་བྲག་སྟོད་ཀྱི་སྒྲུབ་སྡེ་འདིར་སྐྱེས་བུ་གསུམ་གྱི་ལམ་རིམ་དང་། ཤངས་ཆོས་ཆ་ཚང་གི་དབང་བཀའ་ཅི་རིགས་གནང་། ལྷ་དབང་གྲགས་པ་ཉིད་ཀྱིས་ཇོ་ནང་ཏཱ་ར་ནཱ་ཐ་ཤངས་པ་བཀའ་བརྒྱུད་ཀྱི་གདམས་པ་མཐའ་དག་གི་བདག་པོར་གཏད་དེ་ཞིང་གཞན་དུ་གཤེགས། སྐུ་གདུང་རིང་བསྲེལ་གྱི་སྙིང་པོ་ཅན་རྣམས་བྲག་སྟོད་ཀྱི་གསེར་གདུང་བཀྲ་ཤིས་འོད་འབར་དུ་བཞུགས་ཏེ་འགྲོ་བ་རྣམས་ཀྱི་མཆོད་པའི་ཞིང་དུ་གྱུར། བླ་མ་འདི་ཉིད་རྗེ་བཙུན་ཀུན་དགའ་གྲོལ་མཆོག་སྐུ་གཤེགས་རྗེས་ཤངས་ཆོས་ཤིན་ཏུ་ཉེ་བརྒྱུད་ཀྱི་བདག་པོར་གྱུར་ཅིང་། མདོག་ལྷོ་སྐུ་ཕྲེང་རིམ་བྱོན་གྱི་དང་པོར་བརྩི་བ་ཡིན་ལ། དེང་གང་དེའི་སྐུ་ཕྲེང་བཅུ་བཞི་པ་བློ་བཟང་བསྟན་སྐྱོང་གིས་ཕུན་ཚོགས་གླིང་དུ་རྒྱལ་བའི་བསྟན་པ་སྐྱོང་བའི་ཁུར་ཆེན་ཕྲག་ཏུ་བཞེས་མུས་ལགས།
II.2.3.3 Jetsün Taranatha
གསུམ། རྗེ་བཙུན་ཏཱ་ར་ནཱ་ཐ།
རྗེ་བཙུན་ཏཱ་ར་ནཱ་ཐའམ་སྒྲོལ་བའི་མགོན་པོ་ནི། རབ་བྱུང་བཅུ་པའི་ཤིང་ཕག་ལོ་སྟེ་སྤྱི་ལོ1575ལོར་ཁ་རག་འབྲང་གི་ཕུ་སྟེ་དེང་ལྷོ་ཁ་ས་ཁུལ་སྣ་དཀར་རྩེ་རྫོང་ཁ་རག་ཡུལ་ཤོག་འབྲང་ཕུ་གྲོང་ཚོའི་ཁོངས་སུ། རྭ་ལོ་རྡོ་རྗེ་གྲགས་པའི་གདུང་རུས་ལས་རིམ་བཞིན་གྱེས་པའི་རྭ་ཤར་ནུབ་གཉིས་ལས་ཤར་པ། གྲུབ་ཐོབ་དབུས་སྨྱོན་པའི་ལུང་བསྟན་བཞིན་ཡབ་རྣམ་རྒྱལ་ཕུན་ཚོགས་དང་། ཡུམ་རྡོ་རྗེ་བུ་དགའ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། མཚན་སྲི་གཅོད་རྡོ་རྗེར་གསོལ། དགུང་ལོ་གཉིས་ལ་ཕེབས་སྐབས་སྙུང་གཞིས་མནར་བས། འཕགས་ཡུལ་གྱི་བླ་མ་དམ་པ་རྣམས་ཀྱི་སྤྲུལ་པ་ཨ་ཙ་ར་ལྔ་གློ་བུར་དུ་ཕེབས་ཏེ་བྱིན་གྱིས་བརླབས་པས། སྙུང་བ་ལས་གྲོལ། སྐུ་ན་ཆུང་ངུའི་དུས་ནས་ཡི་དམ་གྱི་ལྷའི་ཞལ་གཟིགས་ཤིང་། མངོན་ཤེས་ཐོགས་མེད་མངའ་བས་རྗེ་གྲོལ་མཆོག་གི་སྐུའི་སྐྱེ་བ་ཡིན་པའི་ངེས་ཤེས་ཀུན་ལ་སྐྱེས། སྔོན་གནས་ལེགས་པར་མཁྱེན་པས། སྣ་དཀར་རྩེ་དང་། བྱང་མཁར་རྩེ་སོགས་རིམ་གྱིས་བརྒྱུད་དེ་རྗེ་གོང་མའི་གདན་སར་ཕེབས། ཆོས་ལུང་བྱང་རྩེར་ཀློག་ཡིག་སོགས་སྦྱངས། རྗེ་རྡོ་རིང་པ་དང༌། ལྷ་དབང་གྲགས་པ་གཉིས་ལས་ཟབ་ཆོས་དུ་མ་གསན་པའི་དབུ་ཚུགས། ཐེངས་ཤིག་ཡར་འབྲོག་སྟག་ལུང་དུ་རྣལ་འབྱོར་མའི་ཆོས་གསན་སྐབས་མནལ་ལམ་དུ་རྣལ་འབྱོར་མ་དེའི་ཕྱག་དབུ་ཐོག་ཏུ་བཞག་ནས་རྗེས་སུ་བཟུང་། ཡི་དམ་གྱི་གཙོ་བོར་གྱུར། ཆོས་ལུང་བྱང་རྩེར་སྟག་ལུང་པ་ཀུན་དགའ་བཀྲ་ཤིས་རྒྱལ་མཚན་དཔལ་བཟང་གི་དྲུང་ལས་རབ་ཏུ་བྱུང་། མཁས་མཆོག་བྱམས་པ་ལྷུན་གྲུབ་སློབ་དཔོན་དུ་བསྟེན་ནས་མདོ་ཕྱོགས་ལ་ཐོས་བསམ་དཔྱིས་ཕྱིན་པ་མཛད་པས་ལུང་རིག་སྨྲ་བའི་ཁྱུ་མཆོག་ཏུ་གྱུར། གཞན་ཡང་སྟག་ལུང་པ་ཆེན་པོ། མཁན་ཆེན་ལུང་རིགས་རྒྱ་མཚོ། བླ་མ་བྱམས་པ་ལྷུན་གྲུབ། གྲུབ་མཆོག་ལྷ་དབང་གྲགས་པ། མཁས་གྲུབ་སངས་རྒྱས་ཡེ་ཤེས་སོགས་ལ་རྒྱུད་སྡེ་བཞི་དང་འབྲེལ་བའི་ས་སྐྱའི་ཆོས་སྐོར་ཡོངས་རྫོགས། དཔལ་ཇོ་ནང་བ་དང་། ཞ་ལུ་བ་གཉིས་ཀྱི་ཆོས་སྐོར། འབྲུག་པའི་རྒྱལ་དབང་བཀའ་འབུམ་སོགས་ཆོས་སྐོར་ཡོངས་རྫོགས། ཀརྨ་ཀཾ་ཚང་གི་ཆོས་སྐོར། སྟག་ལུང་པའི་ཆོས་སྐོར་སོགས་གྲུབ་མཐའ་རིས་མེད་ཀྱི་ཆོས་སྐོར་མཐའ་ཡས་པ་གསན།
ལྷག་པར་དུ་ཤངས་པ་བཀའ་བརྒྱུད་ཀྱི་སྨིན་གྲོལ་གདམས་པ་ལག་ཁྲིད་ཞལ་གདམས་དང་བཅས་པ་མ་ལུས་གསན་ཞིང་། ཡི་དམ་ཆོས་སྐྱོང་གི་བསྙེན་སྒྲུབ་སོགས་ཀྱང་ནན་ཏན་གནང་བས་བསྐྱེད་རིམ་ལ་བརྟན་པ་ཐོབ། རྒྱུད་སྡེའི་གཞུང་བཤད་རྒྱ་ཆེན་ཐུགས་སུ་ཆུད། དགུང་ལོ་ཉི་ཤུར་ཉེ་བའི་ཚེ། འདུལ་འཛིན་ཀུན་དགའ་རྒྱལ་མཚན་གྱིས་མཁན་པོ། མཁས་མཆོག་བྱམས་པ་ལྷུན་གྲུབ་པས་སློབ་དཔོན། དགེ་བཤེས་བློ་བཟང་པ་དང་རྗེ་དྲུང་ཀུན་དགའ་སོགས་ཀྱིས་ཁ་སྐོང་མཛད་ནས་བསྙེན་པར་རྫོགས། དེ་རྗེས་ཕྱི་ལྟར་ཉན་ཐོས་ཀྱི་སྤྱོད་པ། ནང་ལྟར་རྒྱལ་སྲས་རྡོ་རྗེ་འཛིན་པ་ཆེན་པོར་གྱུར་ཏེ། བསྟན་པའི་བདག་པོ་མཛད་ནས་བྱང་སྟག་ལུང་། ལྷོ་སྟོན་ཁེབས། སྣེ་སྡོ་པ་རྩེ། ཡར་རྒྱབ། ནུབ་ལ་སྟོད་བར་གྱི་སྡེ་དཔོན་ཆེ་ཕྲ་དང་དགོན་བདག་གྲྭ་རིས་དང་བཅས་པ་ཀུན་གྱི་དད་པའི་ཞིང་མཆོག་ཏུ་གྱུར། སྦྱོར་དྲུག་གི་རྟགས་བཅུ་སོགས་བཤད་ཚོད་དང་མཐུན་པར་ཐུགས་ཉམས་སུ་འཁྲུངས། རྒྱ་གར་གྱི་པཎྜི་ཏ་པུཎྜ་བཛྲ་དང་། བུདྡྷ་གུབྷ་ནཱ་ཐ་སོགས་ལས་རྡོ་རྗེ་ཐེག་པའི་གཞུང་འགྲེལ་མན་ངག་བོད་ཀྱི་བསྲེ་ལྷད་མ་བཞུགས་པ་མང་དུ་གསན། འཕགས་ཡུལ་དུའང་སྙན་གྲགས་ཀྱི་འབྲུག་སྒྲ་ལྡིར། ནི་གུ་ཆོས་དྲུག་ཐུགས་ཉམས་སུ་བསྟར་བའི་དུས་རྨི་ལམ་ཟིན་སྦྱོངས་དང་ཡུལ་སྣང་གཏན་ལ་ཕེབས་པས། ལྐོག་འགྱུར་གྱི་དོན་ལ་མངའ་བརྙེས་པ་སོགས་གསང་ཆེན་རྒྱུད་སྡེ་བྱེ་བའི་བཅུད་ཀྱིས་ཐུགས་ཀྱི་བུམ་བཟང་ཡོངས་སུ་གཏམས། བསམ་སྡིངས་སུ་བཞུགས་པའི་སྐབས་ཞྭ་དམར་སྐུ་ཕྲེང་བཅུ་པ་དབང་ཕྱུག་རྡོ་རྗེ་དང་མཇལ་ནས་བསྟན་པའི་བདག་པོར་དབང་བསྐུར་ཞིང་། བདག་ཆེན་བསོད་ནམས་དབང་པོས་ཀྱང་ས་སྐྱ་པའི་བསྟན་པའི་བདག་པོར་མངའ་གསོལ་བ། ལྷག་པར་དགུང་ལོ་ཉེར་དགུ་པའི་ཐོག་ཇོ་ནང་སྐུ་འབུམ་རྡོ་རྗེ་གདན་དུ་ཀུན་མཁྱེན་དོལ་བུ་བ་དང་མཇལ་ནས་ཇོ་ནང་པའི་བསྟན་པའི་བདག་པོར་མངའ་གསོལ་བ་སོགས། ངེས་པ་དོན་དང་ལྡན་པའི་བསྟན་པ་སྤྱིའི་བདག་པོར་གྱུར། འོན་ཀྱང་ཀུན་མཁྱེན་ཆེན་པོའི་ལུང་བསྟན་དང་། རིན་སྤུངས་སྡེ་པ་ཀརྨ་བསྟན་སྐྱོང་དབང་པོས་སྦྱིན་བདག་མཛད་པ་ལ་བརྟེན་ནས་དཔལ་ཇོ་མོ་ནང་པའི་ལུགས་སྲོལ་གཙོ་བོར་སྐྱོང་བའི་རྟག་བརྟན་ཕུན་ཚོགས་གླིང་ ཕྱག་བཏབ། དེ་ནས་བཟུང་རྟག་བརྟན་སྤྲུལ་སྐུ་ཞེས་སུ་ཡང་གྲགས། གནས་དེར་གཙུག་ལག་ཁང་ཉི་ཤུ་རྩ་གྲངས། གྲྭ་ཁང་བརྒྱ་ཕྲག་ལྕགས་རི་དང་བཅས་པ་དང་། སངས་རྒྱས་རབས་བདུན་སྐུ་ཚད་ཤིན་ཏུ་ཆེ་བ་གསེར་ཟངས་ལས་གྲུབ་པ། བྱམས་ཆེན་ཐོག་ཚད་གཉིས་ལྡན་གསེར་ཟངས་ལས་གྲུབ་པ་སོགས་རྟེན་དང་བརྟེན་པ་མཐའ་ཡས་པ་བཞེངས། དགུང་ལོ་ལྔ་བཅུ་རྩ་བདུན་ཐོག་ཡུམ་སྐུ་ནོངས་པར་གྱུར་པའི་དགོངས་རྫོགས་ལ་ཡང་རྟེན་བཞེངས་རྒྱ་ཆེར་གྲུབ། དགོན་གནས་འདིར་རྨོག་ལྕོག་པ་དཔོན་སློབ་དང་། གཙང་ཕྱོགས་ཀྱི་བླ་མ་ཆེ་ཕྲ། ལ་སྟོད་ལྷོ་བྱང་གི་བླ་མ་གྲྭ་རིས། སྡེ་དཔོན་སྐྱ་མི་སོགས་ལ་ཆོས་དང་ཟང་ཟིང་གཉིས་ཀའི་བཀའ་དྲིན་ལེགས་པར་བསྩལ། སོག་པོ་ཁལ་ཁའི་ཡུལ་ཁ་བོང་དུ་ལོ་གྲངས་ཉི་ཤུའི་རིང་བསྟན་པ་སྤེལ་ཞིང་། དགོན་གནས་དུ་མ་བཏབ། ཇོ་ནང་པའི་ལུགས་ཉམས་གསོ་མཛད། སོག་ཡུལ་དུ་རྗེ་བཙུན་དམ་པ་ཞེས་སུ་གྲགས། རབ་བྱུང་བཅུ་གཅིག་པའི་ཤིང་ཁྱི་སྤྱི་ལོ1634ལོར་འདས། དེའི་ཡང་སྲིད་མོང་གོལ་རྒྱལ་པོ་ཐུ་ཤེ་ཐུ་ཧན་གྱི་སྲས་སུ་འཁྲུངས། དེ་ནས་བཟུང་དབུས་གཙང་ཁུལ་དུ་ཇོ་ནང་པའི་ལུགས་འཛིན་པའི་སྡེ་རིམ་གྱིས་ཉམས་པར་གྱུར། དེ་ལྟར་རྗེ་བཙུན་དམ་པ་འདི་ཉིད་ལ་སྤྱིར་ཆོས་སྒོ་མཐའ་ཀླས་ཐོབ་པ་ལས། ཁྱད་པར་དཔལ་ལྡན་ཤངས་པའི་ཆོས་སྐོར་དབང་ལུང་ཁྲིད་གསུམ་དང་རླུང་གནད་འཁྲུལ་འཁོར་སོགས་ཉམས་ལེན་གྱིས་མཐིལ་དུ་བཟུང་བས། ཤངས་བརྒྱུད་བསྟན་པའི་ཉག་ཐག་ཆེས་ཕྲ་བའི་དུས་རབས་བཅུ་དྲུག་པའི་མཇུག་དང་བཅུ་བདུན་པའི་སྟོད་དུ་ཤངས་ཆོས་གདམས་པའི་ཉིན་བྱེད་ཀྱིས་གངས་ལྗོངས་ས་ཡི་མཐའ་གྲུ་ཀུན་སླར་ཡང་ཁྱབ་པར་མཛད་ལ། རྗེ་འདི་ཉིད་ཀྱིས་གྲུབ་མཐའ་རིས་མེད་ཀྱི་བསྟན་བཅོས་རི་བོའི་གཏོས་དང་མཉམ་པ་བརྩམས་པ་ལས། དཔལ་དུས་ཀྱི་འཁོར་ལོའི་ཆོས་འབྱུང༌། གཞན་སྟོང་དབུ་མའི་རྒྱན། རྒྱ་གར་ཆོས་འབྱུང་། ནི་གུ་ལུགས་ཀྱི་བདེ་མཆོག་ལྷ་ལྔའི་མངོན་རྟོགས་དང་དབང་ཆོག །ནི་གུའི་འཁྲུལ་འཁོར་རྩ་འགྲེལ། མགོན་པོ་ཕྱག་དྲུག་པའི་སྒྲུབ་ཐབས་འཕྲིན་ལས་གཏེར་མཛོད་སོགས་གསུང་འབུམ་པོད་ཆེན་བཅུ་བདུན་གྱི་པར་ཤིང་ཆ་ཚང་སྔར་གྱི་དུས་ཤིག་བསམ་གྲུབ་རྩེ་ནས་དགའ་ལྡན་ཕུན་ཚོགས་གླིང་གི་པར་ཁང་དུ་སྤྱན་འདྲེན་མཛད་པ་ད་ལྟ་ཕལ་མོ་ཆེ་བཞུགས་སུ་གསོལ་ཡོད། ཁོང་གིས་ས་དྭགས་ཇོ་ཤངས་སོགས་ཀྱི་གདམས་པ་དུ་མས་སྤྲུལ་སྐུ་སངས་རྒྱས་རྒྱ་མཚོ། མཁས་དབང་ཡེ་ཤེས་རྒྱ་མཚོ། མཁན་རིན་ཆེན་རྒྱ་མཚོ། མཁས་གྲུབ་བློ་གྲོས་རྣམ་རྒྱལ། སྒམ་པོ་སྤྲུལ་སྐུ། ཆོས་རྗེ་ངག་དབང་པ། བླ་མ་ཆུ་བོ་ཆུང་བའི་སྐུ་སྐྱེས། མཁན་ཀུན་དགའ་བཀྲ་ཤིས་རྒྱལ་མཚན། སྤྲུལ་སྐུ་ངག་གི་དབང་པོ། དྲེ་བོ་སྤྲུལ་སྐུ། ཞབས་དྲུང་བླ་མའི་དྲུང་། ཆོས་རྗེ་རིན་སྟེངས་པ། དུས་འཁོར་ཤར་ཆེན་པ། ཆོས་རྗེ་ལྷ་འོ་པ། དགེ་སློང་སྙིང་པོ་མཐའ་ཡས། བྱམས་པ་ཡོན་ཏན་མགོན་པོ། ངག་དབང་ཀུན་དགའ་བསོད་ནམས། ཀུན་དགའ་འཕྲིན་ལས་དབང་མོ། གཙང་གི་རྒྱལ་སྲས་ཀུན་དགའ་བསྟན་པའི་རྒྱལ་མཚན་སོགས་བསྟན་པའི་རྩ་ལག་ཏུ་འོས་པ་འབོར་ཆེན་སྨིན་པར་མཛད།
ལྷག་པར་རྗེ་བཙུན་ཡེ་ཤེས་རྒྱ་མཚོས་ཀུན་མཁྱེན་ཏཱ་ར་ནཱ་ཐའི་དྲུང་ནས་ཇོ་ནང་དང་ཤངས་པའི་གདམས་པ་སོགས་རྫོགས་པར་གསན། ཟླ་བ་དྲུག་གི་རིང་འབད་པའི་མཐུས་མཚམས་སྦྱར་ཏེ་བསྒྲུབས་པས་ནི་གུའི་གསེར་ཆོས་ལྔ་ཡི་གྲུབ་པའི་རྒྱལ་སར་གཤེགས། ཁོང་གིས་ཇོ་ནང་ལུགས་ཀྱི་ཤངས་པའི་ཆོས་སྐོར་རྣམས་བྱམས་པ་ཡོན་ཏན་མགོན་པོས་གཙོས་པའི་སློབ་མ་མང་པོར་གནང་བས། གོ་འཕང་མཆོག་བརྙེས་ཀྱི་སློབ་མ་བརྒྱ་བྱུང༌། དགུང་ལོ་བདུན་ཅུར་ཕེབས་སྐབས་སྐུ་མྱ་ངན་ལས་འདས། དེ་ལྟར་ཤངས་པའི་གདམས་པ་རྣམས་རྗེ་བཙུན་ཡེ་ཤེས་རྒྱ་མཚོས་བྱམས་པ་ཡོན་ཏན་མགོན་པོ། དེས་འཇའ་ལུས་མགོན་པོ་དཔལ་འབྱོར། དེས་གྲུབ་མཆོག་མགོན་པོ་གྲགས་པ། དེས་ཁྱབ་བདག་མགོན་པོ་རྣམ་རྒྱལ། དེས་ཀཿཐོག་རིག་འཛིན་ཚེ་དབང་ནོར་བུ་ལ་བརྒྱུད་པའོ།
II.2.4 - The masters of Jakpa and Samding
།བཞི་པ། འཇག་བསམ་བརྒྱུད་པའི་བླ་མ་སྐོར་ཅིག
དེ་ཡང་ཤངས་པ་བཀའ་བརྒྱུད་ཀྱི་རིན་ཆེན་བདུན་བརྒྱུད་སྔ་མ་མཇུག་སྒྲིལ་རྗེས། འགྲོ་མགོན་སངས་རྒྱས་སྟོན་པའི་མཆོག་འགྱུར་གྱི་སློབ་མ་མཁས་གྲུབ་གཙང་མ་ཤངས་སྟོན་གྱིས་འཇིག་ཏུ་བཞུགས་ནས་ཤངས་པའི་གདམས་པ་དེ་རྣམས་མཁས་བཙུན་རྒྱལ་མཚན་འབུམ་དང་། ཁྱུང་པོ་ཚུལ་ཁྲིམས་མགོན་པོ་སོགས་ལ་བརྒྱུད་པར་འཇག་ལུགས་ཞེས་སུ་འབོད། འདི་ལའང་འཇག་པ་སྟོད་སྨད་བར་གསུམ་བྱུང་བ་ལས། སྟོད་དུ་མུས་ཆེན་རྒྱལ་མཚན་དཔལ་བཟང་གིས་མུས་ཕྱོགས་དང་། ལ་ཆེ་བ་ནམ་མཁའ་རྒྱལ་མཚན་གྱིས་ས་ཆ་གཞན་འགར་དར་བར་མཛད་པ། སྨད་དུ་ཆོས་རྗེ་བྱམས་པ་དཔལ་གྱི་སློབ་མ་གོག་སྟོན་ནམ་མཁའ་རྒྱལ་པོ་སོགས་ཀྱིས་དར་བར་མཛད་པ། བར་དུ་མཁས་བཙུན་རྒྱལ་མཚན་འབུམ་གྱིས་འཇག་གིས་གདན་ས་མཛད་པ་བཅས་སོ། འཇག་པ་གདན་ས་བརྒྱུད་པར་གྲགས་པ་ལས་འཕྲོས་ཏེ། བ་བོང་བ་རྡོ་རྗེ་རྒྱལ་མཚན་སོགས། བ་བོང་ལུགས་སུ་ཤངས་ཟུར་ཁང་པ་བསོད་ནམས་བཟང་པོ། གུང་དཀར་བ། བཤོངས་ཅན་པ། ཐོབ་རྒྱལ་བྲག་ནག་པ། གེར་བྲ་དཀར་པ། ཡང་དགོན་དུ་རྨོག་ལྕོག་པ་ཕྱི་མ་ཀུན་འོད་ཀྱིས་བསྟན་པ་དར་ཞིང་རྒྱས་པ་མཛད། འགྲོ་མགོན་སངས་རྒྱས་སྟོན་པའི་སློབ་མ་བསམ་སྡིངས་པ་གཞོན་ནུ་གྲུབ་ཀྱིས་མྱང་སྨད་བསམ་སྡིངས་བཏབ་ནས་གསེར་གླིང་པ་བཀྲ་ཤིས་དཔལ། དེས་བྲག་སྒོ་ཆེ་བ་རྡོ་རྗེ་དཔལ། དེས་ཆོས་སྒོ་བ་ཆོས་དཔལ་ཤེས་རབ་སོགས་ལ་བརྒྱུད་པ་ལ་ནི་གུ་བསམ་སྡིངས་ལུགས་སམ་བསམ་སྡིངས་བརྒྱུད་པར་གྲགས། ཕྱིས་བསམ་སྡིངས་ཀྱི་བརྒྱུད་པ་དེ་ཙམ་གྱི་དར་རྒྱས་བྱུང་མེད་ཀྱང་། འཇག་པའི་སློབ་བརྒྱུད་ནས་བརྒྱུད་པ་འདི་ཁོ་ན་དར་ཞིང་རྒྱས་པར་འཕེལ། འགའ་ཞིག་གིས་གྲུབ་ཆེན་ཐང་སྟོང་རྒྱལ་པོ་དང་། རས་ཆེན་དཔལ་འབྱོར་བཟང་པོ་གཉིས་ནས་བརྒྱུད་པའི་ལུགས་འདི་ཉིས་ཀྱང་འཇག་བསམ་གཉིས་ཀའི་ཆར་གཏོགས་པར་བརྩི། དེ་ལྟར་འཇག་བསམ་གཉིས་ཀྱི་བརྒྱུད་པའི་བླ་རབས་ཡོད་རྒུ་འབྲི་བར་མི་ལངས་ཀྱང༌།
II.2.4.1 Gyeltsen Bum
གཅིག མཁས་བཙུན་རྒྱལ་མཚན་འབུམ།
མཁས་བཙུན་རྒྱལ་མཚན་འབུམ་ནི་ཁོ་ལམ་རྩྭ་ཐང་ དུ་ཡབ་ཕྱུག་པོ་ཆོས་སྐྱོང་བཙན། ཡུམ་དབྱངས་མོ་སྟེ། ཡབ་ཡུམ་འབྱོར་པ་དང་ལྡན་པའི་སྲས་སུ་རབ་བྱུང་བཞི་པའི་ལྕགས་བྱ་སྤྱི་ལོ1261ལོ་ཙམ་ལ་སྐུ་འཁྲུངས། གདུང་རུས་ཤུད་དགྱེ། མནོ་ཤེས་ཙམ་ནས་འགྲོ་འཆག་ཉལ་འདུག་ཐམས་ཅད་དུ་མ་ཎི་པདྨེ་བགྲང་བ་ཞིག་བྱུང་། ཡབ་ཀྱིས་འདི་སྔོན་གྱི་ལས་འཕྲོ་སད་པར་སྙམ་ནས་དྲིན་ཅན་རིག་པའི་དྲུང་དུ་ཐུགས་རྗེ་ཆེན་པོའི་རིགས་གཏད་དང་མ་ཎིའི་ལུང་ཞུར་བཅུག །དེ་ཡང་གསོལ་འདེབས་རྣམ་གྲོལ་སྒྲ་དབྱངས་སུ་གྲུབ་རིགས་ཐིག་ལེ་སྤྲུལ་པའི་སྐུ་རུ་བསྟན། མ་བསླབ་ཡི་གེ་རང་བརྡོལ་བློ་རྩལ་རྒྱས། །གཟིགས་པ་ཙམ་གྱིས་ཆོས་ཀུན་ཐུགས་ལ་འཁྲུངས། །གང་འདུལ་སྒྱུ་འཕྲུལ་སྟོན་ལ་གསོལ་བ་འདེབས་ཞེས་འཁོད་པ་ལྟར་དགུང་ལོ་དྲུག་བདུན་ནས་ཀློག་སློབ་ཏུ་བྱོན་པའི་སྐབས་ཤིག །ཀློག་ཕྲུག་པ་གཉིས་འཐབ་པས་གསེར་འོད་དམ་པའི་རྒྱ་གར་སྐད་ཀྱི་ཤོག་བུ་རལ་པ་སློབ་དཔོན་གྱིས་མཁྱེན་པར་དོགས་ནས། མཁས་བཙུན་རྒྱལ་མཚན་འབུམ་གྱིས་ཆོས་དཔེ་དེ་བཞིན་ཡི་གེ་རྣམས་བསབས་པས། སྟོན་པ་རིན་ཆེན་མཛེས་ཀྱིས་མ་བསླབས་པའི་ཡི་གེ་རང་བྱུང་དུ་ཤེས་པ་ཁྱོད་སྤྲུལ་པའི་སྐུ་ཞིག་འདུག །འོ་སྐོལ་ལ་ཕ་མེས་ཀྱང་གྲུབ་ཐོབ་སེང་གེ་གྲགས་དང་། ཤུད་དགྱེ་སྟོན་པ་ལ་སོགས་གྲུབ་ཐོབ་མང་པོ་བྱུང་། ཁྱེད་ཀྱང་འདི་འདྲ་འོང་བར་འདུག་གསུངས། དེ་ནས་འཇམ་དཔལ་མཚན་བརྗོད་དང་། ཤེར་སྙིང་། སྒྲོལ་མ། གཙུག་གཏོར་ལ་སོགས་པ་གཟིགས་པ་ཙམ་གྱིས་མཁྱེན་ནས་ནར་མར་འདོན་ནུས། དགུང་ལོ་དགུ་ལ་ཁོང་རྒྱང་དུ་བླ་མ་དབོན་གྲགས་པ་ལ་མཚན་བརྗོད་དང་སྒྲོལ་མ་ལ་སོགས་པའི་དབང་ཞུས།
དགུང་ལོ་བཅུ་གཉིས་པ་ལ་བླ་མ་ཤར་པ་ཀུན་དགའ་སེང་གེ་དང་བླ་མ་སྟེང་ཁང་པ་གཉིས་ལས་སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་བྱུང༌། བླ་མ་སྟེང་ཁང་པ་དང་སློབ་དཔོན་ཀུན་དགའ་འབུམ་གཉིས་ལས་ཕར་ཕྱིན་གསན་པས་ལོ་གསུམ་ལ་ཚིག་དོན་མ་ལུས་ཐུགས་སུ་ཆུད། དེ་རྗེས་ས་སྐྱར་བྱོན་ནས་བླ་མ་འཇམ་དབྱངས་པ་ལས་བརྟག་གཉིས་གསན། སྒོས་སློབ་དཔོན་ཀུན་དགའ་དཔལ་ལ་བཅོལ་ནས་ས་ལུགས་ཀྱི་ལག་ལེན། དབྱངས་རྟག་གཉིས་ཀྱི་འཛུགས་ཁྲིད་དང་བཅས་པ་མཁས་པར་བསླབས་ཤིང༌། ཤངས་ཀྱི་སྲོག་ཤིང་དུ་ཡུན་རིང་བཞུགས་ནས་བརྟག་གཉིས་ཀྱི་བཤད་པ་མཛད་པ་སོགས་ཆོས་འཆད་ཀྱི་ལམ་བཟང་ལ་རྩེ་གཅིག་ཏུ་གཞོལ། དེ་ནས་བླ་མ་རིན་ཆེན་རྒྱལ་མཚན་གྱིས་རྡོ་རྗེ་སྙིང་འགྲེལ་དང་། བདེ་མཆོག་རྩ་རྒྱུད། འཁོར་ལོ་སྡོམ་པའི་རྒྱུད་ཆུང་བསམ་མི་ཁྱབ་པ། དུས་འཁོར་བསྡུས་རྒྱུད། སྦྱོར་དྲུག་གི་འགྲེལ་པ་སྦལ་པ་མིག་འབྱེད། གསུང་རབ་རིན་ཆེན་བསྡུས་པ་ལ་སོགས་དབང་དང་སྒྲུབ་བརྒྱུད་མང་དུ་གནང་། སྣར་ཐང་པའི་མཁན་པོ་སྨོན་ཚུལ་ལ་དྲིལ་བུ་སྐོར་གསུམ་རྩ་འགྲེལ་དང་བཅས་པ། ཀུན་ཏུ་བཟང་པོའི་མཆོད་སྤྲིན། རབ་གནས་འོད་གསལ། གཏོར་མ་ཆ་གསུམ་ལ་སོགས་པའི་སྒྲུབ་སྐོར་མང་པོ་དང་། བདེ་བ་ཅན་པའི་བླ་མ་ཡེ་ཤེས་མགོན་ལ་འདུལ་བ་ལུང་སྡེ་བཞི། །རྒྱུད་འབུམ། འཕགས་པ་སྡུད་པ། རྣམ་འཇོམས། འོད་ཟེར་ཅན་སོགས། སློབ་དཔོན་ཟླ་འོད་ལ་བཟང་སྤྱོད། སྡོམ་གསུམ། ལམ་འབྲས་སོགས། བླ་མ་ཤར་པ་ཀུན་དགའ་སེང་གེ་ལ་བསྟན་བཅོས་རིན་ཆེན་སྒྲོན་མེ། ཨཎྜི་ཕྱིར་བཟློག །ཤེར་སྙིང་རྒྱ་ཆེར་འགྲེལ། བརྒྱད་སྟོང་དོན་བསྡུས་སོགས། བླ་མ་བླ་ཆེན་ལ་ངན་སོང་སྦྱོང་རྒྱུད་ཞལ་བཅུ་གཉིས་ཀྱི་དབང་བསྐུར། འཇམ་དཔལ་ཨ་ར་པ་ཙའི་དབང་བསྐུར། སྤྱན་རས་གཟིགས་དམར་པོའི་རིགས་གཏད། བླ་མ་ནག་པ་ཀུན་སྙིང་ལ་ལམ་འབྲས་ཀྱི་ཁྲིད་ལམ་སྐོར་དང་བཅས་པ་མ་ཚང་བ་མེད་པ། བླ་མ་མན་ལུང་པ་རཏྟཱ་ཤཱི་ལ་འཇིགས་བྱེད་ཀྱི་རྒྱུད་རྟོགས་པ་བདུན་པ། རྭ་ལོ་རྡོ་རྗེ་གྲགས་ཀྱིས་མཛད་པའི་ཡིག་སྣང་། རྭ་ཡེ་ཤེས་སེང་གེས་མཛད་པའི་བསྙེན་སྒྲུབ་ལག་ལེན་སོགས་འཇིགས་བྱེད་ཀྱི་སྐོར་རྣམས་དང་། གདོང་དྲུག་གི་མངོན་རྟོགས། གཤེད་དམར་གྱི་སྐོར། དམུགས་འཛིན་འཚོལ་བའི་སྒྲུབ་ཐབས་ལས་ཚོགས་སོགས་ཀྱི་གདམས་ངག་རབ་འབྱམས་རྒྱ་མཚོའི་གླིང་ནས་ཐོས་བསམ་གྱི་ནོར་བུ་ཇི་སྙེད་ཅིག་བཙལ།
།ཐེངས་ཤིག་མཁས་གྲུབ་ཤངས་སྟོན་འཇག་ཏུ་བཞུགས་པ་ལ། མོས་གུས་དྲག་པོ་སྐྱེས་ནས་མཇལ་དུ་ཕེབས། བླ་མས་ད་རེས་ཆོས་འབྲེལ་ཙམ་བྱ་ཡིས། མྱུར་དུ་རྟེན་འབྲེལ་འགྲིག་ནས་འོང་གསུངས། དེ་རྗེས་ས་སྐྱར་བྱོན་ནས་གདན་སའི་ཆོས་འཆད་ཀྱང་ཡུན་རིང་དུ་མཛད། བླ་མ་བདག་ཉིད་ཆེན་པོ་ཡང་མཉེས་པར་བྱུང་། ས་སྐྱ་ནས་ཤངས་སུ་ཕྱིར་ལོག་ཕེབས་རྗེས་ཐོག་མར་བཀྲས་རྫོང་དུ་བླ་མ་ཤངས་སྟོན་ལས་ཕྱག་རྒྱ་ཆེན་པོའི་གདམས་པ་ཞུས། དེ་ནས་བླ་མ་ཤངས་སྟོན་གྱིས་ཆོས་དྲུག་གི་དབང་བསྐུར་དང་། ལུས་སེམས་འཆི་མེད་ལ་སོགས་པའི་ཟབ་ཆོས། སྒྱུ་མ་ལམ་རིམ་ལ་སོགས་པའི་རྒྱབ་ཆོས། བདེ་མཆོག་ལྷ་ལྔའི་དབང་སྒྲུབ་ཐབས་དང་བཅས་པ། བཀའ་ལུང་མན་ངག་ཞལ་བཞེས་དང་བཅས་པ། ཡེ་ཤེས་མགོན་པོ་ཕྱག་དྲུག་པའི་ཕྱི་ནང་གི་དབང་བཀལ། སྐྱེར་སྒང་ལུགས་ཀྱི་ཐུགས་རྗེ་ཆེན་པོ་དང་རྟ་མགྲིན་གསང་སྒྲུབ། ལུས་འཆི་མེད་ཀྱི་བཀའ་འཕྲུལ་འཁོར་ལག་ལེན་དང་བཅས་པ། གཅོད་བཀའ་བརྒྱུད། ལམ་འབྲས་ཞ་མ་ལུགས་ཀྱི་ཆོས་སྐོར། ཐེག་ཆེན་བློ་སྦྱོང་ལ་སོགས་པ་མང་དུ་གནང་། མཐར་རྣམ་ཐར་བདུད་རྩིའི་ཆུ་རྒྱུན་ལས་རིན་པོ་ཆེ་སྣ་ལྔ་ལས་བྱས་པའི་དབུ་རྒྱན་གཅིག་ངའི་མགོ་ལ་བསྐོན་ནས་བརྒྱུད་པ་མི་ཉམས་པར་བྱ་བའི་ཕྱིར། དབང་ཞུ་མགོ་ལ་སྐོན་པ་ཡིན་གསུངས་ཞེས་འཁོད་པ་ལྟར། བླ་མ་ཤངས་སྟོན་གྱིས་མཁས་བཙུན་རྒྱལ་མཚན་འབུམ་ཉིད་ཆིག་བརྒྱུད་གདམས་པའི་བརྒྱུད་འཛིན་དུ་བསྐོས། དེ་ནས་ལྟ་ལུངས་སུ་བྱོན་ནས་ལོ་གསུམ་གྱི་བར་དུ་སྒྲུབ་པ་མཛད། ཡུལ་དེའི་གཞིས་བདག་མོ་དེས་ཀྱང་ཆོས་ཞུ་བ་དང་མཐུན་རྐྱེན་སྒྲུབ་པ་སོགས་གུས་པའི་ཚུལ་མང་དུ་བསྟན། སློབ་དཔོན་འདི་ཉིད་ཀྱིས་ཁྲོ་མོ་ཆུ་མིག་དང་བུ་ཡུག་གི་གཡའ་རི་སྒོ་མོ། དེ་བཞིན་ས་སྐྱའི་དུར་ཁྲོད་དང་ལྷ་སའི་རྡོ་རིང་ལ་སོགས་པའི་གཉན་ཁྱོད་གང་དུ་ཕྱིན་ཀྱང་གཅོད་མ་ཆོད་པ་དང་། ལྷ་འདྲེ་དམ་ལ་མ་ཐོགས་པ་མ་བྱུང་གསུངས། བླ་མ་ཤངས་སྟོན་གྱི་གསུང་བཞིན་འཇག་ཆུང་དུ་ཡུན་རིང་བཞུགས་ནས་འགྲོ་དོན་བསྐྱངས། ལྷག་པར་དུ་འཇག་ཆེན་གྱི་བྲག་ཁུང་འོག་མར་གཞན་གྱི་ཟས་མི་ཟ་བར་དམ་བཅས་ནས་ལོ་བཅུ་གསུམ་སྒྲུབ་པ་མཛད། གཉིད་ཅུང་ཟད་ཤོར་བ་དང་། སློབ་དཔོན་རྒྱལ་མཚན་འབུམ་ལོངས་ལ་དགེ་སྦྱོར་གྱིས་ཟེར་བ་དང་། གསོལ་འདེབས་ཀྱི་སྒྲ་དི་རི་བ་དང་། འགྲོ་དོན་གྱིས་ཟེར་བའི་དཔའ་བོ་མཁའ་འགྲོའི་ལུང་བསྟན་མང་པོ་བྱུང་། ཡི་དམ་ལྷ་ཚོགས་ཀྱི་ཞལ་དང་། སངས་རྒྱས་ཀྱི་ཞིང་ཁམས། རིགས་དྲུག་གནས་རིས་སོགས་གསལ་བར་གཟིགས། བླ་མ་ཤངས་སྟོན་སྐུ་གཤེགས་རྗེས་བླ་མའི་གཤེགས་རྫོངས་ཀྱི་དཀར་མེ་དང་། འབུལ་སྐལ་སྐྱེལ་བར་ལྷ་ས་དང་སྐྱེར་སྒང་། རི་གོང་སོགས་སུ་བྱོན། དེའི་དུས་སུ་ཀརྨ་སྐུ་ཕྲེང་གསུམ་པ་རང་བྱུང་རྡོ་རྗེའི་དྲུང་ནས་སྐུ་གསུམ་ངོ་སྤྲོད། བསམ་གཏན་མཐུན་འཇོག །རླུང་སེམས་དབྱེར་མེད། རྫོགས་ཆེན་སྙིང་ཏིག་ལ་སོགས་པ་མང་དུ་ཞུས། བླ་མ་མངའ་རིས་པ་སངས་རྒྱས་ཡེ་ཤེས་ལ་གཤེད་དམར་གྱི་རྒྱུད་ལེའུ་བཅུ་དགུ་པ། གཤེད་དམར་ལྷ་ལྔ། སྒྲུབ་ཐབས་མངོན་རྟོགས་དང་བཅས་པ། གྲུབ་རྒྱལ་མའི་ཚེ་སྒྲུབ། རྟ་མགྲིན་ནག་པོ། འཁོར་ལོ་ཆེན་པོའི་སྒྲུབ་ཐབས་དང་བཅས་པ་མང་དུ་ཞུས། བླ་མ་མང་མཁར་བ་རིན་ཆེན་མགོན་ལ་རྡོ་རྗེ་ཕྲེང་བ། རྣལ་འབྱོར་རྫོགས་ཕྲེང་། འོད་ཀྱི་སྙེ་མ། བདེ་མཆོག་ནག་པོ་བའི་སྒྲུབ་ཐབས། ས་སྐྱ་པ་ནས་བརྒྱུད་པའི་མཻ་ཏྲི་མཁའ་སྤྱོད། ནཱ་རོ་མཁའ་སྤྱོད་ལ་སོགས་པ་དང་། དིང་རི་གླང་འཁོར་དུ་བྱོན་ནས་བླ་མ་ཟུར་ཕུག་པ་ལ་ཕྱག་ན་རྡོ་རྗེ་ཨུ་ཙའི་རྗེས་གནང་། མངོན་རྟོགས་ཧཱུྃ་ཆོས་གསུམ་དང་བཅས་པ། བླ་མ་ཁྲ་པ་ལ་རི་ཆོས་ཀྱི་སྐོར་མ་ལུས་པ། གཟེར་ལྔ། གནད་ལྔ། ཕྱག་རྒྱ་ཆེན་པོ་གམ་ག་མ། ཡི་གེ་བཞི་པ་ལ་སོགས་པ། བླ་མ་བྲག་ནག་པ་ལ་རྒྱུད་སྡེ་ལྔའི་དབང་སྒྲུབ་ཐབས་དང་བཅས་པ། མཁའ་འགྲོ་མ་ཡེ་ཤེས་གསལ་ལ་སྡེ་འཆའི་ལུང་སོགས་ཞུས། དེ་ལྟར་ཁོང་གིས་རྒྱུད་ལུང་མན་ངག་མཚན་ཉིད་ལ་སོགས་པའི་གདམས་པ་བསམ་གྱིས་མི་ཁྱབ་པ་གསན་བཞེས་གནང་ནས་ཐུགས་རྒྱུད་རྒྱ་མཚོའི་གཏིང་ཐམས་ཅད་ཡོན་ཏན་གྱི་ནོར་བུས་ཡོངས་སུ་གང་བར་མཛད། དེ་ནས་བླ་མའི་གསུང་བཞིན་འཇག་ཆུང་དུ་ཡུན་རིང་བཞུགས་ནས་འགྲོ་དོན་སྐྱོང་བའི་སྐབས་ཤིག་ཐུགས་ཅུང་མ་ཚིམས་པར་དབེན་གནས་ཙ་རི་ལྟ་བུ་ཞིག་ཏུ་འགྲོ་སྙམ་སྟེ་ཕེབས་ཀྱང་། ཁ་རག་སྙིང་གོང་དུ་བཞུགས་པའི་ནུབ་མོ་མཁའ་འགྲོ་ཆོས་སྐྱོང་དུ་མ་བྱོན་ནས། བླ་མའི་གདན་ས་བཞག་སྟེ་གར་འགྲོ། ཡར་ལོག་ལ་བླ་མའི་གདན་ས་བཟུང་། ཆོས་བརྒྱུད་སྐྱོངས། འགྲོ་དོན་ལས་བསོད་ནམས་ཆེ་བ་མེད་པས་འགྲོ་དོན་གྱིས་ཞེས་གསུངས་པ་ལྟར་ལྷ་ས་བསྐོར་ནས་ཡར་ལོག་ཕེབས།
དེ་ཡང་གསོལ་འདེབས་རྣམ་གྲོལ་སྒྲ་དབྱངས་ལས་རྩ་གསུམ་གནང་བ་ཇི་བཞིན་གདམས་ངག་རྣམས། །ཡི་གེར་བཀོད་པས་ཐུགས་བསྟན་ཇི་སྲིད་བར། །སྒྲུབ་བརྒྱུད་སྙིང་པོ་རྒྱུན་མི་ཆད་མཛད་པ། བཀའ་དྲིན་བསམ་ལས་འདས་ལ་གསོལ་བ་འདེབས་ཞེས་འཁོད་པ་ལྟར། མཁས་བཙུན་ཆེན་པོ་འདི་ཉིད་ཀྱིས་བླ་མ་ཤངས་སྟོན་གྱི་དྲུང་དུ་ཆོས་དྲུག་ལ་ཁྲིད་ཡིག་མཛད་པར་ཞུས་པས། ང་རྒྱས་པ་ཡིན། ཁྱོད་ཀྱིས་བྲིས་ཤིག་གསུངས་ནས་ཆོས་དྲུག་ལ་ལུང་འདྲེན་དང་བཅས་པའི་ཁྲིད་ཡིག་ཅིག་མཛད་པ་དེ་ད་ལྟ་ཡང་མཇལ་དུ་ཡོད་པའི་ཆོས་དྲུག་གི་ཁུངས་དཔེ་ཚད་ལྡན་ཞིག་ཡིན། གཞན་ཡང་ཟབ་ཆོས་རྣམས་ཀྱི་ཁྲིད་ཡིག་དང༌། ལྷ་ལྔ་ལ་སོགས་པའི་མངོན་རྟོགས། རྒྱུད་སྡེ་ལྔའི་དཀྱིལ་མཆོག་ལ་སོགས་པའི་གསང་སྔགས་ཟབ་དོན་རྣམས་ཀྱི་ཡིག་ཆ་མང་དག་ཅིག་བླ་མ་དང་མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱིས་དངོས་སམ་རྨི་ལམ་དུ་ལུང་བསྟན་པ་བཞིན་མཛད། སྤྱིར་ཤངས་པའི་ཆིག་བརྒྱུད་ཀྱི་བཀའ་རྒྱ་གྲོལ་རྗེས་མཁས་གྲུབ་རྣམ་གསུམ་དང་། ལྷག་པར་དུ་དེ་དག་ལས་མཁས་བཙུན་རྒྱལ་མཚན་འབུམ་གྱིས་ཤངས་པའི་སྙན་བརྒྱུད་དང་ཟབ་གསང་གི་གདམས་པ་འབོར་ཆེན་ཡི་གེར་བཀོད་པ་དེས་སྒྲུབ་བརྒྱུད་ཀྱི་བསྟན་པ་དར་བ་དང་། ཡང་སྒོས་དཔལ་ལྡན་ཤངས་པའི་ལུགས་བཟང་མ་ཉམས་བརྒྱུད་འཛིན་དང་། དར་རྒྱས་རྒྱ་ཁྱབ་ཏུ་འགྲོ་བར་བསམ་གྱིས་མི་ཁྱབ་པའི་ལེགས་སྐྱེས་ཕུལ་ཡོད།
མཁས་བཙུན་ཆེན་པོ་འདིའི་ཕྱི་ནང་གི་ཡོན་ཏན་རྒྱ་མཚོའི་ཕ་མཐར་སོན་པ་སྟེ། དཔའ་བོ་མཁའ་འགྲོའི་ལུང་བསྟན་ཐོབ་པ། ཡི་དམ་ལྷ་ཡིས་ཞལ་གཟིགས་གནང་བ་སོགས་ཀྱིས་སྐུ་ཚེའི་འཕྲིན་ལས་ཀྱི་འབྲས་བཟང་ཡོངས་སུ་སྨིན། སྐུ་འདའ་ཁར་དགོན་གནས་དབོན་པོ་བྱམས་པ་དཔལ་ལ་གཏད་ནས། རྟག་འཛིན་ཅན་གྱི་ལོག་རྟོགས་བཟློག་པ་དང་། ལེ་ལོ་ཅན་རྣམས་ཆོས་ལ་བསྐུལ་བ། ཞིང་ཁམས་གཞན་དུ་གདུལ་བྱ་ཆེར་དགོངས་པ་སོགས་ཀྱིས་བླ་མའི་རྡོ་རྗེའི་སྐུ་ལ་འདས་གྲོངས་མི་མངའ་ཡང་དགུང་གྲངས་བདུན་ཅུ་དོན་གསུམ་ལ་ཕེབས་པ་སྟེ་རབ་བྱུང་དྲུག་པའི་ཤིང་ཁྱི་སྤྱི་ལོ1334ལོའི་དབྱར་ཟླའི་ཚེས་ཉི་ཤུ་ལ་སྐུ་གཤེགས་པའི་ཚུལ་བསྟན། སྐུ་གདུང་ལ་ལྷ་སྐུ་དང་རིང་བསྲེལ་ལ་སོགས་པའི་རྟེན་མང་དུ་བྱོན་ནོ།
II.2.4.2 Jampa Pel
།གཉིས། འཇག་ཆེན་བྱམས་པ་དཔལ།
ཆོས་རྗེ་བྱམས་པ་དཔལ་ནི་སྐུའི་སྐྱེ་བ་སྔ་མར་རྒྱ་གར་ལྷོ་ཕྱོགས་སུ་ཡབ་བྲམ་ཟེ་ཆོས་གྲུབ་དང་། ཡུམ་ལྷ་མོ་འོད་མཛེས་མ་གཉིས་ལ་བུ་སྤུན་གསུམ་བྱུང་བའི་འབྲིང་པོ་ཆོས་ཀྱི་རིན་ཆེན་ཞེས་བྱ་བའི་བཙུན་པར་གྱུར་ནས་བྱམས་དང་སྙིང་རྗེའི་སྒོ་ནས་སེམས་ཅན་ལ་ཕན་པ་རྒྱ་ཆེར་བསྒྲུབས། སྐུ་ཚེ་འདིར་འཇག་ཆེན་རྒྱལ་མཚན་འབུམ་དང་མཚུངས་པར་མཁས་གྲུབ་དུ་མས་ཞབས་ཀྱིས་བཅགས་པའི་གནས་མཆོག་ཡན་ལག་བརྒྱད་ལྡན་གྱི་ཆུ་བོ་འབབ་པའི་འགྲམ་ཁོ་ལམ་རྩྭ་ཐང་དུ་ཡབ་ཤུད་ཀྱི་བྱམས་པ་མགོན་དང་། ཡུམ་ཆིངས་སྲི་ཐར་འབུམ་གྱི་སྲས་བར་མར་རབ་བྱུང་ལྔ་པའི་ལྕགས་ཁྱི་སྤྱི་ལོ1310ལོར་སྐུ་འཁྲུངས། ལྷུམས་སུ་ཞུགས་པའི་ཚེ། ཡུམ་ལུས་ཡང་བ་དང་རྨི་ལམ་དུ་ཡང་ཉི་མ་ཤར་བ། འོད་གསལ་གྱི་སྣང་བ་ཉིན་མོ་ལྟ་བུར་འཆར་བ་བྱུང་། དགུང་ལོ་ལྔ་ལོན་པའི་ཚེ། མ་ཎི་བགྲང་བ་དང་། རྩེད་དུས་སུ་ཆོས་ཁྲི་དང་སྤྱིལ་བུ་བརྩིགས་ནས་ཆོས་སྨྲ་བ། ཉ་སོགས་གསོད་པ་ལ་སྲོག་བླུ་བྱེད་པ། བྱིས་པ་འགྲོ་མི་ཤེས་པ་རྣམས་ཁུར། སྙོམས་ཆུང་རྣམས་ལ་གཟན་སོགས་སྦྱིན་ནས་བསྐྱངས་པས། རྩྭ་ཐང་ན་བྱིས་པ་བྱང་ཆུབ་སེམས་དཔའ་ཞིག་འདུག་ཅེས་ཟེར་བའི་གཏམ་མི་ཤངས་ལ་སོགས་པར་ཡང་གྲགས། དགུང་ལོ་བཅུ་པར་ཡང་དགོན་ དུ་རིན་པོ་ཆེ་པ་ལ་དགེ་བསྙེན་མཛད། བཅུ་གཅིག་པ་ལ་མཁས་གྲུབ་ཤངས་སྟོན་ལས་མགོན་པོའི་རྗེས་གནང་དང་། བླ་མ་མགོན་པོ་དབྱེར་མེད་གསན། དགུང་ལོ་བཅུ་གཉིས་པར་སློབ་དཔོན་སེང་བཟང་དང་ལྷན་དུ་ས་སྐྱར་བྱོན་ནས་མཁན་པོ་བླ་མ་མཉམ་མེད་པའི་དྲུང་ནས་རབ་ཏུ་བྱུང་། མཚན་བྱམས་པ་དཔལ་ཞེས་གསོལ། དགུང་ལོ་བཅུ་དྲུག་པ་ལ་སླར་ཡང་ཤངས་སུ་ཕེབས་ཏེ། ཡང་དགོན་དུ་སློབ་དཔོན་སེང་གེ་བཟང་པོ་ལ་ཀྱི་རྡོར། བདེ་མཆོག་སོགས་ཀྱི་དབང་སྒྲུབ་ཞུས། དགུང་ལ་ཉེར་ལྔ་པ་ལ་མཁན་པོ་སེང་གེ་དཔལ་བས་མཁན་པོ། རིན་པོ་ཆེ་པས་ལས་སློབ། སློབ་དཔོན་གྲུབ་སེང་གིས་གསང་སྟོན་མཛད་ནས་འཇག་ཏུ་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དེ་རྗེས་མཁས་བཙུན་རྒྱལ་མཚན་འབུམ་མཇལ་བར་ལྐུགས་ལུང་དུ་ཕེབས། ཐོག་མར་དག་བྱེད་ཨའི་སྟོང་ར་གནང་ཞིང་ཉམས་རྟོགས་བཟང་པོ་འཁྲུངས། རིམ་བཞིན་མཁས་བཙུན་རྒྱལ་མཚན་འབུམ་གྱི་དྲུང་ནས་ནི་གུ་ཆོས་དྲུག་དང་། ཕྱག་རྒྱ་ཆེན་མོ། ཡེ་ཤེས་མགོན་པོ་སོགས་ཀྱི་ཟབ་ཆོས་ཡོངས་སུ་རྫོགས་པ་གསན།
ཐེངས་ཤིག་འཇག་གི་གཟིམས་སྤྱིལ་དུ་ཕྱག་ཆེན་གྱི་སྒྲུབ་པ་མཛད་པའི་ཚེ། སྒོམ་ཁང་དུ་ལྟ་སྟངས་ཤིག་མཛད་པས། ཐོག་མར་ཐོག་མཚམས་སུ་འོད་དཀར་པོ་འཁྱིལ་བ་ཞིག་བྱུང་། དེ་ཇེ་གསལ་དུ་སོང་ནས་བྱི་བའི་མཆོད་རྟེན་ཡན་ཆད་དཀར་ལྷག་གེར་སོང་། དེའང་ཇེ་གསལ་ལ་སོང་ནས་སྲོག་ཤིང་ཡན་ཆད་ཀྱི་མི་རྣམས་ལུད་སྐྱེལ་བ་དང་། བྲོ་ཟ་བ་ལ་སོགས་དང་། སྲོག་ཆགས་གཞན་ཐམས་ཅད་ཅི་བྱེད་པ་གསལ་བར་གཟིགས། སྐུགས་ལུང་གཟིམ་ཁང་དུ་བཞུགས་དུས། རྨི་ལམ་དུ་མགོན་པོ་ཕྱག་དྲུག་པའི་ཞལ་གཟིགས་ཤིང་། ང་དང་བླ་མ་དབྱེར་མེད་དུ་སྒོམས། བྱིན་རླབས་འཇུག་པ་ཡིན་གསུངས། བླ་མ་སངས་རྒྱས་རྒྱལ་མཚན་ལས་མི་ཤངས་གཡག་ཐང་དུ་སྦྱོར་དྲུག་གསན་པའི་ཚེ། གཡག་ཐང་གི་ཐང་ཞབས་ན་མི་དང་ཁལ་པ་ལ་སོགས་འགྲོ་བ་མུན་ཁང་ནས་གཟིགས། དེ་ལ་མཆེད་ནས་མི་ཤངས་ལུང་པ་དང་འཇག་གི་མི་རྣམས་ཅི་བྱེད་དང་ལྷག་པར་རང་གི་གཡོག་པོས་མཛོད་ནས་རྐུ་མ་བརྐུ་བའང་གཟིགས། ངང་ཤངས་ཀྱི་རི་ལ་གཅོད་མཛད་པས་ཐུགས་དམ་ལ་བོགས་ཆེན་པོ་ཐོན། ཞོང་ཞོང་སྐུ་འབུམ་དྲུང་དུ་ཞག་བདུན་གསོལ་བ་འདེབས་ཀྱིན་བཞུགས་པས་རྨི་ལམ་འབད་མེད་འཁོར་མར་ཟིན། ཞོང་ཞོང་གི་སྐུ་འབུམ་ཞིག་གསོ་མཛད། གཞན་ཡང་གྲམ་ཆུམས། དཀར་པོ་བྲག །གུར་ཕྱོགས་ཉུག །ཡོ་བྲོ་བོ་ལ་སོགས་སུ་ཁྲིད་བསྐྱངས། འདོག་གཅོད་དཔོན་དགེ་ན་ནས་ཆོས་རྗེ་གདན་འདྲེན་ཞུ་བའི་ནུབ་མོ་གཅོད་པའི་བཙན་ཞིག་གིས་བསུ་བ་དང་བསྙེན་བཀུར་བྱས། གུར་ཕྱོགས་ཤཱཀྱ་བཤེས་གཉེན་འདས་པའི་ཆོ་ག་ནར་མར་མཛད་པའི་ཚེ། ཆུམས་ལྷ་སྡིངས་པས་གདན་དྲངས་ཏེ་འཇིགས་བྱེད་ཀྱི་དབང་སོགས་མཛད་པས། ཇོ་བོ་གལ་ལྗང་ཕྱག་དང་གུས་པ་བྱེད་ཀྱིན་གདའ་གསུངས། མཐར་རབ་བྱུང་བདུན་པའི་ལྕགས་ལུག་སྤྱི་ལོ1391ལོར་སྐུ་གཤེགས། དེ་ལྟར་ཆོས་རྗེ་ཆེན་པོ་འདི་ཉིད་ཀྱི་མཐའ་ཡས་པའི་མྱོང་རྟོགས་ཡོན་ཏན་གྱིས་སྲོག་ཤིང་དང་། ལྐུགས་ལུང་། འཇག་སོགས་ཀྱིས་གནས་གཞི་གཙོ་བོར་མཛད་དེ་ཚད་མེད་པའི་བྱམས་དང་སྙིང་རྗེས། གྲུབ་ཐོབ་ཆོས་གཡུང་དང་། གྲུབ་ཆེན་རིན་རྫོང་པ་སོགས་སྙིགས་དུས་གདུལ་བྱའི་ཚོགས་བགྲང་ལས་འདས་པ་ཞིག་སྨིན་གྲོལ་གྱི་ལམ་བཟང་དུ་བཀོད།
II.2.4.3 Müchen Gyeltsen Pelsang
གསུམ། མུས་ཆེན་རྒྱལ་མཚན་དཔལ་བཟང་།
ཤངས་པ་བཀའ་བརྒྱུད་ཀྱི་འཇག་པའི་བརྒྱུད་པ་སྟོད་སྨད་བར་གསུམ་དུ་གྱེས་པ་ལས། འཇག་པ་སྟོད་ལུགས་ཀྱི་བསྟན་པའི་མངའ་བདག་མུས་ཆེན་རྒྱལ་མཚན་དཔལ་བཟང་ནི་གྲུབ་ཐོབ་གཉགས་ཀྱི་རིགས་སུ། ཡབ་སློབ་དཔོན་རྡོ་རྗེ་སྙིང་པོ་དང་། ཡུམ་དཀོན་མཆོག་ཅེས་བྱ་བའི་སྲས་སུ་ངོ་མཚར་བའི་ལྟས་དུ་མ་དང་བཅས་པ་སྟེ། ཁྲོ་ཕུ་དགའ་ལྡན་གྱི་གནས་སུ་ས་གཡོ་བ་དང་། མེ་ཏོག་གི་ཆར་འབབ་བཞིན་དུ་སྐུ་འཁྲུངས། ཁྲོ་ཕུ་སེམས་དཔའ་ཆེན་པོས་དབང་བསྐུར་ཞིང་ལུང་བསྟན་ཁྱད་པར་ཅན་མཛད། སྐུ་ན་ཆུང་ངུའི་དུས་ནས་བྱིས་པའི་སྤྱོད་པ་ལས་ཡོངས་སུ་འདས། དགུང་ལོ་བཅོ་ལྔ་པར་དཔལ་ས་སྐྱར་འཇམ་དབྱངས་རིན་ཆེན་རྒྱལ་མཚན་གྱི་སྤྱན་སྔར་དགེ་བསྙེན་མཛད། དབུ་ཕར་འདུལ་མཛོད་ལ་སོགས་པའི་གཞུང་ཆེན་བཀའ་པོད་ལྔར་སྦྱངས་པ་དཔྱིས་ཕྱིན་པ་མཛད་པས་མཁས་པའི་སྙན་པ་རྒྱ་ཆེར་ཁྱབ། དགུང་ལོ་ཉེར་དྲུག་ལ་ཕེབས་སྐབས་ཆོས་རྗེ་རྒྱལ་མཚན་དཔལ་བཟང་གིས་མཁན་པོ་དང་། རིན་ཆེན་བསོད་ནམས་གྲགས་པས་ལས་སློབ་མཛད་དེ་བསྙེན་པར་རྫོགས། མཁན་སློབ་དེ་གཉིས་དང་། རོང་པ་ཤེས་རབ་སེང་གེ་ཚོགས་སྒོམ་པ། ཉན་ཆེན་པ་ཡབ་སྲས། བླ་མ་ཡོན་ཏན་མཚན་ཅན། བྱང་སེམས་ཆུ་བཟང་པ། ཆོས་རྗེ་འཛིམས་པ་སོགས་ལས་དུས་འཁོར། ལམ་འབྲས། བློ་སྦྱོང་། རྫོགས་ཆེན། གཅོད་ཡུལ་སོགས་གྲུབ་མཐའ་རིས་མེད་ཀྱི་གདམས་པ་མཐའ་ཡས་པ་གསན་ཅིང་། ཐུགས་ཉམས་སུ་བཞེས་པས་མཁས་གྲུབ་ཆེན་པོར་གྱུར། བླ་མ་བདག་ཉིད་ཆེན་པོ་ཡབ་སྲས་ཀྱིས་ཀྱང་སྤྱི་བོར་མཆོད། ཕོ་བྲང་ཆེན་པོ་ཏཱའི་ཏུར་དུ་རྒྱལ་པོ་ཨཱ་ཡུ་བ་རས་སྤྱན་དྲངས་ཤིང་། འགྲོ་དོན་མཐའ་ཡས་པ་མཛད། སླར་བོད་དུ་ཕེབས་ནས་བྲིན་ཆུ་བར་དུ་དཀའ་ཐུབ་ཀྱི་འཚོ་བ་ལ་བརྟེན་ནས་བསྒོམས་པས་ཉམས་རྟོགས་ཀྱི་ཡོན་ཏན་དཔག་མེད་འཁྲུངས། སྐབས་ཤིག་ལ་མཁས་གྲུབ་ཤངས་སྟོན་གྱི་སྙན་པ་གསན་ནས་སྤྱན་སྔར་བྱོན་པས། མཁས་གྲུབ་ཤངས་སྟོན་ལ་ཡེ་ཤེས་མགོན་པོས། ཁྱོད་ཀྱི་སློབ་མ་ཆོས་བརྒྱུད་ཟིན་ངེས་ཤིག་འོང་བར་ཡོད་པས་གདམས་ངག་མ་ལུས་སྟོན་ཅིག་ཅེས་ལུང་བསྟན་པས། ནི་གུའི་གསེར་ཆོས་ལྔ་ལ་སོགས་པའི་ཤངས་པའི་གདམས་ངག་ཡོངས་རྫོགས་དགྱེས་བཞིན་དུ་གནང་། དེ་ཐམས་ཅད་ཐུགས་ཉམས་སུ་བཞེས་པས་རྨི་ལམ་སྤྲུལ་བསྒྱུར་སྦྱོངས། འོད་གསལ་རྒྱུད་ལ་སྐྱེས། ཕྱག་རྒྱ་ཆེན་པོའི་ཡེ་ཤེས་མངོན་དུ་གྱུར་ནས་སྒྲུབ་པ་སྙིང་པོར་གཞོལ་བའི་སྐབས། ཧོར་གྱི་རྒྱལ་པོ་རྒན་པ་ཆེན་པོས་ནན་གྱིས་སྤྱན་དྲངས་པ་བཞིན་ཕེབས་ནས་ཧོར་དང༌། སོག་པོ། ཡུ་གུར། མི་ཉག་སོགས་ཀྱི་སྐྱེ་འགྲོ་མཐའ་ཡས་པའི་དོན་མཛད། སླར་བོད་དུ་ཕེབས་ནས་ཆོས་དང་ཟང་ཟིང་གིས་དགའ་སྟོན་རྒྱ་ཆེར་སྤེལ། ཡང་ནི་གུའི་བརྒྱུད་འདེབས་སུ་མས་མཐའ་གོང་དཔལ་གྱི་རྭ་བ་རུ། མུས་ཆེན་རྒྱལ་མཚན་དཔལ་བཟང་ལ་གསོལ་བ་འདེབས་ ཞེས་འཁོད་པ་བཞིན་མུས་མཐའ་གོང་དཔལ་གྱི་རི་ཁྲོད་སོགས་སུ་བཤད་སྒྲུབ་སྤེལ་མར་མཛད་པའི་མཐར། མེ་ཕག་ཧོར་ཟླ་བདུན་པའི་ཚེས་ཉི་ཤུ་དྲུག་ཉིན་ངོ་མཚར་བའི་ལྟས་དུ་མ་དང་བཅས་བདེ་ཅན་གྱི་ཞིང་དུ་གཤེགས། སློབ་མའི་གཙོ་བོ་མཁས་གྲུབ་རྡོ་རྗེ་གཞོན་ནུ་ལ་ཤངས་ཆོས་ཀྱི་གདམས་ངག་རྫོགས་པར་བསྩལ་ནས་ཤངས་ཆོས་བསྟན་པའི་བདག་པོར་དབང་བསྐུར་བ་དང་། མུས་ཆེན་ནམ་མཁའི་རྣལ་འབྱོར་ལའང་ཤངས་ཆོས་ཀྱི་གདམས་པ་དུ་མ་བསྩལ། བླ་མ་འདིའི་རྣམ་ཐར་དགེ་བཤེས་སྨོན་ལམ་པས་མཛད་པ་ཞིག་ཡོད་ཚོད་འདུག་ཀྱང་ད་ཕན་མ་རྙེད།
II.2.4.4 Müchen Namkhé Neljor
བཞི། མུས་ཆེན་ནམ་མཁའི་རྣལ་འབྱོར།
ཁོང་ནི་ཡབ་བྲག་རམ་པའི་དགེ་བའི་བཤེས་གཉེན་བླ་མ་རྡོ་རྗེ་བསོད་ནམས་དང་། ཡུམ་སྤྱན་རས་གཟིགས་ཀྱི་རྣལ་འབྱོར་མ་རྡོ་རྗེ་འབུམ་གྱི་སྲས་སུ་སྐུ་འཁྲུངས། སྐུ་ན་ཆུང་ངུའི་དུས་ནས་དད་པ་དང་། ཤེས་རབ། མངོན་པར་ཤེས་པ་སོགས་མངའ། གློ་ལུང་ཆོས་སྡེར་མཁན་པོ་ཤཱཀྱ་འཕེན་པ་ལས་རབ་ཏུ་བྱུང་། མཚན་ནམ་མཁའ་རྒྱལ་མཚན་དུ་གསོལ། མདོ་སྔགས་གཞུང་ལུགས་ཀུན་ལ་གསན་བསམ་རྒྱ་ཆེར་མཛད། ཁྱད་པར་མུས་ཆེན་རྒྱལ་མཚན་དཔལ་བཟང་ལས་ནི་གུའི་ཐབས་ལམ་གསན་ནས་ཟླ་བ་གཅིག་བསྒོམས་པས། བདེ་དྲོད་རྩོལ་མེད་དུ་ཤར། བཀའ་གཞན་རྣམས་རྫོགས་པར་བླ་མ་རྡོ་རྗེ་གཞོན་ནུ་ལས་གསན། དགུང་ལོ་ཉི་ཤུ་པར་བསྙེན་པར་རྫོགས། སྔ་རྗེས་སུ་བླ་མ་དུ་མ་ལས་གདམས་ངག་བསམ་གྱིས་མི་ཁྱབ་པ་ཞུས། ཆོས་གསན་པའི་དུས་མ་གཏོགས་དབེན་པ་ཁོ་ནར་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་བས་ངེས་འབྱུང་དང༌། སྙིང་རྗེ་ཕྱོགས་མེད་དུ་ཤར། ཕྱག་རྒྱ་ཆེན་པོའི་རྟོགས་པ་བརྙེས། སྤྱན་རས་གཟིགས་སོགས་ཡི་དམ་གྱི་ལྷ་མང་པོས་རྗེས་སུ་བཟུང༌། ཏིང་འཛིན་གྱི་སྒོ་དུ་མ་ལྡན་པ་དང་། མངོན་ཤེས་རྒྱ་ཆེན་མངའ་བ། ཆོས་སྐྱོང་བྲན་དུ་ཁོལ་བ་སོགས་ཀྱི་ཡོན་ཏན་ལ་དབང་འབྱོར། གདུལ་བྱ་དཔག་མེད་སྨིན་གྲོལ་ལ་བཀོད་པའི་ནང་ནས་དཀའ་ལྔ་པ་དཔལ་འབྱོར་ཤེས་རབ་དང་། རོང་སྟོན་ཤེས་བྱ་ཀུན་རིག །སེམས་དཔའ་གཞོན་ནུ་རྒྱལ་མཆོག །མུས་ཆེན་དཀོན་མཆོག་རྒྱལ་མཚན། གྲུབ་ཆེན་ཐང་སྟོང་རྒྱལ་པོ། མཁས་གྲུབ་དགེ་ལེགས་དཔལ་བཟང་སོགས་མཁས་བཙུན་གྲུབ་པའི་ཉམས་མྱོང་དང་ལྡན་ཞིང་། འཕྲིན་ལས་རྒྱ་ཆེན་མངའ་བའི་བུ་སློབ་དུ་མ་བྱོན་ཏེ་རྒྱལ་བསྟན་སྤྱི་དང་། ཁྱད་པར་དུ་དཔལ་ལྡན་ཤངས་པ་བཀའ་བརྒྱུད་པའི་བསྟན་པ་དར་ཞིང་རྒྱས་པར་མཛད། བླ་མ་འདི་ཉིད་ཀྱིས་ཡེ་ཤེས་མགོན་པོའི་ཆོས་སྐོར་སོགས་ཀྱི་ཤངས་པའི་གདམས་པ་འགའ་ཞིག་མཁས་གྲུབ་དགེ་ལེགས་དཔལ་བཟང་བརྒྱུད་རི་བོ་དགེ་ལྡན་པའི་ཕྱོགས་སུའང་དར་ཁྱབ་མཛད། མཐར་དགུང་གྲངས་དགུ་བཅུ་རྩ་གསུམ་དུ་ཕེབས་པ། བྱི་ལོ་ཧོར་ཟླ་གཉིས་པའི་ཚེས་ཉེར་དྲུག་ཉིན་དགོངས་པ་ཞི་བར་གཤེགས་པའི་ཚེ། འཇའ་འོད་དང་། སྙན་པའི་སྒྲ། དྲི་ཞིམ་འཐུལ་བ། མེ་ཏོག་གི་ཆར་ཆེན་པོ་འབེབས་པ་བཅས་ངོ་མཚར་གྱི་ལྟས་དུ་མ་བྱུང་། སྐུ་གདུང་ཞུགས་སུ་ཕུལ་བས་སྐུ་དང་། རིང་བསྲེལ་གྲངས་ལས་འདས་པ་བྱོན་པ་རྣམས་ཕྱི་རབས་ཀུན་གྱི་དད་པའི་ཞིང་མཆོག་ཏུ་གྱུར་ཏོ། རྗེ་འདིའི་རྣམ་ཐར་རྒྱས་པ་བཀའ་བཅུ་པ་རིན་ཆེན་དར་རྒྱས་ཀྱིས་མཛད་པ་ཞིག་དང་། དགུང་ལོ་བརྒྱད་ཅུ་རྩ་བཞི་ཡན་གྱི་རྣམ་ཐར་ཁ་སྐོང་ཞིག་ཡོད་པ་ཐོས་ཀྱང་ད་ཕན་མ་རྙེད།
II.2.4.5 Rindzongpa Wangchuk Gyeltsen
ལྔ། སྒྲུབ་ཆེན་རིན་རྫོང་པ་དབང་ཕྱུག་རྒྱལ་མཚན།
དེ་ཡང་རྗེ་འདི་ཉིད་ཀྱི་གསུང་ལས་སྨོན་ལམ་དབང་གིས་ཆོས་བརྒྱུད་རིགས་སུ་སྐྱེས། །ལས་ངན་ཚེ་འདིར་སློངས་པས་ནད་དུ་སྨིན། །དམ་པས་རྗེས་བཟུང་བསྟན་ལ་རབ་ཏུ་བྱུང༌། རྒྱུད་གཞུང་མན་ངག་ཐོབ་པས་སྒྲོ་འདོགས་བཅད། བླ་མ་མང་བསྟེན་སྙན་བརྒྱུད་བདུད་རྩི་འཐུངས། །རི་ཁྲོད་དགོན་པར་སྒྲུབ་ལ་བརྩོན་པར་བྱས། །ཕྱི་ནང་གསང་གསུམ་གེགས་རྣམས་གྲོགས་སུ་ཤར། ཉམས་རྟོགས་རིམ་སྐྱེས་གཞན་དོན་མཉམ་ཉིད་རྟོགས། །རྣམ་ཐར་མདོར་བསྟན་སྒྲུབ་པ་ཉམས་སུ་ལོངས་ཞེས་གསལ་བ་ལྟར། ཁོང་ནི་དམ་པའི་ཆོས་དར་བའི་ས། རྒྱལ་གྱི་ཤྲཱི་རིའི་ལྷོ་ཕྱོགས་ཀྱི་དགོན་པ་ཇོ་མོ་ཞེས་བྱ་བར་ཡབ་ཕྱག་སྟོན་ནམ་མཁའ་འཕེན་དང་། ཡུམ་རྨེ་ཟ་རྒྱ་གར་ལྷ་མོ་ཞེས་བྱ་བ་ལ་སྲས་བདུན། དེ་དག་ལས་དགེ་བཤེས་གསུམ་བྱུང་བའི་འབྲིང་པོར་སྐུ་འཁྲུངས། སྐུ་ན་ཆུང་ངུའི་དུས་ནས་དམ་པའི་ཆོས་ལ་ཤིན་ཏུ་མོས། དགུང་ལོ་དགུ་པ་ལ་རབ་ཏུ་བྱུང་། མཚན་དབང་ཕྱུག་རྒྱལ་མཚན་དུ་གསོལ། སྐབས་ཤིག་གི་རིང་མྱོང་འགྱུར་གྱི་ལས་ངན་ནད་དུ་སྨིན་པའི་དབང་གིས་བཟོད་གླགས་བྲལ་བའི་ན་ཟུག་མྱང་། དགུང་ལོ་བཅུ་དགུ་པར་མཁན་པོ་པཎ་ཆེན་རིན་པོ་ཆེ། ལས་སློབ་ལོ་ཆེན་བྱང་ཆུབ་རྩེ་མོ། གསང་སྟོན་བླ་མ་མགོན་པོ་འབུམ། གྲིབ་ཆོད་པ་དཀའ་བཞི་བསོད་ནམས་དོན་གྲུབ་སོགས་ཀྱིས་མཛད་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། མཁན་ཆེན་པའི་དྲུང་ནས་ལྷན་ཅིག་སྐྱེས་སྦྱོར་དང་། བླ་མ་མགོན་པོ་དབྱེར་མེད། འཆུག་མེད་ལམ་ཁྱེར་རྣམ་གསུམ་གྱི་བཀའ་ཁྲིད། གའུ་མའི་ཁྲིད་སོགས་གདམས་པ་མང་དག་ཅིག་ཞུས། དེ་རྗེས་མཁན་ཆེན་འཕྲིན་ལས་པའི་དྲུང་དུ་ཕྱག་རྒྱ་ཆེན་པོ་སྒྲུབ་སྙིང་། གམ་ག་མ། ཤངས་པའི་རྣམ་ཐར་བསམ་སྡིངས་པ་ཡན་ཆད་སོགས་གསན་ནས་སྔ་ཕྱིར་རིན་རྫོང་དུ་སྒྲུབ་པ་ལན་འགའ་མཛད།
ཐེངས་ཤིག་ཆོས་རྗེ་བྱམས་པ་དཔལ་གྱི་རྣམ་ཐར་དྲན་པས་མོས་གུས་ཚད་མེད་སྐྱེས་ཏེ་ད་ལྟ་རང་བླ་མ་དང་མཇལ་བར་བྱ་དགོས་སྙམ་པའི་འདུན་པ་དྲག་པོ་ཤར། དེ་རྗེས་ཤངས་ཀྱི་སྲོག་ཤིང་དུ་ཆོས་རྗེ་དང་མཇལ་བས། ཆོས་རྗེས་ཁྱེད་ཤྲི་རི་ནས་བྱོན་ནམ། ལམ་ཁར་མགོ་ཐོན་པ་དགའ་མོ་ཡིན། ཆོས་བརྒྱུད་གང་ཡིན། ཆོས་ཅི་ཐོབ་གསུང་བ་ལ། (སྒྲུབ་ཆེན་རིན་རྫོང་པས་)ཆོས་བརྒྱུད་ཤངས་པ་ཡིན། རི་བོ་ཆེ་པའི་སློབ་བརྒྱུད་ཡིན་ལགས་ཞུས་པས། རི་བོ་ཆེ་བའི་ཁྲི་པ་དང་ངེད་ཀྱི་རིན་པོ་ཆེ་པ་ཕར་སློབ་ཚུར་སློབ་ཡིན་ཞེས་གསུངས་ནས་ཐོག་མར་ནི་གུ་ཆོས་དྲུག་གི་སྔོན་འགྲོའི་དབང་དང་བཅས་ཡོངས་སུ་རྫོགས་པ་དང་། དེ་ནས་རིམ་བཞིན་རང་བབས་རྣམ་གསུམ། འཆུག་མེད་རྣམ་གསུམ། སེམས་འཆི་མེད་ཀྱི་ཁྲིད། བྱིན་རླབས་ཀྱི་བཀའ་དང་བཅས་པ། ལུས་འཆི་མེད་ཀྱི་བཀའ། བདེ་མཆོག་ལྷ་ལྔ། མཁའ་སྤྱོད་དཀར་དམར། མཁའ་སྤྱོད་གསུམ་སྦྲག །བྱིན་རླབས་ལྷ་བཞི། ཐུགས་རྗེ་ཆེན་པོའི་ཕྱི་སྒྲུབ་གསང་སྒྲུབ། རྟ་མགྲིན་གསང་སྒྲུབ། རྗེས་སུ་ཡི་རང་། མགོན་པོའི་ཕྱི་བཀའ། བླ་མ་མགོན་པོ་དབྱེར་མེད། གསང་སྒྲུབ། གྲིབ་སེལ་གནད་དབབ། དེ་རྣམས་ཀྱི་བཀའ་སྒྲུབ་ཐབས། ལས་ཚོགས། རྒྱུད་སྡེ་ལྔའི་དབང་བཞི་རྫོགས། ཚེ་དཔག་མེད་ལྷ་དགུའི་དབང་སོགས་མང་དུ་གནང་། གཞན་ཡང་གདན་ས་པའི་དྲུང་དུ་སྒྱུ་མ་ལམ་གྱི་རིམ་པའི་གཞུང་འགྲེལ་གཉིས། ཉམས་མྱོང་ཡོན་ཏན་རྒྱ་མཚོ། འཆི་མེད་འཕྲུལ་འཁོར། སྒྱུ་ལུས་འོད་ཕྲེང་། ཁྱད་འཕགས་གདམས་པ་རྒྱས་བསྡུས་གསུམ། སྒྱུ་ལུས་དྲུག་ལྡན། དབུ་མ་ཡིག་བདུན། རྒྱུད་སྡེ་ལྔའི་རྒྱ་གཞུང་རྡོ་རྗེ་གདན་པས་མཛད་པ་སོགས་ཤངས་པའི་གདམས་ངག་དབང་རྒྱུད་མཐའ་དག་རྫོགས་པར་གསན། ཐོས་པའི་གདམས་ངག་དེ་དག་ཀྱང་ཉམས་སུ་ལེན་པའི་དཀའ་སྤྱད་དྲག་པོའི་མཐུས་མཚམས་སྦྱར་བས་ཉམས་རྟོགས་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ཐུགས་རྒྱུད་ལ་འཁྲུངས། མཐར་དགེ་བཤེས་བྱང་སེང་ལ་སོགས་པའི་སྐལ་ལྡན་གྱི་གདུལ་བྱ་རྣམས་ལ་ཤངས་པའི་ཆོས་རྣམས་རྫོགས་པར་གནང་ཞིང་། ཤངས་པའི་འཇག་བརྒྱུད་ཀྱི་བསྟན་པ་ཕྱོགས་མཚམས་ཀུན་ཏུ་རྒྱས་པར་མཛད།
II.2.4.6 Shönu Drup
དྲུག བསམ་སྡིངས་པ་གཞོན་ནུ་གྲུབ།
དེ་ཡང་གསོལ་འདེབས་སྙན་པའི་སྒྲ་དབྱངས་སུ་བསྔགས་འོས་ཡོན་ཏན་བརྒྱ་ལྡན་ཉང་སྨད་དུ། ཁྱིམ་བདག་དྲྭ་མར་མཁའ་འགྲོའི་ལྷུམས་སུ་ཞུགས། །བལྟམས་ནས་དགུང་ལོ་བཞི་པར་སྒྲུབ་པའི་གནས། །གཟིགས་ཚེ་ཏིང་འཛིན་བརྙེས་ལ་གསོལ་བ་འདེབས་ཞེས་འཁོད་པ་བཞིན་མཁས་བཙུན་གཞོན་ནུ་གྲུབ་ནི་ལོ་ཆེན་བཻ་རོ་ཙ་ན་དང་མཁས་པ་ཆེན་པོ་གཙང་ནག་པ་སོགས་སྐུ་འཁྲུངས་པའི་ཡུལ། ཉ་མོ་ཆབ་ལ་འཛུལ་འདྲའི་མྱང་སྨད་གཅུང་པ་ཡུ་བ་གདོང་དུ་ཡབ་ལྡིང་གི་རུས་རྒྱལ་པོ་ཚེ་འཕེལ་དང་། ཡུམ་རྒྱ་མོ་ཁེ་འདྲེན་དཔལ་གཉིས་ཀྱི་སྲས་སུ་སྤྱི་ལོའི་དུས་རབས་བཅུ་གསུམ་པའི་སྨད་ཀྱི་ཆར་སྐུ་འཁྲུངས། གོང་གི་ཡུ་བ་གདོང་ཞེས་པ་དེ་གང་དུ་ཡིན་པའི་སྐོར་ཡང་། པཎ་ཆེན་བསྟན་པའི་ཉི་མའི་རྣམ་ཐར་འཛམ་གླིང་མཛེས་རྒྱན་ལས་གནོད་སྦྱིན་དབང་པོ་གང་བ་བཟང་པོ་བཞུགས་པའི་གནས་ཕུ་ཧ་བོ་གང་བཟང་ནས་མདའ་ཡུ་བ་གདོང་ལ་བརྟེན་པའི་བར་ཆུ་ཀླུང་དལ་གྱིས་འབབ་སའི་ཆ་ལ་ཉང་ཞེས་གྲགས་ཞེས་འཁོད་པར་གཞིགས་ན། ས་ཆ་འདི་ནི་མྱང་ཆུ་རྒྱུག་ཁུལ་གྱི་མདར་གནས་པ་གསལ་པོར་མངོན་ལ། དེ་མིན་གཅུང་པ་ཡུ་བ་གདོང་ཞེས་པ་གཞིས་རྩེ་གྲོང་ཁྱེར་གྱི་གནའ་བོའི་མིང་ཡིན་པ་མྱང་ཆོས་བྱུང་དུའང་གསལ་བས། མཁས་བཙུན་གཞོན་ནུ་གྲུབ་ཀྱི་འཁྲུངས་ཡུལ་ནི་ལོ་ཆེན་བཻ་རོ་ཙ་ན་དང་འདྲ་བར་དེང་ཡུལ་འཁོར་སྲུང་པི་ཝང་བརྡུང་བ་འདྲ་བའི་ཟངས་དཀར་རི་བོའི་འགྲམ་དུ་གནས་པའི་ཆུ་ཤར་གྲོང་ཚོའི་བྱང་རྒྱུད་དུ་ཡིན། དགུང་ལོ་བཞི་པར་གྱོང་ཕུག་ཏུ་སྒྲུབ་པ་མཛད། དགུང་ལོ་བཅུ་པའི་མཇུག་ཏུ་ཆོས་གྲྭ་ཆེན་མོ་སྣར་ཐང་དུ་མཁན་ཆེན་མཆིམས་ནམ་མཁའ་གྲགས་ལས་རབ་ཏུ་བྱུང་། དགུང་ལོ་ཉི་ཤུར་མཁན་ཆེན་དེ་ཉིད་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། མཁན་ཆེན་མཆིམས་པ་ལས་སྒོམ་ཚིག་ལ་སོགས་པའི་འདུལ་བའི་ཕྲན་རྣམས་དང་། མངོན་པ་གོང་འོག །ཕར་ཕྱིན་གྱི་སྐོར། བསླབ་བཏུས། སྤྱོད་འཇུག་ལ་སོགས་པའི་གཞུང་རྣམས། ལམ་རིམ། ལམ་སྒྲོན། ལམ་མཆོག །སྐྱེས་བུ་གསུམ་གྱི་ཁྲིད་ལ་སོགས་བཀའ་གདམས་པའི་མན་ངག་རྣམས། དེ་བཞིན་དབུ་མ་རིན་ཆེན་ཕྲེང་བ་སོགས་མང་དུ་གསན། སློབ་དཔོན་ཆུ་མིག་པ་དང་། ལྷོ་བྲག་པ་ལས་ཕར་ཚད་འདུལ་གསུམ་གྱི་གཞུང་གསན་ཏེ། བཤད་པ་མཛད་ནས་དགེ་བཤེས་ཀྱང་ལོ་འགའ་གནང་། དགུང་ལོ་ཉི་ཤུ་རྩ་གཅིག་པར་ས་སྐྱར་བྱོན་ནས་བླ་མ་ཆོས་ཀྱི་རྡོ་རྗེ་ལ་ཀྱི་རྡོ་རྗེ། མཁའ་འགྲོ་མ་གུར། སམྦུ་ཊ་ལ་སོགས་པ་གསན། སློབ་དཔོན་དྷརྨ་པཱ་ལ་ལས་ཚོགས་ཆོས་གང་གསུངས་གསན། བླ་མ་ཉི་ཐོག་པ་ལ་ཀྱི་རྡོ་རྗེ་དང་། བདེ་མཆོག་ལ་སོགས་པའི་དབང་དང་གདམས་ངག་མང་དུ་ཞུས། སློབ་དཔོན་བང་སྟོན་པ་ལ་རྣམ་འགྲེལ་དང་རིགས་གཏེར་སོགས་མདོ་སྔགས་གཞུང་ལུགས་སྤྱི་དང་། ཁྱད་པར་ས་ལུགས་ཀྱི་ཕྱག་ལེན་རྣམས་ལ་མཁས་པར་བསླབས། དུས་དེར་ས་སྐྱ་པ་ནང་འཁྲུག་གི་འགོ་ཚུགས་པས་ངེས་འབྱུང་སྐྱོ་བས་གཙེས་ཏེ་སློབ་དཔོན་འདམ་པ་ལས་རྒྱུན་གཅོད་དཀའ་ཐུབ་ཀྱི་རིགས་མང་པོ་དང་། དྲིལ་བུ་པའི་དབང༌། གདམས་སྐོར་གཞན་ཡང་གསན། རྒྱུན་གཅོད་བགེགས་སྒྲོལ་མཛད། བླ་མ་སུམ་སྟོན་རས་པ་ལས་ཀྱང་གཅོད་ཡུལ་གྱི་གདམས་པ་མང་དག་ཅིག་གསན། འཆི་བ་མི་རྟག་པའི་རྟོགས་པ་རྒྱུད་ལ་ང་གིས་སྐྱེས་ཤིང༌། སྲིད་ལ་སྐྱོ་ཤས་ཀྱིས་བསམ་པས་གདུང་པས་ཉིན་ཞག་མཚམས་མི་ཆད་པར་དགེ་སྦྱོར་འབའ་ཞིག་ལ་བརྩོན། དེ་ནས་ཁ་རག་ཚ་ཚ་མོར་ཕེབས་ཏེ་སློབ་དཔོན་གྲགས་ལས་རྗེ་བཙུན་མའི་བྱིན་རླབས། ཕྱག་རྒྱ་ཆེན་པོ་ཡི་གེ་བཞི་པ། ལམ་ཁྲིད་རླན་ལུགས་ཀྱི་རྩ་རླུང་ལ་སོགས་པ་ཞུས། སླར་ཡང་ས་སྐྱར་བྱོན་ནས་བླ་མ་དུར་ཁྲོད་དགོན་པ་ལས་གསུང་ངག་རིན་པོ་ཆེ་དང་བྱིན་རླབས་ཀྱི་དབང་བཀའ་མང་དུ་ཞུས།
དེ་རྗེས་ཡོལ་རི་གོང་དུ་ཕེབས་ཏེ་ཤངས་པ་རིན་ཆེན་བདུན་བརྒྱུད་ཀྱི་མཐའ་མ་འགྲོ་མགོན་སངས་རྒྱས་སྟོན་པ་ཆོས་ཀྱི་ཤེས་རབ་ཀྱི་དྲུང་ནས་རྒྱུད་སྡེ་ལྔའི་དབང་དང་། བདེ་མཆོག །ཆོས་དྲུག །སེམས་འཆི་མེད། འཆུག་མེད། ཕྱག་ཆེན། བྱིན་རླབས་ཀྱི་ཁྲིད། སྐྱེར་སྒང་ལུགས་ཀྱི་ཐུགས་རྗེ་ཆེན་མོ་དང་རྟ་མགྲིན། མཁའ་སྤྱོད་དཀར་མོ། ནམ་མཁའ་སྒོ་འབྱེད། བླ་མ་མགོན་པོ་དབྱེར་མེད་སོགས་ཤངས་པ་བཀའ་བརྒྱུད་ཀྱི་གདམས་ངག་མ་ལུས་པ་དང་། གཞན་ཡང་བླ་མ་དེ་ཉིད་ལས་དྭགས་པོ་བཀའ་བརྒྱུད་ཀྱི་འབྲི་གུང་དང་། འབྲུག་པ། ཚལ་པ་བཅས་དང་། དེ་བཞིན་ས་སྐྱ། མ་གཅིག་ལས་བྱོན་པའི་གཅོད་རྒྱུན་སོགས་གདམས་ངག་གི་ཁུངས་མང་དུ་མངའ་བ་དག་ཀྱང་གསན། ཆོས་རྗེ་སངས་རྒྱས་སྟོན་པ་སྐུ་འདའ་ཁར་ཡང་མཁས་བཙུན་གཞོན་ནུ་གྲུབ་ལ་ཆིག་བརྒྱུད་ཀྱི་གདམས་པའི་གནད་འདི་རྣམས་ཀྱི་བདག་པོ་བགྱིས། སྣོད་ལྡན་གྱི་སློབ་མ་རྣམས་ལ་ཕན་ཐོགས་དང་འགྲོ་དོན་མཛད་ཅིག་ཅེས་སོགས་ཆིག་བརྒྱུད་ཀྱི་བདག་པོར་དབང་བསྐུར་ལན་བཞིའི་བར་མཛད།
སྔ་རྗེས་སུ་གཡུ་རི་ནགས་དང་སྲིན་པོ་རི་ སོགས་དབུས་གཙང་གི་ས་ཆ་མང་པོར་ལུས་སྲོག་བློས་གཏོང་བའི་གཅོད་གནང་ནས་ལྷ་འདྲེ་མང་པོའི་དོན་མཛད། ཤངས་ཀྱི་ནུབ་ཕྱོགས་འཇད་ཀྱི་ཐང་སྟོང་དུ་བཞུགས་སྐབས་ཏེ་ཧ་ལམ་སྤྱི་ལོ་1285ལོའམ་སྤྱི་ལོ1290ལོ་ ཙམ་ལ་ས་སྐྱ་དང་འབྲི་གུང་པ་ཕན་ཚུན་འཐབ་འཁྲུག་གི་ལས་སྦྱོར་ལ་རྩེན་པས་ཐུགས་ཡིད་ཤིན་ཏུ་མུག །འཇད་ཀྱི་འགྲུལ་ཁང་ཞིག་ཏུ་བཞུགས་དུས་མཛེ་ཅན་ཁྲག་རྣག་གིས་སྦགས་པ་ཞིག་གཟིགས་པས་ནད་པ་དེའི་རྐང་པ་ཞལ་གྱིས་འཇིབ། ནད་ལས་གྲོལ་ཐབས་མཛད་པས་བྱམས་སྙིང་རྗེའི་ཡོན་ཏན་གྱིས་ཡོངས་སུ་ཕྱུག་པ་སྟོན་གནང་མཛད། རང་ཉིད་ལ་ནད་སོགས་བྱུང་སྐབས་ཀྱང་ཐུགས་གཡེང་མི་གནང་བར་ང་ཡང་དགེ་སྦྱོར་གྱི་སྟེང་ནས། ན་རོགས་འཆི་རོགས་གཞན་མི་འཚོལ། འདི་ཀ་ལ་ཉལ་བ་ཡིན་གསུངས་ཞེས་པ་ལྟར་རོ། མཁས་བཙུན་གཞོན་ནུ་གྲུབ་ཀྱིས་བླ་མ་ཁྲོ་ཕུ་བ་དང་རྗེ་ཀུན་སྤོངས་པ་སོགས་མཚན་ལྡན་མཁས་གྲུབ་བརྒྱད་ཅུ་རྩ་གསུམ་ཙམ་བསྟེན་ནས་དེ་དག་གི་ཐུགས་བཅུད་རྫོགས་པར་བཞེས་པ་དང་། ལྷག་པར་སྤྲུལ་སྐུ་འགའ་རབ་རྡོ་རྗེ་ལས་གསང་ཆེན་རྙིང་མའི་རྫོགས་ཆེན་གྱི་གདམས་པའང་ཐོབ་པས་རིས་སུ་མི་ཆད་པའི་ཆོས་བརྒྱུད་དུ་མའི་གདམས་ངག་རིན་ཆེན་ནོར་བུས་ཐུགས་ཀྱི་བང་མཛོད་ལེགས་པར་གཏམས། དེ་ནས་ཕྱིས་མྱང་སྨད་དུ་བསམ་སྡིངས་བཏབ་ནས་ལམ་འབྲས། ཕྱག་ཆེན། ནི་གུ་རྣམས་ཆོས་ཀྱི་གཙོ་བོ་མཛད་ནས་གདུལ་བྱ་མང་པོ་ལ་ཁྲིད་བསྐྱངས་ཞེས་འཁོད་པ་ལྟར་སྐུ་ཚེའི་མཇུག་ཏུ་པ་སྣམ་བསམ་སྡིངས་དགོན་བཏབ་ནས་བོད་སོག་གི་བུ་སློབ་མང་པོར་ཤངས་པའི་ཆོས་སྐོར་གྱིས་གཙོས་པའི་ཆོས་ཀྱི་གནང་སྦྱིན་རྫོགས་པར་བསྩལ་ཏེ་སྨིན་གྲོལ་གྱི་ལམ་བཟང་ལ་བཀོད་གནང་མཛད། མཐར་དབེན་གནས་བསམ་གཏན་སྡིངས་དེ་རང་དུ་སྤྱི་ལོ1319ལོ་ཙམ་ལ་དགོངས་པ་ཆོས་ཀྱི་དབྱིངས་སུ་གཤེགས།
II.2.4.7 Serlingpa Tashi Pel
བདུན། ཤངས་པ་གསེར་གླིང་པ་བཀྲ་ཤིས་དཔལ།
ཁོང་ནི་ཡབ་རྗེ་བཙུན་མཚན་ཅན་དང་། ཡུམ་དཀོན་མཆོག་རྒྱན་གཉིས་ཀྱི་སྲས་སུ་རབ་བྱུང་ལྔ་པའི་ཆུ་འབྲུག་སྤྱི་ལོ1292ལོར་ཡོལ་ཕུ་གསེར་གླིང་སྟེ་དེང་ཆུ་ཤུར་རྫོང་བྱེ་ནུབ་ཡུལ་ཤོག་ཁོངས་ཀྱི་གསེར་གླིང་གྲོང་ཚོར་སྐུ་བལྟམས། དགུང་ལོ་བདུན་ལ་སོན་སྐབས་ཡི་གེ་འབྲི་ཀློག་ལེགས་པར་མཁྱེན། ནེལ་པ་པཎ་ཆེན་ལས་བསྙེན་པར་རྫོགས། ནེལ་པ་ཁུ་དབོན་གྱི་དྲུང་དང་། གསང་ཕུར་ཕར་ཕྱིན་དང་ཚད་མ་ལ་སོགས་པའི་མདོ་སྔགས་ཆོས་གཞུང་མང་པོར་གསན་བསམ་རྒྱ་ཆེར་མཛད། དེ་རྗེས་ཀརྨ་རང་བྱུང་རྡོ་རྗེ་དང་། རྒྱ་བྲག་ཆོས་རྗེ། སྐྱེས་མཆོག་བསམ་གཏན་དཔལ་ལ་སོགས་པའི་སྐྱེས་ཆེན་དམ་པ་མང་དུ་བསྟེན་ནས་ཕྱག་ཆེན་དང་། ཞི་བྱེད་ཀྱི་གདམས་པ་སོགས་ཇི་སྙེད་པ་གསན། སླར་རང་ཡུལ་དང་ཉེ་བའི་མཁས་གྲུབ་རྣམས་ལས་གསང་སྔགས་ཀྱི་ཆོས་སྐོར་དང་། རྨོག་ལྕོག་པ་རིན་ཆེན་བློ་གྲོས་སོགས་ལས་ཤངས་པའི་གདམས་ངག་མཐའ་ཡས་པ་གསན། ཡི་དམ་ལྷ་ཚོགས་དུ་མའི་ཞལ་གཟིགས། ལྷག་པར་དུ་སྐབས་དེའི་ཤངས་ཆོས་ཀྱི་བདག་པོ་མཁས་བཙུན་གཞོན་ནུ་གྲུབ་ལས་ཤངས་པའི་ཟབ་ཆོས་དུ་མའི་བདུད་རྩི་བཞེས། སངས་རྒྱས་སྟོན་པ་ལས་བྱུང་བའི་གཅོད་ཀྱི་སྐོར་རྣམས་ཀྱང་ཐུགས་སུ་ཆུད་པས། ཕྱིས་གདུལ་བྱ་རྣམས་ཀྱང་ཤངས་པའི་ཆོས་སྐོར་དང་། གཅོད་ཀྱི་གདམས་པས་གཙོ་བོར་མཛད་ནས་བསྐྱངས། དགེ་བའི་བཤེས་གཉེན་སྡེའི་བདག་པོ་དང་། མི་དཔོན་ཆེན་པོ་རྣམས་ཀྱིས་ཀྱང་ཞབས་ལ་གཏུགས་ནས་ཆོས་དང་འཇིག་རྟེན་གྱི་བསླབས་གདམས་ཅི་རིགས་བསྩལ་བ་སོགས་ཀྱིས་འགྲོ་དོན་རྒྱ་ཆེར་མཛད། དེ་རྗེས་ཡོལ་དང་། སྦུས་སྡེའི་སྒྲུབ་སྡེ་བཙུགས། ཆོས་དཔལ་ཤེས་རབ་དང་། བྲག་པོ་ཆེ་བ་རྡོ་རྗེ་དཔལ་ལ་སོགས་པའི་གསུང་གི་སློབ་མ་མང་བར་བསྐྱངས་ནས། མཐར་དགུང་གྲངས་དོན་བཞིར་ཕེབས་པ་རབ་བྱུང་དྲུག་པའི་ཤིང་སྦྲུལ་སྤྱི་ལོ་1365ལོའི་ཟླ་བ་དང་པོའི་ཚེས་བཅུ་དགུ་ཉིན་ཞི་བར་གཤེགས་པ་བཅས་སོ།
།གསེར་གླིང་པ་བཀྲ་ཤིས་དཔལ་གྱི་སློབ་མ་བྲག་པོ་ཆེ་བ་རྡོ་རྗེ་དཔལ། བཟང་དུ་སྐུ་འཁྲུངས། གསེར་གླིང་པ་ལས་ཤངས་ཆོས་དང་གཅོད་སྐོར་གསན་ཞིང་མགོན་པོས་ཀྱང་ལེགས་པར་རྗེས་སུ་བཟུང་། སློབ་མ་རྣམས་ཤངས་ཆོས་ལ་སོགས་པའི་གདམས་པ་རྣམས་ཀྱིས་ཚིམས་པར་མཛད། རྗེ་འདིའི་མཛད་རྣམ་ཞིབ་པ་ད་ཕན་མ་རྙེད།
དེའི་སློབ་མ་ཆོས་སྒོ་བ་ཆོས་དཔལ་ཤེས་རབ། །གཙང་དུ་འཁྲུངས། ཐར་པ་གླིང་ དུ་བྱོན་ནས་མཁན་ཆེན་ཤེས་རབ་འོད་ཟེར་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། སྟོད་འབྲུག་བསྟན་པའི་མངའ་བདག་ཆོས་རྗེ་འབའ་ར་བ་ལས་རི་ཆོས་དང་ཕྱག་ཆེན་ལ་སོགས་གསན་པས་མནལ་གྱིས་མ་སྒྲིབ་པའི་འོད་གསལ་འཁྲུངས། བྲག་པོ་ཆེ་བ་རྡོ་རྗེ་དཔལ་ལས་ཤངས་པའི་ཆོས་སྐོར་དང་གཅོད་ཡུལ་གསན་ནས་ཐུགས་ཉམས་སུ་ཡང་བཞེས། ཕྱིས་ཐེལ་གྱི་ཆོས་སྒོ་ལ་ཞུགས་ནས་གདུལ་བྱ་མང་པོ་སྨིན་གྲོལ་ལ་བཀོད། ཐེངས་ཤིག་ངང་རྐྱལ་གྱི་གཙུག་ལག་ཁང་དུ་ཕེབས་ནས་ཆོས་འདི་དག་གི་འཁོར་ལོ་རྒྱ་ཆེན་སྐོར་བའི་ཚེ། རྟོགས་པས་སྲིད་གསུམ་ཟིལ་གྱིས་གནོན་པ། བྱིན་རླབས་ཀྱིས་རྡོ་རྗེའི་མཁའ་འགྲོ་མ་ཐམས་ཅད་འདུ་བ། མི་དང་མི་མ་ཡིན་པ་ཐམས་ཅད་ཀྱིས་མཆོད་པར་བྱ་བའི་གནས་རྒོད་ཕྲུག་རས་པ་ཞེས་ཡོངས་སུ་གྲགས་པའི་སྐལ་ལྡན་གྱི་སློབ་མ་ཞིག་བྱུང་བས་གཙོས་གདུལ་བྱ་དུ་མ་སྐྱོང་བར་མཛད།
ཆོས་རྗེ་རྒོད་ཕྲུག་པ་གྲགས་པ་འབྱུང་གནས་ནི་རྒྱལ་ཚབ་ཆོས་རྗེ་འཁྲུངས་པའི་སྔ་ལོ་སྟེ་སྤྱི་ལོ1364ལོར་སྐུ་བལྟམས། སྔ་རྗེས་སུ་བླ་མ་ཆོས་སྒོ་བ་ཆོས་དཔལ་ཤེས་རབ་སོགས་ལས་དྭགས་ཤངས་བཀའ་བརྒྱུད་ཀྱི་གདམས་པ་མང་དུ་གསན་ཞིང་། ཐུགས་ཉམས་སུ་བཞེས་པས་ཕྱག་ཆེན་གྱི་རྟོགས་པ་ནམ་མཁའ་དང་མཉམ་པ་འཁྲུངས། གྲུབ་པའི་རྟགས་ཀྱང་མང་དུ་བསྟན་པས་མི་དབང་གྲགས་པ་འབྱུང་གནས་སོགས་མཐོ་དམན་ཀུན་གྱིས་བཀུར་བར་མཛད། རྗེ་ཙོང་ཁ་པ་ཆེན་པོ་བཀྲ་ཤིས་དོ་ཁར་ཕེབས་དུས་དགེ་ཚུལ་གྱི་སྡོམ་པ་ཞུས་ཤིང་གསུང་ཆོས་ཀྱང་མང་དུ་གསན་པར་གྲགས། རྗེ་རྒོད་ཕྲུག་རས་པས་གཅོད་ཡུལ་གྱི་གདམས་པ་འགའ་ཞིག་འགོས་ལོ་གཞོན་ནུ་དཔལ་ལ་བསྩལ་གནང་བ་འགོས་ལོ་རང་ཉིད་ཀྱིས་གསུངས་འདུག་ལ། ཡང་ཐུགས་རྗེ་ཆེན་པོ་དཔལ་མོ་ལུགས་སུ་གྲུབ་ཐོབ་དངོས་གྲུབ་ནས་རྗེ་རྒོད་ཕྲུག་པ་བར་བརྒྱུད་པའི་བརྒྱུད་པ་ཞིག་ཀྱང་འདུག །འོན་ཀྱང་རྗེ་རྒོད་ཕྲུག་རས་པས་ཤངས་པའི་གདམས་པ་རྣམས་སུ་ཞིག་ལ་གནང་བའི་སྐོར་གྱི་ཡིག་ཆ་ད་ཕན་མ་མཐོང་བས། དེའི་རྗེས་ཙམ་ནས་ནི་གུ་བསམ་སྡིངས་ལུགས་ཀྱི་བརྒྱུད་པ་གསལ་བར་འཛིན་པའི་བླ་མ་མ་རྙེད་དོ།
II.2.5 -
།ལྔ་པ། ཉེ་དུས་ཀྱི་ཤངས་ཆོས་འཛིན་པའི་བླ་མ་གཙོ་ཆེན་འགའ་ཞིག
སྤྱི་ལོའི་དུས་རབས་བཅུ་བདུན་པ་ཙམ་ནས་ད་བར་ཤངས་ཆོས་འཛིན་པའི་བརྒྱུད་པ་ཟམ་མི་ཆད་པར་བྱོན་ཡོད་ཅིང༌། དེ་དག་ལས་ཚབ་མཚོན་འགའ་ཞིག་བརྗོད་པར་བྱ་བ་ལ།
II.2.5.1 Rigdzin Tsewang Norbu
གཅིག ཀཿཐོག་རིག་འཛིན་ཚེ་དབང་ནོར་བུ།
མཚན་གྱི་རྣམ་གྲངས་ལ་རིག་འཛིན་གཏེར་བཞད་རྩལ། འཇམ་དཔལ་རྒྱ་མཚོ། འོད་གསལ་བདེ་གཤེགས་སྙིང་པོ། དཔའ་བོ་དོན་གྲུབ་རྡོ་རྗེ། རྣལ་འབྱོར་མ་རབ་ཏུ་དགྱེས་པའི་རྡོ་རྗེ། རྡོ་རྗེ་དྲག་པོ། ཀུན་བཟང་འཕྲིན་ལས་འགྲོ་བ་ཡོངས་འདུས་རྩལ། བསོད་ནམས་ཐེག་མཆོག་བསྟན་པའི་རྒྱལ་མཚན་སོགས་མཚན་མཆོག་བརྒྱ་རྩའི་ཕྲེང་བ་མཚར་དུ་དངར་བ་མཆིས་པ་ལས་ཡོངས་གྲགས་སུ་རིག་འཛིན་ཚེ་དབང་ནོར་བུར་འབོད་པ་འདི་ཉིད་ནི། ཐུགས་གཏེར་གསང་བའི་ལུང་བྱང་ལས་པདྨ་ང་སྤྲུལ་ནག་པོས་བྱིན་རླབས་ཤིང༌། །ནམ་སྙིང་ཐུགས་ཀྱི་འོད་ཟེར་ཞུགས་གྱུར་པ། །ཀཿཐོག་ལྷོ་ཕྱོགས་བཙན་རིའི་ཉེ་འདབས་སུ། །མཆོག་དམན་སྤངས་པ་བར་མ་དག་པའི་རིགས། །མགོན་དང་མཚོ་ཞེས་བྱ་བ་གཉིས་ཀྱི་བུ། །དབང་ངམ་ནོར་བུའི་མིང་ཅན་སྙིང་སྟོབས་ཅན་ཞེས་སོགས་རྡོ་རྗེའི་ལུང་བསྟན་བཀའ་རྒྱ་དུ་མས་ཡོངས་སུ་ཟིན་པ་ལྟར་མདོ་ཁམས་སྤོ་འབོར་སྒང་གི་ཆར་གཏོགས། བཙན་རྒོད་རི་བཀྲའི་ཉེ་ཟུར། དུང་དཀར་རི་ཁྲོད་དུ་གྲགས་པའི་བསམ་གཏན་གྱི་བསྐྱིལ་བུར་ཡབ་རྔུ་བ་ཨ་ཏི་མགོན་པོའམ་ཇོ་བོ་སྐྱབས་དང་། ཡུམ་སྒོ་བཟའ་རྡོ་རྗེ་མཚོ་གཉིས་ཀྱི་སྲས་སུ་སྤྱི་ལོ1697ལོར་སྐུ་འཁྲུངས། སྐུ་ན་ཆུང་ངུའི་དུས་ནས་རོང་སྟོན་པདྨ་བདེ་ཆེན་གླིང་པ། བྲག་དམར་ཀུན་བཟང་ཁྱབ་བརྡལ་ལྷུན་གྲུབ་སོགས་ཀྱིས་རིག་འཛིན་པདྨ་ནོར་བུའི་སྐྱེ་སྲིད་དུ་ངོས་འཛིན་མཛད་ཅིང་། གཏེར་སྟོན་བདེ་ཆེན་གླིང་པས་ཚེ་དབང་ནོར་བུ་ཞེས་པའི་མཚན་གསོལ། དེ་རྗེས་ཚབ་སྤྲུལ་དྲུག་པ་ཀརྨ་གསུང་རབ་རྒྱ་མཚོ་ལས་བཀའ་བརྒྱུད་པའི་ཕྱག་རྒྱ་ཆེན་པོ་སོགས་གསར་རྙིང་གི་ཟབ་ཆོས་དུ་མ་གསན་པ་དང་། དགུང་ལོ་བཅོ་བརྒྱད་པ་ཤིང་ལུག་སྤྱི་ལོ1716ལོར་སྤོ་བོ་དང་ཀོང་པོ་བརྒྱུད་ནས་དབུས་གཙང་དུ་ཕེབས་ཏེ་ཤངས་སྟག་སྣར་ཏྲེ་ཧོ་ཆོས་ཀྱི་དབང་པོ་ལས་བཀའ་ཇོ་རྙིང་གསུམ་གྱི་ཟབ་ཆོས་འགའ་ཞིག་ཞུས། དེ་ནས་བྱང་ལྷ་རྩེའི་འབྲས་སྤུངས་དགོན་དུ་ཆོས་རྗེ་ཀུན་བཟང་དབང་པོ་ལ་ཐོག་མར་ཆོས་འབྲེལ་ཙམ་དང་། ཕྱིས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཚར་མང་པོ། དབུ་མའི་ལྟ་ཁྲིད། ཁྲིད་བརྒྱ་སྒྲུབ་ཐབས་རིན་འབྱུང་། སྒྲོལ་མ་རྣལ་འབྱོར་མ། ནི་གུའི་ཆོས་སྐོར། རྗེ་བཙུན་ཏཱ་ར་ནཱ་ཐའི་བཀའ་འབུམ་སོགས་ཇོ་ལུགས་ཀྱི་གདམས་སྐོར་རྒྱུན་གང་བཞུགས་གསན་ཞིང་ཇོ་ནང་རི་ཁྲོད་དུ་ཆོས་ཁྲིར་མངའ་གསོལ་མཛད། རི་ཁྲོད་འདིར་རྟེན་བཞེངས་རྒྱ་ཆེན་མཛད། མང་ཡུལ་སྐྱིད་གྲོང་གི་ཀཿཐོག་བདུད་རྩི་ཕུག་ཏུ་སྦྱོར་བ་ཡན་ལག་དྲུག་གི་ཉམས་ལེན་ཡུན་རིང་མཛད། གཙང་སྟོད་གྱེ་རེ་ལོ་ཙཱ་བ་བཀྲ་ཤིས་རྣམ་རྒྱལ་ལས་སྒྲ་རིག་པ་དང་། སྙན་དངགས། སྐར་རྩིས་སོགས་གསན་ཞིང་རང་བཞེད་རྒྱུད་རྩིས་གཙོར་འདོན་གྱིས་རྩིས་གཞུང་གསར་དུ་མཛད་པར་རིག་འཛིན་གྲུབ་པའི་རྩིས་སུ་གྲགས། དེ་ལྟར་རྗེ་འདི་ཉིད་ཀྱིས་གྲུབ་མཐའ་རིས་མེད་ཀྱི་བླ་མ་མང་དུ་བསྟེན་པ་སྟེ། ཏམྦུ་ར་སེང་གེའི་རྒྱུད་ཀྱི་སྒྲ་དབྱངས་ཞེས་པའི་མགུར་དུ་སྤྱིར་བླ་མ་ལྔ་ཕྲག་དྲུག་ཙམ་བསྟེན། །ཀུན་དམ་ཚིག་སེལ་མེད་ཐུགས་ཡིད་འདྲེས། །སྒོས་རྩ་བའི་བླ་མ་རྣམ་གསུམ་གྱི། །ཐུགས་གཏིང་ནས་གཅེས་པའི་ཐུགས་སྲས་མཛད་ཅེས་གསུངས་པ་ལྟར་སྔ་ཕྱི་ཁྱོན་དུ་བླ་མ་སུམ་ཅུ་ཙམ་བསྟེན་ནས་མདོ་སྔགས་གསར་རྙིང་གི་ཆོས་ཚུལ་བསམ་གྱིས་མི་ཁྱབ་པ་གསན་ཞིང་། ཁྲིད་རྒྱུན་སོ་སོ་བ་དང་། ཁྲིད་ངོ་བོ་གཅིག་ཀྱང་བརྒྱུད་ཁུངས་ཐ་དད་པ་རྣམས་བསྡོམས་པས་ཁྲིད་བཀའི་རྒྱུན་བརྒྱ་དང་བརྒྱད་ཅུ་ལ་ཉེ་བ་གསན་པ་དང་། ཕྱག་རྒྱ་ཆེན་པོའི་ཁྲིད་རྒྱུན་ཁོ་ན་སུམ་ཅུ་སོ་བརྒྱད་ཙམ་གསན་ནས། གངས་ཅན་གྱི་ལྗོངས་འདིར་རྒྱལ་བསྟན་མ་ལུས་གདན་ཐོག་གཅིག་ཏུ་ཉམས་སུ་ལེན་པའི་ཚུལ་ལ་འབད་པས་རིས་མེད་བསྟན་པའི་སྲོལ་འབྱེད་དུ་ཡོངས་སུ་གྲགས་པས། འཇམ་དབྱངས་མཁྱེན་བརྩེ་དབང་པོས་ཀྱང་རིས་མེད་བསྟན་པའི་སྲོལ་འབྱེད་ཆེན་པོ་ཞེས་བསྔགས་བརྗོད་མཛད།
དགུང་ལོ་ཉེར་དྲུག་པ་ཆུ་ཡོས་སྤྱི་ལོ1723ལོར་ཁམས་ཀྱི་ཀཿཐོག་མ་དགོན་དུ་ཕྱིར་ཕེབས་ནས་དགོན་པའི་གདན་ས་མཛད། ལོ་དེའི་སྟོན་མཇུག་ལ་སླར་ཡང་དབུས་གཙང་དང་ལ་སྟོད་དིང་རི་བརྒྱུད་བལ་ཡུལ་དུ་ཕེབས། དགུང་ལོ་སུམ་ཅུ་སྟེ་སྤྱི་ལོ1727ལོར་མངའ་རིས་མང་ཡུལ་དུ་ཕེབས་ནས་ལོ་ཤས་བཞུགས། དགུང་ལོ་སོ་གཅིག་པར་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་རབ་གནས་ལ་བྱོན། དགུང་ལོ་ཞེ་བརྒྱད་པ་ཤིང་གླང་སྤྱི་ལོ1745ལོར་ཀོང་པོའི་ཉང་ཁ་ལྗོན་ས་ལུང་དུ་ཕེབས་ཏེ་བོད་རྗེ་ལྷ་བཙན་པོའི་གདུང་རབས་ཚིག་ཉུང་དོན་གསལ་ཞེས་པ་བརྩམས་གནང་། སྤྱི་ལོ1748ལོར་སི་ཏུ་ཆོས་ཀྱི་འབྱུང་གནས་དང་ལྷན་དུ་བལ་ཡུལ་ལ་ཕེབས། བལ་པོའི་རྒྱལ་པོའི་རེ་འདུན་ལྟར་མཆོད་རྟེན་བྱ་རུང་ཁ་ཤོར་དང་འཕགས་པ་ཤིང་ཀུན་ལ་ཉམས་གསོ་ཕུན་སུམ་ཚོགས་པ་མཛད་པའི་དྲན་རྟེན་རྡོ་རིང་ད་ལྟའང་འཕགས་པ་ཤིང་ཀུན་ན་ཡོད། དེ་ནས་ཕྱིར་ལོག་ཕེབས་སྐབས་གུང་ཐང་ཟ་འོག་ཕུག་ཏུ་གུང་ཐང་གི་རྒྱལ་རབས་ཡིག་རྙིང་མང་པོར་དཔྱད་ཞིབ་ཐོག་གུང་ཐང་རྒྱལ་རབས་ཞེས་པ་རྩོམ་སྒྲིག་གནང་། དགུང་ལོ་ང་ལྔ་སྟེ་སྤྱི་ལོ1742ལོར་ལ་དྭགས་སྟོད་སྨད་གཉིས་ནང་འཁྲུག་ཤོར་སྐབས་རྒྱལ་དབང་སྐལ་བཟང་རྒྱ་མཚོའི་བཀའ་མངགས་ལྟར་ལ་དྭགས་སུ་ཕེབས་ནས་ལོ་གཅིག་རིང་བཞུགས་ཤིང་། ཟངས་ཡིག་རྣམ་ལྔ་དང་ཆིངས་ཡིག་ཆེན་པོ་འཇོག་གནང་མཛད་པས་ཕྱོགས་གཉིས་ཀས་གུས་བཀུར་ཚད་མེད་ཞུས། དགུང་གྲངས་ང་བདུན་པ་ཤིང་ཁྱི་སྤྱི་ལོ་1754ལོར་སླར་ཡང་བལ་ཡུལ་དུ་ཕེབས་པའི་ཕྱི་ལོ། སྤྱི་ལོ1755ལོར་མང་ཡུལ་སྐྱིད་གྲོང་དུ་དགོངས་པ་ཆོས་དབྱིངས་སུ་གཤེགས།
ཁོང་གི་སྐུ་ཚེ་གང་པོའི་ལོ་རྒྱུས་མདོར་བསྡུས་ན་རྨད་བྱུང་མཛད་ཆེན་བཞི་ ཞེས་གྲགས་པ་འདི་ལྟ་སྟེ། དམག་དང་འཁྲུག་རྩོད་ཐབས་ཀྱིས་བཟླུམ་ཞིང་མི་འཇིགས་སྐྱབས་ཀྱི་སྦྱིན་པ་བསྩལ། རྟེན་གསུམ་གསོ་དང་ཕྱོགས་མེད་སྦྱངས་ཏེ་རིས་མེད་གྲུབ་མཐའི་སྲོལ་ཚུགས་པ། མཁས་གྲུབ་དམ་པའི་ཐུགས་རྒྱུད་ཟིན་ཞིང་བརྒྱུད་པ་དཀོན་པོའི་སྲོག་མཐུད་པ། གསོན་དུར་སྦ་བའི་སྲོལ་ངན་བཅད་དེ་གཞན་ཕན་དགེ་བའི་ལུགས་སྤེལ་བ་བཅས། དམ་པ་འདི་ཉིད་མང་དུ་ཐོས་པ་ལུང་གི་ཡོན་ཏན་དང་། ཚུལ་བཞིན་སྒྲུབ་པ་རྟོགས་པའི་ཡོན་ཏན་གྱི་རྩལ་རྫོགས་ཤིང་། གཞན་ཕན་འཕྲིན་ལས་ཀྱི་མཚོ་བརྡོལ་བས་རྒྱལ་དབང་སྐལ་བཟང་རྒྱ་མཚོ་དང་། མི་དབང་ཕོ་ལྷ་བསོད་ནམས་སྟོབས་རྒྱལ། སྡེ་དགེ་ས་སྐྱོང་། མང་ཡུལ་གུང་ཐང་རྒྱལ་པོ། བལ་པོའི་རྒྱལ་པོ་སོགས་ཡུལ་ཁམས་མི་འདྲ་བའི་གོང་མ་དང་སྡེ་དཔོན་ཆེ་ཕྲ་ཀུན་གྱིས་གཙུག་ཏུ་བཀུར། གང་གི་གསུང་དང་ཐུགས་ལས་སྤྲུལ་པའི་སྲས་ནི། རྒྱལ་དབང་ཀརྨ་པ་བདུད་འདུལ་རྡོ་རྗེ། འབྲུག་པ་ཐམས་ཅད་མཁྱེན་པ་བཀའ་བརྒྱུད་འཕྲིན་ལས་ཤིང་རྟ། ཀུན་མཁྱེན་སི་ཏུ་རིན་པོ་ཆེ་ཆོས་ཀྱི་འབྱུང་གནས། དཔའ་བོ་གཙུག་ལག་དགའ་བ་སོགས་རྩོད་བྲལ་གྱི་སྐྱེས་ཆེན་རྣམས་གཙོ་བོར་བཞུགས་ཤིང་། གཞན་མདོ་ཁམས་སྟོད་སྨད་དང་། མངའ་རིས་ལ་དྭགས་ཚུན་གྱི་སྤྱིར་གྲུབ་མཐའ་རིས་མེད་དང་། ལྷག་པར་སྐབས་དེའི་རྙིང་མ་དང་བཀའ་བརྒྱུད་པའི་ལུགས་འཛིན་གྱི་བླ་མ་ཕལ་ཆེར་གང་དེའི་ཞལ་སློབ་ཏུ་མ་གྱུར་པ་མེད། གསུང་འབུམ་མང་དུ་བྱུང་བར་ངེས་ཀྱང་ལ་དྭགས་རྒྱལ་རབས་སུ་གསུང་རྩོམ་པོད་ཆེན་པོ་བཞི་ཡོད་ཅེས་དང་། ཕྱིས་སུ་ཕྱོགས་བསྒྲིགས་བྱས་པར་པུ་ཏི་ལྔ་ལྷག་ཙམ་བཞུགས་ལ། རིག་འཛིན་ཆེན་པོས་མཛད་པའི་གཞི་ལམ་འབྲས་བུའི་རྣམ་གཞག་པད་དཀར་ཕྲེང་བ་ལ་དཔེ་བྱས་པའམ། རྒྱས་སུ་བཏང་སྟེ་འཇམ་མགོན་ཀོང་སྤྲུལ་གྱིས་ཤེས་བྱ་ཀུན་ཁྱབ་མཛད།
རྗེ་འདི་ཉིད་ཆོས་བརྒྱུད་སྤྱི་དང་། ཁྱད་པར་ཇོ་ནང་པ་དང་ཤངས་པ་བཀའ་བརྒྱུད་གཉིས་ལ་བཀའ་དྲིན་ལྷག་པར་ཆེ་བ་སྟེ། ཁོང་གིས་ཆོས་རྗེ་ཀུན་བཟང་དབང་པོ་ལས་དཔལ་ཇོ་ནང་པའི་གདམས་པ་ཡོངས་སུ་རྫོགས་པའི་དབང་ལུང་ཁྲིད་གསུམ་མ་ཚང་བ་མེད་པར་གསན་ཞིང་སྐལ་ལྡན་གྱི་གདུལ་བྱ་དག་ལ་རྒྱ་ཁྱབ་ཏུ་སྤེལ་བས། ད་ལྟའི་ཆར་འཛམ་ཐང་དགོན་དང་། འབྲོག་དགེ་དགོན། བསྭེ་དགོན་སོགས་སུ་གཙང་པ་དགེ་སློང་གི་བརྒྱུད་པའང་ཅུང་ཟད་ཡོད་མོད། གདམས་ངག་མང་ཆེ་ཤོས་ཀྱི་བརྒྱུད་པ་རིག་འཛིན་ཆེན་པོ་མཆོག་ནས་བྱུང་བ་ཇོ་ནང་ཆོས་འབྱུང་དང་། བླ་བརྒྱུད་གསོལ་འདེབས་སོགས་སུ་གསལ་བས། ཁོང་ཉིད་ཆོས་ལུགས་སྤྱི་རྙིང་མ་ཡིན་ཀྱང་ཇོ་ནང་པའི་བཀའ་སྲོལ་འཛིན་སྐྱོང་སྤེལ་གསུམ་གནང་སྟབས་གཏེར་ཆེན་བརྒྱ་རྩའི་གྲས་སུ་ཡང་བཞུགས་ལ། རྔ་ཡུལ་ཨ་ལག་གྲོང་མང་རིན་པོ་ཆེ་རིག་འཛིན་རྣམ་སྣང་རྡོ་རྗེ་ཉིད་ཀྱི་སྐྱེ་སྲིད་དང་ཆོས་བརྒྱུད་འཛིན་པ་གཙོ་བོར་གྱུར་པས་སྦྱོར་དྲུག་དང་། བདེ་མཆོག །འཇིགས་བྱེད། མགོན་པོ་ཏྲག་ཤད། ལམ་འབྲས། ཕྱག་ཆེན་ལྷན་སྐྱེས། སྒྲོལ་མ་རྣམ་འབྱོར་མ། ཀྱི་རྡོ་རྗེ་སོགས་ཀྱི་བླ་བརྒྱུད་ཕལ་མོ་ཆེར་ཁོང་གི་མཚན་གསལ་བར་འཁོད་ཡོད་པ་བཅས། བསེ་དགོན་ཐུབ་བསྟན་རྣམ་རྒྱལ་གླིང་གི་བརྒྱུད་པ་མ་ལུས་པ་རིག་འཛིན་ཚེ་དབང་ནོར་བུ་ནས་བརྒྱུད་པ་ཤ་སྟག་ཡིན་པས། ཨ་ལག་གྲོང་མང་ཚང་གིས་ཚ་གྲང་བཀྲེས་སྐོམ་དཀའ་ངལ་ཁྱད་བསད་ནས། །དབུས་གཙང་གནས་བྱོན་གསང་ཆེན་བདུད་རྩི་ཐོབ། །བརྟུལ་ཞུགས་གྲུབ་པའི་དཔའ་བོ་སྒྲོལ་བའི་མགོན། ཚེ་དབང་ནོར་བུའི་ཞབས་ལ་གསོལ་བ་འདེབས་ཞེས་ཀྱང་གསུངས།
ཡང་དམ་པ་འདི་ཉིད་ཀྱིས་ཁྱབ་བདག་མགོན་པོ་རྣམ་རྒྱལ་ལས་དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་ནི་གུའི་གསེར་ཆོས་ལྔ། མགོན་པོའི་བཀའ་ཕྱི་ནང་། ཟབ་ཆོས་ལྷ་བཞི་དྲིལ་སྒྲུབ་སོགས་གདམས་ངག་གི་རྒྱུན་གང་བཞུགས་གསན་ཏེ། ནི་གུའི་བརྒྱུད་འདེབས་བྱིན་རླབས་སྤྲིན་ཕུང་དུ་གནས་འོ་ཡུག་ཕྱི་གོང་རྫ་ར་ན། །རིག་འཛིན་ཚེ་དབང་ནོར་བུ་ལ་གསོལ་བ་འདེབས་ཞེས་འཁོད་པ་ལྟར་འོ་ཡུག་གི་ཕྱི་གོང་རྫ་ར་ སོགས་སུ་བཞུགས་ནས་ཤངས་པའི་གདམས་པ་ཉམས་བཞེས་མཐར་ཕྱིན་པ་མཛད། དེ་རྗེས་ཕྱག་ཆེན་གའུ་མའི་ཁྲིད་ཡིག་ས་བོན་ཙམ་གྱུར་བདུད་རྩིའི་ཐིག་ལེ་དང་། གའུ་མའི་རྩ་སྡོམ་ས་བཅད་ལ་སོགས་པའི་བསྟན་བཅོས་ཀྱང་མཛད་ལ། རང་ཉིད་ཀྱིས་ཉམས་སུ་བསྟར་བའི་ཤངས་པའི་གདམས་པ་ཡོངས་རྫོགས་བརྒྱུད་པའི་དར་རྒུད་ལ་དགོངས་ཏེ་འབྲུག་པ་ཐམས་ཅད་མཁྱེན་པ་བཀའ་བརྒྱུད་འཕྲིན་ལས་ཤིང་རྟ་ ལ་ལེགས་པར་བརྒྱུད་པ་དང་། དེས་རྨོག་ལྕོག་ཀུན་དགའ་དགེ་ལེགས་དཔལ་འབར། དེས་ཀུན་དགའ་ལྷུན་གྲུབ་རྒྱ་མཚོ། དེས་གྲུབ་མཆོག་བཀའ་བརྒྱུད་བསྟན་འཛིན། དེས་མཆོག་གཟིགས་ཀརྨ་ལྷག་མཐོང་། དེས་ཀརྨ་གཞན་ཕན་འོད་ཟེར། དེས་འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་ལ་བརྒྱུད་པའོ།
II.2.5.2 The Jamgön Kongtrül incarnations
།གཉིས། ཀོང་སྤྲུལ་སྐུ་ཕྲེང་རིམ་བྱོན་གྱི་སྐོར།
དེ་ཡང་མཛོད་ཆེན་རྣམ་པ་ལྔའི་ཤིང་རྟའི་སྲོལ་འབྱེད་འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་ཀྱི་སྐུའི་སྐྱེ་ཕྲེང་རིམ་པར་བྱོན་པ་ནི། དཔལ་ལྡན་མཁྱེན་བརྩེ་འོད་ཟེར་དང་། ཀརྨ་བློ་གྲོས་ཆོས་ཀྱི་སེང་གེ ད་ལྟ་འཚོ་བཞུགས་བློ་གྲོས་ཆོས་ཀྱི་ཉི་མ་བཅས་ཡིན་པ་ལས།
༡ སྐུ་ཕྲེང་དང་པོ་འཇམ་མགོན་བློ་གྲོས་མཐའ་ཡས།
མཚན་གཞན་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའམ་བློ་གྲོས་མཐའ་ཡས། པདྨ་གར་དབང་འཕྲིན་ལས་འགྲོ་འདུལ་རྩལ་སོགས་སུ་གྲགས་པ་འདི་ཉིད་ནི། ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས། གང་གི་ལག་ན་ཏིང་འཛིན་མཆོག་ཡོད་པ། །རྒྱལ་བ་བྱམས་པ་གྲགས་པ་མཐའ་ཡས་བཞིན། །སེམས་ཅན་རྣམས་ཀྱི་དོན་མང་བྱེད་འགྱུར་ཞེས། །བློ་གྲོས་མཐའ་ཡས་དེ་ནི་ངས་ལུང་བསྟན། །ཅེས་དང་། ལངྐར་གཤེགས་པའི་མདོ་ལས། དེ་ཡི་འོག་ཏུ་བྱས་དུས་ལ། །འདྲེན་པ་བློ་གྲོས་ཞེས་བྱ་བ། །ཤེས་བྱ་ལྔ་རྣམས་སྟོན་པ་པོ། དཔའ་བོ་ཆེན་པོ་འབྱུང་བར་འགྱུར། ཞེས་པ་སོགས་འཁྲུལ་མེད་རྡོ་རྗེའི་ལུང་གིས་རབ་ཏུ་ཟིན་པ་ལྟར། རབ་བྱུང་བཅུ་བཞི་པའི་ཆུ་བྱ་སྤྱི་ལོ་1813ལོར་མདོ་སྟོད་འབྲི་ཟླ་ཟལ་མོ་སྒང་གི་པདྨ་ལྷ་རྩེའི་མདུན་རོལ་རོང་རྒྱབ་སྦས་པའི་ལྗོངས་སུ་ཡབ་ཁྱུང་རྒྱལ་བསྟན་འཛིན་གཡུང་དྲུང་དང་། ཡུམ་བཀྲ་ཤིས་མཚོའི་སྲས་སུ་སྐུ་འཁྲུངས། དགུང་ལོ་བདུན་ལ་ཡབ་འདས། སྐུ་ན་ཆུང་ངུའི་དུས་ནས་བྱིས་པ་གཞན་དང་མི་འདྲ་བའི་མཛད་སྤྱོད་ངོ་མཚར་ཆེ་བ་མང་དུ་ཡོད་པ་དང་། བཟོ་དང་གསོ་བ་རིག་པ་སོགས་ཐེངས་རེ་གསན་གཟིགས་བྱུང་བ་ཙམ་གྱིས་མཁྱེན་ཞིང་། ཐུགས་རྒྱུད་དྲང་ལ་སྤྱོད་ལམ་ཞི་ཞིང་དུལ་བ། གང་བརྩམས་མཛད་པ་མཐར་འདོན་པ་ལ་ཞུམ་པ་མེད་པ་སོགས་སྐྱེ་བོ་ཕལ་པ་ལས་ཁྱད་དུ་འཕགས་པའི་ཡོན་ཏན་དུ་མ་མངའ། དགུང་ལོ་ཉེར་གཅིག་པ་སྤྱི་ལོ1833ལོར་ཁང་གསར་དཔོན་རྒན་ཚེ་འཕེལ་དང་ལྷན་དུ་དཔལ་སྤུངས་སུ་ཕེབས། ཐོག་མར་དབོན་རྒན་སྤྲུལ་སྐུ་དང་མཇལ། དབོན་རྒན་རིན་པོ་ཆེས་སི་ཏུ་པདྨ་ཉིན་བྱེད་ལ་གྲྭ་པ་འདིར་སྤྲུལ་སྐུ་ཞིག་གི་མཚན་གསོལ་ན་བསྟན་འགྲོའི་དོན་ལ་ཕན་ཐོག་ཆེ་ཚུལ་དང་། དེ་མིན་སྡེ་དགེའི་དྲུང་ཡིག་ཏུའང་ཁྲིད་ཉེན་ཡོད་པས་ཅིས་ཀྱང་སྤྲུལ་པའི་སྐུའི་མཚན་གསོལ་དགོས་པ་ནན་ཞུས་མཛད་པས། སི་ཏུ་ཆོས་འབྱུང་གི་སྐུ་ཚེ་སྟོད་ཀྱི་ཞལ་སློབ་ཀོང་པོ་བམ་སྟེང་སྤྲུལ་སྐུ་ཟེར་བ་དེའི་ཡང་སྲིད་དུ་མིང་བཏགས་ན་འབྲེལ་ཆགས་པར་ཐུགས་ཐག་བཅད། དེ་ནས་བཟུང་ཀོང་སྤྲུལ་ཞེས་པའི་མཚན་ཐོགས། ཐོག་མར་སྔ་འགྱུར་ལུགས་ཀྱི་བསྙེན་རྫོགས་བསྒྲུབས་པ་ལ། སླར་དཔལ་སྤུངས་དགོན་དུ་རྗེ་བླ་མ་པདྨ་ཉིན་བྱེད་དབང་པོས་མཁན་སློབ་སྦྲགས་མ་མཛད་དེ་སྟོད་འདུལ་པཎ་ཆེན་ལུགས་ཀྱི་བསྙེན་རྫོགས་མཛད། མཚན་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་འཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོ་ཞེས་གསོལ། སྔ་རྗེས་སུ་ཞེ་ཆེན་པཎྜི་ཏ་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ། སི་ཏུ་རིན་པོ་ཆེ་པདྨ་ཉིན་བྱེད། འཇམ་དབྱངས་མཁྱེན་བརྩེའི་དབང་པོ་སོགས་གྲུབ་མཐའ་རིས་མེད་ཀྱི་བླ་མ་དགེ་བའི་བཤེས་གཉེན་ལྔ་བཅུ་ལྷག་ཙམ་བསྟེན་ནས་ཐུན་མོང་གི་རིག་པའི་གནས་བཅུ་ཕྲག་བརྒལ་བ་དང་། ཐུན་མིན་ནང་རིག་པ་དབུ་ཕར་འདུལ་མཛོད་བྱམས་ཆོས་གཙོ་བོར་གྱུར་པའི་མཚན་ཉིད་ཐེག་པའི་བཀའ་དང་དགོངས་འགྲེལ་དུ་མ། སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་ལམ་སྲོལ་བོད་ཡུལ་དུ་མཆིས་སུ་ཅོག་གི་སྨིན་གྲོལ་གདམས་པའི་ཟབ་བཅུད་མཐའ་དག་རྫོགས་པར་གསན། གང་གསན་པ་ཐམས་ཅད་ཐོས་པའི་གོ་ཡུལ་ཙམ་དུ་བཞག་པར་ཉམས་ལེན་གྱི་གནད་དུ་བཟུང་བས་དངོས་གྲུབ་རྣམ་གཉིས་ཉམས་འོག་ཏུ་ཆུད་ཅིང་། སློབ་མ་རྣམས་ལ་རང་རང་གི་འདོད་མོས་དང་འཚམས་པའི་ཆོས་བཀའ་རྒྱ་ཆེར་སྤེལ། ལྷག་པར་བཀའ་དང་བསྟན་བཅོས། རྒྱུད་ལུང་མན་ངག་གི་གཞུང་བཤད། ཞལ་ཤེས་ལས་ཚོགས་ཕྱག་ལེན་ཕྲ་ཞིབ་དང་བཅས་པ་ཐུགས་ཀྱི་བུམ་པར་བསྐྱིལ་ནས། གསན་བསམ་སྒོམ་པའི་ཕྱག་རྗེས་རྨད་དུ་བྱུང་བའི་བསྟན་བཅོས་ཀྱང་། ཐུན་མོང་རིག་པའི་གནས་ཀྱི་ལམ་ནས་བཟུང་ཐུན་མིན་ཐེག་དགུའི་མཐར་ཐུག་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ལ་ཐུག་གི་བར་མདོ་སྔགས་ཀྱི་ལུགས་ཡོངས་སུ་རྫོགས་པ་ལེགས་པར་སྟོན་པ་ཤེས་བྱ་ཀུན་ལ་ཁྱབ་པའི་མཛོད། སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་རྩ་བའི་སྙིང་པོ་རྣམས་དང་སྨིན་གྲོལ་བཅུད་ཀྱི་ཡང་ཟབ་རྣམས་ཕྱོགས་གཅིག་ཏུ་བསྡུས་པ་གདམས་ངག་རིན་པོ་ཆེའི་མཛོད། རྡོ་རྗེ་ཐེག་པ་སྔ་འགྱུར་བཀའ་མ་ཡང་ཕུར་གསུམ་སོགས་དང་། གསར་འགྱུར་མར་རྔོག་རྒྱུད་སྡེའི་སྐོར་གྱི་སྒྲུབ་དཀྱིལ་སྨིན་གྲོལ་ཕྱོགས་གཅིག་ཏུ་བསྡུས་པ་བཀའ་བརྒྱུད་སྔགས་ཀྱི་མཛོད། སྔ་འགྱུར་བརྒྱུད་པ་དྲུག་ལྡན་ཟབ་གཏེར་རྒྱ་མཚོའི་ཡང་ཞུན་བཅུད་དུ་དྲིལ་བ་རིན་ཆེན་གཏེར་གྱི་མཛོད། ཤོག་སེར་དམ་རྫས་སོགས་ཟབ་གཏེར་གསང་བའི་ཁྱད་ནོར་ཐུན་མོང་མ་ཡིན་པའི་མཛོད་དང་། དེའི་རྗེས་འབྲེལ་གསུང་རྩོམ་ཐོར་བུའི་ཕྱོགས་བསྡུས་རྒྱ་ཆེན་བཀའ་ཡི་མཛོད་དེ་ཁྱོན་མཛོད་ཆེན་རྣམ་པ་ལྔ་རུ་བསྡུས་པ་རྣམས་དཔར་ལ་འཁོད་པ་དང་། མ་འཁོད་པ་ཡོངས་རྫོགས་བསྡོམས་པའི་པོད་དགུ་བཅུ་ལྷག་ཙམ་བཞུགས་པ་དེ་དག་གིས་རིས་མེད་བསྟན་པའི་རྒྱུན་ལ་འཆི་ཁ་མའི་སྲོག་མཐུད། གཞན་ཡང་བླ་མ་དགོངས་འདུས་ཀྱི་བསྙེན་སྒྲུབ་མཛད་སྐབས་མནལ་ལམ་དུ་གུ་རུ་རིན་པོ་ཆེ་མཇལ་ནས་དབང་བཞི་སྔགས་ཚིག་དང་བཅས་པའི་བྱིན་རླབས་བསྩལ་བ་སོགས་ཀྱིས་མཚོན་པའི་དག་སྣང་འཁོར་ལོ་རྒྱན་ལ་མངའ་དབང་རབ་ཏུ་འབྱོར། ཁང་ཁྱིམ་ལ་ཟང་ཐལ་དུ་ཕེབས་པ་དང་། རྡོ་ལ་ཕྱག་ཞབས་ཀྱི་རྗེས་བྱོན་པ། སྣང་བ་བདེན་འཛིན་མེད་པས་འཁྲུལ་པ་ཞིག་པའི་ངང་ཚུལ་གཏན་དུ་བཞུགས་པ་སོགས་ཀྱི་གྲུབ་པའི་ཡོན་ཏན་འཛད་མེད་མངའ། དགུང་ལོ་བཞི་བཅུར་སོན་སྐབས་གཏེར་སྟོན་མཆོག་གྱུར་གླིང་པ་དང་མཇལ་བ་ཙམ་གྱིས་ཐུགས་ཡིད་གཅིག་ཏུ་འདྲེས་ཤིང་། ཁྱད་པར་གྱི་ལུང་བྱང་བསྩལ་བ་རྣམས་ཀྱང་ཕྱག་བཞེས་སུ་བསྟར། དེ་རྗེས་ཙཱ་འདྲ་རིན་ཆེན་བྲག་གི་མཚོ་རྒྱལ་གསང་ཕུག་ནས་ཡབ་བཀའ་ཡུམ་བཀའི་སྒྲུབ་སྐོར་ཤོག་སེར་དང་འཆི་མེད་རིག་འཛིན་བཅུ་གསུམ་གྱི་ཚེ་རིལ། ཟླ་གམ་དབང་ཕུག་ནས་ཚིག་བདུན་སྒྲུབ་ཐབས་ཀྱི་ཆོས་སྐོར་སོགས་སྔ་འགྱུར་གྱི་གདམས་པ་དུ་མའི་ཟབ་གཏེར་བཞེས་པ་དང་། ཙཱ་འདྲ་རིན་ཆེན་བྲག་དང་རྫོང་ཤོད་བདེ་གཤེགས་འདུས་པའི་སྒྲུབ་གནས་སུ་དགོན་སྡེ་གསར་སྤེལ་དང་རྟེན་རྙིང་མང་པོའི་ཉམས་གསོ། སྐུ་གསུང་ཐུགས་རྟེན་བསམ་གྱིས་མི་ཁྱབ་པ་གསར་བཞེངས། དགེ་འདུན་གྱི་སྡེ་མང་པོར་བསྙེན་བཀུར་སོགས་མཛད་འཕྲིན་རི་རབ་ཀྱི་གཏོས་དང་མཉམ་པ་བསྐྱངས། མཐར་དགུང་གྲངས་གྱ་བདུན་བཞེས་པ་རབ་བྱུང་བཅོ་ལྔ་པའི་ཤིང་རྟ་སྤྱི་ལོ1894ལོར་དགོངས་པ་གཞན་དོན་དུ་གཤེགས། སློབ་མ་བགྲང་ལས་འདས་པ་ཞིག་བྱོན་པ་ལས། གཙོ་ཆེ་བ་ནི། ཀརྨ་སྐུ་ཕྲེང་བཅུ་བཞི་པ་དང་བཅོ་ལྔ་པ། ཏཱ་སི་ཏུ་བཅུ་པ་དང་བཅུ་གཅིག་པ། རྫོང་གསར་མངའ་རིས་ཆོས་རྗེ་ཀུན་དགའ་འཇམ་དབྱངས། མི་ཕམ་འཇམ་དབྱངས་རྣམ་རྒྱལ། གཏེར་སྟོན་ལས་རབ་གླིང་པ། རྒྱུད་སྨད་མཁན་པོ་ཡེ་ཤེས་གོང་འཕེལ་སོགས་སོ། མཛད་རྣམ་ཞིབ་པ་རྗེ་རང་ཉིད་ཀྱིས་ལྗགས་རྩོམ་མཛད་པ་སོགས་ཁག་བཞི་ཙམ་ཡོད་པ་དེ་དག་ཏུ་གཟིགས་པར་འཚལ།
དེ་ལྟར་དམ་པ་འདི་ཉིད་ཀྱིས་རྒྱལ་བསྟན་སྤྱི་ལ་ཐོས་བསམ་སློབ་གཉེར་དཔྱིས་ཕྱིན་པ་གནང་ནས་འཆད་རྩོད་རྩོམ་སོགས་མཁས་པའི་བྱ་བ་རྣམ་གསུམ་གྱིས་སྐུ་ཚེ་ཧྲིལ་པོ་འདའ་བར་མཛད། ལྷག་པར་དུ་དཔལ་ལྡན་ཤངས་པ་བཀའ་བརྒྱུད་པའི་གདམས་ངག་གི་བརྒྱུད་པ་པུ་ཤུད་སང་འགྲོ་གནངས་འགྲོ། གྱང་གོག་སང་འགྱེལ་གནངས་ འགྱེལ་ལྟ་བུར་གྱུར་བའི་སྐབས་སུ་བླ་མ་ཀརྨ་ནོར་བུས་ཤངས་ལུགས་བདེ་མཆོག་ལྷ་ལྔའི་དབང་དང་། ཉིད་ཀྱི་ཡིག་སྟེང་ནས་ཆོས་དྲུག་གི་བྱིན་རླབས་སོ་སོ། མགོན་པོ་བར་ཆད་ཀུན་སེལ་གྱི་བཀའ་རྣམས། ཆོས་དྲུག་ཁྲིད་རྒྱས་འབྲིང་བསྡུས་གསུམ་ཁ་སྐོང་དང་བཅས། ཕྱག་ཆེན་གའུ་མ་སོགས་ཞིབ་ཁྲིད་དུ་བསྩལ་བ་བཞིན་བསྒོམས་པས་ཉམས་མྱོང་ཡང་ཐར་ཐོན་གསུངས། དེ་བཞིན་ཀརྨ་གཞན་ཕན་འོད་ཟེར་དང་། འཇམ་དབྱངས་མཁྱེན་བརྩེ་དབང་པོ་སོགས་ལས་ཤངས་པའི་གདམས་པ་ཇོ་ནང་ལུགས་དང་ཐང་སྟོང་ལུགས་གཉིས་ཀ་ནས་བརྒྱུད་པའི་རྒྱུད་སྡེ་ལྔའི་དབང་ཆེན། ཆོས་དྲུག་བཀའ་བཅུ། གཞུང་བཀའ་ཕྱི་མ་རྣམས་དང་མགོན་པོའི་བཀའ་ཆེན་བཅུ་གསུམ། ནི་གུའི་གསེར་ཆོས་ལྔ། སུ་ཁ་ཆོས་དྲུག །རཱ་ཧུ་ལའི་ལྷ་བཞི་དྲིལ་སྒྲུབ་རྣམས་ཀྱི་ཁྲིད་སོགས་རྒྱ་བོད་ཀྱི་གཞུང་དང་ཡིག་ཆ་པོ་ཏི་ལྔར་ལོངས་པའི་དབང་ལུང་གསན་བཞེས་མཛད་པ་དང་། གདམས་ངག་མཛོད་དུ་ཤངས་ཆོས་དཀར་ཆག་བཻཌཱུརྱའི་ལྡེ་མིག་དང་། གསེར་ཆོས་རྣམ་ལྔའི་རྡོ་རྗེའི་ཚིག་རྐང་གི་འགྲེལ་པ། བྱིན་རླབས་གཞུང་ཤིང་གི་བཀའ་དྲུག །གཞུང་བཀའ་ཕྱི་མ་རྣམས་ཀྱི་བྱིན་རླབས། ཉེ་བརྒྱུད་ཐང་རྒྱལ་ལུགས་ཀྱི་ཁྲིད་ཆ་ཚང་། རིང་བརྒྱུད་རྗེ་བཙུན་ཏཱ་ར་ནཱ་ཐས་མཛད་པའི་ཁྲིད། སུ་ཁ་སིདྡྷི་དང་ལྷ་བཞི་དྲིལ་སྒྲུབ་སྐོར། ཤངས་ལུགས་བླ་མ་མཆོད་མཆོག །མཁའ་འགྲོ་སྡེ་ལྔ་དང་མྱུར་མཛད་ཡེ་ཤེས་མགོན་པོའི་རྗེས་གནང༌། མགོན་པོའི་བཀའ་ཆེན་བཅུ་གསུམ། སྙིང་བཞུགས་དང་ཀྵེ་ཏྲ་པཱ་ལ་བཅས་པ་སོགས་ཤངས་ཆོས་སྐོར་གྱི་དཔྱད་ཡིག་མང་དག་ཅིག་གསར་རྩོམ་དང་བསྡུ་སྒྲིག་མཛད། ད་དུང་རང་ཉིད་ཀྱིས་གསན་བཞེས་དང་ཉམས་ལེན་གནང་བའི་གདམས་པ་རྣམས་ཀརྨ་བཀྲ་ཤིས་འོད་ཟེར་དང་། ཚབ་ཚ་སྒྲུབ་སྤྲུལ། སྐུ་ཞབས་ཏཱ་སི་ཏུ་རིན་པོ་ཆེ། དབོན་སྤྲུལ། མདོ་སྨྱོན་སྤྲུལ་སྐུ། ཐར་རྩེ་དཔོན་སློབ་སོགས་སྐལ་ལྡན་གྱི་གདུལ་བྱ་རྣམས་ལ་བསྩལ་ནས་དཔལ་ལྡན་ཤངས་པའི་རིང་ལུགས་སྙིགས་མའི་དུས་མཐའ་འདིར་ཡང་འཛིན་སྐྱོང་སྤེལ་གསུམ་མཛད་པས། རྗེ་བླ་མ་པདྨ་ཉིན་བྱེད་ཀྱིས་ཀྱང་ཀུན་བདེ་གླིང་གི་ནགས་ཁྲོད་ན། །ཀུན་མཁྱེན་གྲུབ་དབང་དབེན་གསུམ་ལ། །མངའ་བརྙེས་གང་ཁྱོད་བདུད་བཞི་ཡི། །གཡུལ་ལས་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་བསྟོད་པ་དང་ཐུགས་སྨོན་ཡང་མཛད།
༢ སྐུ་ཕྲེང་གཉིས་པ་དཔལ་ལྡན་མཁྱེན་བརྩེ་འོད་ཟེར།
ཁོང་ནི་ལྷ་གཟིགས་རླངས་ཀྱི་གདུང་རྒྱུད་ཡབ་ཀརྨ་སྐུ་ཕྲེང་བཅོ་ལྔ་པ་མཁའ་ཁྱབ་རྡོ་རྗེ་དང་། ཡུམ་བདེ་སྐྱོང་དབང་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ཤིང་འབྲུག་སྤྱི་ལོ1904ལོར་འོག་མིན་མཁའ་སྤྱོད་ཐུགས་ཀྱི་གནས་མཆོག་མཚུར་མདོ་བོ་ལུང་གི་སྐྱེད་ཚལ་བསམ་གྲུབ་ཆོས་གླིང་དུ་སྐུ་འཁྲུངས། སྐུ་ན་ཆུང་དུས་ནས་སྒྲུབ་མཆོད་དང་། དབང་བསྐུར། སྦྱིན་སྲེག །གར་འཆམ་སོགས་ཀྱི་ལད་མོས་དུས་འདའ་བ་བྱིས་སྤྱོད་ཕལ་ཆེར་ལས་ཡོངས་སུ་འདས། ཡབ་རྗེ་མཁའ་ཁྱབ་རྡོ་རྗེས་རབ་བྱུང་གི་རྟགས་བསྩལ་ཞིང་། མཚན་ལ་ཀརྨ་དཔལ་ལྡན་ཆོས་ཀྱི་དབང་ཕྱུག་བློ་གྲོས་དྲི་མེད་པདྨའི་མྱུ་གུ་མཁྱེན་བརྩེའི་འོད་ཟེར་རབ་ཏུ་རྒྱས་པའི་སྡེ་ཞེས་གསོལ། དགུང་གྲངས་བདུན་ནས་ཡི་གེ་འབྲི་ཀློག་ལ་སྦྱངས་པ་མཛད། ཁམས་སུ་ཕེབས་ཁར་ཀརྨ་པ་མཁའ་ཁྱབ་རྡོ་རྗེས་སི་ཏུ་རིན་པོ་ཆེ་སྐུ་འཁོར་ལྷན་རྒྱས་ལ་གསུངས་པར། ངའི་བུ་འདི་ཕ་མ་བཤད་མཁས་ནས་བུ་སྤྲུལ་སྐུ་བཟོས་པ་མིན། འཇམ་མགོན་རིན་པོ་ཆེའི་མཆོག་སྤྲུལ་འཁྲུལ་མེད་ཡིན་པའི་ངེས་ཤེས་གཏིང་ཟབ་རྙེད་རྒྱུ་ཡོད། དམ་ཚིག་འགལ་མེད་ཀྱིས་ཞབས་ཏོག་བྱེད་དགོས་པ་སོགས་ཀྱི་བཀའ་མངགས་མང་དུ་གནང་། ཡབ་རྗེ་མཁའ་ཁྱབ་རྡོ་རྗེ་ལས་བཀའ་བརྒྱུད་སྔགས་མཛོད་དང་། ནག་རྒྱལ་ཕག་གསུམ། ཆོས་དྲུག །ཕྱག་ཆེན་སོགས་བཀའ་བརྒྱུད་ཀྱི་ཟབ་ཆོས་གལ་ཆེའི་རིགས། རིན་ཆེན་གཏེར་མཛོད་དང་ལུང་རྒྱུན་གང་བཞུགས་རྣམས་མཐར་ཕྱིན་པར་ཞུས། དགུང་གྲངས་བཅུ་གཅིག་ལ་ཕེབས་སྐབས་སི་ཏུ་པདྨ་དབང་མཆོག་གི་དྲུང་ནས་ཡབ་རྗེ་དང་ལྷན་དུ་སངས་རྒྱས་གླིང་པའི་བླ་མ་དགོངས་འདུས་པོ་ཏི་བཅུ་གསུམ་གྱི་ལུང་གསན། དགུང་ལོ་བཅུ་གཉིས་ལ་འོག་མིན་མཚུར་ཕུའི་གཙུག་ལག་ཁང་ཆེན་མོར་འཇམ་མགོན་ཀོང་སྤྲུལ་གྱི་སྤྲུལ་པའི་སྐུར་མངའ་གསོལ་མཛད། དེ་རྗེས་རྒྱལ་དབང་ཐུབ་བསྟན་རྒྱ་མཚོས་ཀྱང་དབུ་སྐྲ་གཙུག་ཕུད་བཞེས་ཤིང་། ཐུབ་བསྟན་ཆོས་སྐུ་བདེ་ཆེན་དབང་ཕྱུག་ཅེས་པའི་མཚན་གསོལ། དཔལ་སྤུངས་སུ་ཕེབས་ལམ་ཟུར་མང་རྣམ་རྒྱལ་རྩེར་མཁན་ཆེན་དྲུང་རིན་པོ་ཆེ་ཐོག་མར་མཇལ། བཀའ་དྲིན་གསུམ་ལྡན་ཡབ་རྗེ་རྡོ་རྗེ་འཆང་སྐུ་གཤེགས་རྗེས་མདོ་སྟོད་སྨད་ཀྱི་དགོན་སྡེ་མང་པོར་ཕེབས་ཏེ་འབུལ་འགྱེད་གཤེགས་རྫོང་རྒྱ་ཆེར་མཛད་ཅིང་། ཀར་རབས་ལྷ་ཁང་བཞེང་རྒྱུའི་མཐུན་རྐྱེན་ཆེད་སྔ་རྗེས་སུ་ལྷ་ཐོག་དཀར་ལེགས་དང་། ཀརྨ་དགོན། ཀརྨ་ལྷ་སྟེང་། ནང་ཆེན་ཇ་དགོན། སྒ་སྟོད་བན་ཆེན། ཁྲ་འགུ་བཀྲ་ཤིས་ཆོས་གླིང་། འདམ་དཀར་དགོན་སོགས་སུ་ཕེབས། དེ་ནས་ལྷ་ལྡན་ཕྱོགས་སུ་ཕེབས་ཏེ་མཚུར་ཕུའི་གདན་སར་མགོན་པོའི་རྔ་འཆམ་ཆེན་མོ་མཇལ། སླར་ཀརྨ་དགོན་དང་། ལྷ་ཐོག་སོགས་སུ་ཕེབས། བེ་རུ་མཁྱེན་བརྩེ་ལས་ནང་བརྟག་རྒྱུད་གསུམ་གྱི་བཤད་པ་སོགས་གསན། དྲུང་རིན་པོ་ཆེའི་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། གནས་བཟང་དམ་ཚིག་སྤྲུལ་སྐུ་ལས་གཏེར་མཛོད་བཀའ་རྒྱ་པོད་གསུམ་གྱི་དབང་ལུང་དང་། རྒྱལ་ཚབ་རིན་པོ་ཆེ་ལས་འཁོན་ལུགས་ཡང་དག་དང་། བླ་མ་ཡང་ཏིག་རྣམས། ཞེ་ཆེན་ཀོང་སྤྲུལ་གྱི་མདུན་ནས་རྒྱལ་ཚབ་བཀའ་འབུམ་དང་། སྒར་པ་བཀའ་འགྱུར་བླ་མ་ལས་བཀའ་འགྱུར་གྱི་ལུང་། ཆུ་འགུ་བླ་མ་ལས་ཤེས་བྱ་མཛོད་རྣམས། རོལ་རྡོ་གཏེར་སྤྲུལ་ལས་ཟུར་ལུགས་བདེ་མཆོག་མཁའ་འགྲོ་སྙན་བརྒྱུད་དང་། རོལ་རྡོའི་གཏེར་ཆོས་ཡོངས་རྫོགས། སྤྲུལ་སྐུ་བསམ་གཏན་རྒྱ་མཚོ་ལས་མཆོག་གཏེར་ཡོངས་རྫོགས། ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོ་ལས་དྲི་མེད་རྣམ་གཉིས་སོགས། ཀརྨ་རང་བྱུང་ཀུན་ཁྱབ་ཀྱི་མདུན་ནས་ཤངས་ཆོས་གཞུང་པོད་བཞི་དང་། མགོན་པོའི་གཞུང་པོད་སྟོད་སྨད་ལུགས་གཉིས། དུས་འཁོར་ལྷ་དགུའི་བསྙེན་ཡིག་གི་ལུང་སོགས་གདམས་ངག་དུ་མའི་དབང་ལུང་ཁྲིད་གསུམ་རྒྱ་ཆེར་གསན། དེ་ལྟར་མདོ་སྔགས་དམ་ཆོས་རྒྱ་མཚོས་ཐུགས་རྒྱུད་ཡོངས་སུ་གཏམས་ཀྱང་། དུས་དང་རྣམ་པ་ཀུན་ཏུ་རང་ཉིད་ཀྱི་ཡོན་ཏན་ས་འོག་གི་གཏེར་བཞིན་སྦས་པར་མཛད།
ལྷག་པར་རྗེ་ཉིད་ཀྱིས་རིན་ཆེན་གཏེར་མཛོད་ཆེན་མོའི་དབང་ལུང་ཐེངས་དང་པོ་སྐྱབས་མགོན་དཔའ་བོ་རིན་པོ་ཆེ་དང་། དཔལ་སྤུངས་བེ་རུ་མཁྱེན་སྤྲུལ་རིན་པོ་ཆེ། རྡོར་སློབ་བླ་མ་ཀརྨ་རང་བྱུང་ཀུན་ཁྱབ། ཟུར་མང་འབྲུག་པ་སྤྲུལ་སྐུ་དང་རས་ཆུང་སྤྲུལ་སྐུ། ཚབ་ཚ་སྒྲུབ་སྤྲུལ། ཉ་འགེ་སྤྲུལ་སྐུ། སྐུ་སྐྱེ་བློ་གྲོས། ལྷ་སྟེང་འཇའ་མོ་སྤྲུལ་སྐུ། ཇ་པ་གཏེར་སྤྲུལ། དབོན་སྟོད་ལྷ་འབྲང་སྤྲུལ་སྐུ་སོགས་བླ་གྲྭ་དྲུག་ཅུ་ཡར་བརྒལ་ལ་བསྩལ་བ་དང་། དེ་རྗེས་རྗེ་ཁྲ་ལེགས། བླ་མ་རིན་པོ་ཆེ་ཀ་ལུ། ལྷ་སྟེང་འཇའ་མོ་སྤྲུལ་སྐུ། གོ་ཆེ་ཧོར་སྐུ་སྤྲུལ་སྐུ་སོགས་ཀྱི་དཔོན་སློབ་ཉི་ཤུ་སྐོར་ལ་གདམས་ངག་མཛོད་ཀྱི་དབང་ལུང་ཁྲིད་དང་བཅས་པ་ལན་དང་པོ་བསྩལ་བ། མཚུར་གདན་དཔོན་སློབ་རྣམས་ལ་རིན་གཏེར་དབང་འཕྲོས་པདྨ་གསུང་དྲག་སྒྲུབ་སྐོར་ལས་སྐྱེར་སྒང་རྟ་མགྲིན་གསང་སྒྲུབ་དབང་ནས་ཟུར་མཁར་ཕྱག་རྡོར་དབང་བར་ཕུལ་བ་སོགས་མཛོད་ཆེན་རྣམ་ལྔའི་དབང་ལུང་དང་། དེ་ལས་ཀྱང་རིན་གཏེར་དབང་ལུང་སྔ་ཕྱིར་ཐེངས་གསུམ་ཙམ་གནང་སྟེ་སྐལ་ལྡན་གདུལ་བྱ་མཐའ་ཡས་པ་སྨིན་གྲོལ་གྱི་ལམ་བཟང་ལ་བཀོད། ཞལ་སློབ་ཀྱི་གཙོ་བོར་གྱུར་པ་ཀརྨ་པ་རང་བྱུང་རིག་པའི་རྡོ་རྗེ་དང་། དཔའ་བོ་བཅུ་པ་གཙུག་ལག་སྨྲ་བའི་དབང་ཕྱུག །རྒྱལ་ཚབ་ལྕོག་གྲྭ་སྤྲུལ་སྐུ དཔལ་སྤུངས་མཁྱེན་སྤྲུལ། ཟུར་མང་གར་བསྟན་དྲུང་གསུམ། ཀརྨ་རང་བྱུང་ཀུན་ཁྱབ། བོད་གཞུང་སའི་སྐུ་དྲག །སྡེ་དགེ་རྒྱལ་བློན་སོགས་བླ་མ་སྐྱེས་ཆེན་དང་སྐྱ་སེར་དཔོན་རིགས་ཤིན་ཏུ་མང་། མཐར་དགུང་གྲངས་ལྔ་བཅུ་པ་རབ་བྱུང་བཅུ་དྲུག་པའི་ཆུ་སྦྲུལ་སྤྱི་ལོ1953ལོར་ཁྲ་ལེགས་སྐྱ་མགོན་སྐུ་གཤེགས་པའི་དགོངས་རྫོགས་སུ་ཕེབས། དགོངས་རྫོགས་གྲུབ་ཕྲལ་ཁྲ་འགུ་དགོན་དུ་གཤེགས།
༣ སྐུ་ཕྲེང་གསུམ་པ་ཀརྨ་བློ་གྲོས་ཆོས་ཀྱི་སེང་གེ
ཁོང་ནི་ཡབ་ཚེ་རིང་སྟོབས་རྒྱལ་དང་ཡུམ་ང་ཕོད་པདྨ་གཡུ་སྒྲོན་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་ཤིང་རྟ་སྤྱི་ལོ1954ལོའི་བོད་ཟླ་བཅུ་པའི་ཚེས་གཅིག་ཉིན་ལྷ་སར་སྐུ་འཁྲུངས། དགུང་གྲངས་གཅིག་དང་ཟླ་བ་ལྔ་ཟིན་སྐབས་ན་བཟའ་དང་མཚན་གསོལ། ཀརྨ་པ་རིག་པའི་རྡོ་རྗེས་དཔལ་ལྡན་མཁྱེན་བརྩེ་འོད་ཟེར་གྱི་ཡང་སྲིད་དུ་ངོས་འཛིན་གནང་། སྤྱི་ལོ་1960ལོར་རུམ་བཏེག་དོར་རྒྱུ་ཆོས་སྒར་དུ་ཕེབས། ལོ་དེའི་བོད་ཟླ་དྲུག་པའི་ཚེས་བདུན་ཉིན་ཀརྨ་སྐུ་ཕྲེང་བཅུ་དྲུག་པ་དབུ་བཞུགས་ཀྱིས་བཀའ་བརྒྱུད་བླ་ཆེན་ཡོངས་ཀྱི་དབུས་སུ་སྤྲུལ་སྐུ་ཁྲི་འདོན་གྱི་མཛད་སྒོ་རླབས་ཆེན་སྤེལ། ཡི་གེ་འབྲི་ཀློག་སོགས་ནས་བཟུང་སློབ་གཉེར་གཟབ་ནན་གནང་བས་དགུང་ལོ་བཅུ་གཅིག་སྐབས་ནས་སྙན་ཚིག་འབྲི་ཐུབ་པ་བྱུང་། དེ་ནས་རྒྱལ་དབང་ཀརྨ་པ་བཅུ་དྲུག་པའི་དྲུང་ནས་ཕྱག་ཆེན་རྒྱ་གཞུང་ཁག་གཙོས་པའི་ཕྱག་ཆེན་གྱི་ཁྲིད་ཆ་ཚང་། རྒྱ་ཆེན་བཀའ་མཛོད་པོད་བཅུ། གཅིག་ཤེས་ཀུན་གྲོལ། ཆོས་སྐྱོང་སྒྲིག་ཕྲེང་བཅས་ཆ་ཚང་། གདམས་ངག་མཛོད་ཆ་ཚང་། བཀའ་བརྒྱུད་སྔགས་མཛོད་ཆ་ཚང་བཅས་ཀྱི་དབང་ལུང་ཁྲིད་གསུམ་ཡོངས་རྫོགས་ཐོབ། དཔའ་བོ་སྐུ་ཕྲེང་བཅུ་པ་གཙུག་ལག་སྨྲ་བའི་དབང་ཕྱུག་གི་མདུན་ནས་ཞྭ་དམར་མཁའ་སྤྱོད་དབང་པོའི་བཀའ་འབུམ་པོད་བདུན་དང་། འདུལ་ཁྲིད་ཉི་མའི་དཀྱིལ་འཁོར། ཐེག་མཆོག་རྒྱ་མཚོ་བཅས་ཀྱི་ལྗགས་ལུང་ཐོབ། བླ་མ་རང་བྱུང་ཀུན་ཁྱབ་ཀྱི་དྲུང་ནས་དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་གསེར་ཆོས་རྣམ་པ་ལྔས་གཙོས་ཆོས་སྐོར་ཆ་ཚང་གི་དབང་ལུང་ཡོངས་རྫོགས་ལེགས་པར་གསན། ཁྲ་འགུ་སྤྲུལ་སྐུའི་མདུན་ནས་གཞུང་བཀའ་པོད་ལྔའི་འགྲེལ་བཤད་ཞུས་པ་མ་ཟད། རྒྱུགས་འབུལ་དང་། བརྒལ་བརྟག །རྩོད་སྒྲིང་སོགས་མཐར་ཕྱིན་པར་མཛད།
༤ ཀོང་སྤྲུལ་སྐུ་ཕྲེང་བཞི་པ་བློ་གྲོས་ཆོས་ཀྱི་ཉི་མ།
ཡབ་མགོན་པོ་དང་། ཡུམ་དབྱངས་ཅན་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བདུན་པའི་ཤིང་ཕག་སྤྱི་ལོ1995ལོར་ཆུ་ཤུར་རྫོང་སྙེ་མོ་ར་ས་ཐོག་སྐུ་འཁྲུངས། ཀརྨ་པ་འགྲོ་འདུལ་འཕྲིན་ལས་རྡོ་རྗེས་ཀོང་སྤྲུལ་བློ་གྲོས་ཆོས་ཀྱི་སེང་གེའི་ཡང་སྲིད་འཁྲུལ་མེད་དུ་ངོས་འཛིན་པའི་མངའ་གསོལ་གཟེངས་བསྟོད་མཛད། ད་ལྟ་ཐོས་བསམ་སློབ་གཉེར་གནང་བཞིན་པའོ།
II.2.5.3 Kalu Dorjé Chang
།གསུམ། ཀརྨ་རང་བྱུང་ཀུན་ཁྱབ་]]ཡབ་སྲས་རྣམ་གཉིས་ཀྱི་སྐོར།
།སྤྱིར་ཡབ་རྗེ་ཀ་ལུ་རིན་པོ་ཆེ་སྐུ་གོང་མས་གདམས་ངག་བདུད་རྩིས་སྨིན་པར་མཛད་པའི་བུ་སློབ་ཤིན་ཏུ་མང་ཡང་། སྐབས་འདིར་ཤངས་ཆོས་སྤེལ་བར་འཕྲིན་ལས་ཆེ་བས་སྲས་ཞེས་པ་འབོ་དཀར་ངེས་དོན་ཆོས་ཀྱི་བློ་གྲོས་ལ་གོ་བ་ཡིན་ཏེ། ཡབ་སྲས་རྣམ་པ་འདི་གཉིས་ཀྱི་མཛད་རྣམ་བརྗོད་པ་ལ།
༡ ཀརྨ་རང་བྱུང་ཀུན་ཁྱབ།
རིས་མེད་བསྟན་པའི་སྣང་བྱེད་འཇམ་མགོན་བློ་གྲོས་མཐའ་ཡས་པའི་ཕྲིན་ལས་ཀྱི་རྣམ་པར་རོལ་པ་སྐྱབས་རྗེ་ཀ་ལུ་རིན་པོ་ཆེའམ་གྲུབ་མཆོག་རང་བྱུང་ཀུན་ཁྱབ་ནི་སྤྱི་ལོ1904ལོར་མདོ་ཁམས་ཏྲེ་ཤོད་གངས་ཀྱི་རྭ་བའི་མངའ་ཁོངས་ཏེ། དེང་སི་ཁྲོན་ཞིང་ཆེན་དཀར་མཛེས་རྫོང་གོ་ལམ་ཡུལ་ཤོག་ཁོངས་ཀྱི་ཀརྨ་རི་ཁྲོད་དུ་ཡབ་ར་བཏགས་དཔལ་བཟང་སྤྲུལ་སྐུ་སྐུ་ཕྲེང་བཅུ་གསུམ་པ་སྔགས་འཆང་ལེགས་བཤད་སྒྲ་དབྱངས་དང༌། ཡུམ་སྒྲོལ་དཀར་གཉིས་ཀྱི་སྲས་སུ་ངོ་མཚར་བའི་ལྟས་དུ་མ་དང་བཅས་སྐུ་འཁྲུངས། སྐུ་ན་ཆུང་ངུའི་དུས་ནས་འཁོར་བ་ལ་ངེས་འབྱུང༌། སེམས་ཅན་ལ་སྙིང་རྗེ། ཆོས་དང་བླ་མར་དད་གུས་སོགས་ལྷན་སྐྱེས་སུ་མངའ། ཡི་གེ་འབྲི་ཀློག་དང་། ཆོས་ཀྱི་གོ་དོན་སོགས་བསྟན་པ་ཙམ་གྱིས་ཚེགས་མེད་དུ་མཁྱེན། དགུང་ལོ་བཅུ་གསུམ་ཐོག་ཏཱ་སི་ཏུ་སྐུ་ཕྲེང་བཅུ་གཅིག་པ་པད་མ་དབང་མཆོག་གི་དྲུང་ལས་ཤཱཀྱའི་བསྟན་ལ་རབ་ཏུ་བྱུང་ཞིང་། མཚན་ཀརྨ་རང་བྱུང་ཀུན་ཁྱབ་ཅེས་གསོལ། དགུང་ལོ་བཅུ་དྲུག་ནས་དབུ་བཙུགས་ཏེ་ཙཱ་འདྲ་རིན་ཆེན་བྲག་གི་སྒྲུབ་སྡེར་ལོ་གསུམ་ཕྱོགས་གསུམ་གྱི་སྒྲུབ་པར་ཐོག་མར་ཞུགས། སྐབས་དེར་ཉམས་རྟོགས་མཐར་ཕྱིན་པའི་སྒྲུབ་དཔོན་བླ་མ་ནོར་བུ་དོན་གྲུབ་ཀྱི་ཞལ་སྔ་ནས་གསར་རྙིང་གི་སྨིན་གྲོལ་གདམས་པ་སྤྱི་དང་། ཁྱད་པར་དཔལ་ལྡན་ཤངས་པའི་གསེར་ཆོས་རྣམ་པ་ལྔའི་གདམས་ངག་དབང་ཁྲིད་དང་བཅས་པ་བུམ་པ་གང་བྱོའི་ཚུལ་དུ་གསན་པ་མ་ཟད། དེ་དག་གི་བསྙེན་སྒྲུབ་ཉམས་བཞེས་ཀུན་དད་བརྩོན་ཞེ་བཅད་དྲག་པོས་མཐར་ཕྱིན་པར་མཛད། སྒྲུབ་ཁང་དུ་ཞུགས་པའི་སྔ་རྗེས་རྣམས་སུ་འཇམ་མགོན་ཀོང་སྤྲུལ་གྱི་ཞལ་སློབ་མཁས་དབང་བཀྲ་ཤིས་ཆོས་འཕེལ་དང་། སི་ཏུ་པདྨ་དབང་མཆོག །མཁྱེན་བརྩེ་གཞན་ཕན་འོད་ཟེར། དཔལ་ལྡན་མཁྱེན་བརྩེ་འོད་ཟེར། དཔའ་བོ་གཙུག་ལག་སྨྲ་བའི་དབང་ཕྱུག །ཚབ་ཚ་སྒྲུབ་སྤྲུལ། རྫོགས་ཆེན་རིན་པོ་ཆེ། ཞེ་ཆེན་རྒྱལ་ཚབ། ཞེ་ཆེན་ཀོང་སྤྲུལ། མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་སོགས་རིས་མེད་ཀྱི་སྐྱེས་ཆེན་དུ་མའི་དྲུང་ནས་མདོ་སྔགས་གསར་རྙིང་གི་སྨིན་གྲོལ་གདམས་སྐོར་དཔག་ཏུ་མེད་པ་གསན་བཞེས་དང༌། སྒོམ་སྒྲུབ་རྩེ་གཅིག་ཏུ་མཛད། དགུང་གྲངས་ཉེར་ལྔའི་སྟེང་འཁོར་འབངས་ཉེ་འབྲེལ་དང༌། ཟས་ནོར་ལོངས་སྤྱོད་ཐམས་ཅད་རིང་དུ་སྤངས་ཏེ་སྡེ་དགེ་ལྷ་ཕུ་སོགས་ཀྱི་དབེན་པའི་རི་ཁྲོད་རྣམས་སུ་འཚོ་བ་ངན་ངོན་ཙམ་ལ་བརྟེན་ནས་དཀའ་སྤྱད་སྙིང་རུས་ཀྱི་སྒྲུབ་པ་ཁོ་ན་ལོ་བཅུ་གཉིས་ཙམ་མཛད།
དེ་རྗེས་སི་ཏུ་པདྨ་དབང་མཆོག་གི་བཀའ་བཞིན་དཔལ་སྤུངས་གདན་སའི་ནཱ་རོ་དང་ནི་གུའི་སྒྲུབ་སྡེ་གོང་འོག་གཉིས་ཀྱི་སྒྲུབ་དཔོན་བླ་མ་ལོ་མང་གནང་སྟེ་སྒྲུབ་པའི་རྒྱལ་མཚན་འཛིན་པའི་བུ་སློབ་འཁོར་ཚོགས་མང་དུ་བསྐྱངས། དགུང་གྲངས་བཞི་བཅུའི་ནང་ལྷ་ལྡན་ཇོ་ཤཱཀ་རྣམ་གཉིས་ཀྱིས་གཙོས་དབུས་གཙང་གནས་ཆེན་ཁག་དང་རིས་མེད་ཀྱི་དགོན་སྡེ་རྣམས་ལ་གནས་གཟིགས་མཆོད་འབུལ་དུ་ཕེབས། སྐབས་དེའི་དུས་སུ་སེ་ར་མཁར་རྡོ་རྗེ་དང༌། ལྷ་བཙུན་རིན་པོ་ཆེ། ཐོགས་མེད་རིན་པོ་ཆེ། འབྲས་སྤུངས་རྨོག་ལྕོག་རྗེ་སོགས་ཀྱི་སྐྱེས་ཆེན་དུ་མར་དཔལ་ལྡན་ཤངས་པའི་གསེར་ཆོས་རྣམ་པ་ལྔའི་གདམས་ངག་གནང་སྟེ་ཤངས་པའི་བསྟན་པ་གཏད། ལྷག་པར་ཇོ་ནང་རྟག་བརྟན་ཕུན་ཚོགས་གླིང་དང་། ཞོང་ཞོང་རྡོ་རྗེ་གདན། ལྷ་ཕུ་རྨོག་ལྕོག །མཉེས་ཐང་རྨོག་ལྕོག་ལ་སོགས་པའི་དགོན་གནས་རྣམས་སུ་ཇོ་ཤངས་གཉིས་ཀྱི་བསྟན་པ་སླར་གསོས་ཤིང་བསྟན་འགྲོའི་དོན་རླབས་པོ་ཆེ་མཛད། སླར་མདོ་ཁམས་སུ་ཕེབས་ནས་དཔལ་སྤུངས་དང་ཧོར་ཁོག་རྣམས་སུ་བསྟན་འགྲོའི་དོན་རྒྱ་ཆེར་མཛད། སྤྱི་ལོ1955ལོར་སླར་ཡང་བོད་ཡུལ་དབུས་སུ་ཕེབས། སྤྱི་ལོ1957ལོར་དོར་རྒྱུ་སྐུར་སྟོད་བྱང་ཆུབ་ཆོས་གླིང་སོགས་སུ་ཕེབས་ཏེ་བསྟན་པ་འཛིན་སྐྱོང་སྤེལ་གསུམ་དང་། ཀཾ་ཚང་དང་ཤངས་ཆོས་ཀྱི་སྒྲུབ་སྡེ་གསར་འཛུགས། མཆོད་རྟེན་གསར་བཞེངས་སོགས་རྒྱ་ཆེར་མཛད།
སྤྱི་ལོ་1966ལོར་དོར་རྒྱུ་བསོད་ནམས་དར་གྱི་གདན་སར་དཔལ་ལྡན་ཤངས་པའི་གསེར་ཆོས་རྣམ་ལྔའི་ལོ་གསུམ་ཕྱོགས་གསུམ་གྱི་སྒྲུབ་སྡེ་གསར་འཛུགས་གནང་། སྤྱི་ལོ་1973ལོར་བཀའ་བརྒྱུད་ཀྱི་བསྟན་པ་འཛིན་པའི་སྐྱེས་ཆེན་འགར་ཐབས་ལམ་ནཱ་རོ་ཆོས་དྲུག་དང༌། གྲོལ་ལམ་ཕྱག་རྒྱ་ཆེན་མོ། ཤངས་པའི་གསེར་ཆོས་རྣམ་ལྔ་སོགས་ཀྱི་དབང་ལུང་འབུལ་བཞེས་མཛད།
དེས་ན་མ་གཞི་ཀརྨ་རང་བྱུང་ཀུན་ཁྱབ་ཀྱིས་ཀརྨ་ཀཾ་ཚང་དང་ཤངས་པའི་ཆོས་བརྒྱུད་གཉིས་ཀ་འཛིན་གནང་གི་ཡོད་ཀྱང་། སྨོན་ལམ་འགྲོ་བ་སྒྲོལ་བའི་གྲུ་ཆེན་གྱི་མཇུག་ཏུ་དཔལ་ལྡན་ཤངས་པའི་གྲལ་མཐར་འཁོད་པ་ཀརྨ་རང་བྱུང་ཀུན་ཁྱབ་པས་ས་ཕོ་འབྲུག་གི་ལོར་སྨྲས་པ་ཞེས་ཁོང་རང་ཉིད་ཀྱིས་ཀྱང་ཤངས་པའི་བརྒྱུད་འཛིན་ཡིན་པར་གསུངས་པ་བཞིན། ཀ་ཎ་ཊ་སོགས་ཀྱི་རྒྱལ་ཁབ་མང་ཆེ་བར་ཀརྨ་རང་བྱུང་ཀུན་ཁྱབ་འདི་ཉིད་ཤངས་པ་བཀའ་བརྒྱུད་པའི་ཚབ་མཚོན་བླ་མ་ཞིག་ཏུ་བརྩི་ཡི་ཡོད་པས། འཛམ་གླིང་རྒྱལ་ཁབ་ཁག་ཏུ་ཤངས་པ་བཀའ་བརྒྱུད་ནི་དུས་རབས་ཉི་ཤུ་པའི་ནང་ཀརྨ་རང་བྱུང་ཀུན་ཁྱབ་སྐུ་ཕྲེང་དང་པོས་སླར་གསོ་མཛད་པ་ཡིན་ཞེས་པའི་གཏམ་དེ་ཡང་བྱུང་བ་ཡིན།
དེ་ལྟར་ཀརྨ་རང་བྱུང་ཀུན་ཁྱབ་ཀྱིས་རང་དོན་ཐོས་བསམ་སྒོམ་གསུམ། གཞན་དོན་འཆད་རྩོད་རྩོམ་གསུམ། གཉིས་དོན་མཁས་བཙུན་བཟང་གསུམ་སྟེ་དམ་པའི་ཚུལ་དགུའི་སྒོ་ནས་འབོ་དཀར་རིན་པོ་ཆེས་གཙོས་ཤངས་ཆོས་འཛིན་པའི་ཚད་ལྡན་གྱི་བུ་སློབ་བླ་སྤྲུལ་དུ་མ་གསོ་སྐྱོང་གནང་སྟེ། ཨི་ཤི་ཡའི་རྒྱལ་ཁབ་འགའ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་ཤངས་པའི་དབང་དང་གདམས་པ་སྤེལ་གནང་བ་དང་། ཤངས་པའི་ཆོས་བརྒྱུད་འཛིན་པའི་དགོན་གནས་སོགས་རིམ་གྱིས་བཞེངས་ཏེ་ཆོས་བརྒྱུད་སྤྱི་ལ་དོ་སྣང་ལྷག་པར་བྱེད་པའི་ཚ་རླབས་འཛམ་གླིང་ཡུལ་གྲུ་མང་པོར་འཕྱུར་ནས་མཁས་གྲུབ་ཁྱུང་པོའི་གསེར་ཆོས་ཀྱི་གདུགས་དཀར་ས་ཆེན་གོ་ལའི་ཁྱོན་ལ་ཁྱབ་པར་མཛད། མཐར་དགུང་གྲངས་བརྒྱད་ཅུ་རྩ་ལྔར་ཕེབས་པ་སྤྱི་ལོ་1989ལོའི་ཟླ་བཅཔའི་ཚེས10ཉིན་དགོངས་པ་ཆོས་དབྱིངས་སུ་གཤེགས།
རྗེ་བླ་མ་འདི་ཉིད་ཀྱིས་བསྟན་འགྲོའི་དོན་ལ་སྐྱེ་སྲིད་ཀུན་ཏུ་ཐུགས་བསྐྱེད་དང་སྨོན་ལམ་འབའ་ཞིག་མཛད་པའི་འབྲས་བུ་དུས་སུ་སྨིན་ཏེ། ཡང་སྲིད་མཆོག་སྤྲུལ་རིན་པོ་ཆེ་མཆོག་སྤྱི་ལོ་1990ལོའི་སྤྱི་ཟླ་9པའི་ཚེས17ཉིན་རྗེ་གོང་མའི་ཉེ་གནས་དང་སྐུ་ཚ་ཡིན་པ་ཡབ་ར་བཏགས་རྒྱལ་མཚན་དང་། ཡུམ་སྐལ་བཟང་སྒྲོལ་དཀར་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་གཅིག་དང་ཟླ་བ་དྲུག་གི་སྟེང་བསོད་ནམས་དར་བསམ་གྲུབ་དར་རྒྱས་ཆོས་གླིང་གི་ཁྲིར་མངའ་གསོལ། ད་ལྟ་འཚོ་ཞིང་གཞེས་པའོ།།
༢ ཀརྨ་ངེས་དོན་ཆོས་ཀྱི་བློ་གྲོས།
ཁོང་ལ་འབོ་དཀར་ཞེས་པའི་མཚན་ཐོགས་དོན་ནི། སྐུ་གོང་མ་གཞས་ཡས་མཚམས་པ་རིན་པོ་ཆེ་ཀརྨ་ཤེས་རབ་འོད་ཟེར་ཞེས་བྱང་སེམས་ཟླ་བ་རྒྱལ་མཚན་གྱི་རྣམ་སྤྲུལ་དུ་གྲགས་པ་ཞིག་སྤྱི་ལོ 1890ལོར་ཤར་མི་ཉག་ཏུ་སྐུ་འཁྲུངས་ཤིང་། སྐུ་ན་ཆུང་ངུའི་དུས་ནས་འབོ་གངས་དཀར་དགོན་དུ་ཆོས་ཞུགས་གནང་བས། བསྡུས་མཚན་དེ་ལྟར་དུ་གྲགས། དགུང་ལོ་བཅུ་དྲུག་སྐབས་ཉེ་འབྲེལ་ལོངས་སྤྱོད་ཀུན་སྤངས་ཏེ་མཚུར་མདོ་བོ་ལུང་གི་གདན་སར་ཀརྨ་པ་མཁའ་ཁྱབ་རྡོ་རྗེ་ལས་ཟབ་གསང་རྒྱུད་སྡེའི་སྨིན་གྲོལ་སྤྱི་དང་། ཆོས་དྲུག་ཕྱག་ཆེན་སོགས་ཀྱི་གདམས་སྐོར་མཐའ་དག་གསན་བཞེས་མཛད་དེ། སྔ་རྗེས་སུ་ལ་ཕྱི་གངས་ཀྱི་ར་བ་སོགས་ཀྱི་སྒྲུབ་གནས་རྩ་ཆེན་རྣམས་སུ་སྒྲུབ་པ་རྒྱུན་རིང་དང་། ལྷག་པར་མངའ་རིས་འབྲོང་བྱང་གཞལ་ཡས་བྲག་ཕུག་ཏུ་སྨྱུང་གནས་ཚར་སྟོང་རྩ་གཅིག་མཛད་པ་སོགས་སྒྲུབ་པའི་རྒྱལ་མཚན་བཙུགས་པས། ཕྱིས་ཀརྨ་པ་མཁའ་ཁྱབ་རྡོ་རྗེའི་བཀའ་བཞིན་སྤྱི་ལོ1920ལོར་མངའ་རིས་འབྲོང་བྱང་ཁུལ་ཏེ་དེང་མཚོ་ཆེན་རྫོང་མདའ་གཞུང་ཡུལ་ཤོག་ཁོངས་སུ་འབོ་དཀར་དགོན་བཀྲ་ཤིས་རབ་བརྟན་ངེས་དོན་དགེ་འཕེལ་གླིང་ཞེས་པ་ཕྱག་བཏབ་ནས། སྒྲུབ་བརྒྱུད་ཀྱི་བསྟན་པ་སྤེལ་མཐར་རབ་བྱུང་བཅུ་དྲུག་པའི་ས་སྟག་སྤྱི་ལོ1938ལོར་དགོངས་པ་གཞན་དོན་དུ་གཤེགས།
ཆོས་རྗེ་བླ་མ་དེ་ཉིད་ཀྱི་སྐུ་སྐྱེ་ཕྱི་མ་ཀརྨ་ངེས་དོན་ཆོས་ཀྱི་བློ་གྲོས་ནི། མངའ་རིས་སྟོད་ཀྱི་འབྲོང་པ་ཚོ་དགུའི་ནང་ཚན་སྐྱང་རང་དུ་ཡབ་ཚེ་རྣམ་དང་། ཡུམ་བསོད་ནམས་གཡུ་སྒྲོན་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་ལྕགས་འབྲུག་སྤྱི་ལོ1940ལོའི་སྤྱི་ཟླ10པའི་ཚེས15ཉིན་སྐུ་འཁྲུངས། དགུང་གྲངས་བཞིར་ཕེབས་སྐབས་ཀརྨ་པ་རིག་པའི་རྡོ་རྗེ་མཆོག་གིས་གཞས་ཡས་མཚམས་པ་རིན་པོ་ཆེའི་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་གནང་ནས། འབོ་དཀར་དགོན་གྱི་གསེར་ཁྲིར་མངའ་གསོལ་ཞིང་དགོན་དེ་གར་ཡི་གེ་འབྲི་ཀློག་ནས་བཟུང་ཐོས་བསམ་སློབ་གཉེར་གྱི་དབུ་བཙུགས། སྤྱི་ལོ1948ལོར་ཀརྨ་པ་རིག་པའི་རྡོ་རྗེ་མཆོག་གངས་རིར་གནས་གཟིགས་གྲུབ་འཕྲལ་འབོ་དཀར་དགོན་དུ་ཕེབས་ཏེ་མཆོག་སྤྲུལ་རིན་པོ་ཆེར་དགེ་ཚུལ་གྱི་སྡོམ་པ་བསྩལ་ཞིང་། ཀརྨ་ངེས་དོན་ཆོས་ཀྱི་བློ་གྲོས་ཞེས་པའི་མཚན་གསོལ། དགུང་གྲངས་བཅུ་གསུམ་ལ་ཕེབས་སྐབས་ཀརྨ་པ་མཆོག་གི་བཀའ་དགོངས་བཞིན། དགེ་རྒན་བླ་མ་མདོ་སྔགས་དང་ཞབས་གྲྭ་ཁ་ཤས་བཅས་དཔལ་མཚུར་ཕུའི་གདན་ས་ཆེན་མོར་དམ་ཆོས་གསན་སྦྱོང་གནང་བར་ཆེད་ཕེབས་སྐབས། ཕྱག་དཔེའི་དགེ་རྒན་ཚུལ་ཁྲིམས་ཡོངས་འདུས་དང་། བླ་མ་འཇིགས་མེད་སོགས་ཀྱི་མདུན་ནས་ཀར་ལུགས་རྒྱུད་སྡེ་ཡོངས་རྫོགས་ཐུགས་འཛིན་དང་། དེ་དག་གི་ཕྱག་ལེན་གསན་སྦྱོང་མཐར་ཕྱིན་པ་མཛད་རྗེས་འབོ་དཀར་དགོན་དུ་ཕྱིར་ཕེབས་གནང་། དགུང་གྲངས་བཅུ་བདུན་ལ་ཕེབས་སྐབས་དགེ་རྒན་བླ་མ་མདོ་སྔགས་སྐུ་གཤེགས། སྤྱི་ལོ་1958ལོའི་ལོ་མཇུག་ཏུ་མཚུར་ཕུར་སླར་ཕེབས། ཕྱི་ལོའི་ཆོ་འཕྲུལ་ཟླ་བའི་ཚེས་བཅོ་ལྔར་གཟིམ་སྤྱིལ་བཀྲ་ཤིས་འཁྱིལ་དུ་ཀརྨ་པ་རང་བྱུང་རིག་པའི་རྡོ་རྗེས་མཁན་སློབ་སྦྲགས་མ་མཛད་དེ་དད་པའི་དགེ་འདུན་གྲངས་ཚང་བའི་དབུས་སུ་བསྙེན་པར་རྫོགས། དེ་རྗེས་གློ་བོར་སྒྲུབ་དཔོན་བདེ་ཆེན་རིན་པོ་ཆེའི་དྲུང་ནས་ལོ་གཅིག་ཙམ་གྱི་རིང་མར་མི་དྭགས་གསུམ་གྱི་བླ་སྒྲུབ་དབང་དང་། ཐུགས་སྒྲུབ་དབང་རྒྱས་བསྡུས། ཕྱག་ཆེན་ངེས་དོན་སྒྲོན་མེ་སོགས་ཀྱི་ཆོས་བཀའ་ཅི་རིགས་གསན། སྤྱི་ལོ་1963ལོ་ཙམ་དུ་གྲུབ་མཆོག་རང་བྱུང་ཀུན་ཁྱབ་དང་ཐོག་མར་མཇལ་ཏེ་མི་ཕྱེད་པའི་དད་པ་འཁྲུངས་ཤིང་། སྤྱི་ལོ1964ལོར་རྡོ་གཙུག་དགོན་དུ་ཀར་ལུགས་རྒྱུད་སྡེ་ཁག་དང་། དཔལ་ལྡན་ཤངས་པའི་གསེར་ཆོས་ཡོངས་རྫོགས། ཇོ་ལུགས་དུས་འཁོར་གྱི་དབང་མོ་ཆེ། ཇོ་ནང་རིན་འབྱུང་བརྒྱ་རྩ་སོགས་ཀྱི་དབང་ལུང་གནང་བ་རྣམས་ལེགས་པར་གསན། དེ་རྗེས་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེའི་སྐུ་མདུན་ནས་སྙིང་ཐིག་ཡ་བཞིའི་དབང་ལུང་དང་། བཀའ་འགྱུར་རིན་པོ་ཆེ་ཀློང་ཆེན་ཡེ་ཤེས་རྡོ་རྗེའི་མདུན་ནས་རྙིང་མ་རྒྱུད་འབུམ་གྱི་ལྗགས་ལུང་རྣམས་གསན། སླར་ཀརྨ་རང་བྱུང་ཀུན་ཁྱབ་ཀྱི་སྐུ་མདུན་དུ་ཟླ་བ་ལྔའི་རིང་སྔོན་འགྲོ་འབུམ་ལྔ་གསོག་གནང་དང་འབྲེལ། བར་མཚམས་རྣམས་སུ་ཉམས་ཁྲིད་དང་དོགས་གཅོད་སོགས་ཀྱང་ལྷུག་པོར་ཞུས། སྤྱི་ལོ་1965ལོར་བདུད་འཇོམས་རིན་པོ་ཆེའི་མདུན་ནས་བཀའ་འགྱུར་གྱི་ལྗགས་ལུང་ཆ་ཚང་དང་། འཇའ་ཚོན་པོད་དྲུག །སེ་ར་མཁའ་འགྲོའི་ཆོས་སྐོར་གྱི་དབང་ལུང་རྣམས་ཞུས་པ་སོགས་རིས་མེད་སྐྱེས་ཆེན་དུ་མའི་ཐུགས་ཀྱི་བདུད་རྩི་རང་སེམས་ཀྱི་ཞིང་སར་དྲངས།
དེ་རྗེས་ཐོས་པའི་རྗེས་འཇུག་སྒྲུབ་པ་སྙིང་པོར་ལྷུར་བཞེས་མཛད་པའི་སྔར་གྱི་དམ་བཅའ་བཞིན། སྤྱི་ལོ1966ལོར་དོར་རྒྱུ་བསོད་ནམས་དར་གྱི་སྒྲུབ་གྲྭ་གསར་དུ་བཙུགས་པའི་སྒྲུབ་ཐེངས་དང་པོར་སྒྲུབ་པར་ཞུགས་ཤིང་། ཀརྨ་རང་བྱུང་ཀུན་ཁྱབ་སྐུ་མདུན་ནས་ཐོག་མར་བསགས་སྦྱོང་སྔོན་འགྲོ་འབུམ་བཞི་ནས་བརྩམས། དངོས་གཞིའི་རིམ་པ་ལ་དཔལ་ལྡན་ཤངས་པའི་གསེར་ཆོས་རྣམ་པ་ལྔ་དང་། རྒྱུད་སྡེ་ཆེན་པོ་ལྔ། མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་སོགས་རྩ་གསུམ་གྱི་སྨིན་གྲོལ་རྒྱབ་རྟེན་དང་བཅས་པ་བུམ་པ་གང་བྱོའི་ཚུལ་དུ་གསན་ཞིང་ཉམས་བཞེས་མཐར་ཕྱིན་པ་མཛད། ཐུན་མཚམས་རྣམས་སུ་རྒྱུད་སྡེའི་ཕྱག་ལེན་དང་། བསྐྱེད་རྫོགས་ཀྱི་སྒོམ་དོན་སོགས་ཀྱི་ཐད་སྒྲུབ་གྲྭ་བ་ཚོའི་སྐྱོར་དཔོན་ཡང་མཛད། སླར་བསོད་ནམས་དར་གྱི་སྒྲུབ་ཐེངས་གཉིས་པར་རང་ལུགས་མདོ་སྔགས་ཀྱི་གཞུང་རྒྱུན་དཀོན་རིགས་གསན་བསམ་དང་། གཞན་ལ་དབང་ཁྲིད་སྩོལ་བ། ལྷག་པར་ཀརྨ་རང་བྱུང་ཀུན་ཁྱབ་ཕྱི་ཕྱོགས་སུ་ལན་མང་ཕེབས་དགོས་རྐྱེན། སྒྲུབ་སྡེ་འདི་ཉིད་ཀྱི་དབང་ལུང་ཁྲིད་གསུམ་ཕལ་ཆེར་བསྩལ་ནས་སྒྲུབ་དཔོན་མཛད། སྤྱི་ལོ1974ལོར་བསོད་ནམས་དར་གྱི་སྒྲུབ་ཐེངས་གསུམ་པར་ནཱ་རོ་ཆོས་དྲུག་གི་ལོ་གསུམ་ཕྱོགས་གསུམ་གྱི་སྒྲུབ་པར་ཞུགས་ནས། རྒྱུད་སྡེའི་བསྙེན་སྒྲུབ་དང་། ཞི་ལྷག་ཏིང་འཛིན། ཕྱག་ཆེན་ཆོས་དྲུག་སོགས་ལ་ཉམས་བཞེས་མཐར་ཕྱིན་མཛད། དེ་ལྟར་སྔ་ཕྱིར་བསོད་ནམས་དར་གྱི་གདན་ས་རང་དུ་ནི་གུའི་སྒྲུབ་ཐེངས་གཉིས་དང༌། ནཱ་རོའི་སྒྲུབ་ཐེངས་གཅིག་གི་སྒྲུབ་པ་མཐར་ཕྱིན་པར་མཛད།
སྤྱི་ལོ1978ལོའི་ལོ་མཇུག་ཏུ་ཀརྨ་པ་རིག་པའི་རྡོ་རྗེས་རུམ་བཏེག་སྒྲུབ་སྡེ་ཡིད་འོང་བསམ་གཏན་གླིང་གསར་འཛུགས་གནང་སྐབས། ཀརྨ་པ་དང་ཀརྨ་རང་བྱུང་ཀུན་ཁྱབ་ཀྱིས་སྒྲུབ་ཐེངས་དང་པོའི་སྒྲུབ་དཔོན་དུ་བསྐོ་བཞག་མཛད། འདི་སྐབས་ཀོང་སྤྲུལ་བློ་གྲོས་ཆོས་ཀྱི་སེང་གེ་དང་། རྒྱལ་ཚབ་རིན་པོ་ཆེ་གྲགས་པ་བསྟན་པ་ཡར་འཕེལ་སོགས་ལ་ཟླ་བ་གསུམ་གྱི་རིང་རྒྱུད་བརྟག་གཉིས་ཀྱི་བཀའ་ཁྲིད་འབུལ་བཞེས་གནང་། སྤྱི་ལོ1982ལོར་རུམ་བཏེག་སྒྲུབ་ཐེངས་གཉིས་པའི་མཚམས་སྒོ་བསྡམས་ཏེ། སྔར་ལྟར་དབང་ལུང་ཁྲིད་གསུམ་མཐའ་དག་སྩལ་བའི་བཀའ་དྲིན་བསྐྱངས། དེ་རྗེས་སྒྲུབ་ཐེངས་གསུམ་པ་དང་། བཞི་པའི་སྒྲུབ་དཔོན་གནང་མཐར་ཀར་བསྟན་ནང་ཁུལ་གྱི་རྩོད་རྙོག་གིས་རྐྱེན་པས་སྒྲུབ་པ་ཚུགས་ཐུབ་མེད། སྤྱི་ལོ1983ལོར་ཀརྨ་རང་བྱུང་ཀུན་ཁྱབ་དང་། ཀརྨ་ངེས་དོན་ཆོས་ཀྱི་བློ་གྲོས་དཔོན་སློབ་འདུས་པ་ཉིས་བརྒྱ་སྐོར་གྱི་འཕགས་བལ་ཁུལ་དུ་གནས་གཟིགས་གསོལ་སྨོན་ཟབ་རྒྱས་དང་། ཁྱད་པར་དུ་རྡོ་རྗེ་གདན་དུ་བཟང་སྤྱོད་སྨོན་ལམ་འབུ་ཐེར་ཚོགས་རྒྱུའི་དབུ་བརྙེས།
སྤྱི་ལོ1984ལོར་དོར་རྒྱུ་མི་རིགས་ས་གནས་སུ་མངའ་བདག་མཻ་ཏྲི་པ་འི་སྒྲུབ་གནས་ཁྱད་པར་ཅན་ཞིག་ཡོད་སར་འབོ་དཀར་ངེས་དོན་ཆོས་འཁོར་གླིང་ཕྱག་འདེབས་པའི་དབུ་བཙུགས་ཤིང་། ཐོག་མར་དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་ཁང་ཞིག་དང་། འདུ་ཁང་། གྲྭ་ཤག་བཅུ་ཕྲག་ཁ་ཤས་བཅས་གསར་བསྐྲུན་གནང་བ་ནས་དཔལ་དུས་ཀྱི་འཁོར་ལོའི་མཚམས་སྒྲུབ་ཀྱི་སྲོལ་བཙུགས། དེ་རྗེས་མངའ་རིས་སུ་ཕེབས་ནས་འབོ་དཀར་དགོན་ཉམས་གསོ་གནང་། སྤྱི་ལོ1989ལོར་ཀརྨ་རང་བྱུང་ཀུན་ཁྱབ་དགོངས་པ་རྫོགས་རྗེས་མཆོད་འབུལ་གསོལ་འདེབས་ཟབ་རྒྱས་དང༌། ལོ་ལྟར་བླ་མ་མཆོག་གི་འདས་མཆོད་དུ་རྒྱུད་སྡེ་ལྔའི་སྒྲུབ་མཆོད་ཆེན་མོ་ཚོགས་རྒྱུའི་གཏན་རྩ་འང་འཇོག་པར་མཛད། ལོ་དེར་བསོད་ནམས་དར་གྱི་སྒྲུབ་གྲྭ་བ་རྣམས་ཀྱིས་གཙོས་དགེ་འདུན་བརྒྱ་སྐོར་ལ་ཤངས་ཆོས་ཡོངས་རྫོགས་ཀྱི་དབང་ལུང་དང་། དགེ་ཚུལ་སློང་གི་སྡོམ་པ་གནང་བ་སོགས་མཛད། དེ་རྗེས་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་གསུང་ཤེས་བྱ་མཛོད་དབྱིན་སྐད་དུ་བསྒྱུར་བ་དང་། བཀའ་བརྒྱུད་སྨོན་ལམ་ཆེན་མོའི་བཀོད་འདོམས་གནང་བ་སོགས་རྗེ་བླ་མའི་དགོངས་བཞེད་མཐའ་དག་རྫོགས་པར་མཛད། སྤྱི་ལོ1992ལོར་སྟོད་ལུང་མཚུར་ཕུར་ཀརྨ་སྐུ་ཕྲེང་བཅུ་བདུན་པ་ཨོ་རྒྱན་འགྲོ་འདུལ་ཕྲིན་ལས་རྡོ་རྗེ་མཆོག་གི་མངའ་གསོལ་ཁྲི་འབུལ་གྱི་མཛད་སྒོ་ཆེན་མོར་ཞབས་བཅར་དང་སྦྲགས་སྟོད་མངའ་རིས་ཁུལ་སོགས་ཀྱི་སྐྱ་སེར་དུ་མ་དམ་པའི་ཆོས་ཀྱི་སྨིན་པར་མཛད། ལྷག་པར་མངའ་རིས་འབོ་དཀར་དགོན་དུ་ནཱ་རོ་ཆོས་དྲུག་གི་ལོ་གསུམ་ཕྱོགས་གསུམ་གྱི་སྒྲུབ་སྡེ་གསར་དུ་བཙུགས་ཏེ་སྒྲུབ་གྲྭ་བས་གཙོས་པ་རྣམས་ལ་ཀར་ལུགས་རྩ་གསུམ་རབ་འབྱམས་ཀྱི་དབང་ལུང་ཁྲིད་གསུམ་དང་། དགེ་ཚུལ་སློང་གི་སྡོམ་པ་སོགས་བསྩལ། སྤྱི་ལོ་1996ལོར་མི་རིགས་འབོ་དཀར་ངེས་དོན་ཆོས་འཁོར་གླིང་དུ་ཟུང་འཇུག་དགའ་ཚལ་གླིང་ཞེས་པའི་ནཱ་རོ་ཆོས་དྲུག་གི་སྒྲུབ་སྡེ་གསར་དུ་བཙུགས་ཏེ། ཆོས་དྲུག་ཕྱག་ཆེན་སོགས་ལོ་གསུམ་ཕྱོགས་གསུམ་ནང་ཉམས་སུ་ལེན་པའི་དབུ་བཙུགས། སྤྱི་ལོ1999ལོ་ནས་བཟུང་ཡང་སྲིད་ཀ་ལུ་རིན་པོ་ཆེ་སྐུ་འཁྲིས་སུ་གཏན་བཞུགས་མཛད་པར་ཡི་གེ་འབྲི་ཀློག་ནས་བརྩམས་མདོ་སྔགས་རིག་གནས་ཀྱི་རིན་ཆེན་ཕྱག་རྟགས་དུ་མ་འབུལ་བཞེས་མཛད། སྤྱི་ལོ2001ལོའི་ཟླ་བ་བཅུ་པའི་ཚེས་ཉེར་གཅིག་ནས་བཟུང་ཉིན་བཅུའི་རིང་། ཡང་སྲིད་ཀ་ལུ་རིན་པོ་ཆེ་བཞུགས་པའི་དབུས། མི་རིགས་གདན་ས་དང་། བསོད་ནམས་དར། ལཱ་ཝ་དགོན། དེ་བཞིན་འཛམ་གླིང་ཤར་ནུབ་ཀྱི་ཤངས་པའི་ལོ་གསུམ་ཕྱོགས་གསུམ་གྱི་སྒྲུབ་པར་ཞུགས་མཁན་རྣམས་ཀྱིས་གཙོས། ཕྱི་ནང་གི་སྐྱ་སེར་དོན་གཉེར་ཅན་སྟོང་ཕྲག་ལ་ཉེ་བར་དཔལ་ལྡན་ཤངས་པའི་ཆོས་སྐོར་ཡོངས་སུ་རྫོགས་པའི་སྨིན་གྲོལ་རྒྱབ་རྟེན་ཆ་ལག་དང་བཅས་དགྱེས་བཞིན་དུ་བསྩལ།
མདོར་ན། སྤྱི་ལོ1979ལོ་ནས་བཟུང་འཕགས་བལ་བོད་གསུམ་དང་། འབྲས་ལྗོངས། ཡོ་རོབ། ཨེ་ཤི་ཡ་བཅས་སུ་ཕེབས་ནས་ནཱ་རོ་དང་ནི་གུ་ཆོས་དྲུག་གི་སྒྲུབ་སྡེ་རྣམས་ལ་ལན་གྲངས་དུ་མ་ཕེབས་ཏེ་ཟབ་གསང་ཆོས་ཀྱི་གནང་སྦྱིན་ལེགས་པར་བསྩལ། སྒྲུབ་མཐར་ཕྱིན་པའི་བླ་མ་རྣམས་ལ་ཡང་དུས་གཏན་དུ་དབེན་པའི་གནས་སུ་རིའི་བུ་བྱས་ན་བུན་གོས་སུ་གྱོན་ནས་སངས་རྒྱས་བསྟན་པའི་ཞབས་ཏོགས་མཛད་དགོས་པའི་བཀའ་སློབ་ལན་མང་གནང་། དམ་པ་འདིས་སྐུ་ཚེ་གང་པོར་སྦྱིན་པའི་བདག་པོ་འདས་གསོན་བརྒྱ་སྟོང་མང་པོས་ཕུལ་བའི་དད་རྫས་ལ་བག་མེད་ལོངས་སྤྱོད་དང་། གནས་མིན་ཆུད་ཟོས་སུ་གཏོང་བ་འདི་ཕྱིའི་སྒྲིབ་ཉེས་སུ་གཟིགས་ཏེ་རྟག་ཏུ་བག་ཡོད་དྲན་ཤེས་དང་ལྡན་པར་མཛད་ཅིང་། བཀའ་དྲིན་གསུམ་ལྡན་གྱི་བླ་མའི་དགོངས་རྟོགས་ལས་འཁྲུངས་པའི་མན་ངག་སྙིང་གི་བདུད་རྩི་རྣམས་ཡང་སྲིད་ཀ་ལུ་རིན་པོ་ཆེ་སོགས་རིས་སུ་མ་ཆད་པའི་བུ་སློབ་དོན་གཉེར་ཅན་རྣམས་ལ་འདམས་པར་མཛད་མཐར། དགུང་གྲངས་དྲུག་ཅུ་རྩ་བཞི་བཞེས་པ། སྤྱི་ལོ2005ལོའི་སྤྱི་ཟླ8པའི་ཚེས17ཉིན་གདན་ས་མི་རིགས་དགོན་དུ་ཟག་མེད་ཆོས་སྐུའི་དབྱིངས་ལ་སྙོམས་པར་བཞུགས་སོ།
།དེ་ལྟར་སྔར་སོང་ལོ་རྒྱུས་ཀྱི་བཤུལ་ལམ་སྟེང་མཁས་གྲུབ་ཁྱུང་པོའི་བརྒྱུད་པ་འཛིན་པ་རྣམས་ཕལ་ཆེར་ངུར་སྨྲིག་རྒྱལ་མཚན་འཛིན་པ་ལ། མཁས་པའི་ཡོན་ཏན་གྱི་རྒྱ་མཚོ་བརྒལ་ཞིང་གྲུབ་པའི་ཉམས་རྟོགས་ཀྱི་གཏེར་ཁ་བརྡོལ་བའི་སྐྱེས་ཆེན་ཤ་སྟག་ཡིན་པ་ཡང་། བླ་མཆོད་ཆོ་ག་ཡིད་བཞིན་ནོར་བུ་ལས་བཀའ་བབས་ཐུགས་སྲས་ཆེན་པོ་རྣམ་དྲུག་ནས། རྩ་བའི་བླ་མའི་བར་དུ་རིམ་བྱོན་པའི། །བཀའ་བརྒྱུད་ནོར་བུའི་ཕྲེང་བ་འཛིན་པ་རྣམས། །ཕལ་ཆེར་གཙང་སྒོམ་ངུར་སྨྲིག་འཆང་བ་ལ། ལ་ལ་རྣལ་འབྱོར་སྤྱོད་སོགས་མ་ངེས་ཚུལ། གང་ལ་གང་འདུལ་མོས་པའི་དཔལ་དུ་འཆར། ཀུན་ཀྱང་སྐྱེ་མེད་རྟོགས་པའི་གདེང་དང་ལྡན་ ཞེས་འཁོད་པ་ལྟར་ཡིན་ལ། མཁས་བཙུན་ཆེན་པོ་རྒྱལ་མཚན་འབུམ་གྱིས་ཀྱང་ཤངས་པའི་གདམས་པ་རྣམས་གནད་ཟབ་པས་ཚད་ལྡན་གྱི་བླ་མ་བརྒྱུད་པ་ཁོ་ན་ལ་བརྟེན་དགོས་པ་ལས་བཀའ་ཆད་པ། དམ་ཉམས་པ། འདྲེས་ཁྱེར་བའི་བརྒྱུད་པ་སྤངས་དགོས་ ཞེས་གསལ་བར་གསུངས། དེང་གི་ཆར་འཇག་བསམ་གྱི་བརྒྱུད་པ་ལོགས་སུ་འཛིན་པ་མེད་ཀྱང་། དེ་གཉིས་ལས་བརྒྱུད་པའི་གདམས་པ་འགའ་ཞིག་ཉེ་བརྒྱུད་དང་ཤིན་ཏུ་ཉེ་བརྒྱུད་ཀྱི་བརྒྱུད་པ་རྣམས་ལས། ཀོང་སྤྲུལ་བློ་གྲོས་མཐའ་ཡས། དེས་བཀྲ་ཤིས་ཆོས་འཕེལ། དེས་ནོར་བུ་དོན་གྲུབ། དེས་ཀརྨ་རང་བྱུང་ཀུན་ཁྱབ། དེས་ཀརྨ་ངེས་དོན་ཆོས་ཀྱི་བློ་གྲོས། དེས་ཡང་སྲིད་ཀ་ལུ་རིན་པོ་ཆེ་སོགས་ལ་བརྒྱུད་པ་གནས་མུས་ཡིན་ལ། ཡང་ཀརྨ་རང་བྱུང་ཀུན་ཁྱབ་ཀྱིས་ཁྱུང་པོ་གསུམ་པ་ཚུལ་ཁྲིམས་མགོན་པོ། དེས་ཤངས་ཞོང་ཞོང་དགོན་གྱི་གྲྭ་སློབ་འགར་བརྒྱུད་པ་ཡང་ད་ལྟ་གནས་མུས་ཡིན། དེར་བརྟེན་རྗེ་དྲུང་བསྟན་པའི་རྒྱལ་མཚན་གྱིས་གདམས་ངག་ཉེ་རིང་ཤིན་ཏུ་ཉེ་བརྒྱུད་ཀྱིས། །གངས་ཅན་གྲུབ་མཐའ་ཀུན་ལ་ཁྱབ་གདལ་ཞིང༌། །ཕྲིན་ལས་བསམ་མི་ཁྱབ་པའི་རིང་ལུགས་ཆེའི། །སྒྲུབ་བརྒྱུད་ཤངས་པའི་བསྟན་པ་རྒྱས་གྱུར་ཅིག་ ཅེས་གསུངས་པ་ལྟར། དངོས་དང་བརྒྱུད་པའི་བླ་མ་རབ་དང་རིམ་པས་ཤངས་པའི་གདམས་པ་གསན་བཞེས་ཉམས་ལེན་དང་བརྒྱུད་འཛིན་དར་སྤེལ་མཛད་པ་དེས་ཤངས་པ་བཀའ་བརྒྱུད་འདི་ཉིད་རང་རྐང་ཚུགས་པའི་བརྒྱུད་པ་གཙང་རྐྱང་སྟེ་བརྒྱུད་པ་གཞན་དང་རྩ་བ་ནས་ནས་མ་འདྲེས་པ་ཞིག་ཏུ་གནས་མེད་ཀྱང༌། གདམས་ངག་གི་མུ་ཏིག་སྟར་ནས་སྟར་དུ་བརྒྱུས་པའི་གསེར་སྐུད་ཕྲ་མོ་དེ་ཡོངས་སུ་ཆད་མེད་པ་ཡིན་ནོ།
།སྨྲས་པ། རྡོ་རྗེ་འཆང་དབང་སྐུ་ཡིས་རྗེས་བཟུང་མཁའ་འགྲོའི་གཙོ་མོ་ནི་གུ་མས། །ཁྱུང་པོ་ཛོ་ཀི་ཐུགས་རྗེས་བཟུང་ཞིང་གསེར་ཆོས་ལྡེ་མིག་ཕྱག་ཏུ་གཏད། །རིན་ཆེན་སྣ་བདུན་སྔ་ཕྱི་ཟུང་གིས་ཤངས་ཆོས་གདམས་པའི་རྒྱལ་ས་འཛིན། །བརྒྱུད་པ་རྣམ་གསུམ་བུ་སློབ་ཚོགས་ཀྱིས་ཟླུམ་གཟུགས་གོ་ལའི་ཁྱོན་ཀུན་ཁྱབ། །ཅེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།
II.3 -
།ལེའུ་གསུམ་པ། ཤངས་པ་བཀའ་བརྒྱུད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་སྐོར་གསེར་ཆོས་རྣམ་པ་ལྔའི་སྐོར།
དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་ཤིང་རྟའི་སྲོལ་འབྱེད་པ་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ལ་མདོ་སྔགས་བཤད་སྒྲུབ་ཀྱི་ལམ་སྲོལ་བསམ་གྱིས་མི་ཁྱབ་པ་བཞུགས་ཤིང༌། འཆད་ཉན་སྒོམ་སྒྲུབ་ཀྱི་འཕྲིན་ལས་རྒྱ་ཆེར་མཛད་པ་ཡང་། མཛོད་རྩ་བ་ལས་སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་པ་སྨྲ་བྱེད་དང༌། །སྒྲུབ་པར་བྱེད་པ་ཁོ་ན་ཡིན་ཞེས་གསུངས་པ་ལྟར་བརྗོད་བྱ་རྟོགས་པའི་ཆོས་དང་། རྗོད་བྱེད་ལུང་གི་ཆོས་གཉིས་པོ་བཤད་པ། རྩོད་པ། སྒྲུབ་པའི་ལམ་རིམ་གསུམ་དུ་བསྡུས་པ་སྟེ། དང་པོ་བཤད་པའི་ལམ་རིམ་ལ། མདོ་དང་དེའི་བསྟན་བཅོས། རྒྱུད་རྒྱུད་འབྲེལ་དང་བཅས་པ། མཚན་ཉིད་ཐེག་པ་ལ་གྲུབ་མཐའ་ཆེན་པོ་བཞི། རྡོ་རྗེ་ཐེག་པ་ལ་རྒྱུད་སྡེ་ཆེན་པོ་བཞི་ཚུལ་བཞིན་དུ་བཤད་པ་དང་། གཉིས་པ་རྩོད་པའི་ལམ་རིམ་ལ། ཚད་མ་སྡེ་བདུན་སོགས་རྟོག་གེ་ཕྱི་རབས་པའི་ལུགས་ཀྱང་གསན་མོད། གཙོ་བོ་ཚད་མ་སྔ་རབས་པ་ལ་གྲགས་པ་ལྟར་གཏན་ཚིགས་ཆེན་མོ་བཞིས་མཚན་ཉིད་གསུམ་གཏན་ལ་ཕབ་ཅིང་། ཚད་མ་ཡང་མངོན་སུམ་རྗེས་དཔག་ཡིད་ཆེས་གསུམ་དུ་ཕྱེ་ནས། བརྒལ་ལན་རྣམ་པར་ངེས་པར་བྱེད་པ་དང་། གསུམ་པ་སྒྲུབ་པའི་ལམ་རིམ་ལ་རྒྱུ་ཕར་ཕྱིན་ཐེག་པ་དང་། འབྲས་བུ་རྡོ་རྗེ་ཐེག་པ་གཉིས་ཀྱི་ཉམས་ལེན་མཐའ་དག །བྱང་ཕྱོགས་སོ་བདུན་ཐུན་མོང་དང་ཁྱད་པར་བའི་གནད་ཀྱིས་ཉམས་སུ་ལེན་ཚུལ་རྣམས་མན་ངག་ཏུ་དྲིལ་ནས་སྟོན་པས། གངས་ཅན་བོད་ཀྱི་ཡུལ་འདིར་བྱོན་པའི་སྟོན་པ་ཞིག་ལ་ཆོས་སྒོ་མཐའ་ཡས་པ་དང་འགྲན་ཟླ་མེད་པ་ཡིན། དེ་དག་ཐམས་ཅད་ལས་ཕྱི་མ་སྒྲུབ་པའི་ལམ་རིམ་གྱི་སྙིང་བཅུད་དེང་སང་གི་བར་དུ་བཞུགས་པ་སྟེ། ནི་དྷི་གཉིས་ཀྱི་གསེར་ཆོས་རྩ་བར་གྱུར་པའི་ཆོས་སྐོར་ལྔར་གྲགས་པ་སྟེ། ནི་གུ་མ། སུ་ཁ་སིདྷི། རྡོ་རྗེ་གདན་པ། མཻ་ཏྲི་པ་། རཱ་ཧུ་ལའི་སྐོར་ལྔ། མན་ངག་ཐོར་བུ་དང་བཅས་པ་རྣམས་བཞུགས་ཤིང་། དེ་རྣམས་ཀྱང་གཙོ་ཆེར་སྡེ་ཚན་དུ་བསྡོམས་པའི་བརྡར་བཞག་པ་ལས་ཁྱུང་པོ་ཉིད་ཀྱིས་ཇི་ལྟར་གསན་པའི་ཆོས་སྐོར་ཚང་བ་ནི་མ་ཡིན་ཏེ། ཐོག་མ་ནས་བརྒྱུད་སྲོལ་གཅིག་ལ་ཚང་བར་འབྱོན་དུ་མ་བཏུབ་ན་ད་ལྟ་སྨོས་ཅི་དགོས་པས་སོ།
II.3.1 - The Five Golden Dharma
།དང་པོ། གསེར་ཆོས་རྣམ་ལྔའི་སྒྲ་དོན་སྤྱི་བཤད།
དེ་ཡང་ཐོག་མར་གསེར་ཆོས་ཞེས་བརྗོད་པའི་རྒྱུ་མཚན་ནི། ཁ་རྒྱུན་དུ་ཆུ་མགོ་གངས་དང་། ཆོས་མགོ་སངས་རྒྱས་ཞེས་སུ་གྲགས་པ་ལྟར། མཁས་གྲུབ་ཁྱུང་པོའི་ཆོས་དང་ཆོས་མིན་གྱི་རྣམ་དབྱེ་འབྱེད་པར་མངའ་བརྙེས་པའི་མཁྱེན་རབ་དང་། ཆོས་ཕྱིར་སྲོག་ལ་མ་ལྟོས་པའི་དཀའ་སྤྱད་ཀྱིས་དམ་པའི་ཆོས་ཀྱི་འགོ་ཁུངས། སངས་རྒྱས་སྟོང་གི་འབྱུང་གནས་རྒྱ་གར་འཕགས་པའི་ཡུལ་དུ་ལན་གསུམ་ཕེབས། དེར་མདོ་སྔགས་རིག་གནས་ཀྱི་སྐྱེད་ཚལ་དུ་སྔ་ཕྱི་ཁྱོན་བསྡོམས་ལོ་ངོ་ལྔ་བཅུ་ཙམ་རོལ་ནས་དམ་ཆོས་ཀྱི་ཉིང་ཁུ་མཐའ་དག་ལེགས་པར་བསྡུས་ཤིང༌། འཕགས་ཡུལ་དུ་སློབ་གཉེར་ལ་བྱོན་མྱོང་བའི་བོད་ཀྱི་མཁས་པ་གཞན་དང་འདྲ་བར་གསེར་གྱི་རྡོག་པོ་མང་དག་ཅིག་བསྣམས་ནས། དམ་ཆོས་ཞུ་བའི་དད་པའི་རྟེན་དུ་རང་གི་བླ་མ་སོགས་ལ་གསེར་གྱི་འབུལ་སྐྱེས་བྱ་དགོས་པ་ཡིན་ཏེ་དེང་སང་གི་སློབ་ཡོན་དུ་ཕུལ་བའི་དངུལ་ལོར་སོགས་དང་འདྲ། དེ་ཡང་ནི་གུ་མས་ཐེག་པ་ཆེན་པོ་གསང་སྔགས་ཞུ་བ་ལ་གསེར་དགོས་པ་ཡིན། གསེར་ཡོད་ན་བྱ་ཡི་གསུངས་ནས་ཞེས་དང་། ཡེ་ཤེས་ཀྱི་ཌཱ་ཀི་མ་སུ་ཁ་སིདྡྷིས་ཀྱང༌གསང་སྔགས་མངོན་སུམ་ལམ་པ་ཡི། །སྨིན་པར་བྱེད་པའི་དབང་བཞི་དང་། གྲོལ་བྱེད་བསྐྱེད་རྫོགས་སྟོན་པ་ལ། །དཀོན་པའི་རིན་ཆེན་གསེར་ཕྱེ་ཕུལ་ཞེས་གསུངས་པ་ལྟར། མཁའ་འགྲོ་མ་ནི་དྷི་རྣམ་གཉིས་ཀྱིས་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ལ་ཐེག་པ་ཆེན་པོ་དང་གསང་སྔགས་ཀྱི་བསྐྱེད་རྫོགས་ཞུ་བ་ལ་གསེར་འབུལ་དགོས་པའི་བཀའ་གནང་བ་ཡིན་ལ། ཡང་རྗེ་བཙུན་བྷ་རོས་རྭ་ལོ་ཙཱ་བར་བཀའ་བཟང་པོ་འདི་འདྲ་ཞུ་བ་ལ། །ནོར་རིན་ཆེན་གསེར་གྱི་ཕྱག་རྟེན་དགོས་ཞེས་པ་དང་། འབྲོག་མི་ལོ་ཙཱ་བས་མར་པ་ཆོས་ཀྱི་བློ་གྲོས་ལ་ཆོས་ཐམས་ཅད་གསེར་ཆོས་སུ་དགོས་པས། བླ་མའི་རྣལ་འབྱོར་ཙམ་ལའང་གསེར་ཞོ་གང་ཙམ་འབུལ་དགོས་ཞེས་སོགས་གསུངས་པ་ལྟར། རྭ་ལོ་ཙཱ་བ་དང་མར་པ་ཆོས་ཀྱི་བློ་གྲོས་སོགས་ལ་ཡང་རང་རང་གིས་བླ་མས་གསེར་འབུལ་དགོས་པའི་བརྡ་བསྐུལ་མཛད་པ་ཡིན་ཏེ། བཞི་པའི་རྒྱ་ཆེར་འགྲེལ་པ་ལས་རེ་ཞིག་ཐོག་མར་ཉན་པ་པོ། །སྦྱིན་གཏམ་ལ་སོགས་ཡང་དག་སྦྱར། །སྣོད་དུ་ཤེས་ནས་ཕྱིས་དེ་ལ། །ཟབ་མོའི་གཏམ་ནི་བསྙད་པར་བྱ་ཞེས་ཐོག་མར་བླ་མས་སྦྱིན་གཏམ་སོགས་ལ་སྦྱར་ནས་ཕྱིས་སྣོད་དུ་ཤེས་ཚེ་ཟབ་མོའི་གདམས་པ་སྟོན་དགོས་པར་གསུངས། དེས་ན་མཁས་གྲུབ་ཁྱུང་པོའི་གསེར་ཆོས་རྣམས་ཀྱང་གོང་དང་འདྲ་བར་ཟབ་མོའི་གདམས་ངག་སྟོན་པ་ལ་གདམས་ངག་དེར་དཀོན་པའི་འདུ་ཤེས་དང་། གདམས་ངག་སྦྱིན་སའི་སྣོད་བརྟག་པ་སོགས་ཀྱི་ཕྱིར་གསེར་མང་པོ་བླ་མར་ཕུལ་ནས་ཚུར་གདམས་ངག་ཞུས་པ་ཞིག་ཡིན་པ་ལས་མཐིང་ཤོག་གི་ངོས་སུ་གསེར་ཞུན་གྱིས་བྲིས་པའི་ཆོས་ཁོ་ནར་གོ་ན་མི་འགྲིག
རྗེ་བཙུན་མི་ལའི་རྣམ་མགུར་དུ་རྗེ་བཙུན་མི་ལ་དྷརྨ་བོ་དྷིའི་ཕྱག་ལེན་དུ་རྒྱ་གར་ལ་འབྱོན་པར་བརྩམ་པ་ན། རས་ཆུང་པས་རྗེ་བཙུན་མི་ལར་རྒྱ་གར་བ་གསེར་ལ་བརྩི་བ་ཡིན་གསུངས་ཀྱང་། རྗེ་བཙུན་མི་ལས་དྷརྨ་བོ་ངྷི་གསེར་མི་འདོད། །དྷརྨ་བོ་ངྷི་གསེར་འདོད་ན། །གྲུབ་པ་ཐོབ་པ་དོན་གོ་ཆུང་ཞེས་གསུངས་པ་བཞིན། འཇིག་རྟེན་ཐོག་གི་སྐྱེ་བོ་ཕལ་ཆེར་དང་འདྲ་བར་རྒྱ་གར་བ་ཕལ་པ་རྣམས་ཀྱང་གསེར་ལ་བརྩི་བ་ཁྱི་ཁྲག་ལ་མི་དགའ་བ་དང་། མི་རྒྱུ་ལ་མི་དགའ་བ་མེད་ཅེས་པའི་ཁ་དཔེ་དང་མཐུན་ལ། དེ་མིན་རྒྱ་གར་གྱི་པཎྜི་ཏ་རེ་ཟུང་ཞིག་ཀྱང་གསེར་ལ་དགའ་བ་ཡོད་སྲིད་དེ། རོག་གི་བན་དེ་ཤེས་རབ་འོད་ཀྱི་གྲུབ་མཐའི་ཆོས་འབྱུང་དུ་སྔར་གྱི་པཎྜི་ཏ་རྣམས་ད་ལྟའི་པཎྜི་ཏ་ལྷོ་མ་ཕྱིད་པ་བོད་དུ་གསེར་འཚོལ་དུ་ཡོང་པའི་བཟང་སྤྲང་ཚོ་གཅིག་དང་མི་འདྲ་གསུངས་ཞེས་འཁོད་པ་ལྟར་ཡིན། འོན་ཀྱང་ངེས་པ་དོན་དང་ལྡན་པའི་བླ་མ་གྲུབ་ཐོབ་དང་མཁའ་འགྲོ་མ་འདི་ཚོས་གསེར་ཁོ་ནའི་ཆེད་དུ་གདམས་པ་གནང་བ་ནི་མི་སྲིད་དེ། ནི་གུ་མས་དང་ཐོག་མཁས་གྲུབ་ཁྱུང་པོ་ལ་གསང་སྔགས་ཀྱི་གདམས་པ་ཞུ་བ་ལ་གསེར་དགོས་ཚུལ་གསུངས་ཀྱང་། གསེར་སྲང་ལྔ་བརྒྱ་ཕུལ་བ་རྣམས་ནགས་གསེབ་ཏུ་གཏོར་བས། མཁས་གྲུབ་ཁྱུང་པོའི་ཐུགས་དགོངས་སུ་འདི་ནི་ངེས་པར་ཤ་ཟའི་མཁའ་འགྲོ་མར་འདུག་སྙམ། དེ་རྗེས་གསེར་གྱི་རི་བོ་ཕྱོགས་བཞི་ནས་གསེར་གྱི་ཆུ་རྒྱུན་འབབ་པ་ཞིག་མཐོང་བས། མཁས་གྲུབ་ཁྱུང་པོས་གསེར་གྱི་རི་འདི་ལྟ་བུ་རྒྱ་གར་ན་ཡོད་དམ་མཁའ་འགྲོ་མའི་སྤྲུལ་པ་ཡིན་ཞུས་པས། ནི་གུ་མས་འཁོར་བའི་རྒྱ་མཚོར་བསྒྱུར་བ་ཡི། །ཆགས་སྡང་རྟོགས་པ་སྣ་ཚོགས་འདི། །རང་བཞིན་མེད་པར་རྟོགས་ཙ་ན། །ཐམས་ཅད་གསེར་གླིང་ཡིན་ནོ་བུ་ཞེས་གསུངས་པ་དང་། མར་པ་ལོ་ཙཱ་བ་རྒྱ་གར་དུ་ཕེབས་ཐེངས་གསུམ་པར་རྗེ་ནཱ་རོ་པ་མཇལ་སྐབས་ཀྱང་གསེར་གྱི་མཎྜལ་ཕུལ་ནས་གདམས་ངག་ཞུ་བྱས་པས་གསེར་རྣམས་ནམ་མཁའ་ལ་གཏོར། རྗེ་མར་པའི་ཐུགས་སུ་ངས་བོད་དུ་དཀའ་བ་དུ་མ་སྤྱད་ནས་བསགས་པ་དེ་རྣམས་ནགས་གསེབ་ཏུ་གཏོར་སྙམ་ཙ་ན། བླ་མས་ལག་པ་ཟེད་གསུངས་ནས་གསེར་རྣམས་མ་གོད་མ་ཉམས་པར་སྔར་བཞིན་ལག་ཏུ་བྱུང་། བླ་མས་ཞབས་ས་ལ་བརྡབས་པས་ས་ཐམས་ཅད་གསེར་དུ་སོང༌། བླ་མའི་ཞལ་ནས་གོ་ན་ཐམས་ཅད་གསེར་གླིང་ཡིན་ནོ་ཞེས་གསུངས་པ་སོགས་ཇི་ལྟ་བ་དང་ཇི་སྙེད་ཀྱི་ཤེས་བྱ་ཐམས་ཅད་སྐྱུ་རུ་ར་གསོས་པ་ལག་མཐིལ་དུ་བླངས་པ་ལྟ་བུར་གཟིགས་པའི་བླ་མ་དེ་དག་གི་ངོས་ནས་བརྗོད་ན། ས་རྡོ་རི་བྲག་ཐམས་ཅད་གསེར་གླིང་ཡིན་པས། སློབ་མས་ཕུལ་བའི་གསེར་རྡོག་ཆུང་ངུ་ལ་དགོས་པ་དེ་ཙམ་མེད་ཀྱང་། རྗེ་བཙུན་མི་ཕམ་མགོན་པོས་རབ་དང་སེམས་དང་ལྡན་པ་ཡིས། །ཚོགས་གཉིས་རྫོགས་པར་བྱ་བའི་ཕྱིར། །སངས་རྒྱས་རྣམས་ལ་གོས་སོགས་ཀྱིས། མངོན་སུམ་མངོན་སུམ་མིན་པར་མཆོད་ཅེས་གསུངས་པ་བཞིན། མར་པ་ལོ་ཙཱ་བས་བླ་མ་ནཱ་རོ་པར་རྗེ་ལ་མི་དགོས་རུང་། བདག་དང་གསེར་འབུལ་མཁན་སོགས་སེམས་ཅན་ཐམས་ཅད་ཚོགས་རྫོགས་པའི་སླད་དུ་ཅིས་ཀྱང་བཞེས་དགོས་ཞེས་ཞུ་བ་ཡང་ཡང་ནན་གྱིས་ཕུལ་ཞེས་པ་དང་། ཡང་ཞི་བྱེད་ཀྱི་ཆིག་བརྒྱུད་སྦས་པའི་བླ་མ་རྣམ་གསུམ་གྱི་ཡ་གྱལ་པ་ཚབ་སྒོམ་པས་བྱང་ཆུབ་སེམས་དཔའ་ཀུན་དགའ་ཡུན་རིང་དུ་བསྟེན་ནས་དབུས་སུ་བྱོན་ཁར་བླ་མ་ལ་རྒྱགས་ལྷག་གི་གསེར་སྲང་གསུམ་ཕུལ་བས། བླ་མས་ཨཱ་ཙ་རའི་བརྒྱུད་པ་ལ་གསེར་གྱིས་དགོས་པ་མེད་ཀྱང་ཁྱེད་རྣམས་ཚོགས་རྫོགས་པའི་ཕྱིར་བླང་ངོ་གསུངས་ནས་ནམ་མཁའ་ལ་གཏོར་ཞེས་སོགས་འཁོད་པ་ལྟར་གསེར་འབུལ་བ་ནི་དེ་འབུལ་མཁན་གྱི་མི་ཚོའི་ཚོགས་གཉིས་རབ་ཏུ་རྫོགས་པའི་ཕྱིར་ཡིན། དེར་བརྟེན་མཁས་གྲུབ་ཁྱུང་པོས་ཀྱང་དག་པའི་ལོངས་སྤྱོད་དཔག་ཏུ་མེད། །འཇིག་རྟེན་གསེར་དངུལ་དགོས་པ་མེད་ཅེས་པ་ལྟར་རང་ཉིད་ལ་ཐབས་བརྒྱ་ཇུས་སྟོང་གིས་རྙེད་སོན་བྱུང་བའི་ནོར་རྣམས་གསེར་དུ་བསྒྲིལ་ཏེ། ཕངས་སེམས་ཀྱི་ཞགས་པས་མ་བཅིངས་པར་ཡོངས་སུ་བློས་བཏང་ནས་རྒྱ་གར་འཕགས་པའི་ཡུལ་དུ་གསེར་གྱི་འབུལ་སྐྱེས་ལ་ཐེངས་གསུམ་བྱོན།
མཁས་གྲུབ་ཁྱུང་པོའི་མཛད་རྣམ་ཁུངས་བཙན་དག་ཏུ་གསེར་སྲང་གི་ཁ་གྲངས་ཁ་གསལ་འཁོད་པ་རྣམས་ལ་གཞིགས་ན། རྒྱ་གར་དུ་ཕེབས་ཐེངས་དང་པོར་ཁྱོན་གསེར་སྲང519ཙམ་ཕུལ་བ་དང་། ཕེབས་ཐེངས་གཉིས་པར་ཁྱོན་གསེར་སྲང1451ཕུལ་བ། ཕེབས་ཐེངས་གསུམ་པར་ཁྱོན་གསེར་སྲང3000ཙམ་ཕུལ་བ་བཅས་ཐེངས་གསུམ་ལ་ཁྱོན་བསྡོམས་གསེར་སྲང4970ཙམ་ཟིན་པ་དེ། ཕོ་བྲང་པོ་ཏ་ལར་བཞུགས་པའི་རྒྱལ་དབང་སྐུ་ཕྲེང་དགུ་པ་ལུང་རྟོགས་རྒྱ་མཚོའི་གསེར་གདུང་ལ་གསེར་སྲང3574ཡོད་པ་ལས་གསེར་སྲང1396གི་མང་བ་དང་། སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོའི་གསེར་གདུང་ལ་གསེར་སྲང3534སྤྱད་པ་ལས་གསེར་སྲང1436གི་མང་བ་ཡོད། གསེར་སྲང་དེ་དག་ལས་བླ་མ་རྡོ་རྗེ་གདན་པར་སྔ་ཕྱི་ཁྱོན་བསྡོམས་གསེར་སྲང613དང༌། མཁའ་འགྲོ་ནི་གུ་མར་གསེར་སྲང500མཁའ་འགྲོ་མ་བདེ་བའི་དངོས་གྲུབ་ལ་གསེར་སྲང500ཙམ་ཕུལ་བ་རྣམས་ཀྱིས་གསེར་སྲང་གི་ཁ་གྲངས་སྤྱིའི32.65%ཙམ་ཟིན། དེ་ལྟར་ཡུན་རིང་སིལ་བུ་ཁ་ཐོར་དུ་གནས་པའི་ལོ་རྒྱུས་མཇུག་བསྒྲིལ་མཚམས་དེར་བོད་སྤྱིའི་དཔལ་འབྱོར་གྱི་གནས་བབས་ཅུང་ཟད་ཞན་པས་གསེར་སྲང་འདི་ཙམ་འཚོལ་སྒྲུབ་དང་འབུལ་སྐྱེས་བྱ་རྒྱུ་ནི་ལས་སླ་པོ་ཞིག་གཏན་ནས་མ་ཡིན་ཏེ། ལྷ་བླ་མ་བྱང་ཆུབ་འོད་ཀྱིས་ནག་ཚོ་ལོ་ཙཱ་བ་ལ་ད་འདི་ན་གསེར་སྲང་བདུན་བརྒྱ་ཡོད་དེ། འདི་ཕར་ཁྱེར་ལ་བླ་མའི་ཕྱག་ཏུ་ཕུལ། ངེད་བོད་པེ་ཏ་པུ་རིའི་གྲོང་ཁྱེར་ལྟ་བུ་ན། གསེར་ལུག་ཙམ་རེ་ལ་དཀའ་ལས་ཆེན་པོ་ཡོད་པ་ཡིན་ཞེས་གསུངས་པ་ལྟར་རོ།
།དེས་ན་གོང་གསལ་གྱི་གྲངས་དེ་དག་ལས་ང་ཚོས་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱིས་བོད་དུ་གདན་དྲངས་པའི་ཆོས་སྒོ་རྣམས་ནི་གསེར་གྱིས་བླུས་པ་ཤ་སྟག་ཡིན་པ་ཤེས་ཚོར་ཐུབ། དེར་བརྟེན་མཁས་གྲུབ་ཁྱུང་པོ་རང་ཉིད་ཀྱིས་ཀྱང༌དེ་ནས་གཞུང་དང་གདམས་པའི་སྤྲོས་པ་ཆོད་ནས། ད་བོད་དུ་ཕྱིན་ནས་བླ་མ་རྣམས་ལ་གསེར་གྱི་ཆོས་སྐྱེས་ཤིག་བྱ་དགོས་སྙམ་ནས་རྡོ་རྗེ་གདན་དུ་མཆོད་པ་ཕུལ་ཞེས་འཁོད་པ་ལྟར། མཁས་གྲུབ་ཁྱུང་པོ་རང་ཉིད་རིག་པའི་གནས་ཀུན་ལ་ཕ་རོལ་ཏུ་སོན་ཡང་། མཐའ་འཁོབ་བོད་ཀྱི་ཡུལ་གྲུ་འདིར་ཚུར་ཕེབས་ནས་འདུལ་བྱ་རྣམས་ལ་གསེར་གྱི་ཆོས་སྐྱེས་ཤིག་བྱ་སྙམ་པའི་ཐུགས་འདུན་དྲག་པོ་འཁྲུངས། འོན་ཀྱང་འདུལ་བ་གཞུང་དམ་པ་ལས་བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་བ། ཆོས་ཀྱི་སྒོ་ནས་རྙེད་པའང་མ་འཚོལ་ཅིག །ཆོས་འཚོང་ཞིང་འཚོ་བར་ཡང་མ་བྱེད་ཅེས་གསུངས་པ་དང༌། མཁས་གྲུབ་བེའུ་བུམ་དུ་གསེར་དང་རྟ་ཁྲབ་གོས་དར་ལ། །བརྗེ་ཚོང་བྱ་བའི་གདམས་པ་མིན་ཞེས་པ། བཻ་རོ་ཙ་ནའི་རྣམ་ཐར་པདྨའི་དགའ་ཚལ་དུ་མན་ངག་རིག་དང་རིག་པ་བརྗེ་བ་ལ། །ཟང་ཟིང་སྒྱུ་མའི་ནོར་ལ་ཚོང་མ་བྱེད་ཅེས་སོགས་འཁོད་པ་ལྟར་མཁས་གྲུབ་ཁྱུང་པོ་བོད་དུ་ཕེབས་རྗེས་གསེར་གྱི་བླུས་པའི་གདམས་པ་འདི་དག་གསེར་དང་བརྗེས་ཏེ་རྙེད་པ་འཚོལ་བ་དང་ཁེ་སྤོགས་ལྡབ་འགྱུར་གྱི་ཚོང་ལས་མཛད་མེད་པས། མཁས་གྲུབ་རྗེས་ཀྱང༌ཁ་སྤྱང་དང་ནོར་ཕྱིར་མ་ཤོར་བ་གལ་ཆེའོ། གལ་ཏེ་དེ་གཉིས་ཀྱི་ཕྱིར་སུ་རུང་ལ་སྟེར་ཞིང་དཔེ་ཆ་སྟོན་ན། ཀྵེ་ཏྲ་པཱ་ལས་དེའི་སྙིང་ཕུགས་ཤིག་ཅེས་བསྔོ་སྨོན་མཛད་པ་ཡིན། མཁས་གྲུབ་ཁྱུང་པོའི་གསེར་ཆོས་ལྔ་པོ་དེ་དག་ནི་ས་སྐྱ་ཚར་ལུགས་སུ་མཁའ་སྤྱོད་སྐོར་གསུམ་དང༌། དམར་ཆེན་སྐོར་གསུམ། དམར་ཆུང་སྐོར་གསུམ། འཆི་མེད་རྡོ་རྗེ་ལྷ་མོ། ཇོ་དམར། སེང་གདོང་མ། འཇམ་དཔལ་ནག་པོ་བཅས་ལ་གསེར་ཆོས་བཅུ་གསུམ་མམ་ཡང་ན། དེའི་སྟེང་དུ་སེང་གེའི་སྒྲ་བསྣན་པས་ཀླུ་བའི་གསེར་ཆོས་བཅུ་བཞི་ཞེས་འབོད་པ་རྣམས་དང་ཕྱོགས་འདྲའོ།
།དེ་ཡང་འཇམ་དབྱངས་མཁྱེན་བརྩེ་དབང་པོས་དོན་མཁའ་འགྲོའི་སྙིང་གཏམ་རྡོ་རྗེའི་ཚིག །ཆོས་ཟབ་མོའི་གསེར་ཆོས་རྣམ་པ་ལྔ་ཞེས་དང་། དཀར་ཆག་བཻཌཱུརྱའི་ལྡེའུ་མིག་ཏུ་སྒྲུབ་བརྒྱུད་ཤིང་རྟའི་ལམ་སྲོལ་མཁའ་ལྟར་ཡངས། །ཁྱུང་པོའི་གསེར་ཆོས་ཉི་ཟླ་བཞིན་དུ་དཀོན་ཞེས་པ། ཕྱག་ལེན་བདེ་ཆེན་མྱུ་གུའི་ཕྲེང་བར་དཔལ་ལྡན་རྡོ་རྗེ་བཙུན་མོ་ནི་གུ་མས། །ཁྱུང་པོའི་མཚན་ཅན་གྲུབ་ཐོབ་ལོ་ཙཱ་བར། ཆིག་བརྒྱུད་བཀའ་རྒྱས་བསྡམས་པའི་གསེར་ཆོས་ལམ། འདི་འདྲ་ཟབ་ཟབ་ཕལ་གྱི་དཔེར་མི་མཚུངས་ཞེས་སོགས་གསུངས་པ་བཞིན། མ་མཁའ་འགྲོའི་གསང་ཚིག་དང་ཆོས་ཟབ་མོའི་མཐར་ཐུག་ནི་གུའི་གསེར་ཆོས་ལྔ་པོ་འདི་རྣམས་ནི་མཁས་གྲུབ་ཁྱུང་པོ་ལ་ཐོབ་པའི་གདམས་པ་ཐམས་ཅད་ཀྱི་མཆོག་འགྱུར་དང་མན་ངག་ཡོད་ཚད་ཀྱི་ཉིང་ཁུ་ཡིན་པ་མ་ཟད། ཤངས་པའི་ཆོས་བརྒྱུད་འདི་ཉིད་བོད་དར་ནང་བསྟན་ཆོས་བརྒྱུད་གཞན་དང་མི་འདྲ་བར་བོད་ཀྱི་ལོ་རྒྱུས་གར་སྟེགས་ཐོག་བརྒྱུད་པ་རང་ཟིན་དུ་མངོན་ཐུབ་པ་ཡང་གཙོ་བོར་སྙན་བརྒྱུད་གསེར་ཆོས་ལྔ་པོ་འདི་དག་ལས་བྱུང་བ་ཡིན། དེར་བརྟེན་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་ཀྱང་གངས་ཅན་བོད་ཀྱི་ཡུལ་འདིར་ཆོས་རྒྱལ་ལོ་པཎ་གྱི་དྲིན་ལས། མདོ་སྔགས་ཆོས་ཀྱི་རིན་ཆེན་ཀུན་ལ་ཐང་མ་རུ་བརྡལ་ཡང་། །གྲུབ་ཐོབ་བར་མ་ཆད་ཅིང་མྱོང་རྟགས་མངོན་སུམ་དུ་ཐོན་པ། མཁས་གྲུབ་ཁྱུང་པོའི་གསེར་ཆོས་ཡིད་བཞིན་ནོར་བུ་ལས་ལྷག་གོ་ཞེས་པ་ལྟར་གྲུབ་ཐོབ་བར་མ་ཆད་པས་ཉམས་བཞེས་སུ་བསྟར་བས་མྱོང་རྟོགས་ཡོན་ཏན་ཐམས་ཅད་མངོན་སུམ་དུ་སྐྱེ་བའི་གསེར་ཆོས་འདི་དག་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལས་ཀྱང་ལྷག་པར་གསུངས། ཁྱུང་པོའི་གསེར་ཆོས་ཀྱི་གྲངས་ངེས་ཚུལ་མི་མཐུན་པའི་སྐོར་ཤངས་ཆོས་དཀར་ཆག་ཟབ་རྒྱས་ཆོས་ཀྱི་སྒོ་འབྱེད་ལྡེ་མིག་ཏུ་གསེར་ཆོས་བཞི། མཁའ་སྤྱོད་དཀར་དམར་དང་བཅས་པ་ཞེས་འཁོད་པས། མཁའ་སྤྱོད་དཀར་དམར་གཉིས་ཀྱི་ཆོས་སྐོར་གསེར་ཆོས་ཀྱི་ཁོངས་མ་བསྡུས་པར་གསེར་ཆོས་བཞི་ཞེས་བརྗོད་ཀྱང་། འདིར་ནི་ཡོངས་གྲགས་ལྟར་གསེར་ཆོས་རྣམ་པ་ལྔ་རུ་ཕྱེ་བ་ཡིན་ཏེ། དེ་དག་ཀྱང་དཔག་བསམ་གྱི་ལྗོན་པ་ལྟ་བུ་ལ། རྩ་བ་ནི་གུ་ཆོས་དྲུག །སྡོང་པོ་ཕྱག་རྒྱ་ཆེན་པོ། ཡལ་ག་ལམ་ཁྱེར་རྣམ་གསུམ། མེ་ཏོག་མཁའ་སྤྱོད་དཀར་དམར། འབྲས་བུ་འཆི་མེད་འཆུག་མེད་ཅེས་བརྗོད་སྲོལ་ཡོད། དེ་རྣམས་ལས་ནི་གུ་ཆོས་དྲུག་དང་ཕྱག་ཆེན། འཆི་མེད་བཅས་ནི་རྒྱལ་བ་རྡོ་རྗེ་འཆང་གི་བཀའ་དང་། ལམ་ཁྱེར་ནི་མཁའ་འགྲོ་ནི་གུ་མ། འཕྱུག་མེད་ནི་བིརཱ་པའི་གསུང་ཡིན། དེ་ལྟར་གདམས་ངག་གི་ཁུངས་བཙན་ལ་བསྲེ་ལྷད་དང་བྲལ་བའི་གསེར་ཆོས་དེ་དག་རིམ་གྱི་ཞིང་བ་ལ།
II.3.2 - The roots: the Six Doctrines of Niguma
གཉིས་པ། རྩ་བ་ནི་གུ་ཆོས་དྲུག
དེ་ཡང་རྗེ་བཙུན་ཏཱ་ར་ནཱ་ཐས་དཔལ་རྡོ་རྗེ་འཆང་ཆེན་སྐད་པ་དེས། རྒྱུད་མཐའ་ཡས་གསུངས་པའི་སྙིང་པོ་ལ། །ཟབ་གནད་དགུ་བསྡུས་པའི་ཉེ་ལམ་ཞིག །མིང་ནི་གུ་ཆོས་དྲུག་ཞེས་བྱ་བ། །མ་མཁའ་འགྲོ་ཀུན་གྱི་གསང་ཚིག་དེ་ཞེས་གསུངས་པ་ལྟར་རྒྱུད་མཐའ་ཡས་གཅིག་ཏུ་བསྡུས་པའི་མཁའ་འགྲོའི་གསང་ཚིག་གི་སྙིང་པོར་གྱུར་པ་ནི་གུ་ཆོས་དྲུག་ནི། མཁས་གྲུབ་ཁྱུང་པོ་རྣལ་འབྱོར་རྒྱ་གར་དུ་ཐེངས་གཉིས་པར་ཕེབས་པའི་ཚེ། གསེར་སྲང་ལྔ་བརྒྱ་འཁྱེར་ནས་རྒྱ་གར་གྱི་ཤར་ལྷོ་ནུབ་བྱང་ཀུན་ཏུ་རྒྱུ་ནས་རྩད་གཅོད་བྱས་པ་བཞིན་གསོལ་བ་ཤུགས་དྲག་བཏབ་རྐྱེན། རྒྱལ་བ་རྡོ་རྗེ་འཆང་ལས་དངོས་སུ་ཆོས་གསན་ཞིང་དག་པའི་ས་གསུམ་ལ་གནས་པ་ནཱ་རོ་པའི་ལྕམ་མོ་ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མ་དང་མཇལ་ནས། བྱིན་རླབས་ཀྱིས་རྗེས་སུ་བཟུང་ཞིང་སྒྱུ་ལུས་རྨི་ལམ་ཟིན་ནས་གདམས་པ་འདི་དག་རྫོགས་པར་ཞུས། ནི་གུ་མས་ཀྱང་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ལ་གཉིད་ཐུམ་གཅིག་ལ་ཆོས་དྲུག་གི་ཁྲིད་ཚར་བ་རྒྱ་གར་ན་ཁྱེད་ལས་མེད་གསུངས། དེ་རྗེས་དངོས་སུ་ཁྲིད་ཚར་གསུམ་གནང་བ་བསྡོམས་པས་ཆོས་དྲུག་གི་ཁྲིད་ཐེངས་བཞི་དང་། རྡོ་རྗེའི་ཚིག་རྐང་། སྒྱུ་མ་ལམ་རིམ་གསུངས་ཤིང་རྒྱུད་སྡེ་ལྔའི་དབང་དང་སྒྲུབ་ཐབས་སོགས་ཀྱི་གདམས་པའང་མང་དུ་གནང་། ཌཱ་ཀི་མའི་ཞལ་ནས་ཆོས་དྲུག་གི་དབང་གདམས་ངག་དང་བཅས་པ་འདི་རྗེ་བཙུན་ལྭ་བ་པ་དང་ང་གཉིས་མ་གཏོགས་པ་རྒྱ་གར་ན་ཡང་ཤེས་པ་མེད་པས། མི་རབས་བདུན་དུ་ཆིག་བརྒྱུད་ལས་མ་སྤེལ་ཅིག །དེ་རྣམས་ཀྱང་རིམ་པས་བྱིན་གྱིས་རློབ་ཅིང་ལུང་སྟོན་པར་འགྱུར་རོ་ཞེས་གསུངས་པ་ལྟར་མཁའ་འགྲོ་མ་འདི་དང་རྗེ་བཙུན་ལྭ་བ་པ་ཙམ་ལས་རྒྱ་གར་དུ་ཡང་ཆོས་དྲུག་གི་མན་ངག་ཡོངས་སུ་རྫོགས་པ་མཁྱེན་མཁན་མེད་པ་དང་། རྗེ་བཙུན་ལྭ་བ་པ་ལ་ངེས་བཟུང་མཛད་པ་ཡང་གདམས་པ་འདི་ཤིན་ཏུ་དཀོན་པའི་དབང་དུ་བྱས་པ་ཡིན། དེས་ན་རྗེ་བཙུན་ཏཱ་ར་ནཱ་ཐས་ཀྱང་ལྭ་བ་པ་དང་ནི་གུ་མ་གཉིས་ཀྱང་གདམས་ངག་བྱིན་རླབས་ཀྱི་རྐང་གཅིག་པར་བཤད་པས། ནི་གུའི་ཆོས་དྲུག་དང་མ་འབྲེལ་བ་མ་ཡིན་ནོ་ཞེས་གསུངས་པ་ལྟར་ནི་གུ་མ་དང་རྗེ་བཙུན་ལྭ་བ་པའི་གདམས་ངག་རྣམས་བྱིན་རླབས་ཀྱི་ཁུངས་གཅིག་པས་འབྲེལ་བ་དམ་ཟབ་ཡོད་པ་གསུངས། སློབ་དཔོན་ལྭ་བ་པའམ་ཨིནྡྲབོ་དྷི་ཆུང་བ་ནི། ཡུལ་ཨོ་རྒྱན་གྱི་བྱེ་བྲག་གྲོང་ཁྱེར་སམྦྷེ་ལ་ཞེས་བྱ་བར་སྐུ་འཁྲུངས་ཤིང་། དུར་ཁྲོད་ཀྱི་སྐྲའི་ལྭ་བ་གྱོན་པས་མཚན་དེ་ལྟར་ཐོགས། རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་ཐ་སྙད་དུ་རྣམ་རྫུན་པར་འདོད་པའི་སློབ་དཔོན་ཞིག་ཡིན། རིང་བརྒྱུད་བཀའ་བཞི་བླ་མའི་རྣམ་ཐར་ལས་སློབ་དཔོན་ཆེན་པོ་ལྭ་བ་པས། །གྲོང་ཁྱེར་ཆེན་པོའི་སྲང་མདོ་རུ། བཅུ་གཉིས་བར་དུ་གཉིད་ལོག་པས། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་ཅེས་མི་ལོ་བཅུ་གཉིས་རིང་དཀའ་སྤྱད་སྒོམ་སྒྲུབ་མཛད་མཐར་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་མཐར་ཕྱིན་པ་ཐོབ་ནས་ཨོ་རྒྱན་གྱི་རྒྱལ་པོའི་བླ་མཆོད་ཀྱང་མཛད་པའི་སློབ་དཔོན་ཆེན་པོ་ཞིག་ཡིན་ལ། གྲུབ་ཆེན་འདི་དང་མཚོ་སྐྱེས་གཉིས་ནི་དགྱེས་པ་རྡོ་རྗེའི་སྒྲུབ་ཐབས་མི་ཡུལ་དུ་སྤྱན་དྲངས་མཁན་ཡང་ཡིན། དཔལ་འཁོར་ལོ་སྡོམ་པའི་དབང་གི་བརྒྱུད་པ་ཞིག་གི་རིམ་པ་ལྔ་པར་ཡང་སློབ་དཔོན་འདིའི་མཚན་དྲངས་འདུག །འགའ་ཞིག་གིས་གྲུབ་ཆེན་ལྭ་བ་པ་ནི་ཏེ་ལོ་པའི་བཀའ་བབས་བཞིའི་བླ་མའི་གྲས་སུ་བཞེད་པ་དང་། རྒྱ་གར་གྱི་གྲུབ་ཆེན་བརྒྱད་ཅུའི་ནང་གི་སློབ་དཔོན་ཀམ་པ་ལི་ཞུ་བ་དེ་ཡིན་པ་དུང་དཀར་བློ་བཟང་འཕྲིན་ལས་ཀྱི་དེབ་དམར་མཆན་འགྲེལ་ཨང365པར་གསལ་བ་ལ་སོགས་པ་བདེན་མིན་དཔྱད་པར་འཚལ།
ཆོས་དྲུག་པོ་འདི་དག་མི་རབས་བདུན་དུ་ཆིག་བརྒྱུད་ལས་སྤེལ་མི་ཆོག་པའི་བཀའ་རྒྱ་མཛད་པ་ནི། སྤྱིར་ཆིག་བརྒྱུད་ཅེས་པ་སོ་སོ་སྐྱེ་བོ་འཆིང་བ་ཀུན་ལྡན་མིའི་དབང་དུ་མཛད་ཀྱི། གཞན་རྡོ་རྗེ་འཆང་ཆེན་པོས་དཔའ་བོ་དང་མཁའ་འགྲོ་སོགས་འཁོར་མཐའ་ཡས་པའི་དབུས་སུ་གསུངས་པ་དང་། ཆིག་རབས་བདུན་ཁོ་ནར་གདམས་པ་དེ། ཆོས་འདིའི་གདུལ་བྱ་མང་པོ་མི་འབྱུང་བའི་ཕྱིར་ཡིན། རིམ་པས་བྱིན་གྱིས་རློབ་ཅིང་ལུང་བསྟན་པར་འགྱུར་རོ་ཞེས་གསུངས་པས་མཁས་གྲུབ་ཁྱུང་པོ་འཕགས་ཡུལ་ནས་ཐེངས་གསུམ་པར་བོད་དུ་ལོག་ཕེབས་རྗེས་རྒྱ་དཔེ་འགའ་ཞིག་རུལ་བའི་ལོ་རྒྱུས་ཡོད་པ་དེ་ནི། ཕལ་ཆེར་ཆོས་དྲུག་ལ་སོགས་པའི་གདམས་པའི་དཔེ་འགའ་ཞིག་ལ་གོ མཁས་གྲུབ་ཁྱུང་པོའི་ཆོས་དྲུག་གི་དཔེ་འདི་རྣམས་ཇོ་བོ་རྗེའི་དཔེ་དང་གཅིག་པས། ལོ་ཆེན་རིན་ཆེན་བཟང་པོ་དང་གླན་དར་མ་བློ་གྲོས་ཀྱིས་བསྒྱུར་བ་དེ་མཁའ་འགྲོ་ནི་གུ་མས་བྱིན་གྱིས་བརླབས་པ་ཡིན། ཡང་ནི་གུ་ཆོས་དྲུག་གི་གདམས་པ་འདི་ཉིད་མི་རབས་བདུན་ལས་སྤེལ་མ་ཆོག་ཅེས་གསུངས་པར་གྲངས་བདུན་སྨོས་པའི་རྒྱུ་མཚན་གང་ཡིན་ཞེ་ན། དེ་ནི་ཕལ་ཆེར་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུས་བཤེས་གཉེན་ཆོས་འཕགས་འཚོལ་བའི་ཚེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒྲིགས་བམ་རྒྱ་རིམ་པ་བདུན་དུ་བཏབ་པའི་རྟེན་འབྲེལ་གྱིས་ཞི་བྱེད་པའི་ཐུན་མོང་མ་ཡིན་པའི་གདམས་པ་རྒྱུད་སྟོང་ཐུན་དང་བཅས་པ། དབང་ལམ་ཁྲིད་དང་བཅས་པ། དེ་མིན་གསང་མཛོད་གསུམ། ལམ་སྐོར་ལ། བེའུ་བུམ་བརྒྱད་བཅས་ཀྱང་སློབ་དཔོན་ཐོགས་མེད་དང་། དབྱིག་གཉེན། བྲམ་ཟེ་ཨརྱ་དེ་བ། དམ་པ། ཀུན་དགའ། པ་ཚབ། ཏེ་ནེ་བཅས་མི་རབས་བདུན་གྱི་བར་ཆིག་བརྒྱུད་ཀྱིས་བཀའ་རྒྱས་བཏབ་པ་དང་འདྲ་བ་ཡིན་སྙམ། དེ་ལྟར་ནི་གུ་ཆོས་དྲུག་གི་གདམས་པ་ཚད་ལྡན་མི་རབས་བདུན་དུ་ཆིག་བརྒྱུད་ལས་མ་སྤེལ་བ་འདི་ཉིད་ཡིན་ཚེ། ནི་གུ་མ་དང་ལྭ་བ་པར་མངའ་ཞིང་། ཇོ་བོ་ཨ་ཏི་ཤ་ལ་འདིའི་རྒྱ་དཔེ་ཡོད་ལ། ལོ་ཆེན་རིན་ཆེན་བཟང་པོ་དང་གླན་དར་མ་བློ་གྲོས་ཀྱིས་བསྒྱུར་བའོ།
།དཔལ་ལྡན་ཤངས་པའི་བཀའ་སྲོལ་འདིར་ནི་གུ་ཆོས་དྲུག་ཅེས་སུ་གྲགས་པ་དེ་ཡང་ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མས་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ལ་གནང་བའི་ཟབ་དོན་སྙིང་པོར་དྲིལ་བའི་གཞུང་ཆོས་དྲུག་རྡོ་རྗེའི་ཚིག་རྐང་ཉིད་མ་ཕྱིར་བཟུང་བས། དེ་ནི་ཤངས་པའི་གདམས་པ་ཐམས་ཅད་ཀྱི་སྲོག་ཤིང་ལྟ་བུ་ཡིན་ལ། ཤངས་པ་བཀའ་བརྒྱུད་པའི་ཚབ་མཚོན་གྱི་བ་དན་ཞིག་ཀྱང་ཡིན། འོ་ན་སྤྱིར་རྡོ་རྗེའི་ཚིག་རྐང་ལ་བཀའ་རྡོ་རྗེའི་ཚིག་རྐང་དང་། བསྟན་བཅོས་རྡོ་རྗེའི་ཚིག་རྐང་གཉིས་སུ་ཡོད་པ་ལས། གཞུང་དེ་གང་དུ་གཏོགས་ཤེ་ན། གཞུང་འདི་ཉིད་ཀྱི་ལྷིང་གཞིའི་སྐབས་སུ་ཐེག་ཆེན་སྐྱེ་མེད་རང་སྒྲ་འདི་སྐད་ཐོས་ཞེས་པའི་ཚིག་སྦྱར་ཡོད་སྟབས་ནི་གུ་མས་རྒྱལ་བ་རྡོ་རྗེ་འཆང་ལས་དངོས་སུ་གསན་པ་རྟོགས་ཐུབ་པས། བཀའ་ལ་གཏོགས་པ་ཡིན། དེས་ན་ནི་གུ་ཆོས་དྲུག་གི་རྡོ་རྗེའི་ཚིག་རྐང་འདི་ཉིད་དང་། རས་ཆུང་སྙན་བརྒྱུད་ཀྱི་རྡོ་རྗེའི་ཚིག་རྐང་སོགས་ལྟ་བུ་བཀའ་རྡོ་རྗེའི་ཚིག་རྐང་དང་། ཤངས་པའི་ལམ་ཁྱེར་རྣམ་གསུམ་གྱི་རྡོ་རྗེའི་ཚིག་རྐང་དང་། ལམ་འབྲས་རྡོ་རྗེའི་ཚིག་རྐང༌། སྤྲོས་མེད་རྡོ་རྗེའི་ཚིག་རྐང་སོགས་ལྟ་བུ་ནི་བསྟན་བཅོས་རྡོ་རྗེའི་ཚིག་རྐང་ངོ༌།
II.3.2.1
།གཅིག །ནི་གུ་ཆོས་དྲུག་གི་སྔོན་འགྲོ་བཤད་པ།
དེ་ཡང་སྟོན་པས་གསུངས་པའི་ལུང་གི་དམ་ཆོས་གང་ཞིག །ཡུལ་མི་སྤོང་བར་ལམ་དུ་བྱེད་པའི་མྱུར་བདེའི་ཐབས་ཁྱད་པར་དུ་འཕགས་ཤིང་། རྒྱུ་འབྲས་ལྷུན་འགྲུབ་ཏུ་སྤྱོད་པའི་ཚུལ་གཙོ་བོར་སྟོན་པའི་རིགས་སུ་གནས་པ། རྗོད་བྱེད་བརྗོད་བྱ་ཟག་མེད་ཀྱི་བདེ་བའི་རྒྱུ་ལམ་འབྲས་བུ་དང་བཅས་པ་རྣམས་དང་། དེའི་ཕྱོགས་སུ་གཏོགས་པ་རྣམས་ཏེ་དེ་དག་ལ་གསང་སྔགས་ཀྱི་ཚུལ་དང་། རྒྱུད་སྡེ། རྡོ་རྗེ་ཐེག་པ། རིག་པ་འཛིན་པའི་སྡེ་སྣོད། འབྲས་བུའི་ཐེག་པ་ཞེས་ཀྱང་བྱ་ལ། གསང་སྔགས་ཀྱི་སྒྲ་དོན་ཡང་ལེགས་སྦྱར་གྱི་སྐད་དུ་མནྡ་ཞེས་པ་སྟེ། འདུས་པ་ཕྱི་མ་ལས་དབང་པོ་དང་ནི་ཡུལ་རྣམས་ཀྱི། རྐྱེན་གྱིས་གང་དང་གང་བྱུང་ཡིད། །ཡིད་དེ་མན་ཞེས་བྱ་བར་བཤད། ཏྲ་ནི་སྐྱོབ་པར་བྱེད་པའི་དོན་ཞེས་གསུངས་པས། ཡིད་འཁོར་བ་དང་ཉོན་མོངས་པའི་ཚ་གདུང་ལས་སྐྱོབ་པའི་ཕྱིར་གསང་སྔགས་ཞེས་སུ་གསུངས་པའམ། ཡང་ན་སྣོད་མིན་རྣམས་ལ་གསང་ནས་ཚུལ་བཞིན་དུ་སྤྱད་པས་འགྲུབ་པར་འགྱུར་བའི་ཕྱིར་གསང་སྔགས་ཞེས་སུ་བརྗོད་དེ། དུས་འཁོར་ལས་གསང་བས་འགྲུབ་ཕྱིར་གསང་སྔགས་ཏེ། །རྡོ་རྗེ་ཐེག་པ་འབྲས་བུ་ཆེ་ཞེས་གསུངས་ཤིང་། སྐབས་འདིར་གང་ལ་གསང་བའི་ཡུལ་སྣོད་མིན་དེའང་ཕྱི་ནང་གི་རྟོག་གེ་བ་ཚིག་ཙམ་ལ་བལྟ་ཞིང་ཕྱོགས་རེ་ལ་མངོན་པར་ཞེན་པ་དང་ལྟ་སྤྱོད་ཁྱད་པར་ཅན་འདི་བློར་མི་ཤོང་བ་དག་གོ
།དེས་ན་ཁ་རྒྱུན་དུ་གསང་སྔགས་གསང་བས་འགྲུབ། གསང་སྔགས་དད་པས་འགྲུབ་ཅེས་གྲགས་པ་བཞིན། བེ་རོའི་རྣམ་ཐར་འདྲ་འབག་ཆེན་མོར་ཡང་ཐེག་ཆེན་གསང་སྔགས་འབྲས་བུའི་ཆོས་གཅིག་པུ། །ཐུན་མོང་མ་ཡིན་མཆོག་ཏུ་གསང་བའི་ཆོས་ཞེས་པ་ལྟར་གསང་སྔགས་རྡོ་རྗེ་ཐེག་པའི་བསྟན་པ་འདི་ཉིད་ནི་ཆེས་ཟབ་ལ་ཤིན་ཏུ་གསང་བའི་འབྲས་བུའི་ཆོས་ཉག་གཅིག་ཡིན་པས་གསང་སྔགས་ཀྱི་ཟབ་མོའི་གདམས་པ་གང་ཞིག་ཐོས་བསམ་དང་ཉམས་ལེན་བྱེད་པར་དེ་དག་ལེགས་པར་ཉར་ཚགས་བྱེད་ཐུབ་པའི་སྣོད་ལྡན་གྱི་གང་ཟག་ཅིག་དགོས་ལ། གང་ཟག་དེས་ཀྱང་ཐུན་མོང་ལམ་གྱི་རྒྱུད་སྦྱོང་ཅི་དགོས་ངེས་པར་སྔོན་དུ་འགྲོ་དགོས་པ་ལས། དད་པ་དང་སྙིང་རྗེ། དབང་བསྐུར། ཚུལ་ཁྲིམས་སོགས་དང་བྲལ་བའི་མི་ཞིག་གིས་གསང་སྔགས་ཉམས་སུ་མྱོང་ན་བྱིས་པ་ལྕགས་སྲེག་མིད་པ་དང་མཚུངས་པར་གསུངས་པ་ཡང་། འཕགས་པ་རྡོ་རྗེ་ཁྲོ་བོའི་རྟོག་པ་བསྡུས་པའི་རྒྱུད་ལས་དད་པ་དང་ཡང་མི་ལྡན་ཞིང་། །བྱང་ཆུབ་སེམས་ཀྱང་མ་བསྐྱེད་དེ། །དབང་བསྐུར་རྗེས་གནང་མ་ཐོབ་ལ། །སྡོམ་ཚུལ་དམ་ཚིག་བྲལ་བའི་མི། །གསང་སྔགས་རང་ཉིད་ལེན་པ་ནི། །བྱིས་པ་ལྕགས་སྲེག་མིད་པ་འདྲ། །ཐོག་མ་མེད་སྒྲིབ་བཀྲུ་བའི་ཕྱིར། རྡོ་རྗེ་སློབ་དཔོན་འདི་སྐད་བརྗོད་ཅེས་འཁོད་པ་ལྟར་ཡིན་ལ། འདི་དང་ཕྱོགས་འདྲ་བར་རྒྱལ་དབང་ལྔ་པ་ཆེན་པོས་འདི་ན་རྒྱུ་དང་འབྲས་བུའི་ཐེག་པ་ལས། །ཆེས་ཟབ་གསང་བ་སྔགས་ཞེས་རབ་གྲགས་ཀྱང་། །ཐུན་མོང་ལམ་གྱི་རྒྱུད་སྦྱང་མ་སོང་བར། །མ་དུལ་གླང་པོ་བཞོན་ན་བདག་ཉིད་ཕུང་ཞེས་དང་། ཡོ་ཧན་སྦོ་ལོ་ཕེར་དཱ་(John Blofeld)ཡིས་ཅི་འདྲའི་ཉེན་ཁ་ཆེ་བའི་འཚོལ་བསྙེག་ཅིག་བྱ་བར། ལམ་བུ་འདིའི་ཐོག་ཡུན་རིང་བགྲོད་མྱོང་བ་དང་གང་དེའི་གསུང་མཐའ་དག་རྣམ་དཔྱོད་ཀྱི་རྩ་ལ་ལས་ཐོན་པའི་བླ་མ་ཞིག་གི་མཛུབ་ཁྲིད་མེད་ན། དེ་ནི་ཚོར་འདུ་བརླག་པའི་སྨྱོན་པའི་བྱ་སྤྱོད་དུ་འགྱུར་སྲིད་ཅེས་སོགས་གསུངས་པ་བཞིན། ལེགས་པར་མ་དུལ་བའི་གླང་པོ་ཆེ་བཞོན་པ་ལྟར་མཐར་རང་ཉིད་རྡོ་རྗེ་དམྱལ་བའི་འོབས་དོང་དུ་ལྷུང་ནས་ནམ་ཞག་གཏན་དུ་ཕུང་བར་འགྱུར། དེར་བརྟེན་ཐོག་མ་ཉིད་ནས་དངོས་གཞི་སེམས་དོན་ལ་མཐོ་སྙབ་མི་བྱ་བར། སྔོན་འགྲོའི་ཆོས་འདི་རྣམས་སྙིང་ལ་རྡོ་རུས་འཁྲོད་ངེས་བསྒོམ་པ་ཤིན་ཏུ་གལ་ཆེ་ཆོས་དྲུག་གི་གདམས་པ་འདི་ཉིད་ཉམས་ལེན་བྱེད་པར་ཡང་ཐོག་མར་ཁྲིད་རིམ་སྤྱི་དང་མཐུན་པར་དལ་འབྱོར་རྙེད་དཀའ་དང་། འཆི་བ་མི་རྟག །ལས་རྒྱུ་འབྲས། འཁོར་བའི་ཉེས་དམིགས་བཅས་ཀྱི་བློ་ལྡོག་རྣམ་བཞིས་རྒྱུད་འཁུལ་ཏེ་ཁ་ཙམ་ཚིག་ཙམ་མ་ཡིན་པའི་བློ་སྣ་དྲག་པོ་བསྐྱེད་དགོས་ལ་སྐྱེས་བུ་ཆེ་འབྲིང་ཆུང་གསུམ་གྱི་སྒོ་ནས་ལམ་ཐུན་མོང་བས་རྒྱུད་ལེགས་པར་སྦྱངས་ཤིང་བདེ་དགྱེས་གང་རུང་གི་དབང་བཞི་མཚན་ཉིད་ཚང་བ་ལེགས་པར་ཐོབ་པ་དང་། དབང་དུས་སུ་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་རྣམས་ལ་གཅེས་སྦྲས་སུ་བྱེད་པ་ནི་ལམ་འདིའི་སྔོན་འགྲོར་མེད་དུ་མི་རུང་དུ་དགོས་ཞེས་འཁོད་པ་ལྟར་ཐོག་མར་ཐུན་མོང་བའི་ལམ་སྦྱངས་ཤིང་དབང་བཞི་ལེགས་པར་ཐོབ་པ་མ་ཟད། དབང་དུས་སུ་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་གཡག་རྔ་བཞིན་དུ་སྲུང་དགོས་པ་ཡིན། སྐབས་འདིར་ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མའི་ཆོས་དྲུག་རྡོ་རྗེའི་ཚིག་རྐང་གིས་བསྟན་པའི་གོ་རིམ་བཞིན་ཆོས་དྲུག་པོ་དེ་དག་གི་སྔོན་འགྲོ་ཞིང་བར་བྱ་བ་ལ།
རྡོ་རྗེའི་ཚིག་རྐང་འདི་ཉིད་ལས་དབང་བཞིས་སྨིན་བྱས་དད་དང་བརྩོན་འགྲུས་ལྡན། མི་རྟག་སྐྱོ་ཤས་ཉེས་དམིགས་སྔོན་འགྲོ་བས་ཞེས་གསུངས་པ་ལྟར། ཆོས་ཟབ་མོ་འདི་ཉིད་ལ་མ་འཇུག་པའི་སྔོན་དུ་དཔལ་རྒྱུད་སྡེ་ཆེན་པོ་ལྔ་ལ་སོགས་པའི་དཀྱིལ་འཁོར་དུ་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་བསྐུར་བ་གལ་ཆེ་སྟེ། རྡོ་རྗེ་སྒོའི་རྒྱུད་ལས་གཞི་ནི་དབང་ལ་བརྟེན་པ་དང༌། །ལམ་ནི་དབང་གིས་བགྲོད་པ་དང་། འབྲས་བུ་དབང་དུ་གནས་པའོ་ཞེས་གསུངས་པ་ལྟར་གསང་སྔགས་མངོན་སུམ་ལམ་པའི་གཞི་ལམ་འབྲས་གསུམ་ཐམས་ཅད་དབང་ལ་བརྟེན་པ་དང་། དབང་གིས་བགྲོད་པ། དབང་དུ་གནས་པས། དབང་མ་ཐོབ་པ་རྣམས་ལ་དངོས་གྲུབ་མི་འབྱུང་བ་སྟེ། ཕྱག་ཆེན་ཐིག་ལེ་ལས་དབང་མེད་པ་ལ་དངོས་གྲུབ་མེད། །བྱེ་མ་བཙིར་ཡང་མར་མེད་བཞིན་ཞེས་གསུངས་པ་བཞིན་ནོ། །དེར་བརྟེན་ཐོག་མར་དབང་བཞིས་རྒྱུད་སྨིན་པ་སྟེ། ཕྱི་བུམ་པའི་དབང་གིས་ལུས་སྨིན། ནང་གསང་བའི་དབང་གིས་ངག་སྨིན། གསང་བ་ཤེས་རབ་དབང་གིས་ཡིད་སྨིན། ཡང་གསང་ཚིག་དབང་གིས་སེམས་སྨིན་པའི་གང་ཟག་དེ་དག་ལ་དད་པ་དང་། བརྩོན་འགྲུས། མི་རྟག །སྐྱོ་ཤས་ཏེ་ཐུན་མོང་སྔོན་འགྲོའི་ཆོས་བཞི་ཡོངས་སུ་ལྡན་པས། གོས་དྲི་མ་ཅན་ལ་ཚོས་མི་ཆགས་པ་ལྟར་རང་རྒྱུད་མ་དག་ན་དགེ་སྦྱོར་མི་སྐྱེ་ཞིང་ཐར་པ་ཐོབ་དཀའ་བས་ཐུན་མོང་མ་ཡིན་པ་དག་བྱེད་ཨའི་སྟོང་ར་དང་བླ་མའི་རྣལ་འབྱོར་གྱིས་རྒྱུད་སྦྱང་སྟེ། རང་རྒྱུད་ལ་མངའ་བའི་སྡིག་སྒྲིབ་ཉེས་ལྟུང་སོགས་ཀྱི་དྲི་མ་མཐའ་དག་སྦྱོང་བར་འབད་དགོས། ཡང་དག་བྱེད་སྟོང་ར་ཞེས་པ་རྒྱ་གར་མཁའ་འགྲོའི་ཁྱད་འཕགས་ཀྱི་གདམས་པ་བཅོ་ལྔ་ལས་རང་རྒྱུད་དྲི་མ་ཉམས་ཆགས་འདོགས། །འདི་ནི་སྟོང་རའི་མཚན་ཉིད་ཡིན་ཞེས་གསུངས་པ་ལྟར་ཟབ་མོའི་ཆོས་སྐྱེ་བའི་གེགས་སུ་འགྱུར་བའི་རང་རྒྱུད་ཀྱི་ཉོན་མོངས་པའི་དྲི་མ་ཐམས་ཅད་འདག་པར་བྱེད་པ་དེ་ལ་དག་བྱེད་ཨའི་སྟོང་ར་ཞེས་སུ་འབོད། སྤྱིར་ཆོས་དྲུག་གི་སྔོན་འགྲོ་ལ་གདམས་པའི་སྣོད་ཀྱི་ཆ་རྐྱེན་མི་འདྲ་བའི་དབང་གིས་དུས་ཡུན་རིང་ཐུང་སྣ་ཚོགས་འགོར་སྲིད་ཀྱང་། ནི་གུ་ཆོས་དྲུག་གི་ཞལ་ཤེས་དགོས་རྣམས་ཀྱི་ལྷན་ཐབས་སུ་དངོས་གཞི་རྒྱུད་ལ་སྐྱེ་བ་ལ་སྔོན་འགྲོ་ཚད་ལ་ཕེབས་དགོས་པ། སྔོན་འགྲོ་ལ་འཇུར་བ་གལ་ཆེ། ངས་ཞག་བཞི་བཅུ་ཞེ་ལྔ་ལ་འབུངས་ཞེས་གསུངས་པ་ལྟར་མཁས་བཙུན་གཞོན་ནུ་གྲུབ་ཀྱིས་སྔོན་འགྲོ་ལ་ཞག་བཞི་བཅུ་ཞེ་ལྔ་སྤྱད་པ་དེ་ཙམ་ཚད་དུ་བཟུང་ན་སྐྱོན་ཆེར་མེད་སྙམ། དེ་ལྟར་དངོས་གཞི་ལས་སྔོན་འགྲོ་ཟབ་པས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྔོན་འགྲོའི་ཆོས་མ་ལུས་པ་རང་གི་བླ་མའི་བཀའ་བཞིན་ལེགས་པར་གྲུབ་ཟིན་རྗེས་ཟབ་ལམ་དངོས་ལ་འཇུག་པར་བྱ་བ་སྟེ། རྡོ་རྗེའི་ཚིག་རྐང་འདི་ཉིད་ལས་ལམ་མཆོག་འདི་ལ་གང་གིས་འབད་གྱུར་ན། །ཟླ་དྲུག་ལོའམ་ཚེ་འདིར་སངས་རྒྱས་འགྱུར་ཞེས་འཁོད་པ་བཞིན་ཆོས་དྲུག་གི་ལམ་མཆོག་འདི་རང་རྒྱུད་དུ་ཉམས་ལེན་བྱེད་པའི་དངོས་གཞི་དང་། ཀཿཐོག་རིག་འཛིན་ཚེ་དབང་ནོར་བུས་རྗེས་སུ་སྨོན་ལམ་བཀྲ་ཤིས་བསྔོ་བའོ་ཞེས་གསུངས་པ་ལྟར་རྗེས་སུ་བཀྲ་ཤིས་པའི་སྨོན་ལམ་བརྗོད་ནས་དགེ་རྩ་བསྔོ་བ་དང་རྒྱས་འདེབ་པ་བཅས་སྦྱོར་དངོས་རྗེས་གསུམ་ཚང་བར་ཉམས་སུ་ལེན་ན་དབང་པོ་རབ་ཀྱིས་ཟླ་བ་དྲུག་དང་། འབྲིང་གི་ལོ། ཐ་མས་ཀྱང་ཚེ་འདི་རང་དུ་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་འགྱུར་བས་ས་ཆོད་ཤིན་ཏུ་ཆེ་བར་གསུངས་སོ།
II.3.2.2
།གཉིས། ནི་གུ་ཆོས་དྲུག་དངོས་བཤད་པ།
དེ་ལྟར་རྒྱ་གར་མཁའ་འགྲོའི་ཁྱད་འཕགས་ཀྱི་གདམས་པ་བཅོ་ལྔའི་ནང་ཚན་དུ་གཏོགས་པའི་ནི་གུ་ཆོས་དྲུག་གི་སྤྱིའི་སྔོན་འགྲོ་དང་། བྱེ་བྲག་སོ་སོར་ཡང་སྔོན་འགྲོ་རེ་ཡོད་ངེས་ཀྱང་། འདིར་རེ་རེ་བཞིན་མ་སྤྲོས། དེ་དག་གི་རྣམ་གྲངས་ནི་གཏུམ་མོ་བདེ་དྲོད་རང་འབར། སྒྱུ་ལུས་ཆགས་སྡང་རང་གྲོལ། རྨི་ལམ་ཉིང་འཕྲུལ་རང་དག །འོད་གསལ་གཏི་མུག་རང་སངས། འཕོ་བ་མ་བསྒོམས་སངས་རྒྱས། བར་དོ་རྒྱལ་བ་ལོངས་སྐུ་བཅས་པ་ལས།
༡ གཏུམ་མོ་བདེ་དྲོད་རང་འབར།
གཏུམ་མོ་བདེ་དྲོད་རང་འབར་ཞེས་པ་འདིའི་མཚན་ཉིད་ཀྱང་། རྡོ་རྗེ་སྙིང་འགྲེལ་ལས་སྲེག་བྱེད་ཕྱིར་ན་གཏུམ་མོར་བཤད་ཅེས་པ་དང་། རྒྱ་གར་མཁའ་འགྲོའི་ཁྱད་འཕགས་ཀྱི་གདམས་པ་བཅོ་ལྔ་ལས་བདེ་དྲོད་རང་བཞིན་སྟོང་གསལ་འཆར། །འདི་ནི་ཐབས་ལམ་མཚན་ཉིད་ཡིན་ཞེས་གང་ལ་གནད་དུ་བསྣུན་པའི་ཕུང་ཁམས་མ་དག་པ་རྣམས་སྲེག་ཅིང་ཉོན་མོངས་རྣམ་རྟོག་ཐམས་ཅད་རྩད་ནས་གཅོད་པས་གཏུམ་ཞེས་དང༌། བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མྱུར་དུ་བསྐྱེད་པར་བྱེད་པས་མོ་ཞེས་བྱ་བ་ཡིན་ལ། གཏུམ་མོ་ནི་ཨ་དྷི་སྟེ་ལྟེ་བར་མ་ལས་ཐོབ་པ་དམར་ཆའི་དྭངས་མ་གཏུམ་མོ་ཨ་ཐུང་དང༌། སྤྱི་བོར་ཕ་ལས་ཐོབ་པ་དཀར་ཆའི་དྭངས་མ་བྱང་ཆུབ་ཀྱི་ངོ་བོ་རྫི་ཡིག་སྟེ་བྱང་སེམས་དཀར་དམར་ཞུ་བདེའི་ཐིག་ལེ་གཉིས་འབར་འཛག་གིས་རྡོ་རྗེའི་ལུས་ལ་བདེ་དྲོད་བསྐྱེད་དེ་སྟོང་གསལ་གྱི་ཡེ་ཤེས་ཁྱད་པར་ཅན་སྐྱེ་བར་བྱེད་པའི་རྣལ་འབྱོར་ཞིག་ཡིན་ཏེ། གསེར་ཆོས་ཀྱི་ལམ་རིམ་སྙིང་པོར་དྲིལ་བའི་གསོལ་འདེབས་སྙིང་གི་བདུད་རྩི་ལས་འོག་ལྟེ་བའི་ཨ་ཐུང་འོད་འབར་ལ། །སྲོག་རྩོལ་གྱི་རླུང་གིས་བསྲུབས་པ་ལས། གཟུང་འཛིན་གྱི་བུད་ཤིང་སྲེག་བྱེད་པའི། །ལམ་གཏུམ་མོ་འབྱོང་བར་བྱིན་གྱིས་རློབས་ཞེས་གསུངས་པ་བཞིན་རང་ལུས་ཐབས་ལྡན་དང་གཞན་ལུས་ཤེས་རབ་ཀྱི་རྣལ་འབྱོར་གཉིས་ཀྱི་སྒོ་ནས་ཡས་འབབ་ཟག་བཅས་དང་། མས་བརྟན་ཟག་མེད་དགའ་བཞི་འཕོ་འགྱུར་མེད་པ་བསྐྱེད་ལ་བདེ་སྟོང་ལྷན་སྐྱེས་ཀྱི་ཡེ་ཤེས་བརྟན་པར་བྱ་སྟེ། དེ་ལ་གཏུམ་མོ་མེ་རྒོད་དྲག་པོའི་སྦྱོར་བས་རྩ་རྒོད་རླུང་རྒོད་བཏུལ་ནས་དྲོད་བཙན་ཐབས་སུ་བསྐྱེད་པ་གཏུམ་མོ་རང་གི་སྔོན་འགྲོ་སྔོན་དུ་སོང་ནས། སྦྱོར་བ་བཞི་ལྡན་གྱི་བུམ་པ་ཅན་དང་སྦྲེལ་བ་དཔྱིད་ཐིག་འབར་འཛག་འཇམ་པོའི་རྣལ་འབྱོར་གྱིས་དངོས་གཞི་ཟས་སུ་ཟ་བ། ཡན་ལག་ཏུ་གོས་སུ་གྱོན་པ། གདན་དུ་འདིང་བ། རྟ་རུ་བཞོན་པ་རྣམས་སྤྱོད་ལམ་གང་དང་འཚམ་པར་ཉམས་སུ་ལེན་ཅིང་། རྗེས་སྲིད་པའི་དབང་ཞུ་བ། གེགས་རང་གྲོལ་། ཐོན་ཆོས་བྱིན་རླབས་བླ་མའི་གཏུམ་མོ་རྣམས་ཀྱི་གྲུབ་པའོ།།
༢ སྒྱུ་ལུས་ཆགས་སྡང་རང་གྲོལ།
ཆོས་དྲུག་གི་གཉིས་པ་བོགས་འདོན་སྒྱུ་ལུས་འདི་ཡང་གཏུམ་མོའི་འོག་ཏུ་འཆད་པ་ནི། རྒྱལ་དབང་དགེ་འདུན་རྒྱ་མཚོས་ནང་གི་རྐྱེན་གཏུམ་མོའི་རྣལ་འབྱོར་དང་། ཕྱིའི་རྐྱེན་ཕྱག་རྒྱ་སྲོག་རྩོལ་དུ་སོང་བ་ལ་བརྟེན་ནས་ཁྱབ་བྱེད་ཀྱི་རླུང་ཕྲ་མོ་ཡང་མ་ལུས་པར་མི་ཤིགས་པའི་ཐིག་ལེ་ལ་ཐིམ་པའི་དཔེའི་འོད་གསལ་མཐར་ཐུག་ལས་བདག་བྱིན་བརླབ་ཀྱི་རིམ་པ་སྒྱུ་ལུས་སུ་ལྡང་བ་འབྱུང་བའི་ཕྱིར་རོ་ཞེས་གསུངས། སྒྱུ་ལུས་ཞེས་པ་འདིའི་མཚན་ཉིད་ནི་མཉམ་མེད་སྐུགས་ལུང་པས་ཀུན་རྫོབ་ལས་སྣང་གིས་བསྡུས་པ་ཐམས་ཅད་བདེན་པ་མེད་པར་སྟོན་པར་བྱེད་པའི་ཆོས་ཞེས་པ་ལྟར། སྣང་གྲགས་ཀྱི་ཆོས་ཐམས་ཅད་སྒྱུ་མར་ཤེས་པའི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་དེའི་སྟོབས་ཀྱིས་ཆགས་སྡང་ཐམས་ཅད་རང་སར་གྲོལ་བའམ་ཞི་བར་བྱེད་པའི་རྣལ་འབྱོར་ཞིག་ཡིན། དེའི་གདམས་པ་ལ་གསུམ་སྟེ་འདུས་བྱས་མི་རྟག་ནམ་འཆི་ངེས་མེད་པས། ཅིས་ཀྱང་དགོས་མེད་རང་ཉིད་ཡི་དམ་ལྷ། །སྤྱི་བོའི་བླ་མར་མོས་གུས་གསོལ་བཏབ་པས། །རང་ཐིམ་དུས་གསུམ་སྤྲོ་བསྡུ་ལྷུག་པར་བཞག་ཅེས་པ་ལྟར་དབང་པོ་རབ་བླ་མ་དམ་པ་གྲོགས་སུ་བསྟེན་པ། འབྲིང་ཚིག་གཞན་གྱིས་བར་མ་ཆོད་པར་ཁྲིད་པ་སྟེ་ལྷ་དང་བླ་མ་མོས་གུས་དྲན་འདུན་གསུམ། རྟག་ཏུ་མི་བྲལ་རང་གཞན་སྣོད་བཅུད་ཀུན། །སྣང་ཡང་བདེན་པར་མ་གྲུབ་སྒྱུ་མ་དང༌། །རྨི་ལམ་དངོས་ཡིན་འཛིན་མེད་རང་ངོ་བསྐྱང་ཞེས་པ་ལྟར་རོ། །ཐ་མ་མལ་གཅིག་ཏུ་ཏིང་ངེ་འཛིན་སྐྱེད་པའོ། །དང་པོ་རབ་ལ་མོས་གུས་བླ་མ་ལམ་ཁྱེར་དང་ཅིར་སྣང་བདེན་མེད་ལམ་ཁྱེར་གཉིས། དབང་པོ་རབ་ལ་གྲོགས་ཞེས་བརྗོད་དེ། ནི་གུ་ཆོས་དྲུག་གི་ཁྲིད་ཡིག་བདུད་རྩིའི་རྒྱ་མཚོ་ལས་འདུ་བྲལ་མེད་པའི་དོན་གྱིས་ན་གྲོགས། གོང་ནས་གོང་དུ་འཁྲིད་པར་བྱེད་པས་ན་གྲོགས། ཡོན་ཏན་ཐམས་ཅད་སྐྱེད་པའམ། ཚེ་གཅིག་གམ། ལོ་ཟླས་སངས་རྒྱ་བའི་དོན་གྱིས་གྲོགས་སོ་ཞེས་གསུངས། གཉིས་པ་འབྲིང་ལ་རང་ལུས་སྣང་སྟོང་ལྷའི་སྐུ་དང་ཅིར་སྣང་སྒྱུ་མའི་ལམ་ཁྱེར་གཉིས། གསུམ་པ་ཐ་མར་འགྲོ་འདུག་མང་པོ། འཕོ་བསྐྱས་མང་པོ། བློ་སྣ་མང་པོ། ལོང་གཏམ་མང་པོ་བཅས་བསད་པ་བཞི་དང་བྲལ་བས་འགྲོ་དྲུག་སྒྱུ་མར་འཆར་བྱེད་ཀྱི་ཏིང་ངེ་འཛིན་གནད་བརྒྱད་ལྡན་སྒོམ་ཞིང༌། ནད་གདོན་སྒྱུ་མར་ལམ་དུ་འཁྱེར་བས་འཆར་བྱེད་ཡོན་ཏན་ཚོགས་དྲུག་དང་། ཞེན་མེད་སྒྱུ་མ་རང་ཤར་རྣམས་ཤུགས་ལས་འབྱུང་བར་འགྱུར། དེའི་རྗེས་ཤེས་ནི། ཁྲིད་ཡིག་བདུད་རྩིའི་རྒྱ་མཚོ་ལས་སྤྱོད་ལམ་ཐམས་ཅད་དུ་འཆི་བ་ཡིན་སྙམ་པ་དང༌། བླ་མའི་མོས་གུས་དང་། ཁྱད་པར་དུ་འགྲོ་ཆག་ཉལ་འདུག །ཟས་གོས་གཏམ་སྙན་མི་སྙན་ལ་སོགས་པ། ཆགས་སྡང་ཡུལ་དུ་འཕྲད་པའི་ཚེ་ང་གཉིད་དུ་སོང་འདུག །འདི་རྨི་ལམ་གྱི་འགྲོ་འདུག་དང་། རྨི་ལམ་གྱི་ཆགས་སྡང་ལ་སོགས་པར་འདུག་སྙམ་དུ་བསམས་ལ། ངག་ཏུ་ཡང་སྒྱུ་མ་རྨི་ལམ་བརྗོད་ཅེས་པ་ལྟར་རོ།།
༣ རྨི་ལམ་ཉིང་འཕྲུལ་རང་དག
ལམ་གྱི་ཚོད་འཛིན་རྨི་ལམ་འདི་ཡང་སྒྱུ་ལུས་ཀྱི་གདམས་པའི་ཡན་ལག་ཡིན་པའི་ཕྱིར་དེའི་འོག་ཏུ་བཤད་ལ། འདུན་པའི་གནད་ཀྱི་གདམས་པ་རྨི་ལམ་ཉིང་འཕྲུལ་རང་དག་གི་མཚན་ཉིད་ནི་ཉིང་འཁྲུལ་བདེན་མེད་བདེ་བར་ཤར། །འདི་ནི་རྨི་ལམ་མཚན་ཉིད་ཡིན་ཞེས་པ་ལྟར། འཁོར་འདས་སྣང་གྲགས་ཀྱི་འཁྲུལ་སྣང་ཐམས་ཅད་བདེན་མེད་དུ་ཤེས་ཏེ། རྨི་ལམ་གྱི་འཁྲུལ་བ་ཐམས་ཅད་རང་ཡལ་དུ་འགྲོ་བའི་རྣལ་འབྱོར་ཁྱད་པར་ཅན་ཞིག་ཡིན། དེ་ཡང་རང་ཟིན་དབང་བཞི་འཕྱུག་མེད་གནད་དགུ་ཡིས། རྨི་ལམ་བཟུང་སྦྱོང་གཏན་འབེབས་རྣམ་ཐར་འབྱོངས་ཞེས་རྨི་ལམ་རང་ཟིན་བྱེད་པ་ལ། ཐོག་མར་དབང་བཞི་ཚང་བ་དང་། འཕྱུག་མེད་གནད་དགུ་སྟེ། ཐོ་རངས། ནམ་ལངས། ཉི་ཤར་ཏེ་དུས་ཀྱི་གནད་གསུམ་དང་། སྐྱིལ་དྲུང་། ཙོག་པུ། སེང་གེའི་ཉལ་ཐབས་ཏེ་ལུས་ཀྱི་གནད་གསུམ། རྟོག་མེད་ལ་བཟུང་བ་གཉིས་དང་༈ རྟོག་བཅས་ལམ་དུ་འཁྱེར་བ་སྟེ་དམིགས་པའི་གནད་གསུམ་ཡོངས་སུ་སྤྱད་ནས་རྨི་ལམ་གཟུང་བ་དང་། སྦྱང་བ། སྤེལ་བ། སྤྲུལ་བ། བསྒྱུར་བ། ཡུལ་སྣང་བཅས་རྣམ་པ་དྲུག་ལ་རབ་ཏུ་བརྩོན་པ་ཡིན། དེའི་གདམས་ངག་གི་སྔོན་དུ་རང་ཟིན་ཐིག་ལེ་དབང་བཞིའི་གནད་དང་འཕྱུག་མེད་ཀྱི་གནད་དགུ་ལ་བརྟེན་ནས་རྨི་ལམ་དུ་ཤར་ཚད་ངོས་བཟུང་། འཁྲུལ་སད་བདེ་སྟོང་འབྱམས་ཀྱི་གེགས་རྣམས་མོས་གུས་ཚོགས་གསོག་ལ་སོགས་པས་བསལ། རྨི་ལམ་རྨིས་ཚད་ཟིན་ནས་རྨི་ལམ་སྣང་ཚད་བདེན་པར་མ་གྲུབ་པས། །རང་ཉིད་འབྱུང་བཞི་སེམས་ཅན་ཕྲ་དང་རགས། །འཇིག་རྟེན་འཇིག་རྟེན་འདས་པའི་གཉེན་པོ་ནི། གང་འདུལ་སྤྲུལ་ནས་སེམས་ཀྱི་རྩལ་སྦྱང་བྱ་ཞེས་འཁོད་པ་ལྟར་རྨི་ལམ་ཟིན་ཚད་ལུས་ཀྱིས་སེམས་སྦྱོང་བ། སེམས་ཀྱིས་ལུས་སྦྱོང་བ། བདག་མེད་མ་དང་འདུན་པས་སྦྱོང་བ་རྣམས་ཀྱིས་རྨི་ལམ་གྱི་རྩལ་སྦྱོང་ཞིང་འོད་གསལ་དང་བསྲེ། དེ་རྗེས་རྨི་ལམ་བདེན་མེད་གང་བྱས་ཆོག་པས་ན། །མེ་ཉིད་ཆུ་དང་བེམ་པོ་སེམས་ཅན་སོགས། །དངོས་པོ་ཕན་ཚུན་ལྷ་སྐུ་སྣ་ཚོགས་བསྒྱུར། ལྷར་སྣང་མཚན་ཉིད་གསུམ་ལྡན་འཆར་བར་བྱ་ཞེས་པ་ལྟར་འབྱུང་བཞི་དང་སེམས་ཕྲ་རགས། འཇིག་རྟེན་ལས་འདས་པ་རྣམས་ལ་ཐུག་ཕྲད་དང་གང་འདུལ་དུ་སྤེལ་ཞིང་སྤྲུལ་བར་བྱ། དེ་དག་ཐམས་ཅད་སྣང་སྟོང་ཞེན་བྲལ་དུ་བསྒྱུར་བས་བདེ་ལ་ཞེན་པ་མེད་པ། གསལ་ལ་རྟོགས་པ་མེད་པ། སྣང་ལ་རང་བཞིན་མེད་པའི་མཚན་ཉིད་གསུམ་ལྡན་གྱི་ལྷ་སྐུ་རང་ཤར་དུ་སྒྲུབ་པའོ།།
༤ འོད་གསལ་གཏི་མུག་རང་སངས།
སྤྱིར་སྙིང་པོ་འོད་གསལ་གྱི་དབྱེ་བར་དཔེ་དང་དོན་གྱི་འོད་གསལ་གཉིས་དང་། དཔེའི་འོད་གསལ་ལའང་མཆོག་དམན་གྱི་རིམ་པ་ཇི་སྙེད་པ་ཡོད་ཀྱང་། རྩ་བ་ཡལ་ག་ལོ་མ་མེ་ཏོག་གིས། །སྲབ་མཐུག་འོད་གསལ་སྐུ་གསུམ་ལམ་དུ་ཁྱེར་ཞེས་གསུངས་པ་ལྟར་འོད་གསལ་སྐུ་གསུམ་ལམ་ཁྱེར་གྱི་གདམས་པ་འདིའི་མཚན་ཉིད་ནི། རྒྱ་གར་མཁའ་འགྲོའི་ཁྱད་འཕགས་ཀྱི་གདམས་པ་བཅོ་ལྔ་ལས་གསལ་སྟོང་འཛིན་མེད་བདེ་བ་ཆེ། །འདི་ནི་འོད་གསལ་མཚན་ཉིད་ཡིན་ཞེས་པ་ལྟར། གསལ་བ་དང་སྟོང་པ་དབྱེར་མེད་པ། འཛིན་པ་ཐམས་ཅད་དང་བྲལ་བ་ནམ་མཁའ་ལྟ་བུ་མཐའ་དབུས་མེད་པ་ཞིག་ཡིན་པས། སྐྱེར་སྒང་པའི་རྣམ་ཐར་དུ་མཁའ་འགྲོ་མ་སུ་ཁ་སིདྡྷིས་ནམ་མཁའ་རིག་མེད་སྟོང་པ་ལ། །རིག་བཅས་སེམས་ཀྱི་རྩ་བ་གཅུན། །རྩ་བ་གཅུན་ལ་ལྷུག་པར་ཞོག་ཅེས་རིག་པ་དང་བཅས་པའི་སེམས་ཀྱི་རྩ་བ་ལ་བཅོས་མི་བྱ་བར་ལྷུག་པར་ཞོག་གསུངས། འདི་ཉིད་ཉམས་སུ་ལེན་པ་ལ་སྔོན་འགྲོ། རྩ་བ་མི་རྟག་སྐྱོ་ཤས། ཡལ་ག་སྤྱོད་ལམ་དམ་རྫས། ལོ་འདབ་ཐབས་ལམ་རང་མདངས། གསོལ་འདེབས་མེ་ཏོག་འཆར་བྱེད་བཞིས་རྐང་བཟུང་སྟེ། དངོས་གཞི་འཛིན་པའི་ཐབས་གསུམ་གྱིས་སྲབ་མཐུག་གི་འོད་གསལ་བཟུང་། ཉིན་མཚན་སྐུ་གསུམ་རང་ཤར་གྱི་ལམ་དུ་ཁྱེར། གསལ་སྟོང་མཉམ་རྗེས་ཉིན་མཚན་བདེ་སྟོང་དབྱེར་མེད་དུ་བསྲེ་བ་རྣམས་ལ་བསླབས་པས་འོད་གསལ་གྱི་རྟོགས་པ་དང་པོ་གསལ་སྟོང་དབྱེར་མེད། གཉིས་པ་བདེ་སྟོང་དབྱེར་མེད། གསུམ་པ་ཟབ་ཞི་སྤྲོས་བྲལ། བཞི་པ་དབྱེར་མེད་མཐར་ཐུག་འོད་གསལ་རྣམས་རིམ་གྱིས་འཆར་ཏེ། མཐར་དག་པ་གཉིས་ལྡན་གྱི་འོད་གསལ་མངོན་དུ་འགྱུར་བ། མངའ་བདག་མཻ་ཏྲི་པ་ཆེན་པོའི་ལྟ་བ་གཏན་ལ་དབབ་པའི་རྡོ་རྗེའི་མགུར་དུ་ལོ་སྟོང་ལོན་པའི་མུན་པ་མཐུག་པོ་ལ། །སྒྲོན་མེ་ཆུང་ངུ་གཅིག་གིས་སེལ་བ་ལྟར། །འཁོར་བའི་རབ་རིབ་ཆགས་སྡང་མཐུག་པོ་ཡང་། །རང་སེམས་རྟོགས་པའི་སྐད་ཅིག་གཅིག་ལ་ཞི་ཞེས་པ་དང་། འབྲས་བུ་གཏན་ལ་དབབ་པ་རྡོ་རྗེའི་མགུར་ལས་ཀྱང་རེ་དོགས་མེད་པ་སེམས་ཉིད་གཉུག་མ་དེས། །དྲན་པ་མེད་པས་བརྗོད་མེད་ཏིང་འཛིན་ཐོབ། །སྐྱེ་བ་མེད་པས་འགྱུར་མེད་ལྟ་བ་ཐོབ། །འཛིན་པ་མེད་པས་ཕྱོགས་མེད་སྤྱོད་པ་ཐོབ། རྐྱེན་དང་བྲལ་བས་བློ་འདས་འབྲས་བུ་ཐོབ། །བྱས་པ་མེད་པས་དཀའ་བའི་ལས་རྣམས་ཟིན། །བསགས་པ་མེད་པར་ཟད་མེད་གཏེར་རྣམས་བསོགས། །འདུས་པ་མེད་པར་འབྲལ་མེད་གྲོགས་དང་མཇལ། །བུམ་པ་བཟང་དང་དཔག་བསམ་ནོར་བུ་ལྟར། །འབྲས་བུ་རང་བྱུང་འདི་ནི་ངོ་མཚར་ཆེ་ཞེས་པ་ལྟར་རོ།
།འོད་གསལ་དེ་ཡང་དུས་ཀྱི་དབང་ནས་བཤད་དེ། གྲུབ་ཆེན་ཐང་སྟོང་རྒྱལ་པོས་མཁས་བཙུན་བདེ་ལེགས་དཔལ་ལ་བསྩལ་བའི་རང་གྲོལ་ཕྱག་རྒྱ་ཆེན་པོའི་ཞལ་གདམས་སུ་གཉིད་དུས་འོད་གསལ་མ་ཟིན་ན། །སེམས་ངོ་འཕྲོད་ཀྱང་དོན་རེ་ཆུང་། །བར་དོར་འོད་གསལ་མ་ཟིན་ན། །གནད་གཅོད་སྡུག་བསྔལ་ཤ་རེ་གཡའ་ཞེས་གསུངས་པ་བཞིན་གཉིད་ཀྱི་དུས་སུ་འོད་གསལ་ཟིན་མ་ཐུབ་ན་སེམས་ཀྱི་རང་བཞིན་ངོ་འཕྲོད་ཀྱང་དོན་མི་ཆེ་བ་དང་། བར་དོའི་སྐབས་སུ་འོད་གསལ་ཟིན་མ་ཐུབ་ན་སྡུག་བསྔལ་གྱི་མནར་གཅོད་ལས་ད་དུང་ཐར་བར་དཀའ། དེ་ལྟར་གོང་གི་སྒྱུ་ལུས། རྨི་ལམ། འོད་གསལ་འདི་རྣམས་རྗེ་བཙུན་སྒྲོལ་མས་དབོན་སྟོན་ཐུགས་རྗེ་ཆེན་མོར་གསུངས་པར་སྒྱུ་ལུས་བདེན་མེད་གནད་ཡིན་ཨ་འཐས་ཤིག །རྨི་ལམ་འདུན་པའི་གནད་ཡིན་ལམ་དུ་ཁྱེར། །འོད་གསལ་མོས་གུས་གནད་ཡིན་གསོལ་བ་ཐོབ། གཞན་དོན་སྙིང་རྗེའི་གནད་ཡིན་ཕྱོགས་འཛིན་སྤོངས་ཞེས་པ་ལྟར། སྒྱུ་ལུས་ནི་ཆོས་ཐམས་ཅད་བདེན་མེད་དུ་རྟོགས་པའི་གནད་དང་། རྨི་ལམ་ནི་འདུན་པའི་གནད། འོད་གསལ་ནི་མོས་གུས་ཀྱི་གནད། གཞན་ཕན་ནི་སྙིང་རྗེའི་གནད་བཅས་སུ་གསུངས་པ་དེ་ལྟར་དུ་འབད་དོ།།
༥ འཕོ་བ་མ་བསྒོམས་སངས་རྒྱས།
ཆད་མཐུད་འཕོ་བའི་མཚན་ཉིད་ནི། རྒྱ་གར་མཁའ་འགྲོའི་ཁྱད་འཕགས་ཀྱི་གདམས་པ་བཅོ་ལྔ་ལས་འཆི་ཁར་དྲན་པས་མངོན་འཚང་རྒྱ། །འདི་ནི་འཕོ་བའི་མཚན་ཉིད་ཡིན་ཞེས་པ་ལྟར། ད་ལྟའི་རྣམ་སྨིན་གྱི་སྒྱུ་ལུས་འདི་འཆི་ཁའི་མཐའ་ལ་ཐུག་པའི་ཚེ་དྲན་པ་ཙམ་ལ་བརྟེན་ནས་མཁའ་སྤྱོད་ཀྱི་གནས་སུ་བགྲོད་པའི་རྣལ་འབྱོར་ཞིག་སྟེ། རི་གོང་པ་ཆེན་པོས་ཡེ་ཤེས་སྐར་ཁུང་འཕོ་བ་ཡོད། །སྡིག་ཅན་གྱིས་འཆི་ཁ་དྲན་ཙམ་ན། །མཁའ་སྤྱོད་འགྲོ་བས་བློ་རེ་བདེ་ཞེས་གསུངས་པ་ཡིན། ཡེ་ཤེས་ཌཱ་ཀིའི་ཞལ་ལུང་ལས་ལས་ལ་བཟང་ངན་མ་མཆིས་པར། །མཁའ་སྤྱོད་དག་པའི་ཞིང་དུ་སྐྱེལ། །ཞག་བདུན་ཙམ་གྱི་གཏན་དོན་སྒྲུབ། །དམན་ཀྱང་འདི་ཙམ་འབད་ན་མཚར་ཅེས་གསུངས་པ་བཞིན། ཤངས་པའི་འཕོ་བ་ལྷན་ཐབས་ཀྱི་མན་ངག་ཡེ་ཤེས་སྐར་ཁུང་མ་འདི་ཉིད་ནི་སྡིག་པོ་ཆེ་བཙན་ཐབས་སུ་འཚང་རྒྱ་བའི་ལམ་ཞིག་ཡིན། དེའི་གདམས་ངག་ནི། ཆོས་སྐུ་དེ་བཞིན་ཉིད་ཀྱི་འཕོ་བ། ཟུང་འཇུག་ཡི་དམ་གྱི་འཕོ་བ། བྱིན་རླབས་བླ་མའི་འཕོ་བ། འཕྱུག་མེད་མཁའ་སྤྱོད་ཀྱི་ལམ་ནས་གོང་དུ་འཕོ་བ་སྟེ་གཞུང་རྡོ་རྗེའི་ཚིག་རྐང་གིས་བསྟན་པ་བཞི་དང༌། ལྷན་ཐབས་ཀྱི་འཕོ་བ་ཡེ་ཤེས་སྐར་ཁུང་མ་རྣམས་སུ་ཡོད་དོ།།
སྤྱིར་འཕོ་བ་དང་གྲོང་འཇུག་གཉིས་ལམ་འདིའི་ཡན་ལག་ཡིན་ལ། འཕོ་བ་བྱེད་པའི་རྟེན་གྱི་གང་ཟག་ནི་ཚེ་འདི་དང་བར་དོར་མཆོག་གྲུབ་པའི་ལམ་གྱི་རྟོགས་པ་རྙེད་པའི་རྣལ་འབྱོར་པ་གཅིག་གིས་བྱེད་ལ། དུས་ནི་ཕྱི་ནང་གི་འཆི་ལྟས་ཀྱིས་ཟིན་ཅིང་འཆི་བསླུ་བྱས་ཀྱང་མ་བཟློག་པའི་ཚེ་བྱེད་པ་ལས། འཕོ་བ་འདི་གང་དགར་བྱར་མི་རུང་སྟེ། རང་གི་ལུས་ཀྱི་ལྷ་བསད་ནས། མཚམས་མེད་རྩ་ལྟུང་བྱུང་ཞིང་ངན་འགྲོར་འགྲོའོ་ཞེས་གསུངས་པ་ལྟར། རང་དགར་འཕོ་བ་བྱས་ན་རང་ལུས་ཀྱི་ཡི་དམ་ལྷ་རྣམས་བསད་ནས་མཚམས་མེད་ལྔའི་རྩ་ལྟུང་འཕོག་པར་འགྱུར། ཤངས་པ་བཀའ་བརྒྱུད་ཀྱི་འཕོ་བ་ཆེས་ཟབ་པ་ནི་འཕྱུག་མེད་མཁའ་སྤྱོད་ཀྱི་འཕོ་བ་ཡིན་པས། ཀརྨ་རང་བྱུང་ཀུན་ཁྱབ་ཀྱིས་ཆོས་སྐུ་བླ་མ་ཡི་དམ་སྐར་ཁུང་མ། །མཁའ་སྤྱོད་ལ་སོགས་འཕོ་བ་འབྱོངས་པར་ཤོག་ཅེས་པའི་སྨོན་ལམ་གསུངས་པ་ཡིན། ཤངས་པ་བཀའ་བརྒྱུད་པའི་རིང་ལུགས་སུ་མར་པ་བཀའ་བརྒྱུད་ལྟར་གྲོང་འཇུག་གི་ཐ་སྙད་ཟུར་དུ་བརྗོད་སྲོལ་མེད།
༦ བར་དོ་རྒྱལ་བ་ལོངས་སྐུ།
བློ་ཆོད་བར་དོ་ལ་སྤྱིར་རྨི་ལམ་བར་དོ། སྒྱུ་ལུས་བར་དོ། གཞི་དུས་སྲིད་པ་ཀྱི་བར་དོ་སྟེ་གསུམ་ལས། དང་པོ་གཉིས་ནི་མིང་བཏགས་ཙམ་དང་གཙོ་ཆེ་བ་གསུམ་པ་འདིར་བཤད་པ་ཡིན་ཏེ། ཆོས་ལོངས་སྤྲུལ་གསུམ་སྤྱི་གནད་འཕྱུག་མེད་ལ་བརྟེན་ནས་དབང་པོའི་རིམ་པ་དང་མཐུན་པར་བར་དོ་གསུམ་ལ་གྲོལ་བར་བྱེད་པ་བར་དོ་རྒྱལ་བ་ལོངས་སྐུའི་མཚན་ཉིད་ནི། རྒྱ་གར་མཁའ་འགྲོའི་ཁྱད་འཕགས་ཀྱི་གདམས་པ་བཅོ་ལྔར་སྣང་སྟོང་ཞེན་བྲལ་བདེ་ཆེན་སྐུ། །འདི་ནི་ལོངས་སྐུའི་མཚན་ཉིད་ཡིན་ཞེས་འཁོད་པ་ལྟར། སྣང་བ་དང་སྟོང་པ་དབྱེར་མེད་ཞེན་བྲལ་བདེ་བ་ཆེན་པོའི་སྐུ་མངོན་དུ་བྱེད་པའི་རྣལ་འབྱོར་ཞིག་ཡིན། དེ་ཉམས་སུ་ལེན་པའི་ཚུལ་ནི། འོད་གསལ་ཆོས་སྐུ་རང་ཤར། རྒྱལ་བ་ལོངས་སྐུ་རང་ཤར། སྤྲུལ་སྐུ་འགག་མེད་རང་ཤར། ཕྱི་མ་གཉིས་ལ་ཅི་རིགས་པར་བསྣན་དགོས་པའི་སྤྱི་གནད་འཕྱུག་མེད་བཅས་ཀྱིས་དབང་པོ་རབ་འབྲིང་ཐ་མའི་རིམ་པ་དང་མཐུན་པར་བར་དོ་དང་པོ་ལ་སོགས་པའི་རིམ་པ་གསུམ་ལ་གྲོལ་ཚུལ་མཆོག་འབྲིང་དམན་གསུམ་དུ་འགྱུར་རོ། དེར་བརྟེན་འཇམ་དབྱངས་མཁྱེན་བརྩེ་དབང་པོས་འཁྲུལ་སྣང་གི་ལུས་གསུམ་རྒྱལ་བའི་སྐུར། གདོད་མ་ནས་བཞུགས་པར་ངོ་ཤེས་པས། །གཉིས་སྣང་གི་འཇིགས་སྐྲག་རང་སར་གྲོལ། །ལམ་བར་དོ་འབྱོངས་པར་བྱིན་གྱིས་རློབས་ཞེས་དང༌། དཔལ་ལྡན་ཀུན་དགའ་གྲོལ་མཆོག་གིས་དུས་ད་ལྟའི་ལས་སྣང་ཇི་སྙེད་པ། །གཤིས་མ་གྲུབ་ཆུ་ནང་ཟླ་བ་བཞིན། །དོན་འདི་ཡང་ངེས་ཤེས་སྐྱེས་པ་ན། ཕྱིས་བར་དོ་རྒྱལ་བ་ལོངས་སྐུ་འགྲུབ་ཅེས་གསུངས་པ་ཡིན། གདམས་པ་འདིའི་ངོ་བོ་ངེས་ཚིག་དབྱེ་བ་ལ་སོགས་པ་ནི་ནཱ་རོ་ཆོས་དྲུག་གི་བར་དོའི་གདམས་ངག་སྨྲོས་པའི་སྐབས་དང་འདྲ།
སྤྱིར་ན་ཤངས་པའི་ཡིག་ཆ་མང་ཆེ་བར་རྩ་བ་ནི་གུ་ཆོས་དྲུག །སྡོང་པོ་ཕྱག་རྒྱ་ཆེན་པོ་ཞེས་ཡོངས་སུ་གྲགས་ཀྱང་། ནི་གུའི་ཉམས་ལེན་གྱི་སྙིང་པོ་རྒྱུན་ཁྱེར་དུ་རྩ་བ་ཕྱག་རྒྱ་ཆེན་པོ། སྡོང་པོ་ནི་གུ་ཆོས་དྲུག་ཅེས་འཁོད་པའང་ཡོད། འདིར་ནི་ཡོངས་གྲགས་ཀྱི་ལུགས་བཞིན་དུ་བཀོད་པ་ཡིན། དེ་ལྟར་སྒྱུ་ལུས་ལམ་གྱི་གཞི་མ། གཏུམ་མོ་ལམ་གྱི་སྲོག་ཤིང་། འཕོ་བ་ལམ་གྱི་བློ་ཆོད། བར་དོ་ལམ་གྱི་བསུ་མ། རྨི་ལམ་ལམ་གྱི་དྲོད་ཚད། འོད་གསལ་ལམ་གྱི་སྙིང་པོ། གྲོང་འཇུག་ལམ་གྱི་མཐུད་མ། ལས་རྒྱ་ལམ་གྱི་བོགས་ཐོན། ཟུང་འཇུག་ལམ་གྱི་མཐར་ཐུག་དེ་རྣམས་རིམ་པར་ཉམས་སུ་ལེན་པས་མཐར་ཟུང་འཇུག་གི་གོ་འཕང་ལ་མངའ་བརྙེས་པར་འགྱུར། དེས་ན་འཇམ་དབྱངས་མཁྱེན་བརྩེ་དབང་པོའི་ཟབ་དོན་བསྡུས་པའི་རྡོ་རྗེའི་ཐོལ་གླུ་ངེས་དོན་ཐེམ་སྐས་སུ་ཨ་དྷི་ཞུ་བདེའི་འབྲོས་འདེད་ཐིག་ལེའི་ལམ། །འཁོར་ལོ་བཞི་རུ་བཅིངས་པ་ཐིག་ལེའི་གནད། །སྣང་སྟོང་ལྷ་སྐུར་ལྟ་བ་སྒྱུ་ལུས་ལམ། ཞེན་མེད་སྤྲུལ་པ་ལྡང་བ་སྒྱུ་ལུས་གནད། །ཉལ་ཁར་འདུན་པས་གཅུན་པ་རྨི་ལམ་ལམ། །ཉལ་སློང་སྐྱེ་མེད་ལ་གཞོལ་རྨི་ལམ་གནད། །སྣོད་བཅུད་དྭངས་མར་བསྡུ་བ་འོད་གསལ་ལམ། །རླུང་སེམས་མཉམ་པར་འཆིང་བ་འོད་གསལ་གནད། ཆོས་ཉིད་རྣམ་གསུམ་དྲན་པ་བར་དོའི་ལམ། །རྟག་ཏུ་འཁྲུལ་བར་བལྟ་བ་བར་དོའི་གནད། །ཚངས་བུག་དྭངས་མ་འཕོ་བ་འཕོ་བའི་ལམ། །རླུང་སེམས་བསྡུ་ཞིང་བཀག་པ་འཕོ་བའི་གནད། །དེ་ལྟར་རྩ་བ་ཡན་ལག་རིམ་པ་ཡིས། །ཟབ་མོ་རྫོགས་པའི་དོན་རྣམས་བསྡུས་པ་སྟེ་ཞེས་ཆོས་དྲུག་གི་བསྡུས་དོན་འདིས་འཐུས་པར་བྱས་སོ།
།མདོར་ན། ལྐུགས་ལུང་པ་སངས་རྒྱས་དཔལ་བཟང་གིས་རྡོ་རྗེ་འཆང་དབང་ཐུགས་ཀྱི་རྒྱ་མཚོ་ཆེར། །ཁྱུང་པོ་རྣལ་འབྱོར་དད་པའི་གྲུར་ཞུགས་ཏེ། །ཡེ་ཤེས་མཁའ་འགྲོའི་དེད་དཔོན་ལ་བརྟེན་ནས། བོད་ཡུལ་དབུས་སེལ་ནོར་བུའི་ཕྲེང་བ་བླངས་ཞེས་གསུངས་པ་ལྟར་ནི་གུ་ཆོས་དྲུག་ནི་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱིས་འཕགས་ཡུལ་དུ་རྡོ་རྗེ་འཆང་དངོས་ཀྱིས་རྗེས་སུ་བཟུང་བའི་ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མ་ལས་ཞུས་ཤིང་བོད་ཡུལ་དུ་སྤེལ་བར་མཛད་པའི་གདམས་ངག་མཆོག་འགྱུར་ཞིག་ཡིན་ལ། ཤངས་པའི་བརྒྱུད་པ་རིམ་བྱོན་གྱིས་ཆོས་དྲུག་གི་ཁྲིད་ཡིག་དེ་དག་དཔང་དུ་བཞག །དངོས་དོན་ཞིབ་མོར་བསམ། བསྒོམ་དོན་མ་ལུས་རྟོགས་པའི་ལོ་རྒྱུས་ཀྱི་དུས་རིམ་བརྒྱུད་མྱོང་བའི་འཁྲུལ་མེད་ཀྱི་གདམས་པ་ཞིག་ཡིན་ལ། མཁའ་འགྲོ་མ་སུ་ཁ་སིདྡྷིས་རྗེ་བཙུན་བིརཱུ་པར་ཕུལ་བའི་འབྲས་ཆང་བཞིན་ཉིང་ལ་ཉིང་སིངས་བྱས་པ་ཞིག་ཀྱང་ཡིན་སྟབས་ཤངས་པ་བཀའ་བརྒྱུད་ཀྱི་ཆོས་བརྒྱུད་སྤྱིའི་དཔེ་མཚོན་རང་བཞིན་གྱི་གདམས་པ་ཞིག་ཏུ་གྱུར་པས། དེབ་སྔོན་སོགས་སུ་ཤངས་པའི་ཆོས་བརྒྱུད་ཞིང་སྐབས་ནི་གུའི་བརྒྱུད་པ་དང་བཅས་པའི་སྐབས་ཞེས་འཁོད་ཡོད་ལ། ཀཿཐོག་རིན་པོ་ཆེས་ཀྱང་ཚེ་གཅིག་སངས་རྒྱས་བསྒྲུབ་པའི་ཉམས་ལེན་ནུས་ན་ཆོས་འདི་(ནི་གུ་ཆོས་དྲུག་)ཁོ་ནས་ཀྱང་ཆོག་པར་བརྡོག་ངེས་ཀྱི། ཡི་གེ་འདི་(ཆོས་དྲུག་གི་ཁྲིད་ཡིག་ཅིག་)བཀོད་པའི་དུས་མཁའ་འགྲོའི་ལྟས་དང་ཆོ་འཕྲུལ་རྒྱུན་མི་ཆད་པར་བྱུང་བས་གཉན་ལ་བྱིན་བརླབས་ཆེན་པོ་ཡོད་པའི་ངེས་ཤེས་སྐྱེས་སོ་ཞེས་གསུངས། ནི་གུ་ཆོས་དྲུག་གི་སྐོར་ཞིབ་པར་མཉམ་མེད་རྨོག་ལྕོག་པའི་རིན་ཆེན་འོད་ཕྲེང་དང་། མཁས་བཙུན་རྒྱལ་མཚན་འབུམ་གྱི་ཆོས་དྲུག་གི་འགྲེལ་པ་བདུད་རྩིའི་རྒྱ་མཚོ་སོགས་འཇག་བསམ་གྱི་ཁྲིད་ཡིག་ཁུངས་མ་རྣམས་ལས་ཡང་དག་ཏུ་ཤེས་པར་བྱ་དགོས་པ་ལས། དེ་མིན་གྱི་ནི་གུ་ཆོས་དྲུག་གི་ཁྲིད་ཡིག་ཏུ་མིང་བཏགས་ཡོད་ཚད་ལ་མ་ཡིན་ཏེ་དཔེར་ན་རྒྱལ་དབང་དགེ་འདུན་རྒྱ་མཚོའི་ཁྲིད་ཡིག་ལྟ་བུ་ནི་གུ་ཆོས་དྲུག་གི་ཁྲིད་ཡིག་ཡིན་ཟེར་བ། རྗེ་དགེ་འདུན་རྒྱ་མཚོས་ཉེ་བར་སྦྱར་བ་ལྟ་བུ་ནི། ནི་གུ་མས་མ་གསུངས། ཁྱུང་པོ་ལས་མ་ཐོས། བརྒྱུད་པའི་བླ་མ་སུས་ཀྱང་མ་དགོངས་པའི་བཅོས་མ་ནི་གུའི་ཆོས་ཞེས་པའི་མིང་ཙམ་ལ་རྒྱུག་ཅིང་། ཆོས་རྒྱུས་མེད་པའི་བླུན་པོ་འབྲིད་བྱེད་ཙམ་དུ་ཟད་ཅེས་རྗེ་བཙུན་ཏཱ་ར་ནཱ་ཐས་བཀག་པའི་ཕྱིར་རོ།
II.3.2.3
།གསུམ། ནི་གུ་ཆོས་དྲུག་གི་བཀའ་བཅུའི་ཕྱག་ལེན།
ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མས་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ལ་དངོས་སུ་བསྩལ་བའི་ཟབ་ལམ་ཆོས་དྲུག་དང་འབྲེལ་བའི་བཀའ་བཅུ་ལ། ནི་གུ་ལུགས་ཀྱི་བདེ་མཆོག་ལྷ་ལྔའི་དབང་བསྐུར་དང་། བདེ་མཆོག་ལྷ་ལྔའི་ཏིང་ངེ་འཛིན་གྱི་དབང་བསྐུར་ཏེ་བྱིན་རླབས་སྒོ་འབྱེད་ཀྱི་བཀའ་གཉིས། སྒྱུ་ལུས་དབང་མོ་ཆེ་སྐུར་བ་དང་། རྒྱུད་སྡེ་ལྔའི་ཏིང་ངེ་འཛིན་གྱི་དབང་བསྐུར་ཏེ་བྱིན་རླབས་ཁོག་ཕུབས་ཀྱི་བཀའ་གཉིས། གཏུམ་མོའི་སྒོས་བཀའ་དང་། སྒྱུ་ལུས་སྒོས་བཀའ། རྨི་ལམ་སྒོས་བཀའ། འོད་གསལ་སྒོས་བཀའ། འཕོ་བའི་སྒོས་བཀའ། བར་དོའི་སྒོས་བཀའ་བྱེད་པ་བཅས་ཏེ་བྱིན་རླབས་གཞུང་ཤིང་གི་བཀའ་དྲུག་བཅས་སོ།
II.3.2.4
།བཞི། ནི་གུ་ཆོས་དྲུག་དང་ནཱ་རོ་ཆོས་དྲུག
ཤངས་པ་བཀའ་བརྒྱུད་དང་དྭགས་པོ་བཀའ་བརྒྱུད་གཉིས་ཀྱི་སྲོལ་འབྱེད་མཁན་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་དང་མར་པ་ཆོས་ཀྱི་བློ་གྲོས་གཉིས་ལ་ཆ་མཚོན་ན། སྐུ་འཁྲུངས་པའི་ལོ་དུས་ལ་སྔ་ཕྱིའི་ཁྱད་པར་ཆེན་པོ་མེད་རྐྱེན་རང་རང་གི་ཆོས་བརྒྱུད་སྤེལ་བའི་ལོ་རྒྱུས་ཀྱི་གནས་བབས་དང་ཁོར་ཡུག་གི་རྒྱབ་ལྗོངས་འདྲ་ལ། མཐར་ཐུག་གི་ཆོས་ཀྱང་འཕགས་ཡུལ་དུ་ཐེངས་གསུམ་རེ་ཕེབས་ནས་ཞུས་པ་ཡང་འདྲ། དེས་མ་ཚད་དྭགས་ཤངས་གཉིས་ཀྱི་གདམས་ངག་གཙོ་བོ་སྟེ་ཆོས་དྲུག་ཞུ་སའི་བླ་མ་ཡང་མར་པ་ལོ་ཙཱ་བས་རྒྱ་གར་དུ་ཕེབས་ཐེངས་དང་པོར་རྗེ་ནཱ་རོ་པ་བསྟེན་པས་བཀའ་བབས་བཞིའི་གདམས་པར་གྲགས་པ་ཐབས་ལམ་ནཱ་རོ་ཆོས་དྲུག་དང་། མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱིས་རྒྱ་གར་དུ་ཕེབས་ཐེངས་གཉིས་པར་རྗེ་ནཱ་རོ་པའི་ལྕམ་ནི་གུ་མ་བསྟེན་པས་ནི་གུ་ཆོས་དྲུག་ཅེས་གདམས་པ་གནང་མཁན་གྱི་བླ་མའི་མཚན་མི་འདྲ་བ་ཙམ་གྱི་ཁྱད་པར་ལས་ཆོས་དུག་གི་གདམས་ངག་སྤྱི་ནི་ཚིག་རིས་ནས་དཔྱད་ན་འདྲ་བ་དང་། ཆོས་དྲུག་གི་རྣམ་གྲངས་འདྲེན་ཚུལ་དང་མཚན་འགོད་ཚུལ་ཡང་འདྲ་བ་སྟེ། ནཱ་རོ་ཆོས་དྲུག་ནི། གཏུམ་མོ། འོད་གསལ། སྒྱུ་ལུས། ཟུང་འཇུག །འཕོ་བ། གྲོང་འཇུག་སྟེ་དྲུག་བཅས་ཡིན་ལ་ངོ་བོ་ངེས་ཚིག་དབྱེ་བ་བཅས་ལ་ཁྱད་པར་ཆེར་མེད་ཀྱང་། དེ་དག་ལ་འདྲ་ཆོས་ཡོད་པ་ཙམ་གྱིས་ཡོངས་སུ་གཅིག་མཚུངས་རེད་ཅེས་ཁ་ཚོན་བཅད་ན་བྲམ་ཟེའི་བུ་ཁ་ཆེ་སྣ་ཉག་ལ་སེང་གེ་དང་འདྲ་བ་ཙམ་རྒྱུ་མཚན་དུ་བྱས་ནས་སེང་གེ་རེད་ཅེས་བརྗོད་པ་ལྟར་མི་འཐད་དེ། ཌཱ་ཀི་མ་ནི་གུའི་ཞལ་ནས་ཆོས་དྲུག་གི་དབང་གདམས་ངག་དང་བཅས་པ་འདི་རྗེ་བཙུན་ལྭ་བ་པ་དང་ང་གཉིས་མ་གཏོགས་པ་རྒྱ་གར་ན་ཡང་ཤེས་པ་མེད་པས་ཞེས་གསུངས་པར་གཞིགས་ན། སྐབས་འདིར་ནི་གུ་ཆོས་དྲུག་གི་དབང་དང་གདམས་ངག་ཡོངས་སུ་རྫོགས་པར་མཁྱེན་མཁན་གྱི་གྲས་སུ་རྗེ་བཙུན་ནཱ་རོ་པའི་མཚན་སྨོས་མེད་པས་སོ། ཡང་དྭགས་པོ་ལྷ་རྗེས་སློབ་མ་རྣམས་ལ་ངས་འཆི་བ་མི་རྟག་པ་དང་། བླ་མའི་མོས་གུས་དང་། ཅིར་སྣང་སྒྱུ་མ་རྨི་ལམ་དུ་ཁྱེར་བ་དང་། གསུམ་པོ་དེ་བསྒོམས་པས། ཆོས་དྲུག་ཀ་རྫོགས་ནས་བྱུང་བ་ཡིན་ཞེས་པ་ལྟར་ན། འཆི་བ་མི་རྟག་པ་དང་། བླ་མའི་མོས་གུས། སྒྱུ་མ་ལམ་ཁྱེར་གསུམ་པོ་དེ་གཙོ་ཆེར་བསྒོམས་པས་ཆོས་དྲུག་གཞན་རྣམས་ཀྱང་ཞར་དུ་རྫོགས་པར་གསུངས་པས། ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མའི་སྒྱུ་ལུས་འབྲིང་པོ་དང་། ནཱ་རོ་ཆོས་དྲུག་གི་སྒྱུ་ལུས་གཉིས་ཀ་འདྲ་བ་ཡིན་མོད། འོན་ཀྱང་ནཱ་རོ་ཆོས་དྲུག་འདི་མ་རྒྱུད་ ཐམས་ཅད་ཀྱི་སྙིང་པོ་བསྡུས་པ། དེ་ལས་ཀྱང་ཀྱཻ་རྡོ་རྗེའི་མན་ངག་ཏུ་བཞེད་དེ། རྗེ་མར་པས་མཛད་པའི་དཔལ་རྒྱུད་ཀྱི་རྒྱལ་པོ་ཀྱཻ་རྡོ་རྗེའི་བརྟག་གཉིས་པའི་ཁྲིད་ཡིག་འབུམ་ཆུང་ཉི་མ་དང་ཀྱཻ་རྡོ་རྗེའི་རྩ་རྒྱུད་ཀྱི་འགྲེལ་པ་བཀའ་ཡང་དག་པའི་ཚད་མ་སོགས་སུ་མ་རྒྱུད་བཅུ་གསུམ་(འགར་བཅུ་བཞི་)ལས་སྙིང་པོ་ཀྱཻ་རྡོ་རྗེའི་རྒྱུད་འདི་བརྟག་པ་སུམ་ཅུ་རྩ་གཉིས་སུ་ཕྱེ་ནས་བསྐྱེད་རྫོགས་ཀྱི་རིམ་པ་དང་། རྩ་རླུང་གི་རྣམ་གཞག་སོགས་ཆོས་དྲུག་གི་གཞིར་འགྱུར་བའི་དོན་རྣམས་རྒྱས་པར་སྟོན་ལ། དེ་དག་མ་ཤེས་ན་གང་གི་མི་ཤེས་ཀྱེ་རྡོ་རྗེ། །དེ་ནི་ངལ་བ་དོན་མེད་འགྱུར་ཞེས་ཆོས་དྲུག་སོགས་ཀྱི་ཆོས་གཞན་ཅི་རིགས་འབད་པས་བསྒྲུབས་ཀྱང་དོན་གྱི་འབྲས་བུ་མི་འབྱུང་བར་གསུངས། དེ་ལྟར་རྗེ་མར་པས་སྙིང་པོ་ཀྱེ་རྡོ་རྗེའི་རྒྱུད་རྒྱས་པར་བཀྲལ་བ་སོགས་ལ་དམིགས་ནས་རྗེ་བཙུན་མི་ལས་ཀྱང་ལྷོ་བྲག་ན་མར་པ་ལོ་ཙཱ་ཟེར་བ། རྒྱ་གར་གྱི་ནཱ་རོ་པའི་སློབ་མ། ཀྱི་རྡོར་གྱི་གདམས་ངག་ཆོས་དྲུག་ཅེས་པ་སྟོན་པ་གཅིག་བཞུགས་ཞེས་གསུངས་པ་ཡིན་ལ། ནི་གུ་ཆོས་དྲུག་འདི་ཕ་རྒྱུད་ཐམས་ཅད་ཀྱི་སྙིང་པོ་ཕྱོགས་གཅིག་ཏུ་བསྡུས་པ་ཁྱད་པར་དུ་རིན་ཆེན་རྒྱ་མཚོའི་རྒྱུད་ལ་བརྟེན་པར་བཞེད་པ་དང་། ཆོས་རྗེ་སངས་རྒྱས་སྟོན་པས་ནི་གུའི་ཆོས་དྲུག་པོ་དེ་ལ་གསང་འདུས་ལེའུ་བཅོ་ལྔ་པ་ལས་རྨི་ལམ་གྱི་འོད་གསལ་གྱི་ཆོས་མང་དུ་བྱས་པས་ཟིན་པོ་གསང་འདུས་ཆེ་བར་འདུག་ཅེས་གསང་བ་འདུས་པ་ལས་ཀྱང་སྒྱུ་ལུས་འོད་གསལ་གྱི་སྐོར་མང་དུ་བསྟན་པ་དག་ལའང་ཁུངས་བཅོལ་བར་གསུངས། གཞན་ཡང་སྔོན་འགྲོའི་སྡིག་སྦྱོང་སྐབས་སུ་ནཱ་རོ་ཆོས་དྲུག་ལ་མཎྜལ་ཡི་གེ་བརྒྱ་པ་ལ་སོགས་ཡོད་ལ། ནི་གུའི་སྐབས་ཨའི་སྟོང་ར་གཅིག་པུར་དྲིལ་བས་སྤྲོས་པ་ཆུང་ཞིང་སྡིག་སྒྲིབ་དག་པའི་རྟགས་མྱུར་དུ་འོང་བ་དང་། ཏིང་ངེ་འཛིན་སྐྱེ་སླ་བས་ཆེས་ཟབ་པའི་གནད་ཡིན།
དེར་བརྟེན་བོད་ལྗོངས་ནང་ཆོས་ཞིབ་འཇུག་ཏུ་ནཱ་རོ་པའི་ལྕམ་ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མ་རྒྱལ་བ་རྡོ་རྗེ་འཆང་གིས་རྗེས་སུ་བཟུང་ཞིང་ཆོས་བསྟན། དེ་རྗེས་ནཱ་རོ་ཆོས་དྲུག་དང་ཆེ་སར་འདྲ་ལ་ཆུང་སར་ཁྱད་པར་ཆེ་བའི་ནི་གུ་ཆོས་དྲུག་བསྟན་ཞེས་པ་ལྟར་ནི་གུ་ཆོས་དྲུག་དང་ནཱ་རོ་ཆོས་དྲུག་གི་ཁུངས་གཉིས་ཀ་རྒྱལ་བ་རྡོ་རྗེ་འཆང་ཁོ་ན་ལ་གཏུགས་པ་དང་ཐབས་ལམ་གྱི་ཆ་ཡིན་པ་འདྲ་ཡང་། རང་རང་གིས་ཉམས་སུ་ལེན་ཚུལ་མི་འདྲ་བ་ཡིན་པ་དོན་དངོས་དང་མཐུན་སྙམ།
II.3.3 - The trunk: Mahamudra
གསུམ་པ། སྡོང་པོ་ཕྱག་རྒྱ་ཆེན་པོ།
དེ་ཡང་སྒྲུབ་པ་ཉམས་ལེན་གྱི་བཀའ་བབས་འཛིན་པ་བཀའ་བརྒྱུད་པ་སྤྱིའི་ལྟ་བའི་མཐར་ཐུག་ཕྱག་རྒྱ་ཆེན་པོའི་སྒྲ་དོན་འབྱུང་ཁུངས་དང་བཅས་པ་སྔར་བཤད་ཟིན་པས་བསྐྱར་ཟློས་ཀྱི་དགོས་པ་མི་ཆེ་ཡང་། འདིར་ཤངས་པ་བཀའ་བརྒྱུད་ཀྱི་ཐུན་མོང་མ་ཡིན་པའི་ཕྱག་རྒྱ་ཆེན་པོ་གའུ་མའི་རྡོ་རྗེའི་ཚིག་རྐང་དང་བཅས་པ་ཅུང་ཟད་བརྗོད་པ་ལ།
II.3.3.1 The Mahamudra of the Amulet Box
གཅིག །ཕྱག་རྒྱ་ཆེན་པོ་གའུ་མ།
དེ་ཡང་ས་བཅུའི་དབང་ཕྱུག་རྒྱལ་བ་རྡོ་རྗེ་འཆང་གིས་སྐྱེ་མེད་གཉུག་མའི་རང་སྒྲས་འཁོར་འདས་ཕྱག་རྒྱ་ཆེན་པོའི་རང་བཞིན་ངོ་སྤྲོད་ཀྱི་ཕྱིར་དུ་ནཱ་རོ་ཏ་པའི་ལྕམ་མོ་རང་བྱུང་གི་རྣལ་འབྱོར་མ་ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུཔཱ་ལ་དངོས་སུ་གདམས་པའི་གསེར་ཆོས་ལྔའི་ནང་ཚན། མཁས་གྲུབ་ཁྱུང་པོས་བལ་པོའི་གའུ་ཙིཏྟ་འདྲ་བ་ཞིག་གི་ནང་དུ། བདེ་ཆེན་ལྷུན་གྲུབ་འདུས་མ་བྱས། །ཞེས་པ་ནས། ཐ་མལ་ཤེས་པ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པའི་བར་གྱི་རྡོ་རྗེའི་ཚིག་རྐང་ཉེར་བརྒྱད་ཅན་གྱི་ཤོག་དྲིལ་བྱིན་ཅན་ཞིག་མགུལ་དུ་འཆང་ནས་གར་ཕེབས་ཀྱང་རང་ལུས་དང་མི་བྲལ་བར་མཛད་པས། ཞྭ་ལུ་པ་བློ་གསལ་བསྟན་སྐྱོང་གིས་མ་མཁའ་འགྲོའི་གཙོ་མོ་ནི་གུ་མའི། །ཐུགས་བདུད་རྩིའི་ཡང་ཞུན་ཏཱ་ལའི་འདབ། ཚིག་ཡི་གེར་བཏབ་ནས་གའུར་བཅུག །རྗེ་ཁྱུང་པོའི་མགུལ་ལ་མཛེས་སོ་སྐད་ཅེས་གསུངས་པ་ལྟར་མཚན་ཡང་ཕྱག་རྒྱ་ཆེན་མོ་གའུ་མ་ཞེས་མཁས་གྲུབ་ཁྱུང་པོས་ཏཱ་ལའི་ལོ་མའི་སྟེང་བརྗེད་ཐོར་བཀོད་པ་གའུ་ཡི་ནང་དུ་བླུགས་ནས་སྐུ་མ་གཤེགས་བར་སྐུ་ལུས་ཀྱི་དྲོད་དང་མི་བྲལ་བར་འཆང་བས་དེ་ལྟར་དུ་གྲགས།
སྤྱིར་ཤངས་པའི་བརྒྱུད་པ་འདི་ལ་གདམས་པ་དངོས་ཀྱིས་སློབ་མ་ཇི་ལྟར་བཀྲི་བའི་ཚུལ་ལ། ཕྱག་རྒྱ་ཆེན་པོ་བཤད་རྒྱུད་རབ་ཏུ་མི་གནས་པ། རྙོག་པ་མེད་པ། གསང་བ་བླ་ན་མེད་པ་རྣམས་ཀྱི་རྗེས་སུ་འབྲངས་ནས། ལམ་སྒྲུབ་སྐོར་སྙིང་པོའི་སྐོར་ལྟར་དུ་བཀྲི་བའམ། དུས་ཀྱི་འཁོར་ལོའི་རྗེས་སུ་འབྲངས་ནས་བཀྲི་བ་སོགས་མང་མོད། ཕྱག་ཆེན་གའུ་མ་འདི་ཉིད་གཙོ་ཆེར་ཡེ་ཤེས་རྒྱ་མཚོའི་རྒྱུད། རིན་ཆེན་རྒྱ་མཚོའི་རྒྱུད། ཡོན་ཏན་རྒྱ་མཚོའི་རྒྱུད་བཅས་རྒྱ་མཚོ་རྣམ་གསུམ་གྱི་རྒྱུད་ལ་བརྟེན་ནས་བཀྲི་བར་བྱེད། ཚིག་རྐང་དེ་དག་གི་སྒྲ་དོན་ཡང་རྡོ་རྗེའི་ལུང་ལ་བཅོལ་ཏེ་ཅུང་ཟད་བརྗོད་པར་བྱ་བ་ལ།
བདེ་ཆེན་ལྷུན་གྲུབ་འདུས་མ་བྱས། །ལོངས་སྐུ་རྡོ་རྗེ་འཆང་ཆེན་གྱི། །སྐྱེ་མེད་རང་སྒྲ་འདི་སྐད་ཐོས།
།ཞེས་པ་འདིའི་དོན་ནི། ཐོག་མར་གང་ལས་ཐོས་ཤེ་ན། ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོ་ཐོག་མ་མེད་པ་ནས་ལྷུན་གྱིས་གྲུབ་པ། རྒྱུ་དང་རྐྱེན་ལས་མ་སྐྱེས་པའི་འདུས་མ་བྱས། ཆོས་སྐུའི་ངོ་བོ་ལ་གསུང་རྣམ་པ་ཐམས་ཅད་པ། རྡོ་རྗེའི་སྒྲ་དང་དབྱེར་མེད་པས་ལོངས་སྐུ། རྡོ་རྗེའི་སྐུ་རྣམ་པ་ཐམས་ཅད་པ་སྤྲུལ་སྐུ་སྟེ། སྐུ་གསུམ་གྱི་བདག་ཉིད་ཆེན་པོ་རྡོ་རྗེ་འཆང་ཆེན་གྱི་ཞལ་སྔ་ནས། གང་གིས་ཐོས་ཤེ་ན། ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མ་དེ་ཉིད་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པའི་རྡོ་རྗེའི་རྣ་བར་ཐོས་སོ། གང་ཐོས་ཤེ་ན། སྐྱེ་མེད་ཀྱི་རང་སྒྲ་ཕྱག་རྒྱ་ཆེན་པོའི་གཞུང་འདི་ཐོས་སོ་ཞེས་པའོ།
།ཐ་མལ་ཤེས་པ་ཨེ་མ་ཧོ།
།ཞེས་པའི་ཐ་མལ་ཤེས་པ་ནི་རྣམ་རྟོག་ཡིན་སྙམ་དུ་འཁྲུལ་བར་མི་བྱ་སྟེ། འདིར་མ་བཅོས་པའི་ཤེས་པར་གོ་ལ། སྐྱེ་མེད་རིན་ཆེན་མཛོད་ཅེས་པ་དང་མཐུན་པར་རྣམ་པར་མི་རྟོག་པའི་ཡེ་ཤེས་ཡིན། འདི་ལྟ་བུའི་དོན་ཟབ་མོ་སྟོན་པར་བྱེད་པ་ནི་ཨེ་མ་ཧོ་ཞེས་ཤིན་ཏུ་ངོ་མཚར་དུ་འགྱུར་བའི་ཐ་ཚིག་གོ
།སྔོན་འགྲོ་རང་བབ་རྣམ་པ་གསུམ།
།ཚིག་རྐང་འདིས་ཕྱག་རྒྱ་ཆེན་མོ་གའུ་མའི་སྔོན་འགྲོའི་ཆོས་བསྟན་ཏེ། ཇི་སྐད་དུ་སྔོན་འགྲོ་རང་བབས་གསུམ་ཞི་ལྷག་བསྐྱེད། །དངོས་གཞི་ངོ་སྤྲོད་སྐྱོན་བཞི་རང་སར་གྲོལ། །རྗེས་ཤེས་གསལ་སྟོང་སྐུ་གསུམ་རང་ཤར་དང༌། །ཕྱག་རྒྱ་ཆེན་པོ་ཆོས་ཀྱི་སྡོང་པོའོ་ཞེས་པ་དང་འདྲ་བར། ཞྭ་ལུ་པ་བློ་གསལ་བསྟན་སྐྱོང་གིས་ལམ་སྔོན་འགྲོ་རང་བབས་རྣམ་གསུམ་དང་། དོན་དངོས་གཞི་སྐྱོན་ཚོགས་བཞི་ལས་གྲོལ། །མཐར་སྐུ་བཞིའི་རང་ཞལ་ལྷུན་གྲུབ་པ། །དེ་ལམ་བཟང་འདི་ཡི་ཁྱད་ཆོས་ཉིད་ཅེས་གསུངས་པ་ལྟར། ཕྱག་རྒྱ་ཆེན་མོ་གའུ་མའམ་རང་བབས་རྣམ་གསུམ་(འདི་ལ་སྒོམ་ཚུལ་བཅོ་བརྒྱད་ཡོད་པ་ཞྭ་ལུ་པས་གསུངས་)འདི་ཉིད་མདོ་རྒྱུད་ཐམས་ཅད་ཀྱི་བརྗོད་བྱ། མན་ངག་ཐམས་ཅད་ཀྱི་ཉིང་ཁུ། མཆོག་གི་དངོས་གྲུབ་མྱུར་དུ་ཐོབ་པའི་ཐབས་མཆོག་ཅིག་ཡིན། དེའི་ཐོག་མར་སྦྱོར་བ་རང་བབས་རྣམ་གསུམ་ནི། ལུས་རང་བབས་རྣམ་སྣང་ཆོས་བདུན། ངག་རླུང་རོ་གསལ་བ་ཙམ་མ་རྟོགས་མ་བཅོས་རང་བབས། སེམས་ཡུལ་ལ་གཏད་པ་དང་ཚུར་ནང་དུ་བལྟས་ནས་སྒྲིམ་པ་ལྟ་བུ་མ་ཡིན་པར་མ་བཅོས་རང་བབས་སུ་བཞག་པའི་ཆོས་ཡིན། དེ་དག་ལས་དང་ཐོག་དབེན་པའི་གནས་སུ་ལུས་གནད་ལེགས་པར་བྱ་བ་སྟེ། བདེ་བའི་བསྟན་ལ་རྐང་པ་སྐྱིལ་ཀྲུང་། ལག་གཉིས་ས་གནོན། སྒལ་ཚིགས་དྲངས་པོར་བསྲང་། དཔུང་པ་རྒོད་གཤོག་བཞིན་གདེང་བ། མཇིང་པ་དྲང་ལ་གུག་པ། ལྕེ་རྐན་ལ་སྦྱར། མིག་སྣ་རྩེར་ཕབ། ལུས་ཡ་ཡོ་དང་དགྱེ་སྒུལ་སོགས་མེད་པར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱ་བར་བྱ་སྙམ་པའི་ཐེག་པ་ཆེན་པོའི་སེམས་བསྐྱེད་སྔོན་དུ་སོང་། དེ་རྗེས་རང་ལུས་ཡི་དམ་དང་། སྤྱི་གཙུག་ཏུ་པདྨ་དང་ཉི་མའི་གདན་གྱི་སྟེང་དུ་རང་གི་རྩ་བའི་བླ་མ་འོད་དང་འོད་ཟེར་གྱི་རང་བཞིན་ཅན་དུ་བསྒོམ། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་བརྒྱུད་པའི་བླ་མ། ཡི་དམ་ལྷ་ཚོགས། སངས་རྒྱས་བྱང་སེམས་ཆོས་འབྲེལ་ཡོད་ཚད་ལ་བསྟིམ། བླ་མ་དེ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོར་བསྒོམས་ནས། བདག་ལ་གནོད་བྱེད་ཀྱི་གཙོ་བྱས་པའི་མ་འགྱུར་སེམས་ཅན་ཐམས་ཅད། ལུས་གུས་པས་ཐལ་མོ་སྦྱར། ངག་གུས་པས་གསོལ་བ་འདེབས། ཡིད་གུས་པས་མོས་གུས་རྒྱུན་ཆད་མེད་པར་བྱེད་བསམས་ནས། བླ་མ་རིན་པོ་ཆེ་བདག་འཛིན་བློས་ཐོངས་པར། དགོས་མེད་རྒྱུད་ལ་སྐྱེ་བར། འོད་གསལ་ཕྱག་རྒྱ་ཆེན་པོ་རྟོགས་པར་མཛད་དུ་གསོལ་ཞེས་སྙིང་ཁོང་རུས་པའི་གཏིང་ནས་གསོལ་བ་དྲག་ཏུ་བཏབ་པའི་རྗེས་ལ་ལས་བཟང་ངན་ཐམས་ཅད་དོར་ཏེ་ལུས་ཀྱི་ཞྭ་བཞི་རྩ་བཞི་གློད་ནས་སོག་མ་ཕོན་ཐག་ཆད་པ་ལྟར་རྩོལ་མེད་ཀྱི་ངང་ལ་བཞག་པ་ནི་ལུས་རང་བབས་དང་། འཇིག་རྟེན་གྱི་ལོང་གཏམ་དང་སྔགས་བཟླས་པ་སོགས་ཀྱང་རེ་ཞིག་དོར་ནས་མཆུ་འབྱེད་བཙུམ་གྱི་རྩོལ་བ་མེད་ཅིང་ངག་གི་རྩོལ་སྒྲུབ་གང་ཡང་མི་བྱ་བ་ནི་ངག་རང་བབས་སོ། མདུན་གྱི་དངོས་པོ་ཕྲ་རགས་གང་རུང་ལ་གཅེར་གྱིས་བལྟས་ནས། སྤུ་རིས་ལ་སོགས་པར་བརྟག་དཔྱད་མེད་པར་སེམས་མ་གཡེངས་པའི་རྟེན་ཙམ་དུ་ཧད་དེ་བཞག །ཡིད་བསྒོམ་འདོད་ཀྱི་རྟོག་པ་དང་བྲལ་ཏེ་འདས་པའི་རྗེས་མི་གཅོད། མ་འོངས་པའི་སྔོན་མི་བསུ། ད་ལྟར་གྱི་བློ་ལ་ལས་མེད་པར་དུས་གསུམ་རྟོག་པའི་སྤྲོ་བསྡུ་མེད་པའི་ངང་དུ་གློད་དེ་མིག་གི་ལྟ་སྟངས་ཀྱིས་བསྒོམ་འདོད་ཀྱི་རྟོག་པ་དང་བྲལ་ཏེ། ཐ་ན་སྔོན་འགྲོ་ཡིན་སྙམ་པའི་རྟོག་པ་ཡང་མ་བསྐྱེད་པར་ཧད་དེ་ཕྱེད་དེ་ལས་པ་ནི་སེམས་རང་བབས་བཅས་སོ། །ལུས་གནད་དང་ལྟ་སྟངས་ནི་ཐབས་ཁྱད་པར་ཅན་ཡིན་ཏེ། དེ་ལ་གནས་ན་རྟེན་རྩ་མི་གཡོ། བརྟེན་པ་རླུང་མི་གཡོ། དེ་ལ་བརྟེན་པའི་ཁམས་དྭངས་མ་མི་གཡོ། དེ་ལ་བརྟེན་པའི་སེམས་མི་གཡོ་བར་ཟིན་པ་ཡིན། དེ་ལྟར་རང་བབས་རྣམ་གསུམ་གྱི་སྟེང་དུ་འཛིན་མེད་བཅོས་མེད་ངང་ལྷོད་ཀྱིས་གློད་པ་སྔོན་འགྲོ་དང་པོའི་ཚད་ཡིན།
དངོས་གཞི་སྐྱོན་བཞི་རང་སར་གྲོལ།
།འདིས་ཕྱག་ཆེན་གའུ་མའི་དངོས་གཞི་སྐྱོན་བཞི་རང་གྲོལ་བསྟན་པ་སྟེ། དེ་ཉིད་ཀྱི་སྦས་དོན་མངོན་པར་རྟོགས་པ་དང་དངོས་དོན་ཞིབ་པ་ཐོས་པའི་གོ་ཡུལ། བསམ་པའི་མྱོང་བ། སྒོམ་པའི་ཉམས་སྣང་སྟེ་ཤེས་རབ་གསུམ་གྱི་ཡུལ་ལས་འདས་པས་བརྗོད་དཀའ་བ་ཡང་། རང་བྱུང་ཞབས་ཀྱིས་གནས་ལུགས་སྤྲོས་བྲལ་ཕྱག་རྒྱ་ཆེན་པོ་ནི། །རྣམ་རྟོག་སྤྲོས་པའི་མཚན་མ་ཀུན་གྱིས་སྟོང༌། གསལ་ལ་འཛིན་མེད་དག་པའི་རང་བཞིན་ཏེ། དེ་བཞིན་གཤེགས་པའི་སྙིང་པོ་ཞེས་ཀྱང་བྱ་ཞེས་གསུངས་པ་ལྟར། སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་ཕྱག་རྒྱ་ཆེན་པོ་འདི་ཉིད་གསལ་སྟོང་འཛིན་མེད་ཀྱི་རང་བཞིན་ཏེ་མྱ་ངན་འདས་ཆུང་གི་མདོ་ལས་བསྟན་པའི་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་པ་དང་ཡོངས་སུ་མཚུངས། དེ་ནི་ཁམས་བདེ་གཤེགས་སྙིང་པོ་དང་གསལ་སྟོང་འཛིན་མེད། དབུ་མ་ཆེན་པོ་རྣམས་དང་འདྲ་བ་ཡིན་པས། ཕྱག་ཆེན་གའུ་མའི་རྡོ་རྗེའི་ཚིག་རྐང་ལས་མདོ་རྒྱུད་ཀུན་ཏུ་བསྟན་ཀྱང་རང་བཞིན་གབ། །བླ་མའི་བྱིན་རླབས་ཞལ་ལས་ཤེས་པར་བྱ་ཞེས་གསུངས་པ་ལྟར་ཡིན་མོད། འདིར་སྤྱི་དོན་རགས་བཤད་ཙམ་དུ་ཞིང་བ་ལ་ཐོག་མར་སྔོན་དུ་འགྲོ་བ་ཐབས་ཟབ་མོ་བླ་མའི་མོས་གུས་དང་། བཞག་ཐབས་སྒོ་གསུམ་རང་བབས་རྣམ་གསུམ་གྱིས་སྐྱོན་མེད་པའི་ཞི་གནས་སྒྲུབ་ཅིང་སེམས་འཚོལ་བ་སོགས་ཀྱིས་ལྷག་མཐོང་བསྐྱེད། ཡང་འཇམ་དབྱངས་མཁྱེན་བརྩེ་དབང་པོས་ཐ་མལ་གྱི་ཤེས་པ་སོ་མ་འདི། །སྐྱོན་བཞི་ཡི་དབང་དུ་མ་སོང་བར། རང་ངོ་རྗེན་པ་རུ་མཐོང་བ་ཡི། །གཞི་ཕྱག་ཆེན་རྟོགས་པར་བྱིན་གྱིས་རློབས་ཞེས་གསུངས་པ་ལྟར། སྐྱོན་བཞི་སྟེ་རང་སེམས་གདོད་ནས་ཆོས་སྐུ་དང་འདུ་བྲལ་མེད་ཀྱང་ཉེ་དྲགས་ནས་ངོ་མ་ཤེས། རང་ལ་ཤར་ཡང་ཟབ་དྲགས་ནས་ངོས་མ་ཟིན། དྲན་པས་ཆོག་ཀྱང་སླ་དྲགས་ནས་ཡིད་མ་ཆེས། སྐུ་གསུམ་རང་ལ་ཤར་ཡང་བཟང་དྲགས་ནས་བློར་མ་ཤོང་བའི་སྐྱོན་བཞི་སེལ་བའི་སྒོ་ནས་སེམས་ཉིད་ཀྱིས་བརྡར་ཤ་ཆོད་པར་བཅད་དེ། དངོས་གཞི་གསང་ཚིག་རྡོ་རྗེའི་རྒྱ་ལྡན་གྱི་བྱིན་འབེབས་པས་ཡེ་ཤེས་སྐུ་ཐབས་སུ་ངོ་སྤྲོད་ཅིང་གང་དེར་འཇུག་པ་ཡིན། དེས་ན་མཁའ་འགྲོ་མ་སུ་ཁ་སིདྡྷིས་ཚོགས་དྲུག་ཡུལ་དུ་མ་སྤྱད་པའི། །དྲན་མེད་མྱ་ངན་འདས་པའི་ལམ། །རྣམ་པར་མི་རྟོག་ཆོས་ཀྱི་དབྱིངས། །ཡིད་དང་བྲལ་བས་ཕྱག་རྒྱ་ཆེ། །མ་བསྒོམས་མ་བསྒོམས་བློ་མ་བསྒོམས། བློས་བསྒོམས་རྟོགས་པའི་འཕྲུལ་འཁོར་ཡིན། རྟོགས་པས་འཁོར་བར་བཅིངས་པ་སྟེ། །བློ་དང་བྲལ་བ་སྒོམ་དུ་མེད་ཅེས་གསུངས་པ་ལྟར། རྣམ་ཤེས་ཚོགས་དྲུག་གི་ཡུལ་གང་དུའང་མ་འགྱུར་བའི་མྱང་འདས་དང་ཕྱག་ཆེན་གྱི་གོ་འཕང་མཐར་ཐུག་ཐོབ་པར་བྱེད་པ་ལ། ཡིད་སྒོམ་པའི་འཕྲུལ་འཁོར་དང་བྲལ་ནས་སྣང་བ་ཐམས་ཅད་གསལ་ལ་རྟོགས་པ་མེད་པ། བདེ་ལ་ཞེན་པ་མེད་པའི་ཉམས་འཆར་བར་བྱེད་ཅིང་། ཐ་མལ་ཤེས་པ་གདོད་ནས་གསལ་སྟོང་ཟུང་འཇུག་དང་སྐྱེ་འགག་སྤྲོས་བྲལ་ཡིན་པ་འདི་ཉིད་སྣང་གྲགས་ཀྱི་ཆོས་ཐམས་ཅད་འབྱུང་བའི་གཞི་ཁོ་ནར་ངོས་འཛིན་ཏེ། དེའི་ངོས་ལ་གང་ཤར་གང་སྐྱེས་དེ་མ་བཅོས་པ་དང་མ་འཛིན་པར་ལྷོད་ལེར་བཞག་ན་གང་ཡང་ཡིད་ལ་མི་བྱ་བར་མ་བཅོས་གཉུག་མའི་ངང་ལ་བཞག་པས་རང་སར་གྲོལ་འགྱུར་ཏེ། ཆོས་རྗེ་རྨོག་ལྕོག་པས་ཕྱག་རྒྱ་ཆེན་པོའི་ངོ་བོ་ནི། །མ་བཅོས་རང་བཞིན་ལྷུན་གྱིས་གྲུབ། །སྐྱེ་འགགས་མེད་པའི་ངང་དུ་གནས་ཞེས་གསུངས་པའི་ཕྱིར་རོ།
།མཐར་ཐུག་སྐུ་བཞི་རང་ཤར་རོ།
།འདིས་ཕྱག་རྒྱ་ཆེན་པོ་གའུ་མའི་རྗེས་སྐུ་གསུམ་རང་ཤར་བསྟན་པ་སྟེ། སྣང་ལ་རང་བཞིན་མེད་པ། གསལ་ལ་རྟོགས་པ་མེད་པ། བདེ་ལ་ཞེན་པ་མེད་པའི་ལྷ་སྐུ་ཕྱག་རྒྱ་ཆེན་པོ་དེ་ཉིད། ཡེ་ཤེས་དགོངས་པའི་རྒྱུད་ལས་ལ་ཚོགས་གསལ་བ་སྤྲུལ་པའི་སྐུ། བདེ་བར་ཤར་བ་ལོངས་སྤྱོད་རྫོགས། །དབྱེར་མེད་བདེ་བ་ཆེན་པོའི་སྐུ་ཞེས་གསུངས་པ་ལྟར་སྟོང་པ་ཆོས་སྐུའི་ངོ་བོ། གསལ་བ་སྤྲུལ་སྐུའི་འཕྲིན་ལས། ཟུང་འཇུག་ལོངས་སྐུའི་རྣམ་པ་སྟེ་སྐུ་གསུམ་རང་ཤར་དུ་ཐག་བཅད་ཅིང་ངེས་ཤེས་བསྐྱེད་ནས། མོས་གུས་ཚད་མེད་དང་སྙིང་རྗེ་ཚད་མེད། ཐབས་ཁྱད་པར་ཅན་ཐ་མལ་ཤེས་པ། འོད་གསལ་ལྷ་སྐུ ཟུང་འཇུག་ཤེས་པ་རླུང་དང་བསྲེ་བ་རྣམས་ལ་བརྟེན་ནས་བོགས་འདོན། ཉམས་ཀྱི་རྩིས་མ་བཅིངས་པ་དང་། སྣང་སྟོང་ཕྱོགས་རེར་མ་ཤོར་བར་འབད་ཅིང་ཐུན་མོང་མ་ཡིན་པའི་གེགས་བསལ་བས་རང་ཤར་གྱི་ཚད་གསུམ་གཏན་ལ་ཕེབས། སྐུ་བཞི་རང་གྲོལ་མངོན་དུ་གྱུར་ནས་དབྱེར་མེད་བདེ་བ་ཆེན་པོའི་སྐུ་རང་ཤར་དུ་བྱུང་བ་ཡིན། དེ་ཡང་གྲུབ་ཆེན་ཏེ་ལོ་པས་སེམས་ལ་གཏད་སོ་མེད་ན་ཕྱག་རྒྱ་ཆེན་པོ་ཡིན། །དེ་ལ་གོམས་ཤིང་འདྲིས་ན་བླ་མེད་བྱང་ཆུབ་ཐོབ་ཅེས་ཕྱག་རྒྱ་ཆེན་པོ་དེ་གཅིག་ཆོད་ཀྱི་གདམས་པ་ངོ་མཚར་ཅན་ཞིག་ཡིན་པས། མཁས་གྲུབ་ཁྱུང་པོའི་གསེར་ཆོས་ལྔའི་དཔག་བསམ་ལྗོན་པ་བཟང་པོ་དེའི་སྡོང་པོར་འགྱུར་བ་ཡིན། གང་དེའི་ལྟ་བ་ལ་ཉམས་རྟོགས་འཁྲུངས་པའི་ཡོན་ཏན་ཡང་། ཕྱག་ཆེན་ལྟ་བ་ལ་སྒྲོ་འདོགས་ཆོད་པ་གྲུབ་ཆེན་རྨོག་ལྕོག་པ་རིན་ཆེན་བརྩོན་འགྲུས་ཀྱིས་བློ་བློ་ཕྱག་རྒྱ་ཆེན་པོ་སྒོམས། །ཕྱག་རྒྱ་ཆེན་པོ་བསྒོམས་ཙ་ན། །ནགས་ལ་མེ་ལྕེ་མཆེད་པ་བཞིན། །ཅིར་སྣང་གྲོགས་སུ་འཆར་གྱིན་གདའོ་ཞེས་ཁོང་གིས་རྣམ་རྟོག་གིས་མི་གནོད་པའི་ཕྱག་རྒྱ་ཆེན་པོ་ཞུ་མཁན་དྭགས་པོའི་སློབ་མ་བཅུ་གསུམ་ལ་གསུངས་པ་བཞིན་ནོ།
།སྔོན་འགྲོའི་དམ་ཚིག་གསང་བའི་རྡོ་རྗེའོ།
།སྔོན་འགྲོའི་དམ་ཚིག་ནི། དང་པོར་མྱོང་བ་སྐྱེས་པ་རྣམས་ལ་དྲི་བ་ཞིབ་ཏུ་དྲིས་ཀྱང་། དེ་ལྟར་ཡིན་པའི་ངོ་སྤྲོད་གསལ་བར་མི་འདེབས་པས་ན་གསང་བའི་རྡོ་རྗེའོ། དེ་ཡང་ཆོས་ཀྱི་ཆོད་ཉིད་ལ་རང་ཉིད་ངོས་བཟུང་བྱ། ཐག་ཆོད་ངེས་ཤེས་བསྐྱེད། ཡེངས་མེད་ཆུ་བོ་བརྟེན། ཚད་མེད་གཉིས་ལ་འབད། ཡར་ངོ་བཞིན་དུ་འགྱུར། ལོ་ཟླ་ཙམ་གྱིས་མཐར་ཕྱིན། དམ་ཚིག་ལ་ཡིད་གཉིས་སྤངས་པར་བྱའོ།
།བོགས་འདོན་སྙིང་རྗེ་གསོལ་འདེབས་སོ།
།བོགས་འདོན་པ་ལ་གསུམ་ལས། དང་པོ་ཐག་བཅོད་ངེས་ཤེས་བསྐྱེད་པ་སྟེ། དུས་གསུམ་སངས་རྒྱས་བྱོན་ཀྱང་དེ་ལས་ལྷག་པ་བསྟན་དུ་མེད་པ་ངེས་ཤེས་བསྐྱེད་ཅིང་གསལ་སྟོང་འཛིན་མེད་ཀྱི་ངང་ལ་ཧད་དེ་བཞག །མི་གསེབ་དང་འགྲོ་འདུག་གི་དུས་སུ་ཡང་མོས་གུས་ཆད་མེད་བྱས་ལ་ཧད་དེ་བཞག །གཉིས་པ་སྙིང་རྗེས་བོགས་འདོན་པ་ལ། སེམས་ཅན་ལ་དམིགས་པ་མེད་པའི་སྙིང་རྗེ་སྟེ་མ་ནམ་མཁའ་དང་མཉམ་པའི་སེམས་ཅན་འདི་རྣམས་འཁོར་བ་ཐོག་མ་མེད་པ་ནས་ད་ལྟ་ལ་ཐུག་གི་བར་དུ། བདག་གི་མ་ཡང་ཡང་བྱས་པའི་དྲིན་ཆེན་ཡིན། མ་འདི་རྣམས་འབྲས་བུ་བདེ་བ་འདོད་ཀྱང་རྒྱུ་དགེ་བ་སྒྲུབ་མི་ཤེས་པས་སྙིང་རེ་རྗེ་སྙམ་དུ་ཡུན་རིང་དུ་བསྒོམ། ཡང་སྡུག་བསྔལ་མི་འདོད་ཀྱང་རྒྱུ་སྡིག་པ་སྤོང་མི་ཤེས་པས་ངན་སོང་གི་སྡུག་བསྔལ་དྲག་པོ་མྱོང་དགོས་པ་སྙིང་རེ་རྗེ་སྙམ་དུ་ཡུན་རིང་བསྒོམས་པས། མིག་ནས་མཆི་མ་འབྱུང་། ལུས་ཀྱི་བ་སྤུ་ལྡང་། ངག་ནས་སྨྲེ་སྔགས་ཀྱི་ང་རོ་སྒྲོག་པ་སོགས་སྙིང་རྗེ་ཚད་ལྡན་སྐྱེས་པ་དང་། མ་འདི་རྣམས་ལ་གནོད་བྱེད་དུ་འགྱུར་བའི་སྡུག་བསྔལ་རྒྱུ་འབྲས་ཐམས་ཅད་བདག་ལ་འདུས་ནས་མ་འདི་རྣམས་ཀུན་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །ཡང་མ་འདི་རྣམས་ལ་དགེ་བ་རྒྱུ་འབྲས་ཀྱིས་ཕན་པས། བདག་གི་དགེ་བ་ཐམས་ཅད་མ་རྣམས་ཀྱི་རྒྱུད་ལ་འཐིམ་ནས་གནས་སྐབས་བདེ་ཞིང༌། མཐར་ཐུག་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་གྱུར་ཅིག་ཅེས་བརྗོད་ཅིང་མོས་པར་བྱའོ། གཉིས་པ་ཆོས་ལ་དམིགས་པའི་སྙིང་རྗེ་ནི། འཁོར་འདས་ཐམས་ཅད་སྟོང་ཞིང་བདག་མེད་པ་དང༌། ཆོས་ཉིད་རང་བཞིན་གྱིས་འོད་གསལ་ལ་རྣམ་པར་དག་པ་ཡིན་ཀྱང༌། དེ་ལྟར་མ་རྟོགས་པའི་དབང་གིས་སེམས་ཅན་འདི་རྣམས་སྙིང་རེ་རྗེ་སྙམ་དུ་བསྒོམ། གསུམ་པ་དམིགས་པ་མེད་པའི་སྙིང་རྗེ་ནི། དེ་ཀའི་མོད་ལ་རང་བབས་རྣམ་གསུམ་དུ་བཞག་པས་མི་རྟོག་པའི་བོགས་ཆེན་པོ་འབྱུང་། གསུམ་པ་གསོལ་འདེབས་ཀྱི་བོགས་འདོན་པ་ནི། དེ་ལྟར་སྟོང་ཉིད་སྙིང་རྗེ་རྒྱུད་ལ་སྐྱེས་པ་བླ་མའི་བཀའ་དྲིན་ཁོ་ནར་ཤེས་ནས། མོས་གུས་དྲག་པོ་རང་ཤུགས་ཀྱིས་འབྱུང་བ་ཡིན། སྐབས་འདིར་གཙོ་ཆེར་གཉིས་པ་དང་གསུམ་པ་གཉིས་ལ་གོ
།ལམ་ཁྱེར་ཅིར་སྣང་དེ་ཉིད་དོ། །མངོན་གྱུར་བསྒོམ་མེད་ཡེངས་མེད་དོ།
།ཞེས་པ་ནི། རྗེས་ཐོབ་ཀྱི་གནས་སྐབས་སུ་སྒོ་ལྔའི་ཡུལ་ལ་ཅི་ཤར་གྱི་སྟེང་དུ་སྔར་བཞིན་འཛིན་མེད་དུ་བཞག་པས། དེ་ཉིད་གསལ་སྟོང་འཛིན་མེད་དུ་འཆར་ཏེ། མངོན་དུ་འགྱུར་བའི་ཚད་བསྒོམ་མེད་ཡེངས་མེད་ཀྱི་ངང་ལ་གནས་པའོ།
།བསྲེ་བ་རྟོག་མེད་ལམ་ཁྱེར་རོ།
།ཞེས་པ་ནི། ལུས་སེམས་ཀྱི་སྟེང་དུ་ནད་དང་སྡུག་བསྔལ་ལ་སོགས་ཚོར་བ་སྡུག་བསྔལ་དང་། འདོད་དོན་མང་པོས་གཡེང་བ་ལ་སོགས་པ། ཚོར་བ་བདེ་བ་ལམ་དུ་བསྒྱུར་དཀའ་བའི་དུས་སུ། དེ་རྣམས་ཐམས་ཅད་འཁྲུལ་བའི་རྣམ་རྟོག་ཡིན་པ་ངོ་ཤེས་པར་བྱ་ལ། གནས་ལུགས་བདེན་མེད་དུ་ཐག་བཅད་དེ། ནད་དང་སྡུག་བསྔལ་གང་ཡིན་གྱི་སྟེང་དུ་རྟོག་མེད་དུ་བཞག་པས། གསལ་ཞིང་སྟོང་པའི་ཏིང་ངེ་འཛིན་རྒྱུད་ལ་ཉམས་སུ་མྱོང་བས་ལམ་དུ་ཁྱེར་བའོ།
།འོད་གསལ་ལྟ་སྟངས་བོགས་འདོན་ནོ། །སད་རྗེས་གསལ་ལ་རྟོག་མེད་བསྲེ།
།ཞེས་གཉིད་འོད་གསལ་དང་བསྲེ་བས་བོགས་འདོན་པ་ནི། གཉིད་ལོག་དུས་མིག་སྤགས་པའི་འོག་ན་ལྟ་སྟངས་ལ་རྩེ་གཅིག་ཏུ་བཞག་པས། གཉིད་དུ་སོང་བ་ཡིན་བྱས་པས། གསལ་ཞིང་དྭངས་ལ་རྟོག་པ་ཐམས་ཅད་དང་བྲལ་བ། མ་སོང་བ་ཡིན་བྱས་པས་སད་རྒྱུ་ཡོད་ཅིང་། སད་པ་དང་ནག་ཐིབས་ཀྱིས་འགྲོ་བ་འབྱུང་སྟེ། དེ་ལ་སད་མ་ཐག་ཏུ་མིག་ལྟ་སྟངས་དང་ལྡན་པས། སྔར་གཉིད་དུས་སུ་ཉམས་སུ་མྱོང་བ་ལྟར་གསལ་ལ་རྟོག་པ་མེད་པར་བསྲེས་པས། ཉིན་མཚན་གཉིས་ཀྱི་འོད་གསལ་གཅིག་གིས་བོགས་ཐོན་པར་འགྱུར་རོ།
།ཉིན་མཚན་བར་དོའི་འོད་གསལ་ནི། །སྐུ་གསུམ་དབྱེར་མེད་རང་ཤར་ལྟོས།
།ཞེས་བར་དོའི་འོད་གསལ་ངོས་བཟུང་བ་ནི། ཉིན་པར་གྱི་འོད་གསལ་དང་གཉིད་ཀྱི་འོད་གསལ་ཟིན་ཅིང་བརྟན་པར་བྱས་ནས། ནམ་འཆི་བ་འབྱུང་བའི་ཚེ། འབྱུང་བའི་ཐིམ་འགྲོས། ས་འོད་གསལ་དུ་འཐིམ་པས་དུ་བ། ཆུ་འོད་གསལ་དུ་ཐིམ་པ་སྨིག་རྒྱུ། མེ་འོད་གསལ་དུ་ཐིམ་པ་སྲིན་བུ་མེ་ཁྱེར། རླུང་འོད་གསལ་དུ་ཐིམ་པ་མར་མེ། ནམ་མཁའ་འོད་གསལ་དུ་ཐིམ་པ་སྤྲིན་མེད་པའི་ནམ་མཁའ་དྭངས་པ་བཅས་འབྱུང་སྟེ། དེ་རྣམས་རང་སེམས་འོད་གསལ་ཆོས་སྐུར་ངོ་ཤེས་པ་ལ་སེམས་བཟུང་བས། མཐར་རྣམ་པ་ཐམས་ཅད་པའི་འོད་གསལ་རྒྱ་ཆེན་ཕྱོགས་ལྷུང་མེད་པར་ཤར་བས། རང་དོན་དུ་ཆོས་སྐུ་སྐྱེ་བ་མེད་པ་ཐོབ། གཞན་དོན་དུ་གཟུགས་སྐུ་གཉིས་འགག་མེད་དུ་འབྱུང་སྟེ། སྐུ་གསུམ་དབྱེར་མེད་རང་ཤར་དུ་སོང་ནས། འབད་རྩོལ་མེད་བཞིན་འཁོར་སྲིད་དུ་གཞན་དོན་རྒྱ་ཆེན་པོ་འབྱུང་བར་ལྟོས་ཤིག
གང་གིས་མི་ཤེས་རྒྱུད་དུ་སྦས་པའི་དོན། །མཐར་ཐུག་ཚིག་གཅིག་གྲོལ་བ་འདི་ཡིན་ཏེ། །བསྒོམ་མེད་ཡེངས་མེད་གོམས་ཤིང་བརྟན་པ་ལས། །ས་ལམ་རིམ་པ་དུས་དེར་བགྲོད་བྱེད་པའི། །ཡིད་ལ་མི་བྱེད་སྒྲིབ་གཉིས་རང་སར་དག །སྐུ་གསུམ་རང་ཤར་འབྲས་བུ་ལྷུན་གྱིས་གྲུབ།
།ཅེས་པའི་དོན་ནི། སྐྱེས་བུ་གང་གི་སྒྲ་ཚད་ལ་སོགས་པས་བརྟག་ཀྱང་མི་ཤེས་པས། བསྡུས་རྒྱུད་ཀུན་ཏུའང་སྦས་པའི་དོན་མཐར་ཐུག་པ། ཚིག་གཅིག་གིས་གྲོལ་བའི་མན་ངག་ནི། ཉམས་སུ་ལེན་དུས་བསྒོམ་རྒྱུ་རྡུལ་ཙམ་ཡང་མེད། ཡེངས་སུ་སྐད་ཅིག་ཀྱང་མེད་པ་ལ། རྩེ་གཅིག་ཏུ་གོམས་ཤིང་བརྟན་པ་ལས་ས་བཅུ་དང་ལམ་ལྔའི་རིམ་པ་རྣམས་བགྲོད་པར་བྱེད་དེ། རྣམ་རྟོག་གི་མཚན་མ་གང་ཡང་ཡིད་ལ་མི་བྱེད་པའི་ལམ་གྱིས། ཉོན་མོངས་དང་ཤེས་བྱའི་དྲི་མ་གཉིས་རང་སར་དག་ནས་གོང་དུ་བསྟན་པའི་སྐུ་གསུམ་རང་ཤར་འབྱུང་སྟེ། འབྲས་བུ་ལྷུན་གྱིས་གྲུབ་པ་ཐོབ་པའོ།
།མདོ་རྒྱུད་ཀུན་ཏུ་བསྟན་ཀྱང་རང་བཞིན་གབ། །བླ་མའི་བྱིན་རླབས་ཞལ་ལས་ཤེས་པར་བྱ།
།ཞེས་པ་ནི། དེ་ལྟར་གྱི་དོན་མཐར་ཐུག་དེ་མདོ་རྒྱུད་ཀུན་ཏུ་བསྟན་ཀྱང་རང་བཞིན་ཟབ་མོ་བརྡ་སྣ་ཚོགས་ཀྱིས་བསྒྲིབས་པས་གབ་པ་སྟེ། རྩ་རྒྱུད་ཟབ་མོ་དད་པ་བཅུ་པའི་འགྲེལ་པའི་མན་ངག་དང་ལྡན་པའི་བླ་མ་དམ་པའི་བྱིན་རླབས་དང་ཞལ་ལས་རྟོགས་པར་བྱའོ།
།ཆོས་སྐུའི་ནམ་མཁར་རྟོག་པའི་སྤྲིན་ཚོགས་ལས། །དུག་ལྔའི་གློག་འགྱུ་ཡེ་ཤེས་ཆེན་པོར་ལྟོས།
།ཞེས་པའི་ཚིག་རྐང་འདི་གཉིས་ཀྱིས་གཞི་ལམ་འབྲས་གསུམ་ངོས་བཟུང་ནས་དུག་ལྔ་མངོན་འགྱུར་དྲག་པོ་སྤོང་བའི་ཐབས་བསྟན་ཏེ། ཆོས་སྐུའི་ནམ་མཁའ་ཞེས་བརྗོད་པས་རང་བཞིན་གྱིས་གནས་པའི་རིགས་སེམས་ཀྱི་འོད་གསལ་ནི་ཆོས་ཀྱི་སྐུ་གཞིའི་གནས་ལུགས་སུ་གསུངས་པ་དང་། རྟོག་པའི་སྤྲིན་ཚོགས་ཞེས་པས་དེ་ལ་སྒྲིབ་པའི་དྲི་མ་རྣམ་པར་རྟོག་པའི་ཚོགས་བསྟན། དུག་ལྔའི་གློག་འགྱུ་ཞེས་པས་གང་ཤིན་ཏུ་མི་བཟད་པའི་དུག་ལྔ་མངོན་གྱུར་བར་བརྟེན། ཡེ་ཤེས་ཆེན་པོར་ལྟོས་ཞེས་པས་ལམ་དང་འབྲས་བུའི་ཡེ་ཤེས་གཉིས་བསྟན་པ་ལས། ལམ་གྱི་ཡེ་ཤེས་ནི་ལམ་གཞི་གནས་དང་ལྷག་མཐོང་ཟུང་འབྲེལ། སྤང་བྱ་སྤོང་བའི་ནུས་པ་དང་ལྡན་པ་དེ་ཡིན། འབྲས་བུའི་ཡེ་ཤེས་ནི་ལམ་དེས་གློ་བུར་གྱི་དྲི་མ་མཐའ་དག་གསལ་བའི་གཞིའི་རང་བཞིན་དུ་འགྱུར་བའི་ཡེ་ཤེས་ཆེན་པོར་ལྟོས་ཤིག་ཅེས་པའོ།
།ཡིད་ལ་མི་བྱེད་རེ་དོགས་ཀུན་བྲལ་བའི། །ཐ་མལ་ཤེས་པ་ཁྱོད་ལ་ཕྱག་འཚལ་ལོ།
།ཞེས་གསུངས་པས་དེ་ལྟ་བུའི་རེ་དོགས་ཐམས་ཅད་དང་བྲལ་བའི་རྣམ་པར་མི་རྟོག་པའི་ཤེས་པ་དེ་ལ་ཕྱག་འཚལ་བ་ཡིན།
དེ་ལྟར་གོང་དུ་བཀོད་པའི་རང་ཤར་ཕྱག་རྒྱ་ཆེན་མོའི་རྡོ་རྗེའི་ཚིག་རྐང་དེ་ཉིད་མཁས་གྲུབ་ཁྱུང་པོས་མཁའ་འགྲོ་ནི་གུ་མར་གསེར་སྲང་ལྔ་ཕུལ་ནས་ཞུས་པ། གླན་དར་མ་བློ་གྲོས་ཀྱིས་བསྒྱུར་ཏེ། བོད་ཡུལ་དུ་གདན་དྲངས་ནས་སྐལ་པ་དང་ལྡན་པའི་སློབ་མ་རྨོག་ལྕོག་པ་རིན་ཆེན་བརྩོན་འགྲུས་ལ་ཆིག་བརྒྱུད་དུ་གདམས་པ་ཞིག་ཡིན། ཤངས་པ་བཀའ་བརྒྱུད་པའི་ཕྱག་ཆེན་གའུ་མ་འདི་ཉིད་ནི་རྩ་བ་རྡོ་རྗེའི་ཚིག་རྐང་ལ་བརྟེན་པས། ནི་གུ་མ་གཙོ་ཆེ་ཡང་། ཕྱག་རྒྱ་ཆེན་པོའི་སྙིང་པོའི་དོན་ནི་མཁས་གྲུབ་ཁྱུང་པོར་བླ་མ་གསུམ་གྱིས་ངོ་སྤྲད་པ་ཡིན་ཏེ། མཻ་ཏྲི་པས་ཕྱག་རྒྱ་ཆེན་པོ་རབ་ཏུ་མི་གནས་པ་སོགས་སྟོན་པ་དང་། མི་ཁྲི་པ་སྐུ་གཤེགས་རྗེས་ཇོ་མོ་གང་གྷ་དྷ་ར་ལ། པཎྜི་ཏ་སུམ་ཅུ་རྩ་གཉིས་ཀྱིས་ཁྲིད་བསྐྱངས་པས། ཁྱེད་རང་རྣམས་ཀྱི་དང་པོའི་སེམས་འཚོལ་ཤོག་ཅེས་གསུངས་ནས་སེམས་འཚོལ་བཏབ། མཁས་གྲུབ་ཁྱུང་པོ་རྒྱ་གར་དུ་ལན་གསུམ་བྱོན་པའི་རྟིང་མ་ལ། སྔར་གྱི་གསལ་འདེབ་ཞུས་པས་ཇོ་མོ་གང་གྷ་དྷ་རས་ཚུལ་འདི་གསུངས་ཀྱང་ནི་གུ་མའི་ཕྱག་རྒྱ་ཆེན་པོ་དང་མི་འགལ། བླ་མ་གསུམ་པོ་དེ་དག་ཀྱང་རང་རང་གི་ཆོས་སྟོན་པའི་ཁྱད་ཆོས་མི་འདྲ་བ་སྟེ། མཁའ་འགྲོ་ནི་གུ་མས་སྔོན་འགྲོ་རང་བབས་རྣམ་གསུམ་གཙོ་བོར་འདོན། སུ་ཁ་སིདྡྷིས་རྗེས་སྐུ་གསུམ་རང་ཤར་གཙོ་བོར་འདོན། མཻ་ཏྲི་པ་དངོས་གཞི་སྐྱོན་བཞི་རང་གྲོལ་གཙོ་བོར་འདོན་པ་བཅས་ཡིན་ཀྱང་དོན་ལ་འགལ་བ་མེད་དོ།
།མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱིས་འཕགས་ཡུལ་གྱི་བླ་མ་རྣམས་ལས་སྔ་ཕྱིར་གསན་པའི་ལྟ་བའི་ཡང་རྩེ་གྲོལ་ལམ་ཕྱག་རྒྱ་ཆེན་པོའི་ཆོས་སྐོར་ནི། འཕགས་ཡུལ་དུ་མ་ཕེབས་གོང་ཐོག་མར་ཤོ་མ་རར་སྐོར་ནི་རཱུ་པ་ལས། ཕྱག་རྒྱ་ཆེན་པོའི་རྩ་རྒྱུད་རབ་ཏུ་མི་གནས་པ། བཤད་བརྒྱུད་བསམ་མི་ཁྱབ། གསང་བ་གཉིས་སུ་མེད་པ། རྙོག་པ་མེད་པ། མཚན་བརྗོད་དང་དོ་ཧ་རྣམས་ཞུས་པ་དང་། འཕགས་ཡུལ་དུ་ཕེབས་ཐེངས་གཉིས་པར། རྒྱ་གར་གྱི་ཤར་ཕྱོགས་ལྗོན་ཤིང་ཀུ་ཤའི་ཚལ་དུ། དཔལ་དྷརྨ་ཕ་ལ་ལས་ཕྱག་རྒྱ་ཆེན་པོ་གསང་བ་གྲུབ་པ་དང་། རྗེ་བཙུན་མ་རིན་ཆེན་ལྷ་མོ་ལ་ཀམ་ཀ་ཏ་ཡི་གྲོང་ཁྱེར་དུ། ཕྱག་རྒྱ་ཆེན་པོ་སྙིང་པོའི་སྐོར། བླ་མ་མཻ་ཏྲི་པ་ལ་རྒྱ་གར་གྱི་ལྷོ་ཕྱོགས་འོད་མའི་ཚལ་དུ་ཕྱག་རྒྱ་ཆེན་པོ་རབ་ཏུ་མི་གནས་པ་སོགས་ཀྱི་རྒྱུད་ལྔ་དང་དོ་ཧ། ཕྱག་ཆེན་དག་པ་ཡེ་ཤེས་དང་སྐུ་གསུམ་ལམ་ཁྱེར་ལ་སོགས་ཕྱག་རྒྱ་ཆེན་པོའི་གདམས་པ་མང་དུ་ཞུས། འོན་ཀྱང་ཡོངས་གྲགས་ཀྱི་ལོ་རྒྱུས་ཆོས་འབྱུང་རྣམས་སུ་བཀའ་བརྒྱུད་པ་སྤྱིའི་ཕྱག་རྒྱ་ཆེན་པོའི་བླ་བརྒྱུད་དེ་དག་སྒྲིང་བའི་ཚེ། ཕལ་ཆེ་བར་མཁས་གྲུབ་ཁྱུང་པོའི་མཚན་ཙམ་ཡང་འཁོད་མེད། མཁས་གྲུབ་ཁྱུང་པོས་སྐོར་ནི་རཱུ་པ་དང་རྒྱལ་བ་མེ་ཏྲི་པ་ལས་ཕྱག་རྒྱ་ཆེན་པོའི་གདམས་པ་གསན་སྐབས་མར་པ་ལོ་ཙཱ་བ་ལས་སྔ་ལ། ཁོང་ལ་ཕྱག་རྒྱ་ཆེན་པོའི་བརྒྱུད་པ་མི་འདྲ་བ་ཁག་བཞི་ཙམ་མངའ་བ་དང་། གདམས་ངག་གི་ཆུ་མགོ་རྒྱལ་བ་མི་སྲིད་པ་རང་ལ་ཐུག་ཡོད་པས། གང་དེའི་བརྒྱུད་པ་དང་བཅས་པ་རྣམས་ཀྱང་ཕྱག་རྒྱ་ཆེན་པོའི་གདམས་ངག་དྲི་མ་མེད་པའི་རྣམ་ཐར་སྐྱོང་བ་བཀའ་བརྒྱུད་པ་གཞན་རྣམས་དང་ཡོངས་སུ་གཅིག་མཚུངས་ཡིན།
II.3.3.2
གཉིས། མཁས་གྲུབ་ཁྱུང་པོའི་གའུའི་སྐོར།
གའུ་ནི་ལྷ་སྐུ་འཇོག་སའི་སྣོད་ཟེའུ་ལྷ་ཁང་གི་སྒོ་ཁྱིམ་དང་འདྲ་སྟེ། མིང་གི་རྣམ་གྲངས་ལ་ཁ་སྦྱར་དང་ཟ་མ་ཏོག་ཀྱང་ཟེར། སྔར་སྟོན་པ་ཤཱཀྱ་ཐུབ་པའི་ཚེམས་ཆེ་བ་གཅིག་རྡོ་རྗེ་གདན་གྱི་གསེར་གྱི་གའུའི་ནང་བཞུགས་སུ་གསོལ་བ་ལྟར་འཕགས་ཡུལ་དུ་སངས་རྒྱས་ཀྱི་སྐུ་རྟེན་བྱིན་ཅན་སོགས་བླུག་སའི་སྣོད་ཅིག་ཡིན། དེ་དང་འདྲ་བར་བོད་ས་གནས་སུ་སྐྱེས་པ་ཚོས་གདོན་འདྲེའི་གནོད་པ་དང་མཚོན་ཆ་སོགས་སྲུང་བའི་སྐུ་འདྲ་བྱིན་ཅན། སྲུང་མདུད། རིལ་བུ་བཅས་འཇོག་སྣོད་གའུའི་དབྱིབས་ཟེའུ་ལྷ་ཁང་གི་སྒོ་ཁྱིམ་དང་འདྲ་བ་ལ། རྒྱུ་ཆ། ཟངས་དང་རག །གསེར་དངུལ་སྤེལ་མའམ། དངུལ་རྐྱང་གསེར་རྐྱང་ལས་བཟོས་པ་དང་། བུད་མེད་རྒྱན་ཆའི་གའུ་ཟུར་བཞི་མ་དང་ཟུར་བརྒྱད་མ། སྒོར་དབྱིབས་བཅས་ཡོད་ཅེས་གསལ་བ་བཞིན། སྐྱེས་པ་ཚོས་ཚོང་དོན་སྒྲུབ་པ་དང་། དམ་ཆོས་ཞུ་བ་སོགས་ཀྱི་ཕྱིར་རང་གི་ཡུལ་ལས་ཁ་བྲལ་ཏེ་ཐག་རིང་དུ་འགྲོ་སྐབས་ལམ་བར་གྱི་གེགས་བར་བཟློག་ཕྱིར་ལུས་སྟོད་དུ་སྐུ་འདྲ་སོགས་ཀྱི་རྟེན་བྱིན་ཅན་བླུགས་པའི་གའུ་འཁྱེར་སྲོལ་ཡོད་པ་ད་ལྟའི་དུས་སུའང་དབུས་གཙང་གི་ཡུལ་ལུང་མང་ཆེ་བར་དངོས་སུ་མཐོང་རྒྱུ་ཡོད། འོན་ཀྱང་ཡང་སྙིང་གའུ་ཞེས་པ་འདི་ཉིད་བོད་དུ་ཐོག་མར་དུས་ཇི་ཙམ་ལ་ཡུལ་གང་ལས་དར་བ་དང་། གའུ་ཞེས་པའི་མིང་དེ་རང་གི་དོན་ཅི་ཡིན་པ་སོགས་ཀྱི་སྐོར་ཁ་གསལ་གྱི་དཔྱད་གཞི་ད་ཕན་མ་མཐོང་བས་དཔྱད་པར་འཚལ།
མཁས་གྲུབ་ཁྱུང་པོ་རྣལ་འབྱོར་འཕགས་ཡུལ་དུ་ཆོས་ཞུ་བར་ཕེབས་སྐབས་སུའང་སྐུ་ལུས་སྟེང་སྙིང་གཟུགས་ཀྱི་བལ་པོའི་གའུ་ཞིག་བསྣམས་ཀྱི་ཡོད་ལ། གདམས་ངག་འགངས་ཆེ་རྣམས་གའུ་ཡི་ནང་དུ་བླུགས་ནས་སྐུ་ལུས་དང་འབྲལ་མེད་དུ་ཉར་ཚགས་གནང་གི་ཡོད་པ་ཡང་གོང་དུ་བཤད་ཟིན་པའི་ཕྱག་རྒྱ་ཆེན་མོའི་ཤོག་དྲིལ་དེ་ཕུད། གཞན་ཡང་བདེ་མཆོག་གསང་སྒྲུབ་ནི་གུ་མས་མཛད་པ་རྒྱ་སྐད་ཅན་དེ་དང་། དཔལ་འཁོར་ལོ་སྡོམ་པ་མྱུར་དུ་སྒྲུབ་པའི་ཐབས་ཞེས་པ་འདི་གཉིས་ཀྱང་ཏཱ་ལའི་ལོ་མའི་སྟེང་བརྗེད་ཐོར་བཀོད་པ་གའུའི་ནང་བླུགས་ཏེ་སྐུ་ལུས་དང་མ་བྲལ་བར་མཛད་པ་སོགས་ཀྱིས་མཚོན་པ་མ་ཟད། ཁོང་སྐུ་འདས་རྗེས་སྤུར་མ་སྦྱངས་པར་རིན་ཆེན་གསེར་དངུལ་དང་ཟངས་ལྕགས་ཀྱི་གའུའི་ནང་དུ་སྤུར་ཞུགས་པ་དང་། ཁྱུང་པོ་གཉིས་པ་ཚུལ་ཁྲིམས་མགོན་པོའི་སྐུ་སྤུར་ཡང་བདག་ཆེན་པས་ཟངས་ཀྱི་གའུའི་ནང་བཞུགས་སུ་བཅུག །མདོར་ན་མཁས་གྲུབ་ཁྱུང་པོ་འཕགས་ཡུལ་དུ་ཆོས་ཞུ་བར་ཕེབས་སྐབས་ཀྱི་སྤྱི་ལོའི་དུས་རབས་བཅུ་གཅིག་པ་དང་བཅུ་གཉིས་པའི་ནང་སྐུ་ལུས་སུ་གའུ་བསྣམས་ནས་ཕེབས་ཀྱི་ཡོད་པ་རྟོགས་ཐུབ་ཅིང༌། བོད་ཀྱི་བླ་མ་ཚོས་འཁྱེར་བའི་གའུ་དེ་དག་ནི་ཇོ་བོ་རྗེ་སོགས་རྒྱ་གར་གྱི་པཎྜི་ཏ་ཚོས་སྐུ་ལུས་དང་འབྲལ་མེད་དུ་འཁྱེར་ཞིང་། རིན་པོ་ཆེའི་རིགས་ལས་གྲུབ་པའི་སྐུ་ཆས་བླུགས་སྣོད་ཁྱད་པར་ཅན་ཟ་མ་ཏོག་དང་འདྲ་ལ། འཕགས་བོད་ཀྱི་དགེ་སློང་ཚོས་སྟོན་པའི་སྣང་བརྙན་བླུགས་སའི་འདྲ་པང་དང་ཡང་འདྲ་བ་ཡིན། དེ་ཡང་ཁ་རྒྱུན་དུ་དཔེ་དོན་གའུ་ཁ་སྦྱོར་ཞེས་སུ་གྲགས་པ་དང་ཕྱོགས་འདྲ་བར། ཤངས་པ་བཀའ་བརྒྱུད་ཀྱི་ལྟ་བའི་མཐར་ཐུག་ཕྱག་ཆེན་གའུ་མ་ཞེས་པ་འདི་ཡང་བདེ་བ་དང་སྟོང་པ་གའུ་ཁ་སྦྱོར་བ་བཞིན་དབྱེར་མེད་དུ་བསྒོམས་ནས་འོད་གསལ་མངོན་དུ་བྱེད་པའི་གདམས་པ་ཞིག་ཡིན་པའི་དོན་འདི་བླུགས་སྣོད་ཁོ་ནའི་སྟེང་ནས་མཚོན་ཐུབ་པ་ནི་ཡ་མཚན་ཆེ་བ་ཞིག་རེད། འོན་ཀྱང་ལོ་རྒྱུས་ཀྱི་ཆར་རླུང་ཁྲོད་མཁས་གྲུབ་ཁྱུང་པོ་རྒྱ་གར་ལ་ཕེབས་སྐབས་བསྣམས་པའི་སྙིང་གཟུགས་ཀྱི་གའུ་དེ་ང་ཚོའི་མིག་མདུན་ནས་ཡལ་ཟིན་ཡང་། གའུ་དེ་ནི་སྲོག་གི་དབང་པོ་དང་བྲལ་བའི་སྤྱིར་བཏང་གི་གའུ་ཞིག་མ་ཡིན་པར་ཤངས་པ་བཀའ་བརྒྱུད་ཀྱི་སྲོག་རྩ་ལྟ་བུའི་གདམས་པ་ཕྱག་རྒྱ་ཆེན་པོ་སོགས་བཞུགས་སའི་མཛོད་ཁང་གསོན་པོ་ཞིག་ཡིན།
II.3.4 - The branches: the Three Carry-Overs
བཞི་པ། ཡལ་ག་ལམ་ཁྱེར་རྣམ་གསུམ།
དེ་ཡང་ཆོས་དྲུག་གི་འགྲེལ་པ་བདུད་རྩིའི་རྒྱ་མཚོ་ལས་བླ་མ་ཡི་དམ་སྒྱུ་མ་གསུམ། །འབྲལ་བ་མེད་པར་ལམ་དུ་ཁྱེར་ཞེས་སྣང་བ་ལ་བརྟེན་ནས་བླ་མ་དང་ཡི་དམ། སྒྱུ་མ་གསུམ་ཉམས་སུ་ལེན་པའི་ཚུལ། ཅིར་སྣང་ཐམས་ཅད་དཔལ་ལྡན་བླ་མའི་གསང་བ་གསུམ་གྱིས་རོལ་པར་བལྟ་བ་སྟེ་འདི་ལྟར་སྣང་གྲགས་རྟོག་ཚོགས་ཆོས་རྣམས་ཀུན། །བདག་སོགས་གནས་ལུགས་རྟོགས་པའི་བརྡ་ཐབས་སུ། །དཔལ་ལྡན་བླ་མའི་རོལ་པ་གཅིག་པུ་ཉིད། །བཀའ་དྲིན་རྗེས་དྲན་ངང་ནས་གསོལ་བ་འདེབས་ཞེས་གསུངས་པ་ལྟར། གཟུགས་སྣང་དང་སྒྲ་གྲགས་ཐམས་ཅད་ཡི་དམ་ལྷའི་སྐུ་སྣང་སྟོང་འཇའ་གཟུགས་དང་གཞོམ་མེད་རང་བྱུང་སྔགས་ཀྱི་སྒྲ་གདངས། སྣང་བ་སེམས། སེམས་སྒྱུ་མ་རྨི་ལམ་དུ་ཤེས་པས་ཉིན་མཚན་གྱི་རྣལ་འབྱོར་ལ་བསླབ་ཅིང་ཉམས་སུ་ལེན་པའི་ཐབས། ཐག་ཆོད་གསུམ་དང་ཟུང་འཇུག་ལ་བརྟེན་པའི་མོས་གུས། འབྲལ་མེད་ཀྱི་གནད་དྲུག་དང་ལྡན་པའི་དག་སྣང་། ཚོགས་དྲུག་གི་འཆར་སྒོ་བདེན་མེད་གསལ་སྟོང་འཛིན་བྲལ་གྱི་ཏིང་ངེ་འཛིན་ལ་བརྩོན་པ་སྟེ། ཡེ་ཤེས་མངོན་འབྱུང་ལས་ས་དང་ལམ་གྱི་ཡོན་ཏན་རྣམས། །བླ་མའི་མོས་གུས་ལོ་ཟླས་བགྲོད། །བླ་མའི་སྣང་བ་མི་འབྲལ་ན། །སངས་རྒྱས་རྣམས་ཀྱང་འབྲལ་མེད་གནས་ཞེས་དང་། དམ་ཚིག་བཀོད་པ་ལས་གཡོ་མེད་མོས་གུས་ཟླ་དྲུག་གིས། །རྡོ་རྗེ་འཆང་གི་ས་ཐོབ་འགྱུར་ཞེས། གཉན་སྟོན་རི་གོང་པའི་རྣམ་ཐར་མཐོང་བ་དོན་ལྡན་དུ་རྣམ་ཐར་མཐར་ཐུག་མོས་གུས་ཡིན། །དག་སྣང་བསྐྱེད་ཅིག་སློབ་མ་ཀུན་ཞེས་སོགས་གསལ་བ་ལྟར་སྔར་ཆོས་རྗེ་རྨོག་ལྕོག་པས་ཀྱང་། ཐུགས་རྗེ་ཆེན་པོ་རང་གཤིས་དཀར་ན་ཡང་དཀར། དགྱེས་རྡོར་བདེ་མཆོག་རང་སྔོ་ན་ཡང་སྔོ། རྡོ་རྗེ་ཕག་མོ་རང་དམར་ནའང་དམར། ང་ལ་ནི་རེ་ས་བླ་མ་ལས་མེད། ཇི་ལྟར་འདུག་ཀྱང་བླ་མའི་སྣང་བ་དང་འབྲལ་མ་མྱོང་བས། ཚེ་གཅིག་ལ་ལུས་གཅིག་གིས་སངས་རྒྱས་ཀྱི་ས་དེ་ཡང་ཐོབ་པ་ཡིན་གསུངས། དེས་ན་བླ་མ་ལ་བརྟེན་ནས་མོས་གུས། དེ་ལས་བཀའ་དྲིན། དེ་ལས་ཚོགས་གསོག །དེ་ལས་སྐུ་གསུམ་རང་ཤར། ཡི་དམ་ལ་བརྟེན་ནས་དག་སྣང་། དེ་ལས་ཚོགས་གསོག །དེ་ལས་ལྷ་སྐུ་ཕྱག་རྒྱ་ཆེན་པོ་རང་ཤར། སྣང་བ་རང་སེམས་ལས་སྒྱུ་མ། དེ་ལས་རྨི་ལམ། དེ་ལས་འོད་གསལ་རང་ཤར་དུ་འབྱུང་ཞིང་། དགོངས་པ་དམ་པའི་རྒྱུད་ལས་སྣང་བ་བླ་མ་ཡི་དམ་དང༌། །སྒྱུ་མ་ལམ་དུ་འཁྱེར་བར་བྱ། །ཚེ་འདིར་སྐུ་གསུམ་མངོན་གྱུར་ནས། །དོན་གཉིས་ཕུན་སུམ་ཚོགས་པར་འགྱུར་ཞེས་འཁོད་པ་བཞིན་བླ་མ། ཡི་དམ། སྒྱུ་མ་གསུམ་ཀས་ལོ་ཟླ་ཙམ་དང་ཚེ་འདི་ཁོ་ནར་གསལ་སྟོང་བདེ་ཆེན་རང་ཤར་མངོན་དུ་འགྱུར་བ་ནི་འཕྱུག་མེད་ལམ་ཁྱེར་རྣམ་གསུམ་ཞེས་བྱ་བ་ཡན་ལག་གི་ཉམས་ལེན་ཡིན་པས་ཡལ་གའི་ཆོས་སུ་གྲགས་པའོ།
II.3.5 - The flowers: the White and Red Khechari
།ལྔ་པ། མེ་ཏོག་མཁའ་སྤྱོད་དཀར་དམར།
ཇི་སྐད་དུ་མེ་ཏོག་མཁའ་སྤྱོད་དཀར་དམར་སྙིང་རྗེའི་རྒྱུན། ཁྱད་འཕགས་གསོལ་འདེབས་ཀྱིས་བསྐུལ་འཁོར་ལོ་བཞིར། །ཆགས་གྲོལ་བདེ་སྟོང་མར་མེ་རབ་ཏུ་འབར་ཞེས་གསུངས་པ་བཞིན། གསེར་ཆོས་བཞི་པ་མཁའ་སྤྱོད་དཀར་དམར་ཟུང་གི་ཉམས་ལེན་ནི། བཅོམ་ལྡན་འདས་རྡོ་རྗེ་བཙུན་མོ་བདེ་ཆེན་ཟག་པ་མེད་པའི་སྙིང་རྗེའི་མཐུ་རྩལ་གྱི་རྒྱུན། ཁྱད་འཕགས་གསོལ་འདེབས་རྡོ་རྗེའི་གདུང་ཚིག་གིས་བསྐུལ་ཞིང་། ལུས་གནས་འཁོར་ལོ་རྣམ་བཞིར་རྟེན་གྱི་བྱེ་བྲག་དང་མཐུན་པར་ཆགས་གྲོལ་གྱི་ལམ་སོ་སོ་ལ་བརྟེན་པའི་བདེ་སྟོང་མར་མེ་རབ་ཏུ་འབར་བའི་ཏིང་ངེ་འཛིན་གྱི་རྟེན་དེ་ཉིད་ལ་ཟུང་འཇུག་ཆེན་པོའི་མཁའ་ལ་སྤྱོད་པར་འགྱུར་བ་དང་། དབང་པོ་དམན་པ་རྣམས་སྐྱེ་གནས་ལྔ་ཅིག་ཅར་དུ་དགག་པའི་བཙན་ཐབས་ཀྱི་གསང་ལམ་ལ་བརྟེན་ནས་མཁའ་སྤྱོད་རྡོ་རྗེའི་གྲོང་དུ་དཀའ་བ་མེད་པར་བགྲོད་པ་ཡང་། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་ཟླ་བ་ལི་ཁྲིའི་མདངས་ཅན་རྡོ་རྗེ་རྣལ་འབྱོར་མའི་ཏིང་འཛིན། །ཁྱད་འཕགས་གསོལ་འདེབས་ཤུགས་ཀྱིས་སྙིང་རྗེའི་ཆུ་རྒྱུན་ནི་བསྐུལ་ཞིང༌། །འཁོར་ལོ་བཞི་ཡི་མར་མེ་ཆགས་གྲོལ་བདེ་སྟོང་ལ་བསླབས་པས། །མཁའ་སྤྱོད་མེ་ཏོག་ཚལ་དུ་ལྷན་སྐྱེས་མཛེས་མ་ཡིས་བསུའོ་ཞེས་གསུངས་པ་ལྟར་ཡིན། ཤངས་པ་བཀའ་བརྒྱུད་ཀྱི་རིན་ཆེན་བདུན་བརྒྱུད་སྔ་མའི་བདུན་པ་སངས་རྒྱས་གཉན་སྟོན་གྱིས་བྲག་དགོན་དུ་མཁའ་སྤྱོད་དཀར་དམར་མཐིང་གསུམ་གཟིགས་པ་སོགས་ཤངས་ཆོས་འཛིན་པ་རྣམས་ཀྱིས་མཁའ་སྤྱོད་དཀར་དམར་གཉིས་བསྒྲུབས་པའི་མཐར་ཕྱིན་པ་ཤིན་ཏུ་མང༌། སྤྱིར་ཁྱུང་པོའི་ལུགས་སུ་མཁའ་སྤྱོད་བཀའ་ལྔ་ཡོད་ཅིང་། དེ་དག་ནི་ཁྱུང་པོ་ཁོ་ན་ལ་མངའ་བའི་སྙན་བརྒྱུད་ཀྱི་གདམས་པ་ཞིག་ཡིན་པ་ཡང་། ཤངས་པའི་ཕྱག་ལེན་བདེ་ཆེན་སྙེ་མའི་ཆུན་པོ་ལས་མཁའ་སྤྱོད་བཀའ་ལྔར་གྲགས་པའི་གསེར་ཆོས་འདི། །ཀུན་ལ་མ་གྲགས་ཁྱུང་པོའི་སྙན་བརྒྱུད་ཡིན་ཞེས་གསུངས་པ་ལྟར་རོ།
།གཞན་ཡང་སྔར་ཆོས་དྲུག་གི་འཕོ་བའི་སྐབས་སུ་བརྗོད་ཟིན་པའི་འཕྱུག་མེད་མཁའ་སྤྱོད་ཀྱི་འཕོ་བ་ཞེས་པ་དེ་ཡང་མཁའ་སྤྱོད་དཀར་དམར་གཉིས་ལ་བརྟེན་པའི་གདམས་པ་ཆེས་ཟབ་པ་ཞིག་སྟེ། ལོ་ཙཱ་བ་འགྱུར་མེད་བདེ་ཆེན་གྱིས་ཡེ་ཤེས་མཁའ་འགྲོའི་ཞལ་རླངས་མ་ཡལ་བའི། །མཁའ་སྤྱོད་འཕོ་བའི་གདམས་པ་ཆེས་ཟབ་པ། །གྲུབ་པའི་དཔའ་བོ་རྣམས་ལས་བརྒྱུད་པ་འདི། དེ་དུས་བདག་གི་སྙིང་དབུས་ཐིག་ལེར་གནས་ཞེས་གསུངས་པ་བཞིན་མཁའ་འགྲོའི་ཞལ་རླངས་མ་ཡལ་བའི་ཆེས་ལྐོག་འགྱུར་གྱི་གདམས་པ་འདི་དག་སྐབས་འདིར་ཡང་ཞིབ་ཏུ་འཆད་པར་ག་ལ་ནུས། དེས་ན་མེ་ཏོག་མཁའ་སྤྱོད་དཀར་དམར་དང་གང་དེའི་འཕོ་བའི་སྐོར་ལུང་རིག་མན་ངག་དང་ལྡན་པའི་ཤེས་ལྡན་རྣམས་ཀྱིས་མཁྱེན་པར་འདོད་ན། ཅུང་ཟད་ཞིབ་པ་འཇག་བསམ་གྱི་ཁྲིད་ཡིག་རྣམས་དང་། གྲུབ་ཆེན་ཐང་སྟོང་རྒྱལ་པོའི་ནི་གུ་ཆོས་དྲུག་གི་གནད་ཡིག་སྙིང་པོ་ཀུན་འདུས་སོགས་ཆོས་དྲུག་གི་ཁྲིད་ཡིག་ཁག་དང་། ལོ་ཆེན་འགྱུར་མེད་བདེ་ཆེན་གྱི་མཁའ་སྤྱོད་དཀར་མོའི་འཕོ་བ་རཱ་ཧུ་ལའི་གདམས་པ་མཁའ་སྤྱོད་དམར་མོའི་འཕོ་བ་སོགས་སུ་གཟིགས་པར་འཚལ།
II.3.6 - The fruit: the Immortal and the Infallible
དྲུག་པ། འབྲས་བུ་འཆི་མེད་འཆུག་མེད།
འབྲས་བུ་འཆི་མེད་འཆུག་མེད་ལ་གཉིས་ལས། དང་པོ་རྒྱལ་བ་གཉན་སྟོན་ཆོས་རྗེ་ལ་བཀའ་བབས་པའི་ལུས་འཆུག་མེད་ནི་རྒྱལ་བ་རྡོ་རྗེ་འཆང་ནས་དབུ་བཅད་མ། དེས་བིརཱ་པ། དེས་བྲམ་ཟེ་ནག་པོ། དེས་དུར་ཁྲོད་ནག་པོ། དེས་ལ་སྟོད་མགོན་པོ། དེས་སངས་རྒྱས་གཉན་སྟོན་ཉིད་ལ་བརྒྱུད་པ་ཡིན་ཞིང་། དེ་ཡང་ལུས་འཆི་མེད་ཀྱི་རྒྱ་གཞུང་དུ་འདི་ལྟར་མི་ཡི་ལུས་ལ་ནི། །གྲུབ་པའི་ལམ་ནི་རབ་གསལ་བ། །ཉམས་མྱོང་སྐྱེས་ཤིང་ལུས་བྱས་འགྱུར། །རྒས་པར་ཡང་ནི་མི་འགྱུར་རོ་ཞེས་འཁོད་པ་ལྟར་རྡུལ་རྫས་བརྒྱད་འདུས་ཀྱི་གོང་བུ་རང་ལུས་འདི་འཆི་བའི་གདགས་གཞིས་སྟོངས་པར་རྟོགས་ནས་གྲུབ་པའི་ལམ་མཆོག་ཏུ་བགྲོད་པའི་ཐབས་ཤིག་ཡིན། གདམས་པ་འདིའི་སྒོམ་ཚུལ་ཡང་ཆོས་རྗེ་བྱམས་པ་དཔལ་བས་འཆི་མེད་སྒོམ་དུས་ལུས་པོ་བསྲངས་ནས་སྒོམ་དགོས་པ་ཡིན། དེས་རྩ་རླུང་ཐད་ཀར་ཡོང་བ་ཡིན་ཅིང་། ཡི་དམ་ལྷ་མཐོང་ཞིང་འོད་གསལ་ཡང་འཆར་ཞེས་གསུངས་པ་སོགས་ལས་ཤེས་པར་བྱའོ།
།གཉིས་པ་རྗེ་བཙུན་རྨོག་ལྕོག་པས་མཁས་གྲུབ་ཁྱུང་པོ་ལ་གསེར་སྲང་ལྔ་བཅུ་ཕུལ་ནས་གནང་སྟེ་ཉམས་སུ་མྱོང་བར་བྱས་པའི་རང་སེམས་འཆི་མེད་རང་གྲོལ་ལ། སེམས་འཆི་མེད་ཀྱི་རྒྱ་གཞུང་དུ་འཆི་མེད་ཡེ་ཤེས་ཆེན་པོ་ཞེས་ཀྱང་བརྗོད་དེ། སྐྱེ་འཇིག་དང་འགྱུར་བའི་སྒྲིབ་པས་མ་གོས་པས་འཆི་མེད། ཐབས་ཤེས་གཉིས་སུ་མེད་པའི་འོད་གསལ་གྱི་སྐུ་ཡིན་པས་ཡེ་ཤེས། དེའི་གོང་ན་གཞན་མེད་པས་ཆེན་པོའོ། །འདིའི་དོན་ཡང་སེམས་འཆི་མེད་རྡོ་རྗེའི་མགུར་ལས་མདོ་རྒྱུད་མན་ངག་ཉམས་མྱོང་གིས། །མ་བསྒོམས་འཚང་རྒྱ་འཆི་མེད་གནད། །འདི་ལྟར་རྣམ་སྨིན་ལུས་འདི་ལ། །ཡེ་ཤེས་ལུས་ནི་རང་དགར་བྱུང་། །རྣམ་སྨིན་ལུས་ལ་ལྷ་ཡི་སྐུ། གསལ་ལ་དེར་འཛིན་མེད་པར་བསྒོམ། དེ་ཉིད་སེམས་དང་དབྱེར་མེད་དེ། སེམས་ལ་ངོ་བོ་མ་གྲུབ་པས། །དེ་ལ་འཆི་རྒྱུ་ག་ལ་ཡོད། །འཆི་བ་ཞེས་བྱ་རྣམ་རྟོག་ཡིན། །རྟོགས་ཚོགས་འཁོར་འདས་ཆོས་མ་གྲུབ་ཅེས་དང་། གསེར་ཆོས་ལྔའི་རྩ་ཚིག་འཁྲུལ་མེད་རྡོ་རྗེའི་རྒྱ་མདུད་ལས་འཆི་བ་ཞེས་བྱ་ལུས་དང་སེམས་འདི་ཡིན། །རྣམ་སྨིན་ལུས་ནི་བེམ་པོ་ས་རྡོ་འདྲ། །བག་ཆགས་ལུས་ཀྱང་རྨི་ལམ་ཤི་རྨིས་བཞིན། །འཆི་ཞེས་བཏགས་པ་ཙམ་ལས་དོན་མི་གྲུབ་ཅེས་གསུངས་པ་ལྟར། ཐ་མལ་པ་རྣམས་ཀྱིས་འཆི་བྱ། འཆི་བྱེད། འཆི་ཚུལ་ཐམས་ཅད་གྲུབ་པར་ངོས་བཟུང་བས། འཆི་བའི་སྡུག་བསྔལ་ཉམས་སུ་མྱོང་། འོན་ཀྱང་བླ་མ་དམ་པའི་གདམས་ངག་གིས་རང་སེམས་གསལ་སྟོང་ཟུང་འཇུག་བརྗོད་པའི་མཐའ་ཐམས་ཅད་དང་བྲལ་བ་ལྷ་སྐུ་ཕྱག་རྒྱ་ཆེན་པོར་ངོ་ཤེས། ཐག་བཅད། དེའི་རྒྱུན་བསྐྱངས་ནས་རང་གི་སེམས་འདི་ངོ་བོ་གང་དུའང་མ་གྲུབ་པའི་ཕྱིར་གདོད་མ་ནས་མ་སྐྱེས་པས་ན་འཆི་མེད་རང་གྲོལ་དུ་རྟོགས་པ་ཡིན། དེ་མིན་སེམས་འཆི་མེད་ཀྱི་འགྲེལ་པ་ཟུང་འཇུག་གསལ་བ་ལས་འཆི་མེད་ཡེ་ཤེས་ཆེན་པོ་འདི། །ཆིག་བརྒྱུད་རྡོ་རྗེའི་རྒྱ་ཡིས་བཏབ། །མི་རབས་བདུན་དུ་གསུམ་པའོ་ཞེས་སེམས་འཆི་མེད་ཀྱི་གཞུང་འདི་ཉིད་ནི་གསེར་ཆོས་གཞན་རྣམས་དང་འདྲ་བར་ཆིག་བརྒྱུད་བཀའ་རྒྱས་བཏབ་པ་ཡིན་ཀྱང་། འདིར་མི་རབས་གསུམ་ཞེས་བརྗོད་དོན་ནི། མཁས་གྲུབ་འགའ་ཞིག་གིས་རྒྱལ་བ་རྡོ་རྗེ་འཆང་གིས་ནི་གུ་མར་བརྒྱུད་པ་རབས་དང་པོ་དང་། ནི་གུ་མས་མཁས་གྲུབ་ཁྱུང་པོར་བརྒྱུད་པ་རབས་གཉིས་པ། མཁས་གྲུབ་ཁྱུང་པོ་དང་མཚུངས་པར་སངས་རྒྱས་གཉན་སྟོན་ལ་བཀའ་བབས་པ་བཅས་རབས་གསུམ་དུ་གོ འོན་ཏེ་ཇོ་ནང་ཏཱ་ར་ནཱ་ཐས་ནི་སངས་རྒྱས་སྟོན་པའི་སློབ་མ་མཆོག་གསུམ་སྟེ། མཁས་གྲུབ་ཤངས་སྟོན་དང་། བསམ་སྡིངས་པ་གཞོན་ནུ་གྲུབ། གནས་རྙིང་པ་ཨ་ཡི་སེང་གེ་བཅས་གསུམ་ལ་བརྒྱུད་པར་བཞེད། རང་སེམས་འཆི་མེད་རང་གྲོལ་གྱི་མགུར་རྗེ་བཙུན་དྷརྨ་སིང་ཧས་མཛད་ཅིང་། དབུར་ན་མོ་གུ་རུ་ཞེས་པ་དང་བཅས་པའི་ཁྱོན་ཚིག་རྐང་བཅུ་ཡོད་པ། དབོན་སྟོན་སྐྱེར་སྒང་པས་རྗེ་བཙུན་རྨོག་ལྕོག་པ་ལ་གསེར་སྲང་བརྒྱ་དང་འབྲི་སུམ་ཅུ། ཟེར་ཐུལ་གཅིག་རྣམས་ཕུལ་ནས་ཞུས་ཏེ་ཉམས་སུ་མྱོང་གནང་བ་ཞིག་ཀྱང་ཡོད།
རྣམ་སྨིན་གྱི་ལུས་འདི་ཉིད་ནི་བེམ་པོའི་ཚོགས་པ་ཡིན་པའི་ཕྱིར་སྐྱེ་འཆིའི་ཐ་སྙད་གདགས་པའི་གཞི་མ་ཡིན་པས་སྟོང༌། དོན་དུ་ལུས