Bla ma shangs pa'i 'dzag bsrungs bka' rgya ma

From Shangpa Resource Center








Resource ID KN4
Title bla ma shangs pa'i 'dzag bsrungs bka' rgya ma
Alt. title thig le 'dzag pa'i bsrung pa
Topics Various
Sub-Topics Various by Khyungpo Neljor
Author Khyungpo Neljor
Link BDRC W4CZ58783 (p. 21)

༄༅། །བླ་མ་ཤངས་པའི་འཛག་བསྲུངས་བཀའ་རྒྱ་མ།

བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ།
ཐིག་ལེ་འཛག་པའི་བསྲུང་བ་ཞེས་བྱ་བ།
ཐིག་ལེ་འཛག་པ་ལ་རྒྱུ་དྲུག་ཡོད་ཏེ། བདེ་བ་རྒྱས་ཏེ་གང་བས་འཛག །གདོན་དང་བགས་ཀྱིས་རྨི་ལམ་དུ་འཛག །ནད་བཞི་རླུང་དང་སྡོངས་ཏེ་འཛག །ཁ་ཟས་མི་མཐུན་པས་རང་ཉམས་ཏེ་འཛག །རིག་མའི་རྐྱེན་གྱིས་ཆགས་པ་སྐྱེས་ཏེ་འཛག །སྤྱོད་ལམ་གྱིས་་་་་ལ་དང་སྡོངས་ཏེ་འཛག་པའོ།
།དེ་དག་གི་བསྲུང་བ་ནི། དང་པོ་ཡིད་ཀྱིས་རླུང་ཟིན་པས་སྣ་བུག་གཉིས་ཀྱི་སེམས་པོའི་རླུང་ལོག །དེས་གཏུམ་མོའི་མེ་འབར། དེས་རྩའི་འདུད་པ་གྲོལ། དེས་འོ་མ་དང་འདྲ་བའི་ཁམས་ལུད། དེས་མར་གསར་པ་དང་འདྲ་བའི་ཐིག་ལེ་འཕེལ། དེས་བདེ་བ་ཆེན་པོའི་འདོད་ཆགས་ཀྱི་མེ་འབར་བས། སྐྱེས་པ་དང་དུད་འགྲོ་ལ་ཡང་ཆགས་པ་སྐྱེ་སྟེ། དེས་ལུས་ལ་རྒྱུན་མ་ཆད་པར་ཐིག་ལེ་འཛག་པ་ཡིན་ཏེ། སྒོམ་པའི་རྗེས་ལའམ། དྲག་ཤུལ་དུ་ལང་པའམ། འོ་དོད་ལྟ་བུས་རྐྱེས་བྱས་ཏེ། འདི་ཚོར་བར་འཛག་པ་ཡིན་པས། དེ་ཡང་ཞག་གྲངས་ཅི་རིགས་པར་བཟུང་བར་མ་ནུས་ན། འདི་སྲོག་གི་བར་ཆད་དུཡང་འགྲོ་སྟེ། ཏིང་ངེ་འཛིན་གྱི་བར་ཆད་དུ་ཡང་འགྲོ་བ་ཡིན་པས།
དེ་བསྲུང་བ་ནི། སྤྱོད་ལམ་དལ་བར་འགྱུར་བ་རྣམ་པ་དྲུག དག་འདྲེན་པ་ཞི་དྲག་གི་གནད། ཧཱུྃ་དྲག་ལ་རིང་བ། སེམས་ཧཱུྃ་ཕཊ་ཀྱིས་བུག་པ་དགག །དྲག་པོ་ཧིག་ཀི །ཞི་བ་ཧིག་ཀི སྟེང་རླུང་རྣམ་པར་འགོག་པ་ལ་སོགས་པས་བསྲུང་ངོ་།
།འགྱུར་བ་དྲུག་གི་རྒྱ་མཚོ་རི་རབ་ལ་བསྐམས། གླིང་བཞི་དབང་དུ་བསྡུ། རོ་འཛིན་རང་བཞིན་དུ་བཞག་གོ
།དབང་པོའི་མཆོག་སྟེང་དུ་ལྟ་བ་ནི། ཞལ་ལས་ཤེས་པར་བྱའོ།
།གཞན་ཡང་བགྲད་པའི་རྟེན་འབྲེལ་གྱི་གནད་ཀྱི་མཆེ་བས་བསྲུང་བ་ནི། ལག་པ་ཁུ་ཚུར་བཅངས་ལ་སྣོལ་ཏེ་བྲང་དུ་བཞག །མིག་གྱེན་དུ་ལྟོག་ཏེ། མ་ཕབ་པར་བཞག་པས་བསྲུང་། མིག་ཧ་ཅང་ཐོ་ན་མི་ཏོག་པར་སོང་ནས་བདེ་བ་གཏོར་ནས་འགྲོ་བས། ཧ་ཅང་མི་མཐོ་བར་བྱ། ཁྱད་པར་དུ་སྟོབས་ཀྱི་ཧཱུྃ་ཉི་ཤུ་རྩ་གཅིག་གིས་བསྲུང་། དེས་ཀྱང་བསྲུང་བར་མ་ནུས་ན། བཞི་བཅུ་བརྒྱད་ཀྱིས་བསྲུང་། ཡང་ལག་པ་ཁུ་ཚུར་གཉིས་བཅངས་ཏེ་མིག་ཐད་ཀར་ལྟས་ལ་ཤེས་པ་འོག་མིན་ན་ཡར་བཏང་ན་འཆད་པར་འགྱུར་རོ། །འདི་ནི་ཞེན་པ་ལོག་པ་ཡིན་ནོ། །སྟེང་རླུང་རྣམ་པར་འགོག་པ་ཡང་བྱའོ།
།ཐུར་དུ་འཛག་པ་བསྲུང་པས་སྟེང་དུ་སོང་ཏེ། མིག་དང་རྣ་བ་ནས་འཛག་ན། སེང་གེ་རྣམ་གྲོལ་གྱི་ཕྱག་རྒྱས་བསྲུང་ངོ་།
།སྣ་བུག་གཉིས་ནས་ཁྲག་ཏུ་འཛག་ན། ལག་པ་ཁུ་ཚུར་གཉིས་བཅངས་ཏེ་སྙིང་ཁ་ནས་ཕྱིར་དྲག་ཏུ་ཡང་ཡང་རྐྱང་བས་བསྲུང་ངོ་།
།ཡང་རྣམ་པ་གཅིག་ལ་རྒྱུ་གང་གིས་འཛག་ཀྱང་རུང་སྟེ། ནས་པོ་རྒོད་ཕུལ་གསུམ། དྲི་མོའི་རོ་ལྔ། བླ་རྩི་སྲན་མ་ཙམ་གཅིག །དེས་གསུམ་ཞིབ་པར་བཏགས་ལ། ཆང་གི་ནང་དུ་བཏབ་ལ་བཏུང། དེ་ཡང་ཡང་བྱས་ན་བསྲུང་ངོ་།
།དེས་མ་ཆོད་ན་གླང་བུའམ་ཁྱི་དཀར་པོའི་འབྲུ་འོ་མའི་ནང་དུ་གཙོས་ནས་ཟོས་ན་ཐིག་ལེ་ཆོད་དོ། །ལུས་ཟུངས་འཕེལ་ལོ།

།གཉིས་པ་གདོན་དང་བགས་ཀྱི་སྟོབས་ཀྱིས་རྨི་ལམ་དུ་འཛག་པ་ནི། གདོན་ཡིན་ན་དུས་ངེས་པ་ཅན་དུ་འཛག་ཏེ། རྨི་ལམ་ན་འཇིགས་ཤིང་ཡ་ང་བ་དང་། རྟ་ཞོན་པ་དང་། གཡང་ལ་འཕྱོངས་པ་ལྟ་བུས་འཛག་པ་ཡིན་ལ། བག་ཆགས་ཡིན་ན་དུས་ངེས་པ་མེད་པར་འཛག་སྟེ། རྨི་ལམ་དུ་བུད་མེད་དང་ལྡིག་གནས་པ་ལྟ་བུ་ལ་རྟེན་ནས་འཛག་པའོ།
།དེ་གཉིས་ཀ་ཡང་མ་ཚོར་བར་འཛག་པ་ཡིན་པས་བསྲུང་བ་མ་བྱས་ན་སྲོག་གི་བར་ཆད་དུ་འགྲོ་བ་ཡིན་ནོ།
།དེ་ལ་དང་པོ་གདོན་གྱི་བསྲུང་བ་ནི། དྲུག་ལས།
དང་པོ་གུ་གུལ་ནག་པོ། མིའི་ཀླད་པ་མ་རུལ་བ། ཡུངས་དཀར་བསྲེགས་པའི་ཐལ་བ། བུད་མེད་ཀྱི་ཟླ་བ་མར་ངོའི་པད་མ་རག་ཏ་མ་རུལ་བ་རྣམས་སྦྱོར་བ་ལེགས་པར་བྱས་ཏེ། དེ་ཡང་ལྕགས་ཀྱི་གནོད་དུ་ཡུངས་དཀར་གྱི་ཐལ་བ་ཞིབ་པར་རྡུང་པ་དང་། གུ་གུལ་ཀླད་པ་རྣམས་བསྲེས་ཏེ་ཟན་ཙམ་དུ་བྱས་ལ། དྲོད་མ་ཡལ་བ་ལ་རིལ་བུ་སྲན་མ་ཙམ་བྱས་ཏེ། སྲོད་ཀྱི་དུས་སུ་རང་གི་ལག་མཐིལ་དུ་ཆིལ་མའམ་འཆང་གིས་སྦྱར་ཏེ། དེ་ནས་རང་གི་གསང་གནས་དང་། བཤང་ལྕིའི་བར་དུ་བྱུག །འཛུབ་མོས་སྐྱེ་རགས་འཆིང་བའི་འཚུལ་དུ་སྐྱེད་ན་ཚུར་བྱུག །གདོན་ཡིན་ན་དེས་ངེས་པར་བསྲུང་ངོ་།
།གཉིས་པ་ལུས་ཀྱི་སྤྱོད་ལམ་གྱིས་བསྲུངས་ཏེ། དེ་ཡང་དུས་ངེས་པ་ཅན་དུ་འཛག་ན། དེའི་དུས་སུ། ཙོག་པུར་བྱས་ཏེ་གཉིད་ལོག་པས་གདོན་གྱིས་མི་ཚུགས་པས་མི་འཆོར་བ་ཡིན་ནོ།
།གསུམ་པ་ནི་མེ་ཏོག་པར་ཙ་ལུ་ཀའི་འབྲུས་བཏགས་པ་དང་། འོ་མ་སྐོལ་བ་ཁྱོར་བ་གང་ཙམ་དང་བསྲེས་པ་སྔ་གྲོ་ལྟོ་སྟོང་ལ་མཐུང་ནས་བསྲུང་ངོ་།
།བཞི་པ་ནི་ྦཀུད་པ་ནག་པོ་འ་ལ་མདུད་པ་བདུན་ནམ་ཉི་ཤུ་རྩ་གཅིག་བྱས་ཏེ། ལྷག་པའི་ལྷའི་སྙིང་པོ་བརྒྱ་རྩ་བརྒྱད་དམ། ཉི་ཤུ་རྩ་གཅིག་བཟླས་ཏེ་སྐྱེད་པ་ལ་བཅིང་ངོ་།
།ལྔ་པ་ནི་ཁྱད་པར་དུ་རྒྱལ་པོའི་གདོན་གནོད་པ་ན། དཔའ་བོ་གཡུལ་དུ་གསད་པའི་རུས་པ་ཆུ་ལ་བརྟར་ཏེ། ལྟེ་བའི་ཐད་དུ་མེ་ལོང་ཙམ་གཅིག་ཡང་ཡང་བྱུགས་ན་དེས་བསྲུང་ངོ་།
།དྲུག་པ་ནི་བྱ་བའི་རྒྱུད་ནས་གསུང་པའི་ཐུན་མོངས་གི་བསྲུང་བས་བསྲུང་བ་ནི། དེ་ཡང་གཞོན་ནུས་༼བུ་མོ་རྩང་མ་གྲོགས་པའི་ཆོས་ཀྱིས་མ་གོས་པ་གཅིག་གིས་སྐལ་པའི་སྲད་བུ།༽སྐལ་པའི་བཀུད་པ་ནི། ལེབ་རྐན་རྩིའམ་གུར་གུམ་གྱིས། གཙོས་ལ་མདུད་པ་བདུན་བྱས་ཏེ། སྲོད་ལ་རིགས་སྔགས་སྟོང་རྩ་བརྒྱད། བཟླས་ཏེ་སྐྱེད་ལ་བཅིངས་པ་ན། འདིས་ནི་སྒྲུབ་པོ་དེ་དག་གི། ཁུ་བ་རྟག་ཏུ་འཛིན་པར་འགྱུར།
དེ་ལ་དེའི་སྔགས་ནི། ཨོཾ་ཤུད་ཏྲ་དྷ་ར། བྷན་དྷ་བྷན་དྷ། སིད་དྷར་ཏེ་སྭཧཱ༔ ཞེས་པའོ།
།ཡང་ན་སྐུད་པ་ནག་པོ་གཅིག་ལ་འདུད་པ་ཉི་ཤུ་རྩ་གཅིག་བྱས་ལ། ལྷག་པའི་ལྷའི་སྙིང་པོ་མང་དུ་བཟླས་ཏེ་སྐྱེད་པ་ལ་བཅིང་ངོ་།
།དེ་ལྟ་བུ་ཡི་བསྲུང་བ་དྲུག་པོ་དེ་ནི། གང་ཡང་རུང་བ་གཅིག་གིས་བསྲུང་བར་ནུས་པ་ཡིན་ནོ། །དེ་དག་ཐམས་ཅད་ཀྱིས་ཀྱང་བསྲུང་བར་མ་ནུས་ན་དབང་ཕྱུག་ཆེན་པོའི་གོ་ལོག་གི་སྦྱོར་བས་བསྲུང་བར་བྱ་སྟེ། རང་གི་ལུས་ལ་བ་གླང་གི་ལྕི་བས་བྱུགས་ལ། བདག་ཉིད་དབང་ཕྱུག་ཆེན་པོ་གཅེར་བུ་བ་གླང་གི་ལྕི་བས་ལུས་ལ་བྱུགས་པ་རལ་པ་ཅན། ཞབས་གཡོན་སྐུམ། གཡས་རྐྱང་བ། ཕྱག་གཡོན་མཆོད་སྦྱིན་གྱི་སྟེང་ན་རིལ་བ་སྤྱི་ལུགས་འཛིན་པ༼དངོས་སུ་ཡོད་ན་ཤིན་དུ་ཟབ༽། གཡས་རྨ་བྱའི་སྒྲོའི་མཆུན་པོ་ཆེན་པོ་བསྣམ་པ། དེས་རང་གི་གསང་གནས་བཀབ་ས་གཅིག་གིས་སྒོམ་ཏེ། ཨ་ཨ་རི་ཧན་ཏེ་འཇུག་འཇུག །ཅེས་ལན་ཉི་ཤུ་རྩ་གཅིག་ལ་སོགས་པ་བཟླས་སོ། །འདིས་ནི་ངེས་པར་ཐུབ་སྟེ། བདེ་བ་མེད་ནས་འགྲོ་བ་ཡིན་ནོ། །འདི་ནི་ཕྱི་རོལ་པའི་བསྲུང་བ་ཡིན་ནོ། །ཅེས་སོ།
།བགས་ཀྱིས་རྨི་ལམ་དུ་འཛག་པ་བསྲུང་བ་ནི། བུད་མེད་ཀྱི་གོས་ཀྱི་དྲེག་པ་བྲུད་ནས་ཐུམ་བུ་བྱས་ཏེ། སྐྱེའམ་དཔུང་པའི་སྐེད་པ་ལ་བཏགས་ན་དེས་བསྲུང་བ་ཡིན་ནོ། །ཡང་རྣམ་པ་གཅིག་ལ་རྒྱུ་གང་གིས་འཛག་ཀྱང་རུང་སྟེ། ནས་སོ་རྒོད་ཕུལ་གསུམ་ལ་སོགས་པ་སྔར་དང་འདྲའོ།

།གསུམ་པ་བསྲུངས་བ་ནི། སྤྱིར་ཟས་བཅུད་ཅན་ལ་རྟེན། ཁྱད་པར་དུ་ལྟོ་སྟོང་ཚྭ་བ་གསུམ་གྱི་གམ་ཕྱེ་ཅུང་ཟད་རྟེན། གཅན་གཟན་ལ་སོགས་པ་དྲོ་བར་གྱུར་པའི་རས་མས་གསང་གནས་དང་སྐེད་པར་བཀྲིས་ལ། གྲུ་མོས་སླེབ་པའི་སར་གློ་གཉིས་སུ་རྒྱ་གྲམ་རེ་བྱས་ཏེ། དབུས་སུ་སྲ་བ་རིལ་མ་ཙམ་པའི་མེ་ཙ་ལྔའམ་བདུན་གདན། དེས་ངེས་པར་གསུང་ངོ་།
ལུས་ངག་གི་འགྱུར་བ་དྲུག་བྱས་ཏེ། མིག་གྱེན་དུ་བགྲད་པ་སོགས་བྱས་པས་བསྲུང་། ངག་འདྲེན་པ་ཞི་དྲག་གིས་བསྲུངས། དེ་དག་གིས་བསྲུང་མ་ནུས་པ་རྣམས་ལ། ནུས་པ་ཁྱད་པར་ཅན་གྱི་རྟེན་འབྲེལ་གྱིས་བསྲུང་བ་ནི། བྱ་ཁྲའི་སྒོང་ང་སྣོད་མ་ཆག་པར་ཟ་མ་ཏོག་ལ་སོགས་པར་བཅུག་སྟེ། འདོམས་སུ་བཏགས་ནས་གུ་གུལ་གྱི་དུད་པས་དབང་པོའི་སྒོ་བདུག །དེས་ངེས་པར་ཆོད་དོ། །ཡང་ན་བྱ་ངང་པ་མ་གསར་གྱི་སྒོང་ང་བླངས་ཏེ་སྒོང་ངའི་བཅུད་སེར་པོ་དེའི་ཕྱེད་གསང་གནས་སུ་བྱུག །ཕྱེད་འབབ་ཆུ་ལ་སྐུར་ན་དེས་ངེས་པར་བསྲུང་ངོ་། ཨྀཐི།།

ཡང་རྣམ་པ་གཅིག་ལ་རྒྱུ་གང་གིས་འཛག་ཀྱང་རུང་སྟེ། ནས་པོ་རྒོད་ལ་སོགས་པ་གོང་དང་མཐུན།
དྲུག་པ་བསྲུང་བ་བྱ་བ་ནི། སྤང་བར་བྱ་བ་ཚ་བ་དང་། ལན་ཚྭ་ཆེས་པ་དང་། སྒ་ལ་སོགས་པ་རྩུབ་མོའི་རོ་རྣམས་སྤང་བར་བྱ་སྟེ། ཨ་རུ་ར་འོ་མར་སྦངས་པ་རྒྱུན་དུ་རྟེན་པར་བྱའོ། །བསྲུང་བ་ཐ་མ་གཉིས་པོ་དེ་ནི་སྔར་སྤྱོད་ལམ་གྱི་བདུད་རྩི་རྟེན་པའི་སྐབས་བཞིན་དུ་ཤེས་པར་བྱའོ། །དེ་དག་ནི་ཐིག་ལེ་འཛག་པ་བསྲུངས་བའི་མན་ངག་སྣ་ཚོགས་མུས་པའོ།།

།ཡང་གསྲུང་པ། ཨོཾ་བཛྲ་ཝ་ར་ན་མུ་ཁཾ། ཞེས་བརྗོད་པས། རང་སྤྲེའུའི་རྒྱལ་པོ་ཧ་ན་མ་དྷ་སྐུ་མདོག་དཀར་པོ་གཡས་རིབ། གཡོན་ཤིང་ཐོག་ཐོགས་པ་གཅིག་སྒོམ། ཡང་སི་དྷི་བ་ར་མུ་ཁཾ། ཞེས་བརྗོད་པས། མདུན་དུ་ཡང་དེ་དང་འདྲ་བ་གཅིག་སྒོམ། དེ་ནས་ཨོཾ་བྷེ་ཏྲེ་བྷེ་ཏྲ། མཧཱ་བྷེ་ཏྲེ་མཧཱ་བྷེ་ཏྲེ། མ་བི་ཤ། མ་ཛྭ་ར་མ་ཛྭ་ར་སྭཧཱ༔ ཞེས་མང་དུ་བཟླ་པས་བསྲུང་ངོ་། །ཡང་རྣམ་པ་གཅིག་སྔར་གྱིས་བསྲུང་ངོ་། ཨྀཐི།།

ན་མོ་གུ་རུ། རང་གི་བསྲུང་བ་གོང་བཞིན་བུད་མེད་ལ་ཐིག་ལེ་མི་འཆོར་བར་བྱ་བའི་ཐབས་ལ། རྫས་དང་སྔགས་གཉིས་ཏེ། རྫས་ཀུད་པ་དམར་པོ་སུམ་སྒྲིལ་བུ་མོ་གྲོང་པའི་ཆོས་ཀྱི་དྲི་མས་མ་གོས་པ་གཅིག་གིས་སྐལ་བ་གཅིག་ལ་མདུད་པ་ཉི་ཤུ་རྩ་གཅིག་བྱས་ལ། སྔགས་ཉི་ཤུ་རྩ་གཅིག་བཟླས་སོ། །སྔགས་ནི། ཨོཾ་ཧ་ར་ཧ་བྷན་དྷ་ནི། ཤུ་ཏྲ་དྷ་ར། སིད་དྷར་ཏེ་སྭཧཱ༔ ཞེས་བཟླས་པས་ཐུབ་པོ། གཞན་ལ་ཐིག་ལེ་མི་འཆོར་བའི་ཐབས་ལ། འཁོར་ལོ་རྩིབས་གསུམ་པ་གཅིག་བྱས་ལ། སྔགས་རྒོད་དེ་རང་གི་སྤྱི་བོར་གདགས་སོ། །རའི་འོ་མ། རྟའི་འོ་མ། ཀ་ཤོ་ཀན་འདའ་དང་། བའི་འོ་མ་རྣམས་སྦྱར་ཏེ་རྐང་པའི་མཐིལ་དུ་ཀུས་ན་ཅི་ཙམ་སྤྱད་ཀྱང་མི་འཆོར་རོ། །འདྲེ་གདོན་ཡང་ཐུབ་པོ། མུ་ཏྲ་རྟེན་ན་ལུས་ཟུང་མི་འཆོར་བའི་གདམས་ངག་གོ། ཨྀཐི།།

ན་མོ་གུ་རུ། ཀླུ་མོ་འབུམ་སྡེའི་སྦྱོར་བའི་དུག་ལ་འདི་བྱ་སྟེ། སྲད་བུ་དམར་པོ་ལ་སྔགས་ཉིས་སྟོང་བཟླས་ཏེ། འདུད་པ་བདུན་བྱའོ། །སྐེད་པ་ལ་ཅིང་ངོ་། །དེའི་མན་ངག་ཤོ་མའི་རྩ་བ་ཡིན་ནོ། །རང་ལ་བསྲུང་ན་སྔགས་བཟླས་པས་ཆོག་གོ །ཨོཾ་ཧ་ར་ཧ་ར་བྷན་དྷ་ཤུ་ཏྲ་དྷ་ར་བིད་དྷར་ཏེ་སྭཧཱ༔ ཨྀཐི།།

ཡང་རྣམ་པ་གཅིག་ལ་གང་གིས་འཛག་ཀྱང་རུང་སྟེ། གོང་དང་འདྲའོ།
།ལྔ་པ་བསྲུང་བ་བྱ་བ་ནི། ཡང་བར་བྱ་བ་མེ་དང་ཉི་མ་ལ་སོགས་ཏེ། རྔུལ་ཐོན་པ་དང་དྲག་ཤུལ་གྱི་སྤྱོད་པ་རྣམས་སྤངས། རྟེན་པར་བྱ་བ་ནི། དལ་བ་དང་བག་ཡངས་ཀྱི་བདུད་རྩི་རྟེན་པར་བྱའོ། ཨྀཐི།།

ན་མོ་གུ་རུ། ཐིག་ལེ་འཆོར་བ་ཐམས་ཅད་རླུང་མ་སྡམ་པའི་སྐྱོན། མགོ་ན་བ། ཁ་གདོང་ན་བ། མགྲིན་པ་ན་བ་རྣམས། བཀུག་གྲགས་པའི་སྐྱོན། རོ་སྟོད་ན་བ་དང་། གཟེར་བ་དང་། རོ་སྟོད་སྒུར་བ་དང་དཔུངས་པ་བསྡམས་པའི་སྐྱོན། འདོད་ཆགས་ཆེར་སོང་བ། རྒལ་ཚིགས་དྲང་པོར་མ་སྲངས་བ་དང་། འཚང་ར་འོག་ཏུ་བཅུག་པའི་སྐྱོན་ཡིན། ཤེས་པ་བྱིང་ཐིབས་དང་། སྙིང་མི་དགའ་བ་གཉིས། རླུང་གནད་ཕྱིར་དྲག་ཏུ་བཏོན་པའི་སྐྱོན་ཡིན་པས། ལུས་དྲངས་ལ་མགྲིན་པ་དགུ་བར་བྱ། དགུ་དྲགས་ན་མགོ། ནར་ཡོང་། དེས་ན་གནད་དུ་མ་སོང་བའི་སེམས་འཛིན་དཀའ། ལུས་ཀྱི་བཅྭའ་ལུགས་མ་ཤེས་ན། བདེ་དྲོད་སྐྱེ་བ་ཤིན་དུ་དཀའ། ཞེས་གསུངས་སོ། །ཐིག་ལེ་འཆོར་བ་ཕེར་ཐོ་རངས་འཆོར་བར་གསུངས། ཨྀཐི།།

ཞེན་མེད་ཀྱི་སྙིང་རྗེ། བྱར་མེད་དུ་ཁྲེས་སེ། གསལ་སྟོང་དུ་ཧྲིག་གེ། སྤང་མེད་དུ་གྲོལ་ལེ། སྒོམ་མེད་དུ་ལྡེང། བློ་སྙེམ་བྱེད་དང་ཕྲལ་ནས་བློ་འདས་སུ་བཞག་གོ། ཨྀཐི།། ཤུ་བྷཾ།།

རྟོགས་ལྡན་ཚུལ་ཁྲིམས་ཐུགས་དགེས་པའི་རོལ་མོ་འདི། ཁོ་བོ་ཤྲི་མན་གྱི་སོར་མོའི་རྩེ་ལ་ལེགས་པར་བླངས་སོ།།