Chos rje gzhon nu grub kyi rnam thar

From Shangpa Resource Center








Resource ID SCv1p491
Title mkhas grub chos rje gzhon nu grub kyi rnam thar ngo mtshar ba
Topics Biography
Author Shangtön Jangchup Sherab
Associated Person Shönu Drup
Link BDRC W23922
BDRC W3PD988

༄༅། །མཁས་གྲུབ་ཆོས་རྗེ་གཞོན་ནུ་གྲུབ་ཀྱི་རྣམ་ཐར་ངོ་མཚར་བ་བཞུགས་སོ།།

བླ་མ་རིན་པོ་ཆེ་དང་ཡི་དམ་གྱི་ལྷ་དང་། ཡེ་ཤེས་ཀྱི་མགོན་པོ་རྣམས་ལ་ཕྱག་འཚལ་ལོ།
།མི་འགྱུར་བདེ་ཆེན་དོན་གཉིས་ལྷུན་གྲུབ་མཆོག །བཀའ་བརྒྱུད་རྩོད་མེད་བླ་མ་རྣམས་ཀྱི་སྲས། །འགྲོ་བའི་རྣམ་འདྲེན་ཕྲིན་ལས་དུས་ལ་བབས། །མཁས་གྲུབ་ཆོས་རྗེའི་ཞབས་ལ་ཕྱག་འཚལ་ལོ།
།དཔལ་ལྡན་བླ་མའི་སྐུ་གསུང་ཐུགས་ཀྱི་གསང་། །རྒྱལ་བ་རྣམས་ཀྱིས་ཇི་བཞིན་རྟོགས་གྱུར་ཅིང་། །སོ་སོའི་སྐྱེ་བོས་ཕྱོགས་ཙམ་མི་མཚོན་མོད། །བདག་བློ་དམན་པས་རྒྱ་ཆེར་ག་ལ་རྟོགས།
།ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་དང་དབྱེར་མེད་པ། རྒྱལ་བ་རིགས་ལྔའི་བདག་ཉིད། དཀྱིལ་འཁོར་ཐམས་ཅད་ཀྱི་གཙོ་བོ་དྲུག་པ་རྡོ་རྗེ་འཆང་ཆེན་པོའི་ངོ་བོ། མཁས་གྲུབ་རིན་པོ་ཆེ་ཞེས་གྲགས་པ་དེ་ཉིད་ཀྱི་རྣམ་པར་ཐར་པ་གསོལ་འདེབས་སུ་སྦྱར་བ་འདིའི་དོན་ཅུང་ཞིག་དད་ལྡན་སྐྱེ་བོས་བསྐུལ་བའི་ངོར། བདག་གིས་ཆོས་རྗེ་ཉིད་ལས་དངོས་སུ་ཐོས་ཤིང་མཐོང་བ་ཐོ་རེ་བ་ཙམ་ཞིག་བརྗོད་པ་འདི་ལ་དང་བའི་དད་པ་མཛོད་ཅིག་ཅེས་གསོལ་བའོ།
།རྡོ་རྗེ་འཆང་དབང་བླ་མའི་སྐུར་བྱོན་པས། །ཁྱོད་ཀྱི་ཡོན་ཏན་བསམ་པར་མི་ནུས་ཀྱང་། །བདག་བློ་མོས་གུས་མིག་ནི་ཞན་པ་ཡིས། །མཐོང་བའི་རྣམ་ཐར་ཡོན་ཏན་གྱིས་བསྟོད་པས། །བདག་ལ་ཐུགས་རྗེ་ཆེན་པོས་བསྐྱབ་ཏུ་གསོལ།
།ཞེས་པའི་དོན་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང་གི་སྐུ་གསུང་ཐུགས་དབྱེར་མེད་བདེ་བ་ཆེན་པོའི་དབང་ཕྱུག་དེ་ཉིད་ནི། སངས་རྒྱས་རྣམས་ལ་དག་པ་གཉིས་ལྡན་གྱི་ཆོས་སྐུའི་སྣང་བ་འཆར་ལ། དག་པ་ས་གསུམ་ལ་ལོངས་སྐུའི་རྣམ་པར་འཆར་ཞིང་། སོ་སོའི་སྐྱེ་བོ་ལས་དག་པ་མན་ཆད་ལ་སྤྲུལ་སྐུའི་སྣང་བ་འཆར་བར་གསུངས་སོ། །བདག་ལ་བླ་མ་མཚན་ཉིད་དང་ལྡན་པ་ཐུགས་རྗེའི་མངའ་བདག །བཀའ་དྲིན་ཆིག་ཆོག་གི་རྒྱལ་པོ་འདི་ཉིད་ཀྱི་སྐུ་རུ་སྣང་ནས་བྱིན་གྱིས་བརླབས་ཤིང་། དབང་གདམས་ངག་གི་བཀའ་དྲིན་ཆེན་པོ་ཐོབ་པས་རྡོ་རྗེ་འཆང་དངོས་ཡིན་ནོ་སྙམ་པའི་ངེས་ཤེས་ཐོབ་ཅིང་། བླ་མ་མཚན་ཉིད་དང་ལྡན་པ་སངས་རྒྱས་དངོས་ཡིན་ནོ།
།རྡོ་རྗེ་གུར་ལས། །གང་ཕྱིར་རྡོ་རྗེ་འཛིན་པ་ཞེས། །དེ་ཉིད་སློབ་དཔོན་གཟུགས་བཟུང་སྟེ། །སེམས་ཅན་རྣམས་ལ་ཕན་དོན་དུ། །ཐ་མལ་པ་ཡི་གཟུགས་ཀྱིས་གནས། །ཞེས་དང་།
གསང་འདུས་ལས། རྡོ་རྗེ་སློབ་དཔོན་ནི་བདག་ཅག་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕའོ། །མའོ། །སྐྱེལ་མའོ། །ཞེས་པ་དང་།
ཆུ་ཀླུང་བ་ཚ་ཅན་གྱི་མདོ་ལས། ལྔ་བརྒྱ་ཐ་མར་གྱུར་པ་ན། །ང་ཉིད་སློབ་དཔོན་གཟུགས་ཀྱིས་གནས། །ང་ཡིན་སྙམ་དུ་ཡིད་བྱོས་ལ། །དེ་ཚེ་དེ་ལ་གུས་པ་བསྐྱེད། །ཅེས་དང་།
ཤྭ་ལོ་ཀ་ལྔ་བཅུ་པ་ལས། བླ་མ་དང་ནི་རྡོ་རྗེ་འཛིན། །ཐ་དད་པར་ནི་མི་བལྟའོ། །ཞེས་བྱ་བ་ལ་སོགས་པ་མདོ་རྒྱུད་བསྟན་བཅོས་དུ་མ་ནས་གསུངས་སོ།
།ཆོས་རྗེ་ཉིད་ཀྱི་སྐུའི་རྣམ་འགྱུར། གསུང་གི་འདུ་བྱེད། ཐུགས་ཀྱིས་འདས་མ་འོངས་ཀྱི་རྣམ་པ་མཁྱེན་ནས་གསུངས་པ་ཙམ་གྱིས་ཏིང་ངེ་འཛིན་སྐྱེས་པ་དང་། ནད་གདོན་དྲག་པོ་ཐོན་པ་དང་། རྟོགས་པ་ལ་འཁོད་པ་མང་དུ་བྱུང་ཞིང་། ཐོགས་པ་མེད་པའི་མངོན་ཤེས། འགྱུར་བ་མེད་པའི་རྟོགས་པ། གཡེལ་བ་མེད་པའི་ཐུགས་རྗེ། དོན་དང་ལྡན་པའི་ཕྲིན་ལས། དྲི་མ་མེད་པའི་རྣམ་ཐར་ཁྱད་པར་ཅན་དང་ལྡན་པའི་བླ་མ་རྡོ་རྗེ་འཆང་འདི་ཉིད་ཀྱི་ཡོན་ཏན་དྲི་མེད་རྒྱ་མཚོ་རྣམས་སུས་ཀྱང་བསམ་པ་དང་། དཔག་པ་དང་། གནས་ལུགས་ཇི་ལྟ་བ་བཞིན་བརྗོད་པར་མི་ནུས་ཤིང་། བདག་ཀྱང་མོས་པས་སྤྱོད་པའི་བློ་ཅན་གྱིས། བླ་མ་རིན་པོ་ཆེ་ཆོས་ཀྱི་སྐུ་དངོས་སུ་མཐོང་བའི་མོས་གུས་དང་། ལོངས་སྤྱོད་རྫོགས་པའི་སྐུ་ཇི་ལྟ་བ་བཞིན་མཐོང་བའི་མིག་ཞན་པར་གྱུར་ཀྱང་། དང་པོ་མཇལ་བར་དཀའ་བ་ལས་མཇལ་ཏེ། ཡིད་བཞིན་གྱི་ནོར་བུ་རྙེད་པ་དང་མཚུངས་པ་ལ། བར་དུ་ཡུན་དུ་བསྟེན་ཅིང་མཛངས་མས་བུ་སྐྱོང་བ་བཞིན་དུ་སྐུ་དྲིན་ཆེན་པོས་སྐྱོངས་ཤིང་། མཐའ་མ་ཡང་བླ་མ་དམ་པའི་ཐུགས་རྗེས་བྱིན་གྱིས་བརླབས་པས་ངོ་མཚར་བའི་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པར་གོ་ཞིང་ཡོད་པར་ཐག་ཆོད་པ་ལ། ཆོས་རྗེ་ཉིད་ཡོན་ཏན་སྦེད་པར་གཙོ་བོར་མཛད། དེའི་རྒྱུ་མཚན་ཞིབ་ཏུ་གསུངས། གདུལ་བྱའི་བློ་ཚོད་དང་མཐུན་པའི་སྒོ་ནས་ཅི་མཛད་དེ་ལེགས་ཅིང་གང་གསུང་ངོ་མཚར་བར་མཐོང་བ་དང་ཐོས་པ་ནི་རགས་རིམ་ཞིག་བརྗོད་པས་ཀྱང་དད་པ་དང་སྙིང་རུས་ཞེ་བཅད་དང་གོ་བ་ལ་ཕན་པའི་ཕྱིར་གསོལ་བ་བཏབ་ནས། བདག་ལ་ཞེས་ཐོགས་དྲངས། སེམས་ཅན་ཐམས་ཅད་ལ་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོས་བསྐྱབ་ཏུ་གསོལ་ཞེས་གདུང་བའི་སེམས་ཀྱིས་བརྗོད་པ་ལགས་སོ།
།ཁྱེད་ནི་དགུང་ལོ་བཞི་པའི་དུས་སུ་ཡང་། །གྲུབ་ཐོབ་གོང་མའི་བཞུགས་གནས་གཟིགས་པ་ན། འབད་པ་མེད་པར་ཏིང་འཛིན་ངང་གིས་འཁྲུངས། །སྔོན་སྦྱངས་ལས་འཕྲོ་ཅན་ལ་གསོལ་བ་འདེབས། །བདག་ལ་ཐུགས་རྗེ་ཆེན་པོས་བསྐྱབ་ཏུ་གསོལ།
།ཞེས་པའི་དོན་ནི། དཔལ་ལྡན་བླ་མ་དམ་པ་དེ་ཉིད་ཀྱི་ཐུགས་རྗེའི་དབང་གིས་སེམས་ཅན་གྱི་དོན་ལ་བྱོན་པའི་འཁྲུངས་ཡུལ་ནི། ཆུ་བོ་པཀྵུ་དལ་གྱི་འབབ་པའི་ལྷོ་ཕྱོགས། ཡོན་ཏན་གྱི་བློ་གྲོས་འཕེལ་བའི་དྲི་མེད་ཉང་རོའི་ཆུ་རྒྱུན་བྱང་ཕྱོགས་སུ་འགྲོ་བའི་ནུབ་ངོས། མཁས་གྲུབ་བླ་མ་རྣམས་ཀྱིས་ཡོན་ཏན་དུ་མའི་བསྔགས་པ་བརྗོད་ཅིང་། མཁས་བཙུན་གྱི་སྡེ་དགོན་ཆེན་པོ་བསྟན་པ་རིན་པོ་ཆེའི་གཞི་མ་སྟོང་རྐོར་ཆེན་པོའི་གཞིའི་བརྟེན་མ། ཡོན་ཏན་གྱི་དཔྱད་དུ་མ་དང་ལྡན་པའི་དབུས་རི་ཨུཏྤལ་སྤུངས་པའམ། རྒྱས་པ་ལྟ་བུའི་ཤར་ཕྱོགས། ས་གཞི་མཉམ་ཞིང་ཡངས་ལ་ལོ་ཏོག་དང་འབྲས་བུས་གཞན་ལས་ཁྱད་པར་དུ་སྨིན་པ། ཡུལ་ཕྱོགས་ཐམས་ཅད་ཀྱང་ཉམས་དགའ་བ་དང་བདེ་སྐྱིད་འཕེལ་བའི་ས་ཕྱོགས་སྣུམ་ལ་ཆུ་བྲན་དྲྭ་མིག་རིས་སུ་འགྲོ་བ། སྔོན་དུས་ནའང་ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ན་དང་། མཁས་པ་ཆེན་པོ་གཙང་ནག་པ་ལ་སོགས་པའི་སྐུ་འཁྲུངས་པ། ཉང་སྨད་གཅུང་པ་ཡུ་བ་གདོང་ཞེས་བྱ་བ་དེར། ཁྱིམ་བདག་གྲ་མའི་རིགས་དགེ་བཅུའི་ལས་ཀྱི་བྱ་བ་བྱེད་པ། གཞུང་བཟང་ཞིང་ངོ་ཚ་ཆེ་བ། ཡབ་རྒྱལ་པོ་ཚེ་འཕེལ་ཞེས་བྱ་བ། གདུང་རུས་ལྡིང་། ཡུམ་རྒྱ་མོ་ཁེ་འདྲེན་ཞེས་བྱ་བ་དད་པ་དང་། སྙིང་རྗེ་གདུང་སེམས་དང་ལྡན་པ་ཞིག་ཡོད་ཅེས་ཐོས་སོ། །རིན་པོ་ཆེ་པའི་ཞལ་ནས། ངའི་མ་དེ་མཁའ་འགྲོ་མ་ཨ་ཏའི་ཞིག་གི་རིགས་སུ་འདུག །མ་དེས་ཡོད་ཚུགས་ལ་གྲོང་ཚུང་དང་ཕ་སྤུན་རྣམས་ཁམས་བཟང་པོ་བྱུང་། མའི་གཏམ་རྣམས་ལ་རྒྱུ་མཚན་དང་བཅས་པ་རེ་བྱུང་གསུངས། སྐུ་གཅེས་པའི་སྟོབས་ཀྱིས་སྐྱོང་ཕུག་ཏུ་བྲོས་ནས་མ་ཇོ་ཆོས་སྐྱིད་བྱ་བ་ཞིག་གིས་བསྐྱངས། སློབ་དཔོན་རྒྱ་སྟོན་གྱིས་ཉ་ཆོས་གསུངས་སར་ཁྲིད་ཀྱིན་ཕྱིན་པས་མ་ཎིའི་ཆོས་སྐོར་དང་། ཁྲོ་ཕུ་བའི་ཆོས་ཆུང་འདྲ་ཐོས། དགུང་ལོ་བཞི་བའི་དུས་སུ་ཡུལ་དུ་ཕྱིན། སོས་ཀ་ཡུར་མ་བྱེད་པའི་དུས་སུ་ཞིང་གསེབ་ཏུ་བསྡད་པས། སོ་ཟླུམ་གྱི་རི་ཁྲོད་དེ་མཐོང་བས་ཉམས་ཤིན་ཏུ་དགའ་བ། ལྟ་སྙིང་འདོད་པ། བློ་བདེ་འབོལ་ལེ་བ་ཞིག་ཡོད་ཅེས་མཛུབ་མོ་བཙུགས་ཏེ་དྲིས་པས་མ་ན་རེ། ཡ་གི་ན་གྲུབ་ཐོབ་ཧཱུྃ་འབར་བྱ་བའི་བཞུགས་གནས་ཡོད་པ་ཡིན་ཟེར། ཕྱིས་ནས་ཀྱང་རི་དེ་ཡིད་དུ་འོང་ཞིང་ལྟ་སྙིང་འདོད་པ་བྱུང་ནས་ཡང་ཡང་བལྟས་པས། རེས་འགའ་ཡ་གིར་སྡོད་ན་དགའ་སྟེ་སྙམ་པ་དང་། རེས་འགའ་སེམས་གཡོ་མེད་དུ་ཧད་དེ་བ་བྱུང་སྟེ། དེ་འོད་གསལ་མཐའ་དབུས་དང་བྲལ་བའི་ཏིང་ངེ་འཛིན་སྐྱེས་པར་འདུག །ཕྱིས་སློབ་གཉེར་བྱེད་ཅིང་དབེན་པར་བཞུགས་པ་བྱོན་ཙ་ན། ནམ་འཆི་ངེས་པར་མི་འདུག །འཁོར་བ་འདི་སྡུག་བསྔལ་གྱི་རང་བཞིན་ཅན་སྲན་ཐབས་མེད་པར་འདུག་པས། ངས་སྒོམ་ཞིག་བྱ་དགོས་སྙམ་པའི་སྐྱོ་ཤས་ལྷང་ལྷང་པ་སྐྱེས་པ་དང་། སྔར་གྱི་ཏིང་ངེ་འཛིན་དེའི་སྟེང་དུ་ལྷན་སོང་བ་དང་། སེམས་འོད་གསལ་ཡུལ་མེད་དུ་རང་ངོ་རྗེན་གྱིས་ཤེས་ནས་སྒོམ་འདི་ཀ་རང་དུ་འདུག་སྙམ་པའི་ངེས་ཤེས་སྐྱེས་པ་ཡང་བྱུང་གསུངས་སོ། །དེས་ན་སྔོན་སྦྱངས་ཀྱིས་ལས་འཕྲོ་དྲི་མ་མེད་པ་འབད་མེད་དུ་ངང་གིས་སད་པའི་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ།
།ཆོས་གྲྭ་ཆེན་པོ་སྣར་ཐང་གཟིམ་ཁང་དུ། །རབ་ཏུ་བྱུང་ནས་བཙུན་པར་ཁྲིམས་གསུངས་ཤིང་། །མདོ་རྒྱུད་བསྟན་བཅོས་མན་ངག་ཀུན་ལ་སྦྱངས། །མཁས་བཙུན་དམ་པ་ཁྱེད་ལ་གསོལ་བ་འདེབས།
།ཞེས་པའི་དོན་ནི་འདི་སྐད་གསུངས་ཏེ། རིན་པོ་ཆེ་པ་དགུང་ལོ་བཅུ་པའི་གཤམ་ལ་སྣར་ཐང་གཟིམ་ཁང་དུ་མཁན་ཆེན་འཆིམས་པ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་དྲུང་དུ་རབ་ཏུ་བྱུང་ནས་དགེ་ཚུལ་གྱི་སྡོམ་པ་བླངས། དགུང་ལོ་ཉི་ཤུ་ལ་བསྙེན་རྫོགས་བྱས། སློབ་དཔོན་ཀློག་སྐྱ་ལ་ཞུས་ནས་བཙུན་པའི་ཁྲིམས་དྲི་མ་མེད་པ་དང་ལྡན་པའོ། །མཁན་ཆེན་པ་ལ་སྒོམ་ཚིག་ལ་སོགས་པའི་འདུལ་བའི་ཕྲན་རྣམས་དང་། མངོན་པ་གོང་འོག །ཕར་ཕྱིན་གྱི་སྐོར་ཕལ་ཆེར་ཐོས། བསླབ་བཏུས་སྤྱོད་འཇུག་ལ་སོགས་པའི་གཞུང་བཤད་རྣམས་དང་། ལམ་རིམ། ལམ་སྒྲོན། ལམ་མཆོག །སྐྱེས་བུ་གསུམ་གྱི་ཁྲིད་ལ་སོགས་བཀའ་གདམས་པའི་མན་ངག་རྣམས་དང་། དབུ་མ་རིན་ཆེན་ཕྲེང་བ་ལ་སོགས་པ་མང་དུ་ཐོས་སོ། །དེའི་དུས་སུ་སློབ་དཔོན་ཆུ་མིག་པ་དང་། ལྷོ་བྲག་པ་ལ་ཕར་ཚད་བསྡུས་གསུམ་གྱི་སློབ་གཉེར་བྱས། བཤད་པ་བྱས་ནས་དགེ་བཤེས་ཀྱང་ལོ་འགའ་བྱས་གསུངས། དགུང་ལོ་ཉི་ཤུ་རྩ་གཅིག་ལོན་པ་དང་། ཚེ་བློས་བཏང་གི་སྒྲུབ་པ་བྱེད་དགོས་དེ་ལ་རྒྱུད་མན་ངག་དང་བཅས་པ་ཞིག་ཉན་དགོས་སྙམ་ནས་ས་སྐྱར་བྱོན། བླ་མ་ཆོས་ཀྱི་རྡོ་རྗེ་ལ་ཀྱཻ་རྡོ་རྗེ། མཁའ་འགྲོ་མ་རྡོ་རྗེ་གུར། སམྦུ་ཊ་ལ་སོགས་པ་ཉན། སློབ་དཔོན་དྷརྨ་པ་ལ་ལ་ཚོགས་ཆོས་གང་གསུང་ཉན། བླ་མ་ཉི་ཐོག་པ་ལ་ཀྱཻ་རྡོ་རྗེ་དང་། བདེ་མཆོག་ལ་སོགས་པའི་དབང་གདམས་ངག་མང་དུ་ཐོས། སློབ་དཔོན་བང་སྟོན་པ་ལ་རྣམ་འགྲེལ་དང་རིག་གཏེར་ཉན། ནང་གྷ་ལག་ལེན་བསླབ། ཟུར་ཆོས་པ་དཔོན་བྲད་བ་གཞོན་ཤེ་དང་། ནུབ་པ་ཡོན་ཏན་དཔལ་ལ་བྱས་ནས་ཆོས་འཆད་ཀྱང་ཐོག་གཅིག་བྱས། དེ་རྣམས་ཀྱང་ཚིག་དོན་དུ་འབྲེལ་བའི་སློབ་གཉེར་བྱས་ནས། ཤེས་ལོ་ཙམ་ལ་མ་བཞག་པར་བསླབ་པ་ཡིན་གསུངས། ཆོས་རྗེ་བླ་མ་ཁྱེད་ནི་ཚིག་དོན་འགལ་འབྲེལ་ཕྱེད་པའི་ཤེས་རབ། ཉེས་སྤྱོད་རྣམ་པར་དག་པའི་ཚུལ་ཁྲིམས་དང་ལྡན་པའི་མཁས་བཙུན་དམ་པ་ཁྱེད་ལ་གསོལ་བ་འདེབས་སོ།
།འཁོར་བའི་ཉེས་དམིགས་སྐྱོ་ཤས་ཆེར་སྐྱེས་ནས། །འཁོར་དང་ལོངས་སྤྱོད་ཚེ་འདིའི་དཔལ་འབྱོར་ཀུན། །མཆིལ་མའི་ཐལ་བ་བཞིན་དུ་ཆགས་མེད་དོར། །བྱ་བཏང་རྒྱལ་པོ་ཁྱེད་ལ་གསོལ་བ་འདེབས།
།ཞེས་པའི་དོན་ཡང་འདི་སྐད་གསུངས་ཏེ། སྤྱིར་འཁོར་བའི་སྡུག་བསྔལ་དྲག་པོ་ལ་ངེས་འབྱུང་གི་སྐྱོ་བ་ཆེན་པོ་ཡོད་ཅིང་། ཁྱད་པར་དུ་ས་སྐྱ་པ་ནང་གི་འཁྲུག་ལོང་མགོ་འཛུགས་ཤིང་གོ་ཆ་མཚོན་ཆ་ལ་སོགས་པ་མཐོང་། མི་རྣམས་གོ་ཆའི་གཏམ་སྨྲ། བཤད་ཉན་སྒོམ་སྒྲུབ་ཀྱི་ཚུལ་ལས་གཡེལ་དཔོན་སློབ་དམ་ཚིག་གི་འབྲེལ་པ་མི་བསྲུང་བ་མཐོང་ཐོས་གོ་ནས་མཐོ་རིས་ཀྱི་ལུས་ཐོབ་པ། ལས་དགེ་སྡིག་གི་བདེ་འབྲས་ཤེས་པར་གྱུར་ཀྱང་། ངན་སོང་སྡུག་བསྔལ་གྱི་རྒྱུ་ལ་སྤྱོད་པར་འདུག་སྙམ་སྟེ། ད་འདི་རྣམས་རྣ་བས་མི་ཐོས་པ་དཀའ་སྟེ། མིག་གིས་མི་མཐོང་བའི་ས་ཞིག་ལ་འགྲོ་དགོས་སྙམ་ནས་ལོངས་སྤྱོད་དམ་དུམ་ཡོད་པ་ཀུན་དང་། དཔེ་ཆ་ལྷ་རྟེན་རྣམས། བློ་གཏད་བྱས་པའི་སློབ་མ་འདྲ་ཡོད་པ་ཀུན་ལ་གང་མོས་སུ་ཕུལ། བྱིན་སྤྲད་བྱས་ཏེ། ཡུལ་གྱི་ཆོས་རྒྱགས་ཀྱི་ཞིང་ཡང་བློས་བཏང་། གང་གིས་ཀྱང་འཐེན་ཐོགས་མེད་པར་བྱས་ནས། བྱང་སེམས་ཀུན་གཞོན་ནང་སོའི་གཟིམ་ཆུང་ན་ཡོད་པའི་དྲུང་དུ་ཕྱིན་ནས། བདག་དང་པོ་རང་ནས་བློས་བཏང་གི་སྒྲུབ་པ་བྱེད་པའི་གོ་ཆ་གཅིག་ཡོད། ས་སྐྱ་པའི་ཆོས་རྣམས་ལ་མོས་ནས་ཡོང་བ་ལགས་ཏེ། བླ་མ་མི་ཆེན་རྣམས་ལ་ཆོས་གང་འདོད་ཐོབ་པ་ཡང་དཀའ་བར་འདུག །སྐྱེ་བ་ཕྱི་མ་ཤེད་ལ་བླ་མ་སྙམ་ཆུང་གི་ཚུལ་འཛིན་པ་ས་སྐྱ་པའི་གདམས་སྐོར་རྣམས་ཡོངས་སུ་རྫོགས་པར་མཁྱེན་པ། སྒོམ་པའི་ཉམས་མྱོང་ཡོད་པ་ཞིག་མཇལ་བའི་སྨོན་ལམ་འདེབས་པ་ལས། འོས་མི་འདུག་བྱ་བ་ལ་སོགས་པའི་གླེང་མོ་ཞིབ་ཏུ་བྱས་པས། ཁོང་གི་གསུངས་ནས་དེ་ལྟ་བུའི་བློས་བཏང་བའི་གོ་ཆ་ཆེན་པོ་མཛད་པ་དཀའ་ཐུབ་ཀྱི་གདིངས་ཐོབ་པ་རེ་ཡང་འཚལ། དེ་འདྲའི་རྟེན་འབྲེལ་གཅིག་བསྒྲིགས་མཛོད། དེའི་རྐྱེན་གང་དགོས་བདག་གིས་འབུལ་ཟེར། དཔོན་གྲུབ་དཔལ་གྱིས་མཐུན་འཇུག་བྱས་ནས། སློབ་དཔོན་འདམ་པ་ལ་བྱ་བ་རྒྱུན་གཅོད་དཀའ་ཐུབ་ཀྱི་རིགས་མང་པོ་ཤེས་པ་གཅིག་ཡོད་དེར་བྱོན་ཟེར་མི་དང་ཡི་གེ་བསྒྲགས་ནས་ཕྱིན་པས། ཁོང་པ་དེ་རིང་ནས་མཚམས་དམ་པོ་བྱེད་པའི་གྲབ་ཟིན་ནས་འདག་པ་སྤང་དུ་བཅུག །ཚ་བ་གསོལ་བའི་དུས་སུ་སླེབ། སྒོ་ཏིག་ཏིག་བྱས་པས། ཉེ་གནས་གཅིག་བྱུང་མཇལ་ནས་ཆོས་འདྲ་ཞུ་བ་ཡིན། བླ་མ་ན་རེ་མདང་ངའི་རྨི་ལམ་ན་མི་དཀར་པོ་སྐྱ་སོང་ངེ་བ་གཅིག་བྱུང་ནས་ངའི་ཆོས་མ་གྲུབ་བར་ལ་མཚམས་མ་བྱེད་ཟེར་བ་གཅིག་བྱུང་། ཁྱེད་ཡོང་བ་ལ་བལྟ་བར་འདུག་ཟེར་ནས་རྒྱུན་གཅོད་ལ་སོགས་པའི་དཀའ་ཐུབ་མང་པོ་དང་། དྲིལ་བུ་པའི་དབང་དང་། གདམས་སྐོར་གཞན་ཡང་གནང་། རྒྱུན་གཅོད་བགེགས་སྒྲོལ་བྱས། གཞན་ལ་ཡང་གནང་ཙ་ན་ཡང་དཀའ་བ་མ་སྤྱད་ན་ཕན་མི་ཐོག་པས་དཀའ་སྤྱད་ཉམས་ལེན་བྱེད་དུ་ཆུག་གསུངས། དཀའ་ཐུབ་ལ་བོགས་ཆེ་བར་བྱུང་གསུངས། དེ་ནས་འཇིག་རྟེན་འདིའི་བདེ་སྐྱིད་དང་ཁེ་དྲགས་ལ་སྐྱུགས་ནད་ཅན་གྱིས་སྐྱུགས་པ་ཐལ་བ་ལ་ཕོ་བ་བཞིན་དུ་ཞེན་མེད་དུ་བློས་བཏང་བྱས། ཐེངས་པར་ཡང་བྱུང་། ང་རང་ལ་དེ་ཡོད་པས་སྐྱེ་བོ་སོ་ནམ་བྱེད་པ་མཐོང་ཙ་ན། ཕྱིས་སྟོན་ཐོག་ཡོང་མི་ཡོང་མི་ཤེས། རང་གི་ནམ་འཆི་ཆ་མེད་པ་ལ་དེ་མ་གོ་བར། ཟིན་མེད་ཀྱི་ལས་ཀ་ལ་སྡུག་ཐག་ཆོད་པ་སྙིང་རེ་རྗེ་སྙམ་པ་ཚད་མེད་རྩོལ་མེད་དུ་འཆར་བ་དང་། ཉིན་པར་འཆི་བ་མི་རྟག་པ་བསྒོམ་མི་དགོས་པར་རང་ཤུགས་ལ་འཆར་བ་དང་། དེའི་ཤུགས་ཀྱིས་མཚན་མོ་གཉིད་འཐུག་པོ་མི་ཡོང་བར་སྲབ་མོ་ཐུམ་ཕྲས་སུ་སོང་ནས་ནུབ་རེ་ལ་ལྡང་ཉལ་མང་པོ་བྱས་དགེ་སྦྱོར་ལ་འབད་བཏོན། ལྷ་ས་བསྐོར་དུ་ཕྱིན། གྲོགས་དགེ་བཤེས་ཡོད་པ་དེ་ན་རེ། གཉིད་ལ་མནལ་ཡེ་མེད་པ་དགེ་སྦྱོར་མཛད། བདག་གིས་གཉིད་རོ་ལོག་བྱེད་པ་འདི་ངོ་ཚ་ནས་མི་ཚུགས་པར་འདུག་གམ་བུ་ལོགས་སུ་ཉལ་ཟེར། དེ་དུས་ནས་འཆི་བ་མི་རྟག་པ་གཤའ་མ་དེ་སྙིང་ལ་ཟུག་པར་འདུག །གང་ལའང་དགའ་སྟེ་སྙམ་པ་ཡེ་མ་བྱུང་གསུངས་པས། འཇིག་རྟེན་གྱི་སྐྱིད་ཞེན་ཐུགས་ཀྱིས་བཏང་བ་ལ་གཞན་གྱིས་འགྲན་ཟླ་མེད་པའི་རྣམ་ཐར་དྲི་མེད་ལ་གསོལ་བ་འདེབས།
བླ་མ་གྲུབ་ཐོབ་མང་བསྟེན་མཉེས་པར་མཛད། །ཐུགས་དགོངས་ལོན་ཅིང་ཐུགས་ཡིད་གཅིག་ཏུ་འདྲེས། །ཀུན་གྱིས་མཐུན་པར་ལུང་བསྟན་རྗེས་གནང་མཛད། །རྒྱལ་བའི་རྒྱལ་ཚབ་འཛིན་ལ་གསོལ་བ་འདེབས།
།ཞེས་པའི་དོན་འདི་སྐད་ཐོས་ཏེ། མཚན་ཉིད་ལྡན་པའི་བླ་མ་རྣམས་ཀྱི་སྲས་དམ་པ་དེས། དགུང་ལོ་བཅུ་གཅིག་པའི་དུས་རྟ་ནག་རི་ཁྲོད་དུ་སློབ་དཔོན་ལྷོ་བྲག་པའི་ཆོས་བཞི་བྱས་ནས། ཐོན་པ་དང་སློབ་དཔོན་གྲགས་གྲུབ་དགེ་བཤེས་བཞི། བླ་མ་རས་སྒོམ་ཞིག་པོའི་དྲུང་ཆོས་ཞུ་བའི་གྲོགས་བྱེད་པ་ཐོས། ང་ཡང་འགྲོ་དགོས་སྙམ་ནས་ཁོང་རྣམས་ཀྱིས་མ་ཁྲིད་ཀྱང་རྗེས་སུ་འབྲངས་ནས་ཁ་རག་ཚ་ཚ་མོར་ཕྱིན་པ་དང་། གཟིམས་ཁང་དུ་བགུགས་ཤིང་བསྡད་པས་ཕྱི་ནས་སྐུ་གསེང་འཁོར་ནས་སྐས་ལ་འཛེག་གིན་ཞལ་མཁྱེན་གསུང་གི་བྱོན་ནས་བཙུན་ཆུང་འདི་སུ་ཡིན་གསུང་། སློབ་དཔོན་ན་རེ་འདིའི་མ་ཉན་པར་ཁྲིད་ནས་ཡོང་པ་ལགས་ཟེར་བ་དང་། བླ་མའི་གསུང་ནས་དེ་ཡོང་པ་ལེགས་ཀྱིས་གསུངས། ཕྱག་རྟེན་ཕུལ་བྱིན་རླབས་ཞུས་པས། མགོ་ལ་ཕུར་སུབ་མང་པོ་མཛད། ཁྱོད་རང་ངའི་མིང་གསུམ་པོ་འདི་ཟུངས་ཤིག །ང་སྐྱ་བོ་མིང་པོ་གྲགས། རས་པ་བྱས་ཙ་རིན་ཆེན་གྲགས། བཙུན་པ་བྱས་པས་བརྩོན་འགྲུས་གྲགས་བྱ་བ་ཡིན། ཚོགས་པ་འདི་ཚོས་ཤེས་པ་མེད་གསུང་ནས་ཐུགས་ཀྱིས་ཟིན་པོ་བྱུང་། བླ་མ་དགུང་ལོ་བརྒྱད་ཅུ་གྱ་ལྔ་བཞེས་པ། སྐུ་ཤ་དཀར་ལ་དྭངས་པ། མཁྲེགས་ཤིང་གཞོན་ཤ་ཆགས་པ། གཟི་བརྗིད་དང་ལྡན་པ། ཞལ་མཐོང་བ་དང་མོས་གུས་སྐྱེས་ཤིང་བྱིན་བརླབ་འཇུག་པ་བྱུང་། རྗེ་བཙུན་མའི་བྱིན་རླབས། ཕྱག་རྒྱ་ཆེན་པོ་ཡི་གེ་བཞི་པ། ལམ་ཁྲིད་རླན་ལུགས་ཀྱི་རྩ་རླུང་ལ་སོགས་པ་ཞུས། ཆོས་ཐོན་པའི་ནུབ་མོ་ཚོགས་འཁོར་བྱས་ཡོན་རྣམས་ཕུལ་བས། དབུས་པའི་ཇོ་གདན་བྱ་བྲལ་བ་ཞིག་ན་རེ། ཆོས་ཟབ་ལ་མང་བ་ཐུགས་ལ་བཏགས། བཀའ་དྲིན་ལེན་དུ་ཚེ་བློས་བཏང་ནས་སྒྲུབ་པ་ཞིག་བྱེད་པར་ཞུ་ཟེར་བས། དེ་ལ་བླ་མ་མཉེས་འདུག །ང་ཡང་སྐྱི་བུན་པ་འདྲ་བ་ཞིག་བྱུང་། ཅི་ལ་ཟེར་བ་ཡིན་སྙམ་ནས་གནས་ཁང་དུ་སློབ་དཔོན། ཇོ་གདན་དེའི་འབུལ་བ་ཅི་ཟེར་བ་དྲིས་པས། ཁོང་གི་དེའི་དོན་བཤད་པས། ང་ཡང་དེ་ཀ་འདྲ་བ་ཞིག་དགོས་སྙམ་པ་དང་སྐོམ་སྐམ་པ་དང་མཆི་མ་ཡང་ཤོར་གསུངས། དབུ་མཛད་སློབ་དཔོན་དགེ་སློང་རྗེ་བཙུན་མས་ཞལ་གཟིགས་པ་དེ་ལས་རྗེ་བཙུན་མའི་ཆིག་བརྒྱུད་ཀྱི་མན་ངག་ཐོབ། དཔེ་དེ་ཕྱིར་སྟོན་གསུངས། ཕྱིས་བླ་མ་ཁམས་ཆེན་པ་དེ་བྱིན་རླབས་དང་ནུས་པ་ཆེ། གེགས་སེལ་གྱི་སྐོར་རྣམས་མཁས་ཟེར་ནས་ཞུས། ཕྱག་ན་རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར་ལམ་འབྲས་དབང་གི་ཆུ་བོ་ལ་སོགས་པའི་དབང་བཀའ་དང་། བདག་མེད་མ། རྗེ་བཙུན་མ། ཆོས་སྐྱོང་ཕྱག་བཞི་པ་རྣམས་ཀྱི་བྱིན་རླབས། ལམ་འབྲས་ཞ་མ་ལུགས། གེགས་སེལ་གཟེར་ལྔ་ལ་སོགས་པའི་གདམས་པ་ཟབ་ལ་མང་བ་སྔ་ཕྱི་ལན་ལྔ་དྲུག་ཞུས། ཀུན་དགའ་བཟང་པོས་ལ་གོར་དུ་དམག་ར་བཅས་ནས་ཟོས་མི་བདེ་བའི་འགོ་བཙུགས་འདུག་པ་ལ་བརྟེན་ནས་སེམས་ལ་བཟོད་ཐབས་མེད་པའི་སྐྱོ་བ་སྐྱེས་ཏེ། ཟར་གྱི་རྟིང་ལ་ལྷོ་རོང་གཅིག་ཏུ་འགྲོ་སྙམ་ནས། རྒན་མོ་ལྷས་ནས་ལངས་ཕྱིན། ནུབ་ངོས་ཀྱི་རི་ཟེ་དེ་རུ་སླེབ་པ་དང་སེམས་ཅན་གྱི་དོན་དུ་སངས་རྒྱས་བསྒྲུབ་པ་ལ་རྐྱེན་འདོད་ཡོན་གྱི་དབང་དུ་མ་ཤོར་བ་ཞིག་དགོས་པར་འདུག །དེ་ཡང་ལྟོ་གོས་གཉིས་སུ་འདུག །གོས་ཀྱང་དག་དུག་བམ་བེམ་གྱིས་ཆོག་པར་འདུག །ཟ་འཐུང་འདི་ནང་ནུབ་ཏུ་དགོས་ཤེས་སྤངས་དཀའ་ཆོག་མི་ཤེས་ཀྱང་། ད་ཕྱིན་ཆད་ཟན་གོང་གི་ཕྱིར་དུ་དགེ་སྦྱོར་གཏོང་རེ་ཤི་སྙམ་པའི་ཞེ་མནའ་བསྐྱལ་ནས་ས་སྐྱ་ངོས་སུ་བྱོན། གཡའ་ལུང་དཔེ་སེར་གྱི་ཐད་ཀར་སླེབ་པ་དང་། དབོན་ཆེན་བྱང་སེམས་ཐོག་ཁ་ན་བསྐོར་བ་བྱེད་པ་མཐོང་བས། ཁོང་གིས་བྱམས་པོ་བྱས་པའི་དྲིན་དྲན་པ་དང་། མཇལ་སྙིང་འདོད་ནས་ཕྱིན་པས་གསུངས་གླེང་ཞིབ་པར་བྱུང་བས། སློབ་དཔོན་ན་ནིང་ང་ཡིད་སྨོན་གཏོང་བའི་བླ་མ་དེ་འཁོན་སྟོན་བསོད་ནམས་བྱ་བ་བཟང་པོ་ཞིག་ཡོད་པར་གདའ། ལམ་འབྲས་པ་བྱ་བ་ཕྱག་རྟེན་ལ་རྟེན་འབྲེལ་བརྟག་པ་ལགས་པས་རས་ཡུག་ཁ་ཚར་མ་ཉམས་པའི་དཀར་པོ་ཁྱེར་ལ་ཤོག་གསུངས་ཏེ། དེ་བསྐུར་ནས་གཟིགས་ལ་བྱོན་གསུངས། བླ་མ་དུར་ཁྲོད་དགོན་པ་འདག་སྒོམ་མཛད་ནས་མཚམས་དམ་པོ་ལ་བཞུགས་འདུག་ཀྱང་ཕུག་སྒོར་མཇལ་པ་བྱུང་། སྔར་ནས་ལས་འབྲེལ་ཞིག་ཡོད་པ་འདྲ། མོས་གུས་ཚུད་ཅིང་ཆོས་ཀྱི་གསུང་གླེང་མང་པོ་བྱུང་བས། བླ་མ་ཡང་མཉེས། ཐུགས་ཡིད་ཕེབས་པ། དཔོན་སློབ་རྙིང་པ་མཇལ་བ་འདྲ་ཞིག་བྱུང་། བླ་མ་མཚན་ཉིད་དང་ལྡན་པ། གདམས་པའི་གནད་ཚང་བ། ཕུན་སུམ་ཚོགས་པ་ཞིག་འདུག་པར་གོ་ནས། གསུང་ངག་རིན་པོ་ཆེ་ལ་སོགས་པ་ཐུགས་ལ་འདགས་པར་ཞུས་པས་ཞལ་གྱི་བཞེས། སང་རེས་སྟོན་སོང་ཡོང་བར་ཞུས་ནས་དབྱར་སྒྲུབ་པ་ལ་ཟར་གྱི་སྒྲ་རུ་ཕྱིན། སྟོན་པོ་ལམ་སྐོར་དགུ་ལ་སོགས་པའི་གདམས་པ་དང་། དྲིལ་བུ་ལ་སོགས་པའི་དབང་དང་། བྱིན་རླབས་ཀྱི་བཀའ་མང་དུ་གནང་། མི་བདེ་བའི་སྐབས་སུ་དྲིལ་བརྡ་མཛད་ནས་ཚིག་དོན་ལ་ཐེ་ཚོམ་མེད་ཅིང་མྱོང་བ་སྐྱེས་པར་བྱས། བླ་མའི་གསུང་ནས་ལམ་འབྲས་ལ་ཚིག་བྱང་པོ་གཞན་ན་ཡོད་སྲིད་ཀྱི། དོན་ལ་གདམས་ངག་གི་གནད་ལ་འོ་སྐོལ་དཔོན་སློབ་མཁས་པར་ཡོད་པ་ལགས་གསུངས་སོ། །སྡེ་སྣོད་ཀྱི་ཆོས་ལ་མཁས་ཤིང་བཀའ་གདམས་པའི་ཆོས་སྐོར་མང་དུ་ཉན། ཁྲིད་བསྐྱང་པས་དགེ་སྦྱོར་གྱི་སྐྱེ་ཚུལ་ལ་མཉེས་ཏེ། འོ་སྐོལ་ཁྲིད་དམིགས་མྱུར་དུ་སྤོས་པས་ཆོག་པ་ཡོང་བ་འདུག་གིས་གསུངས་ནས་བསྟེན་ཡུན་གྱི་ཚོད་ལ་ཆོས་ཐོབ་ཆེ་ཞིང་ཐུགས་ཀྱིས་འཛིན་པར་བྱུང་གསུངས། གཞོན་ནུ་གྲུབ་རྣམ་གཉིས་སྲས་ཀྱི་དམ་པ་ཡིན་ཟེར་བ་ཡང་ཐོས་སོ། །ཡང་རི་ཁྲོད་ཕྱོགས་མེད་དུ་ངེས་མེད་མཛད་ཅིང་འགྲིམ་པར་མཛད། བླ་མ་དགེ་སློང་ལ་གླེན་ལུགས་ཀྱི་སྐོར་འགའ་གསན། ཁོང་ལགས་ལེན་ཡང་ཚང་མར་འདུག་པས་ལག་ཁྲིད་དུ་བསླབ། བླ་མའི་གསུང་གིས་ངའི་ཆོས་འདིས་ཁྱེད་ལ་ཕན་ཐོག་ཅིག་ཡོངས་གསུངས་ཏེ། དེ་བཞིན་དུ་བྱུང་གསུངས་སོ། །བླ་མ་ཁམས་ཆེན་པའི་དྲུང་དུ་རི་ཁྲོད་གོང་མའི་ཆོས་སྐོར་རྣམས་དང་། རིན་པོ་ཆེ་སངས་རྒྱས་སྟོན་པའི་རྣམ་ཐར་ཐོས་ནས་ཤིན་ཏུ་མོས་ཤིང་དད་པར་བྱུང་། མཇལ་དུ་འགྲོ་སྙིང་འདོད་པས་དབུས་སུ་ཕྱིན། མཁའ་རག་ཏུ་ཐོག་གཅིག་བསྡད། བླ་མ་བྲག་ཐོག་པ་ལ་འཕྲུག་སྐོར་རྣམས་ཞུས་སོ།
།དེ་ནས་རི་གོང་དུ་ཕྱིན་པའི་ལམ་དུ་སྦུས་སྡེ་འོར་སྦུག་གི་གྲོག་པོ་གཅིག་ཏུ་བླ་མ་བཞུགས་པ་ལ་མགོ་བསྟན་ནས་ནམ་སྲོད་ལ་གསོལ་བ་བཏབ་སྟེ་གཟིམས་པས་རྨི་ལམ་ལེགས་པར་ཟིན། སྒྱུ་མའི་ཉམས་བཟང་པོ་སྐྱེས། མདུན་ན་རས་པ་གསུམ་རས་འགག་སྐྱ་སེང་བ་རེ་དབྱངས་ལེན་ཅིང་འདུག །དབུས་མ་དེ་ཤ་མདོག་སྔོ་སང་ངེ་བ་ཞིག་པ་དེ་ན་རེ། ཁྱེད་རི་གོང་དུ་འགྲོ་བར་འདུག་སྟེ་ཆོས་འདི་འདྲ་ཀ་ཡིན་ཟེར་ཞིང་ཞལ་འཛུམ་མེ་འདུག །སང་རིན་པོ་ཆེ་པའི་དྲུང་དུ་མཇལ་བ་དང་། ཞལ་མཐོང་བ་ཙམ་གྱིས་ཕྲ་རགས་ཀྱི་རྣམ་རྟོག་ཐམས་ཅད་ཆོས་ཉིད་དུ་རོ་སྙོམས་ནས་རྐྱེན་ཐུབ་པའི་བློ་བདེ་ཚགས་སུ་ཚུད་པ་རང་ཞིག་བྱུང་། དེ་ནས་སྒྱུ་ལུས་ཀྱི་དབང་ཞུས། ཆོས་དྲུག་གི་འགོ་བཙུགས། ཆོས་ལ་ཐོས་ལོ་མ་ཡིན་པའི་མྱོང་བ་གཤའ་མ་གཅིག་སྐྱེས་པ་བྱ་དགོས་སྙམ་ནས་དག་བྱེད་ཨའི་སྟོང་ར་ལ་ཞག་བཞི་བཅུ་བསྒོམ་མྱོང་བ་སྐྱེས་པ་དང་ཁྲིད་དམིགས་སྤོ་རུ་ཡོངས་བར་ཞུས་པས། དེ་ལ་ནན་ཏར་མཉེས་ཐད་སོ་ཐད་སོ་རུ་སྐལ་བ་མ་ཆད་ཙམ་རེ་བྱུང་། ཆོས་སྐྱོང་གི་རྗེས་གནང་ཞུས་པའི་ཐོ་རངས་རྨིས་ལྟས་ཤིག་སྙན་དུ་ཕུལ་བས། མགོན་པོའི་ཞལ་མཐོང་ལ་ཁད་པ་ཞིག་བྱུང་འདུག་གསུངས། ཆོས་དྲུག་གི་ཁྲིད་རྫོགས་པ་དང་སྲོད་ལ་དྲུང་དུ་ཤོག་གསུངས་ནས་ཕྱིན་པ་དང་། ཁྱེད་ཀྱི་གྲོགས་པོ་རྣམས་ལ་ཡང་ཆོས་དྲུག་བྱིན་པ་ཡིན། ཟབ་ཆོས་གཞན་སྟེར་མི་སྟེར་རིམ་གྱིས་བརྟག་ནས་བྱེད། ཁྱོད་བྱང་ཆུབ་སེམས་དཔའ་མཐོང་ན་དགའ་བྱ་བ་ཡིན་པས། ཉིད་ཅག་མཐོང་བ་དང་འདིས་ངའི་གདམས་པ་རྣམས་ཀྱི་བདག་པོ་བྱེད་པ་ཡོང་བར་འདུག་པས་ཆིག་བརྒྱུད་ཀྱི་གདམས་པ་ཐམས་ཅད་ཡོངས་སུ་རྫོགས་པར་སྟེར་དགོས་སྙམ་པ་ཞིག་བྱུང་། སེམས་ཅན་ལ་ཕན་ཐོགས་པར་ཡོད་པར་གདའ། ངེད་ཀྱིས་ཆོས་རྣམས་མ་སྦས་པ་སྟེར་བ་དང་། གྲོགས་སུ་ཅི་འགྲོ་བྱེད་པ་ཡིན། ཉིད་ཅག་རང་ཡང་ཐུགས་དམ་ལ་བརྩོན་པ་དང་། ཆོས་ཀྱི་གནད་དང་ངག་སྒྲོས་རྣམས་ལ་ནན་ཏན་ཆེར་མཛད་ཅིག །བར་དོ་ཆོད་པའི་ཡིད་ཆེས་ཀྱི་གདེངས་ཐོབ་པ་ཡིན་གསུངས་ནས་ཤིན་ཏུ་མཉེས་གསུངས། དེ་དུས་སུ་རི་ཁྲོད་དབེན་པར་སྒྲུབ་པར་བྱེད་ཅིང་ཆོས་ཞུ་བའི་དུས་སྐབས་ལེགས་པར་བསྒྲིགས་ནས། རྒྱུད་སྡེ་ལྔའི་དབང་། བདེ་མཆོག །ཚེ་དཔག་མེད་ལ་སོགས་པའི་དབང་། ཆོས་དྲུག །སེམས་འཆི་མེད་འཆུག་མེད། ཕྱག་ཆེན། ལུས་འཆི་མེད་དེ་རྣམས་ཀྱི་བྱིན་རླབས་ཀྱི་ཁྲིད། ཐུགས་རྗེ་ཆེན་པོ། རྟ་མགྲིན། མཁའ་སྤྱོད་དཀར་མོ། ནམ་མཁའ་སྒོ་འབྱེད། བླ་མ་མགོན་པོ་དབྱེར་མེད་ལ་སོགས་པའི་བྱིན་རླབས། མདོ་རྒྱུད་བསྟན་བཅོས་འགའ་རེའི་བཤད་པ། དྭགས་པོ་བཀའ་བརྒྱུད་ཀྱི། འབྲི་གུང་པ། འབྲུག་པ། ཚལ་པ། ས་སྐྱ་པའི་གདམས་ངག་རྣམས་འགའ་རེ་དང་། མ་གཅིག་ལབ་སྒྲོན་གྱི་ཆོས་བསྐོར་ལ་སོགས་པའི་རིན་པོ་ཆེ་པ་ལ་མངའ་ཚད་མ་ལུས་པར་ཞུས་ཤིང་། དེ་རྣམས་ཀྱི་གལ་ཆེ་བ་ཀུན་ལ་ལན་འགའ་རེ་ཐོས་ཤིང་ངོ་སྤྲོད་དང་ཉམས་ལེན་གདེངས་ཐོབ་ཀྱང་ད་རུང་བཞུགས་ཆོས་འགའ་ཞིག་ཚར་རེ་ཙམ་ཞུ་བ་ཡིན་ཏེ་སྙམ་པ་ཡོང་གསུངས། ཆོས་ཐོབ་ལ་གདོས་དྲག་ཏུ་ཉམས་སུ་བླངས་པས། རིན་པོ་ཆེ་པའི་བྱིན་རླབས་དང་ཐུགས་རྗེས་མཁའ་འགྲོ་ཆོས་སྐྱོང་གི་བར་ཆད་སེལ་ཞིང་མཐུན་རྐྱེན་སྒྲུབ་པ་རང་གི་མོས་གུས་ཀྱིས་གནད་ཟིན་པའི་མྱོང་བ་སྐྱེས་པ་ཡིན་པ་སྟེ། དགུན་གཅིག་མཁའ་རག་ཏུ་བསྒྲུབས་པ་བྱས་ནས་སྤྱོད་ཚོང་ཆོས་འདྲ་གསུང་ངམ་སྙམ་ཙ་ན། ཐོ་རངས་བྲག་ཅོང་ལ་ཤོར་ནས་དེའུ་ཤི། གྲུ་ཐོན་པ་དང་བཀྲ་ཤིས་གྲུབ་བྱུང་། གར་འགྲོ་བྱས་པས་རིན་པོ་ཆེ་པས་སོང་གསུངས་ནས་ཡོང་བ་ལགས་ཟེར། རིན་པོ་ཆེ་པའི་དྲུང་ནས་བདག་བསུ་རུ་བཏོང་བ་ཅི་ལགས་ཞུས་པས། མདང་ལྷ་མོ་དེ་ཉིད་འུ་ཅག་ལ་བར་ཆད་བྱུང་དོགས་པའི་བསུ་རུ་འགྲོ་བའི་ལོ་རྒྱུས་གཅིག་གསུངས་ནས། དེས་བཏང་བ་ཡིན་གསུངས། མདོར་ན་ཐུགས་རྗེ་ལ་རྒྱུན་ཆད་མེད། བྱིན་རླབས་ཀྱི་འཇུག་སྒོ་ཆེ་བས་དྲུང་དུ་བསྡད་པ་ཙམ་ལ་དགེ་སྦྱོར་ལ་བོགས་རེ་ཡོད། ལན་གཅིག་རྒྱ་ཡུལ་འཁོར་བའི་སྔགས་པ་མི་ཆེ་བ་གོས་བཟང་པོ་གྱོན་པ་ཁ་ཅིག་མཇལ་ཅིང་འདུག །ང་ལ་དེས་རྐྱེན་བྱས་ནས་སྣང་སེམས་དབྱེར་མེད་དུ་འདྲེས་ཏེ་ཡུལ་མེད་རང་ངོ་ཤེས་པའི་རྟོགས་པ་ཁྱད་པར་ཅན་ཞིག་སྐྱེས། ལུས་ངག་ཡིད་གསུམ་གཡོ་མེད་དུ་འདུག་ལྟ་སྟངས་ཀྱི་ངང་ལ་མ་ཤོར་བར་ལྷན་ནེ་ཡོད་པའི་དུས་སུ། རིན་པོ་ཆེ་པས་ཡང་ཡང་གཟིགས་ཤིང་དགྱེས་ནས་འདུག །ཁོང་རྣམས་སོང་བ་དང་སློབ་དཔོན་ལེགས་འདུག་གོ་ཨའུ་གསུངས། དེར་འདི་ལྟ་བུ་བྱུང་ཞེས་རྟོགས་པ་ཕུལ་བས། དེ་བས་ཀྱང་ཤིན་ཏུ་ལེགས་འདུག་གསུངས། ཆོས་རྗེ་དེས་དབང་གདམས་ངག་རྣམས་ཡོངས་སུ་རྫོགས་པར་གནང་། མཉེས་ཤིང་ཐུགས་ལ་འདོགས་པའི་གསུང་གི་ཞལ་ཏ་མཛད་ཅིང་། ཁྱེད་ལ་བློ་སྣ་ཐུང་དྲགས་པའི་སྐྱོན་འདི་ཀ་འོང་། སློབ་དཔོན་ལ་སེམས་ཅན་ལ་ཕན་ཐོགས་ཀྱིས་ཤིག་ཡང་ཡང་གསུངས། བདུད་དེ་ལས་མ་བྱུང་ན་དྲག་སྟེ་སྙམ་པ་ལ་དེ་མ་གོ་བ་དུམ་ཞིག་བྱུང་། སྐབས་གཅིག་མི་བཅོ་ལྔ་འཚོགས་པའི་ཚོགས་གྲལ་གཅིག་ཏུ་ཆིག་བརྒྱུད་ཀྱི་གདམས་པ་འདི་རྣམས་ལ་བླ་མ་གོང་མ་རྣམས་ཀྱིས་གཏད་རྒྱ་དང་བཅས་ཤིང་སྣོད་ལྡན་གྱི་སློབ་མ་ལ་འདི་ལྟར་བྱིན་ཅིག་ཅེས་པའི་རྗེས་གནང་དང་བཅས་པའི་ལོ་རྒྱུས་ཙམ་གསུངས། དེ་བཞིན་དུ་སློབ་དཔོན་གྱིས་ཆིག་བརྒྱུད་ཀྱི་གདམས་པ་འདི་རྣམས་ཀྱིས་བདག་པོ་གྱིས། སྣོད་ལྡན་གྱི་སློབ་མ་རྣམས་ལ་ཕན་ཐོགས་དང་འགྲོ་དོན་མཛོད་ཅིག་ཅེས་ལན་གསུམ་བྱོན། བདག་གི་སྐྱེ་བ་འདི་ལ་ཆོས་བཤད་པ་ལ་སོགས་པ་མི་བགྱི་བས། འཇིག་རྟེན་འདི་བློས་བཏང་གི་སྒྲུབ་པ་ཚེ་གཅིག་ཏུ་བྱེད་པར་ཞུ་ལགས་ཞུས་པས་ནི། ལན་བཞི་པ་ལ་ཁྱེད་རང་ཟབ་ཆོས་ཀྱི་བདག་པོ་ཡིན། ངས་ཆོས་བདག་པོ་ལ་འཕྲོད་པ་ཡིན་ནོ་གསུང་ནན་ཅན་བྱིན་པས། དེར་ཕྱག་འཚལ་ཞབས་སྤྱི་བོར་བླངས་ནས། བདག་ལ་དགེ་སྦྱོར་མཉམ་རྗེས་མེད་པར་ཁོར་ཡུག་ཏུ་འགྲོ་བ་ཞིག་ཐུགས་ལ་འདོགས་པར་ཞུ། དེ་རྗེས་ཇི་ལྟར་གསུངས་པར་བཞིན་བསྒྲུབ་པར་ཞུ་ལགས་ཞེས་ཞུས་པས། དེ་ཙུག་ཡོང་ལགས་ཀྱིས་གསུངས། ང་ལ་ཡང་མོས་གུས་ཀྱི་གདུང་ཤུགས་ཡོད་དེ། ངས་མཁའ་རག་ནས་འཁོར་ནས་དྲུང་དུ་ཕྱིན་ཙ་ན་རིན་པོ་ཆེ་པ་ནི་ཁ་ནིང་ནས་སྐུ་ཁམས་ལོག །གསོལ་མི་བདེ་མནལ་མི་ཡོང་སྐུ་ཁམས་ངན་དུ་སོང་འདུག །ངས་མོས་གུས་གནད་དུ་བསྣུན་མཆི་མ་མི་ཐུབ་པའི་གདུང་ཤུགས་བྱུང་། ཞབས་དབང་ཞུས་པས། དེ་རྗེས་མཉེས་པའི་གསུང་གླེང་བྱུང་། འཕྲལ་དུ་སྐུ་ཁམས་སེང་སེང་སོང་། དེ་ནུབ་རང་ནས་མནལ་བྱོན་སྐུ་ཁམས་སྐྱེད་ཆེ་བར་བྱུང་འདུག །ནང་པར་སྔ་དྲོ་ཤོག་གསུང་ནས་ཕྱིན་པས་ཤིན་ཏུ་བཟང་བར་གཟི་མདངས་དང་ལྡན་པར་འདུག །སློབ་དཔོན་གྱིས་ནད་པ་ཡོ་ནས་བསླང་བ་ཡིན་ནོ་གསུངས་ནས་མཉེས་ཚོར་ཆེན་པོ་བྱུང་། ཉེ་གནས་པས་ཁམས་མི་བདེ་ཙ་ན་གསོལ་བར་ཞུ་ཟེར་ཞིང་འདུག་པ། ད་ནང་བཟའ་བ་ཁྱེར་ལ་ཤོག །ཇ་ཞིམ་དུ་དྲོངས་སློབ་དཔོན་དང་གསུང་གླེང་བྱེད་པ་ཡིན་ནོ། །ཞེས་ཆོས་རྗེས་གསུངས་པ་ཐོས་སོ། །དེ་ལ་སོགས་པའི་ཆོས་རྗེ་ཡབ་སྲས་ཀྱི་རྣམ་ཐར་མང་དུ་ཡོད་དེ་བྲི་བར་མ་ལོངས་སོ། །དབུས་ཀྱི་སྲིན་པོ་རིར་སློབ་དཔོན་བྱ་བླ་ལ་གསང་འདུས་འཕགས་སྐོར་ཞུས། རིན་པོ་ཆེ་ངམ་ཤོད་པ་ལ་ན་རོ་ཆོས་དྲུག་ཞི་བྱེད་དོན་བརྒྱུད་རྟེན་འབྲེལ་གྱི་སྐོར། དོ་ཧའི་སྐོར་ལ་སོགས་པ་སྙེ་ཕུ་ཤུགས་གསེབ་པའི་ཆོས་སྐོར་རྣམས་གསན། ཤངས་ཀྱི་བོ་དོང་དུ་སློབ་དཔོན་གྲགས་པ་ལ་མདོ་སྡེ་ལ་སོགས་པའི་ལུང་ཞུས། ཆོས་རྗེ་རི་བོ་སྒང་པ་ལོགས་ན་བཞུགས་པའི་དྲུང་དུ་འཇལ། དགེ་སྦྱོར་གྱི་ཉམས་འདི་དང་འདི་འདྲ་བྱུང་ཞེས་སྙན་དུ་ཕུལ་བས་རྗེས་སུ་ཡི་རངས། ཁྱེད་ཀྱི་ཉིན་མོའི་དགེ་སྦྱོར་དེ་ཙམ་ངེད་ལ་ཡང་ཡོད་ཏེ། མཚན་མོའི་དགེ་སྦྱོར་གྱི་རྩལ་དེ་ཙམ་ངེད་ལ་མེད། ཁྱེད་བཟང་བར་གདའ་གསུང་། འོ་ན་ལགས་པས་ངས་ཀྱང་བར་དོའི་སེམས་ཅན་དང་མི་མ་ཡིན་མང་པོ་ལ་ཕན་ཐོགས་ནས་བྱུང་ཞུས་པས་མཉེས་པར་བྱུང་། ཁྲིད་ཆེན་བརྒྱད་ལ་སོགས་པ་འབྲུག་པའི་ཆོས་རྣམས་ལ་ཁྲིད་ལུང་དང་དཔེ་ལུང་མཛད། དཔེ་ཆ་ཡང་གནང་། ད་ཉིད་ཅག་གི་དགེ་སྦྱོར་ལ་བཤད་པ་དང་འགྲོ་དོན་བྱས་པས་མི་གནོད་པར་གདའ། སེམས་ཅན་མང་པོ་སྨིན་གྲོལ་ཡོངས་བ་གདའ་བས་ཉང་རོའི་མཚམས་ཕ་གིར་ས་བདེ་ཞིང་ཆུ་འབོལ་བའི་གནས་གཅིག་ཏུ་རི་ཁྲོད་བཏབ་ནས། འདག་སྦྱར་བུག་སྒོ་མཛོད་ལ་ཐུགས་དམ་གྱི་ཁོག་ནས་ཆོས་ཁྲིད་རྣམས་གདུལ་བྱའི་བློ་དང་གང་འཚམས་ཀྱི་ཕན་ཐོག་མཛོད། སྙིགས་མའི་དུས་འདིར་སྒྲུབ་བརྒྱུད་ཀྱི་བསྟན་པ་དར་བར་གདའ་བས་ཐུགས་ཀྱི་གོ་ཆ་ཆེ་བར་མཛད་འཚལ་ལོ་གསུངས། རིན་པོ་ཆེ་ཁྲོ་ཕུ་བའི་དྲུང་ནས་དབུ་མ་པའི་ལུགས་ཀྱི་སེམས་བསྐྱེད་དང་། བདེ་མཆོག་དྲིལ་བུ་པའི་ལུགས་ཀྱི་དབང་བསྐུར། ཁྲོ་ཕུ་བའི་གདམས་སྐོར་ཁ་ཡར་ཐོས་ཤིང་། ཐུགས་ཤིན་ཏུ་འཛིན་པར་བྱུང་གསུངས། བླ་མ་ཞང་ཀུན་སྤོང་པ་ལ་རྫོགས་ཆེན་ཀུན་བྱེད་རྒྱལ་པོ་དུས་འཁོར་གྱི་དབང་ལ་སོགས་པ་ཞུས་ཤིང་ཤིན་ཏུ་མཉེས་ནས་ཐུགས་འདོགས་ཆེར་མཛད་དེ་ངའི་འདི་རུ་སྡོད་གསུངས་པ་ལ་གཞི་གཅིག་ཏུ་མི་སྡོད་པའི་དམ་བཅའ་ཡོད་པས་མ་བསྡད་གསུངས། བླ་མ་འདག་སྦྱར་བ་ལ་ཡང་སྦྱོར་དྲུག་ཡང་ལན་གཅིག་ཞུས། བླ་མ་ལྟ་གོང་བ་དབང་རྒྱལ་ལ་དབང་དང་གདམས་པ་མང་པོ་ཞུས། བློས་བཏང་གི་སྒྲུབ་པ་པོ་དབང་ཕྱུག་རིན་པོ་ཆེ་ལ་རྒྱལ་བ་ཡང་དགོན་པའི་རི་ཆོས་སྐོར་གསུམ་ལ་སོགས་པ་ཞུས། ཆོས་སྐོར་འདིའི་ཚིག་དོན་ལ་ཁྱད་པར་དུ་འཕགས་པའི་མོས་གུས་དང་ངེས་ཤེས་ཁྱད་པར་ཅན་ཐོབ། སྤྱན་ལྔ་རིན་ཆེན་ལྡན་ལ་ཆོས་འདི་རྣམས་ཞུ་བའི་འདུན་པ་ལ་གཞན་གྱིས་བསྒྱུར་བས་མ་ཞུས། དེ་ཉིད་ལ་ཕྱིས་ཁོང་ཆོས་དེ་མ་ལེགས་པར་འདུག་སྙམ་པ་ཡང་བྱུང་། ངས་མཁའ་ཤི་ལུང་དུ་གསོལ་བ་བཏབ་ཅིང་མོས་གུས་བྱས་པས་མ་བདེ་བའི་གེགས་སེལ། ཚིག་དོན་ལ་གོ་ཉམས་ནང་ནས་སྐྱེས་པ་བྱུང་། གདམས་བསྐོར་ཕྱོགས་གཅིག་བྱས་པ་ལ་འདི་རྣམས་ཁོ་ན་འདོམ་སྙམ་པ་ཡོད། དེ་དུས་སུ་ལྷན་ཐབས་ཀྱི་ཡི་གེ་དེས་བྱས་པ་ཡིན་གསུངས་སོ། །ར་བཟའ་སྨོན་མཁར་དུ་མ་གཅིག་ལབ་སྒྲོན་ལོ་བརྒྱ་དང་བཅུ་ལོན་པ་གསོལ་ཟས་བདུད་རྩིས་མཛད། ལྷན་པ་སྣ་ཚོགས་ཐེབ་རེ་ཡན་ཆད་སྦྲང་ཚེམ་བྱས་པའི་གོས་གཅིག་གྱོན། གཡག་སྟན་སྒྲོ་ལུ་མ་གཅིག་གི་གཡང་ལུག་དང་། རྩིད་ཞྭ་སྤྱི་བོ་རྡོལ་བ་གཅིག་གོན། བདག་བཟུང་གི་དངོས་པོ་བདུད་རྩི་ཕྱེ་བཏགས་རྐྱལ་ཆུང་གང་ལས་མི་འདུག །མོས་པ་ཚུད་ཅིང་བློ་སྣ་ཐུང་རིལ་འགྲོ་བ་ཞིག་བྱུང་བདུད་རྩིར་དཀའ་ཐུབ་ཀྱི་རིགས་རྣམས་རྫོགས་པར་ཞུས། ཌཱ་ཀིའི་བྱིན་རླབས་འདུག །རིགས་གསུམ་མགོན་པོ་ནས་བརྒྱུད་པའི་བདུད་བརྩི་བཀའ་མ་ཆད་པ་ཡིན་གསུངས་པའི་རིལ་བུ་མང་པོ་ཞིག་གནང་ནས་གདམས་པ་འདིའི་ཐོག་གཅིག་ཁྱེད་རང་ཉམས་སུ་ལོངས། ཕྱིས་གཞན་ལ་སྦྱིན་དང་ཕན་ཐོགས་ཡོང་གསུངས། ཆོས་ཞུ་བའི་སྔོན་དུ་ཌ་ཱཀིའི་བྱིན་རླབས་འབྱུང་བའི་རྨིས་ལྟས་ཡང་བྱུང་གསུངས་སོ། །ངས་དང་པོ་དམ་པ་ཆོས་རྗེའི་རྣམ་ཐར་ཐོས་པས་ཁོང་ལ་ཤིན་ཏུ་མོས་པ་ཞིག་བྱུང་ནས་སྲས་མོ་གཅིག་ཡོད་ཟེར། ཕྱིས་ཉ་མོ་བཀྲ་ཤིས་སྒང་དུ་སྲས་ཡེ་ཤེས་ཀུན་ལྡན་ལ་ནམ་མཁའ་སྒོ་འབྱེད་ཞུས། དོ་གཅོད་སྐོར་གསུམ་ལ་སོགས་པ་ཞུས། ཁོང་ཡང་ཉམས་བཟང་བ། སྙིང་རྗེ་འབྱོངས་བ་མཁའ་འགྲོ་མའི་རིགས་རྟགས་ཚང་བ་ཞིག་གདའ་གསུངས་སོ། བླ་མ་ཧཱུྃ་འབར་ལ་བྱིས་པའི་དུས་སུ་བསྙེན་གནས་དང་། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ཞུས། ཁྱོན་གདམས་པ་སྣ་རེ་ཙམ་ཞུས་པ་ཡན་ཆོད་དང་། གསུམ་ལྡན་གྱི་བླ་མ་མན་ཆོད་ལ་བརྒྱད་ཅུ་གྱ་གསུམ་བཞུགས། ཐམས་ཅད་ཀྱང་བླ་མའི་མཚན་ཉིད་དང་ལྡན་པ་ཡོད་ལགས། བླ་མ་བཟང་པོ་དང་གདམས་ངག་ཟབ་མོ་དང་འཛོམས་པས་བསགས་རྒྱབ་ཆེ་བ་ཡིན་གསུངས། ཁྱད་པར་འགྲན་གྱི་དོ་མེད་བཀའ་དྲིན་ཆེ་བའི་བླ་མ་རྣམས་ནི་སྣར་ཐང་གི་མཁན་ཆེན་འཆིམས་རིན་པོ་ཆེ་དེས་སོ་སོར་ཐར་པ་དང་། བྱང་ཆུབ་སེམས་དཔའི་བསླབ་སྡོམ་གནང་། སྡེ་སྣོད་དང་བཀའ་གདམས་ཀྱི་སྣང་བ་རྒྱ་ཆེར་བསྐྱེད། བྱ་བྲལ་བྱས་པའི་རྗེས་སུ་ཡང་སྐུ་དྲིན་དྲན་ནས་བེམ་པོ་གོག་པོ་ཞིག་གྱོན། ཕྱག་རྟེན་དར་ཁ་སུམ་སྦྲེལ་ཞིག་ཁྱེར་ཏེ་བཀའ་བཀྱོན་ཡོང་ངམ་མི་ཡོང་ངམ་སྙམ་ནས་མཇལ་དུ་ཕྱིན་པ་དང་། གཏོར་གཡོག་པས་གྲུམ་གདན་རྐྱང་པ་ཞིག་བཏིང་བ་གཟིགས་ནས། ཁོང་དགེ་བཤེས་བཤིག་བའི་རི་ཧྲུལ་ཡིན། སྟན་བཟང་པོ་ཐིངས་གསུངས་ནས་མཉེས་པའི་གསུང་མང་པོ་བྱོན། དེ་ནས་བླ་བྲང་དུ་གྲོ་ལ་བྱོན་ཟེར་དུ་བྱུང་བ་ལ། ངེད་དགེ་སློང་བསླང་བྱེད་པ་ཡིན་པས་གྲོ་དང་ཇ་འདིར་དྲོངས་གསུངས། ཞལ་བཀོད་ལ་ཁྱེད་དཀའ་ཐུབ་མང་པོ་བྱེད་ཀྱི་འདུག་ཟེར་བ། དཀའ་ཐུབ་ཀྱི་ལུས་གོག་པ་འདི་ཕྱིས་སོར་ཚུད་པ་དཀའ། སྐྱོ་ཚའི་དཀའ་ཐུབ་ལ་བརྟེན་ནས་སྒྱུ་ལུས་གུད་ཀྱང་ཟན་གོང་རེས་ཀྱང་སོས་སླ་བ་ཡིན་པས་དེ་དྲག་གོ་གསུངས། སྒྲུབ་པ་རྩེ་གཅིག་ཏུ་བྱེད་པ་ལ་མི་མཐུན་ཕྱོགས་ཀྱི་བར་ཆད་འདི་ངོས་བཟུང་ཡང་སླ་ལ་གནད་དུ་བསྣུན་པས་སེལ་ཡང་སླ། མཐུན་ཕྱོགས་ཀྱི་བར་ཆད་འདི་ངོས་ཟིན་པ་ཡང་དཀའ། སྤང་བ་ཡང་དཀའ་བས་དེའི་དབང་དུ་མ་ཤོར་བ་དང་། བེམ་པོའི་འགབ་གཤམ་རིང་དུ་མ་སོང་བ་གྱིས་ཤིག །བློས་བཏང་གི་སྒྲུབ་པ་མཐར་ཕྱིན་པ་བྱེད་དགོས་པའི་ཞལ་བཀོད་མང་དུ་གསུངས། དེས་སྙིང་རུས་དང་ཞེ་བཅད་ལ་ཤིན་ཏུ་ཕན་པར་བྱུང་བ་ཡིན་གསུངས་ཆོས་གང་ཐོབ་རེ་ལ་མྱོང་བ་གང་སྐྱེས་ཀྱི་བརྩོན་འགྲུས་རེ་མ་བྱུང་བ་ཡང་མེད། དེས་ལུས་སེམས་སྟུག་ཐག་རེ་བཅད། བླ་མ་ཁམས་ཆེན་པས་ལམ་འབྲས་ཐུགས་རྒྱུད་གེགས་སེལ་གྱི་གནད་དང་། ཕྱག་ལེན་གནང་བ་ཕལ་ཆེ་བ་ཡིན་གསུངས་སོ། །རྒྱུད་སྡེ་དང་གདམས་ངག་གི་གོ་ཡུལ་དང་བློའི་འགྲོལ་རྣམས་ནི་བཀྲས་ལུང་པ་ཤངས་ཀྱི་རྩེ་མོ་ལ་རྗེ་བཙུན་མ་སྒྲོལ་མའི་དཀྱིལ་འཁོར་ཞལ་གཟིགས། ཐོད་པའི་ཆང་གི་སྦུ་བ་ལ་རྗེ་བཙུན་མའི་ཞལ་མཐོང་ཞིང་། མྱོང་རྟགས་ཀྱི་ཡོན་ཏན་དུ་མ་མངའ་བ་དེའི་བྱིན་རླབས་ཡིན་གསུངས་སོ། །ཆོས་རྗེ་སངས་རྒྱས་སྟོན་པའི་ཐུགས་རྗེ་དང་བྱིན་རླབས་ལ་བརྟེན་ནས་བཀའ་དྲིན་ཤིན་ཏུ་ཆེ་བ་ཡིན་གསུངས་པ་བཤད་ཟིན་ཏོ།
།ཆོས་ཀྱི་འབྲེལ་བ་མེད་ཀྱང་ལྷ་ས་ན་མཁའ་འགྲོ་མ་མར་པའི་སློབ་དཔོན་མ་ཇོ་གདན་མ་བྱ་བའི་མངོན་ཤེས་ཐོགས་པ་མེད་པ་ཡོད་པ་ཞིག་གིས་རིན་པོ་ཆེ་བ་ལ་དངོས་སུ་ལུང་བསྟན་བཟང་པོ་བྱས་གསུངས། དེ་ལྟར་ན་བླ་མ་རྣམས་ཀྱི་ཐུགས་དགོངས་དང་ཡོན་ཏན་བྱིན་རླབས་ལོངས་ཤིང་ཐུགས་ཡིད་ཆོས་ཀྱི་སྐུ་དང་དབྱེར་མེད་པ་གཅིག་ཏུ་འདྲེས་ཏེ།
རྒྱལ་བ་བླ་མ་རྣམས་ཀྱི་ཕྲིན་ལས་ཀྱིས། །རྒྱལ་ཚབ་འཛིན་པ་ཁྱེད་ལ་གསོལ་བ་འདེབས། །འགྲོ་བའི་སྡུག་བསྔལ་ཐུགས་རྗེས་མ་བཟོད་པ། །རང་གི་བདེ་ལ་ཐུགས་ཡིད་མ་ཆགས་པ། །བརྩོན་པས་བསྒྲུབ་པ་ཆོས་སྐུའི་ངང་དུ་འབྱམས། །ཉིན་མཚན་མཉམ་རྗེས་འདྲེས་ལ་གསོལ་བ་འདེབས།
།ཞེས་པའི་དོན་ནི་འཇད་ཕུ་དབེན་པའི་རི་ཁྲོད་དུ་དགེ་སྦྱོར་བྱེད་ཀྱི་ཡོད་པ་ལ། ཧོར་དམག་མང་པོ་འགྲོ་བ་མཐོང་ནས་བློ་ལ་མི་བཟོད་པའི་སྙིང་རྩ་ཚ་ཡག་པ་བྱུང་ནས་དགེ་ཤག་བལྟ་རུ་བཏང་བས། དབུ་མར་ཆག་གི་དམག་རུ་འདུག །འབྲི་གུང་པ་ལ་བདའ་པ་ཡིན་ཟེར་བ་ཐོས་ས་སྐྱ་པ་དང་འབྲི་གུང་པ་གཉིས་དགེ་འདུན་གྱི་སྡེ་ཆེ་ཤོས་ཡིན་པ་ལ་འཁྲུགས་ནས་ཁ་ཟིན་དང་ཞེན་ཕྱོགས་ཀྱིས་བསད་ཤི་དང་བརྡེག་འཚོགས་བྱས་པས། ངན་སོང་འགྲོ་བ་མང་པོ་བྱུང་། ངན་སོང་གསུམ་གྱི་ཚེ་ཚད་དང་ལུས་ཚད། སྡུག་བསྔལ་དྲག་པོ་རྣམས་དྲན་པས་གཉིད་མེད་པར་བློ་སྦྱོང་བསྒོམས་པས་ཚེ་འདིའི་རང་གི་བདེ་བ་དང་། ཕྱི་མར་ཞི་བདེ་འདོད་པའི་བློ་སྤངས་ཏེ། བཟོད་མེད་ཀྱི་སྙིང་རྗེ་ཆེན་པོ་དང་། ཡེངས་མེད་ཀྱི་བརྩོན་འགྲུས་དྲག་པོས་ཉམས་སུ་བླངས་པས་ཕྱག་རྒྱ་ཆེན་པོ་སྙིང་རྗེའི་སྙིང་པོ་ཅན་ལ་བོགས་ཆེ་བར་བྱུང་། འཇད་ཉི་མ་ཞུར་ཆུང་གི་མགྲོན་ཁང་དུ་མཛེ་ཕོའི་རྐང་པ་རུལ་བའི་ཕོལ་མིག་རྣག་ཁྲག་འཇའ་རི་འཇི་རི་འདུག་པ་དེ་འཇིབ་པས་ཁོ་ལ་ཕན་པོ་བྱུང་། ང་རང་ཡང་སྙིང་རྗེ་དང་བློ་སྦྱོང་ལ་བོགས་ཆེན་པོ་ཐོན། ལུག་ལོའི་མུ་གེ་ཆེན་པོ་དེ་ལ་མཁའ་རེག་དཀར་རྩི་ཅན་དུ་སྒྲུབ་པ་བྱ་སྙམ་ནས་ཙམ་པ་ཕད་བུ་གང་ཁུར་ནས་ཕྱིན་པའི་ལམ་ན་རྒན་རྒོན་གཉིས་ལྟོ་ཕྱེ་དང་སྤྲོད་མཁན་མེད་པར་རིད་པ་སྡུག་བསྔལ་བ་མཐོང་ནས། མི་ཕོད་པའི་སྙིང་རྗེ་ཆེན་པོ་སྐྱེས་ཏེ་ཕྱེ་ཐམས་ཅད་བྱིན་པའི་དབྱར་དེར་རྒྱུན་གཅོད་བྱས་ཤིང་དགེ་སྦྱོར་ལ་འབད་པས་ཁམས་བཟང་ལ་བོགས་ཆེ་བ་བྱུང་། གདམས་ངག་ལ་ངེས་ཤེས་སྐྱེས། ཉིན་མཚན་མཉམ་རྗེས་འདྲེས་པའི་ཁོར་ཡུག་ཏུ་འགྲོ་བ་ཡུན་རིང་པོ་བྱུང་། དེ་རྣམས་ཀྱི་ཁོར་ཡུག་གཙོ་བོར་འདུག །ཕྱིས་གཡུ་རི་དང་། བསམ་ལྡིང་པ་དང་། ཟམ་བུ་ལུང་དང་། སྲིན་པོ་དོན་གྲུབ་རྣམས་སུ་དགེ་སྦྱོར་ཁོར་ཡུག་ཏུ་འགྲོ་བ་བྱུང་སྟེ། རྟོགས་པ་གཙོ་ཆེར་འདུག་གསུངས། གཡུ་རི་དགེ་སློང་ཐར་པ་དཔལ་ལ་ང་ལ་ཡེངས་རྒྱུ་མི་འདུག་གོ །ཁྱེད་རང་བཞུད་ཅིག་གསུངས། དེའི་རྗེས་ཚུར་ལམ་འབྱོན་པའི་ལམ་ཞིག་ཏུ་བསྙེལ་གཅིག་མཛད་པས། ང་ལ་སྣང་བ་འདི་སེམས་ཀྱི་རང་འོད་དུ་ལམ་མེ་བ་གཅིག་མིན་པ་མི་འདུག་གསུངས། བསམ་སྡིངས་སུ་མཚམས་དམ་པོ་མཛད་ཅིང་། ཕྱག་རྒྱ་ཆེན་པོ་གསེར་ཕྲེང་སྒྲོགས་གསུངས་ནས་བཀླག་པས། མནལ་དུ་བྱོན་འདུག་སྙམ་ནས་སླ་ཆོས་དམ་དུམ་བྱས་པས། དེ་མིན་ད་རུང་སྐྱོར་དང་གསུངས། དེར་རྟོག་དཔྱོད་ཞུགས་ནས་བལྟས་པས་མནལ་གྱིས་མི་སྒྲིབ་པར་ཚད་མས་གྲུབ་པ་མང་པོ་བྱུང་། གཞན་ཀློག་འཛིན་བྱས་པ་ཀུན་ལའང་དེ་འདྲ་བྱུང་འདུག །དེས་དྲུང་དུ་ཞུས་པས་ང་ལ་གཉིད་ཀྱིས་མི་སྒྲིབ་གསུངས། ཟམ་བུ་ལུང་དང་ཡང་ཐོག་རྩེ་ལ་སོགས་པར་མགུར་གསུངས་པ་རྣམས་ཀྱང་རྟོགས་པའི་ང་རོར་གོ། དོན་ལ་ཉིན་མཚན་ཐམས་ཅད་དུ་སྤྱོད་ལམ་གང་ལ་ཡང་ཉམས་ཁོར་ཡུག་ཏུ་ཆུ་བོའི་རྒྱུན་གྱི་རྣལ་འབྱོར་ཆེན་པོ་ཁྱེད་ལ་གསོལ་བ་འདེབས་སོ།
།ཁྱེད་ནི་རྫོགས་ཆེན་ཀློང་དགུ་གསན་པའི་ཚེ། །ཤིན་ཏུ་མཐོ་བའི་རྒྱ་ཕིབས་ཐོག་དགུ་པའི། །སྟེང་ན་ཉམས་ང་མེད་པར་ཉམས་རྟོགས་འབར། །ཐེག་དགུའི་ཡང་རྩེར་ཕྱིན་ལ་གསོལ་བ་འདེབས།
།ཞེས་པའི་དོན་ནི། བླ་མ་རིན་པོ་ཆེ་ཕུག་ནག་པ་དེས། ཇོ་མོ་ནགས་རྒྱལ་ལ་ན་བཟའ་རས་རྐྱང་དང་། ཆུ་འཐུང་རྐྱང་པ་ལོ་ལྔའི་བར་དུ་དཀའ་སྤྱད་མཛད། གསང་སྔགས་གསར་རྙིང་གི་རྒྱུད་མན་ངག་རྒྱ་མཚོ་མངའ་བ་ཉམས་རྟོགས་ཁྱད་པར་ཅན་ཡོད་པ་དེ་ལ་རྫོགས་ཆེན་གསང་རྫོགས་དང་། དགའ་རབ་རྡོ་རྗེའི་ཀློང་དགུ་ཉན་ཙ་ན་རྒྱ་ཕིབས་ཆེན་པོ་ཐོག་རིམ་ཡོད་པ་མཐོ་ཞིང་ལེགས་པ་ཞིག་གི་སྟེང་ན་ངའི་སེམས་ཆོས་ཀྱི་སྐུ་ལས་མ་གཡོས་པའི་ངང་ནས་ཉམས་དང་རྟོགས་པ་ངར་དང་བཅས་པ་འབར་འདུག །དེ་ཀ་ཉམ་ང་བ་དང་ཚམ་ཚོམ་མེད་པར་འཁྲབ་པར་རྨིས། དེ་འདྲ་ཅིའི་ལྟས་ཡིན་སྙམ་པ་ལ། ཨ་ཏི་ཡོ་གའི་རྟོགས་པ་མངོན་དུ་གྱུར་ཅིང་། ཐེག་པ་དགུའི་ཡང་རྩེར་ཕྱིན་པའི་རྟགས་སུ་འདུག་སྙམ་པ་བྱུང་། ཡོན་ཏན་མངོན་དུ་གྱུར་པའི་སྐྱེས་མཆོག་ཁྱེད་ལ་གསོལ་བ་འདེབས་སོ།
།རྡོ་རྗེ་གླིང་དུ་མན་ངག་གསན་པའི་ཚེ། །ཁྱེད་ཐུགས་འོད་གསལ་སྣང་བ་མཆེད་པ་ལས། །སངས་རྒྱས་ཞིང་དང་དམྱལ་བའི་གནས་སོགས་གཟིགས། །ཀུན་གཟིགས་མཁྱེན་པ་ཅན་ལ་གསོལ་བ་འདེབས།
།ཞེས་པའི་དོན་འདི་སྐད་ཅེས་ཐོས་སོ། །དེ་ཡང་ཆོས་རྗེ་དགེ་ལྡན་པ་དུས་གསུམ་མཁྱེན་པའི་གྲུབ་ཐོབ་དེས་ལུང་བསྟན་ཁྱད་པར་ཅན་མཛད། ཐུགས་ཡིད་གཅིག་ཏུ་འདྲེས་ཤིང་སྲས་ཀྱི་དམ་པ་བྱམས་སྙིང་རྗེ་འབྱོངས་ཤིང་ཐུགས་དམ་གྱི་མྱོང་བ་དང་མངོན་ཤེས་ཚད་ལྡན་མངའ་བའི་བླ་མ་དགེ་སློང་ལ་ཡི་གེ་བཞི་བ་ལ་སོགས་པའི་ཁྲིད་དང་གདམས་ངག་མང་དུ་ཞུས། ཁྱད་པར་རྡོ་རྗེ་གླིང་དུ་གསང་སྤྱོད་ཆེ་ཆུང་དང་། ཕྱག་ཆེན་གསེར་ཕྲེང་དང་། བླ་མ་གཅེར་སྒོམ་གྱི་གདམས་སྐོར་ཚོ་བསྒོམས་པས་དགེ་སྦྱོར་ལ་བོགས་ཆེ་བར་བྱུང་། ནུབ་གཅིག་གཉིད་འོད་གསལ་དུ་ཚུད་ནས་མཐོང་ཕྱིས་དངོས་པོ་ཐམས་ཅད་མ་བསྒྲིབས་པར་གསལ་ཞིང་འདུག །གསལ་སྣང་རྒྱ་ཆེ་རུ་མཆེད་པས། སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པ་མང་པོ་དང་། ལྷ་དང་མིའི་ཡུལ་ཁམས་དང་། དམྱལ་བ་ལ་སོགས་པའི་ངན་སོང་གསུམ་པོ་རྣམས་ཀྱང་གསལ་སྣང་མཐོང་བ་ཞིག་བྱུང་གསུངས། དེ་ཡང་ལན་གཅིག་མིན་པར་གཟིགས་པའི་ཉམ་སྣང་དང་། དྭངས་ཆ་མངོན་དུ་གྱུར་པ་ཡིན་པ་གང་ལ་སྟེ། ཉམས་རྟོགས་ཀྱི་ཡོན་ཏན་སྦེད་པ་ཁོ་ན་རྣམ་ཐར་གྱི་གཙོ་བོར་མཛད་ཅིང་ཞལ་བཞེས་མི་མཛད། དོན་ལ་ཐུགས་དམ་གྱི་དྭངས་ཆ་མནལ་གྱི་འོད་གསལ་དངོས་པོས་མ་སྒྲིབས་དུས་གསུམ་མཁྱེན་པའི་ཀུན་གཟིགས་བླ་མ་ཁྱེད་ལ་གསོལ་བ་འདེབས་སོ།
མཁའ་རག་བཞུགས་དུས་ཁྱེད་ཀྱི་མནལ་ལམ་དུ། །བླ་མ་བྱོན་ནས་གསུང་ངག་རིན་པོ་ཆེ། །རྫོགས་པར་གནང་ཤིང་བསྡུས་ནས་འདིར་འདུས་གསུང་། །གསུང་ངག་མཛོད་མངའ་ཁྱེད་ལ་གསོལ་བ་འདེབས།
།ཞེས་པའི་དོན་འདི་སྐད་དུ། རིན་པོ་ཆེ་པས་མཁའ་རག་ཤར་ཕྱོགས་སུ་ཐུགས་དམ་འཇུར་པོ་མཛད་ཅིང་བསྒོམ་པས་ལུས་སེམས་བགེགས་ཀྱི་བྱེད་པ་མང་དུ་བྱུང་སྟེ། ལམ་འབྲས་ལ་ནན་ཏན་དང་དཀའ་སྤྱད་ཆེན་པོ་བྱས་ཤིང་མཁས་སྙམ་པ་ཡོད་དེ། བསམ་བློ་བཏང་བས་ཚིག་དོན་མི་བདེ་བ་མང་དུ་འདུག་པ་ལ། ནུབ་གཅིག་བཀྲས་ལུང་པ་རྨི་ལམ་དུ་བྱོན་ནས་ལམ་འབྲས་ཀྱི་ཁྲིད། ལམ་རྒྱས་འབྲིང་བསྡུས་པ་རྣམས་ཚིག་དོན་ཡོངས་སུ་རྫོགས་པ་གནང་། མཐར་ལམ་འབྲས་ཐམས་ཅད་བསྡུས་ནས་འདི་ལས་མེད་གསུངས་པའི་ཚིག་གཅིག་ཏུ་འདུ་བའི་ཉམས་ལེན་གྱི་གནད་གཅིག་ཀྱང་གནང་། རིན་པོ་ཆེ་པ་སྐུ་སྐྱེ་བ་གང་དུ་བཞེས་པ་ལགས་ཞུས་པས། སྨན་ལུང་དུ་སྐྱེ་བ་བླངས། ཡབ་ལ་སོགས་པ་རྒྱས་པར་ཞུ་སྙམ་ཙ་ན། གཉིད་སད་ནས་ཞུ་བ་མ་བྱུང་། དེར་བསམ་པས་སྔར་གྱི་གེགས་དང་མི་བདེ་བ་རྣམས་རང་གྲོལ་དུ་སོང་འདུག །རྗེའི་སྐུ་དྲིན་དྲན་ནས་ལམ་འབྲས་བརྒྱུད་པའི་གསོལ་འདེབས་དེ་བྱས་པ་ཡིན་གསུངས། དེ་ཉིད་ཀྱི་ཕྱིར་གསུང་ངག་རིན་པོ་ཆེའི་མཛོད་ཀྱི་ཡོན་ཏན་དྲི་མ་མེད་པ་ལ་གསོལ་བ་འདེབས་སོ།
ཚོང་དུས་ཆེན་པོའི་ནུབ་ཀྱི་གྲོང་ཁྱེར་དུ། །བགེགས་ཆེན་དག་གིས་བར་ཆད་བརྩམ་པའི་ཚེ། །ཁྱེད་སྐུ་ཤིན་ཏུ་ཆེ་བའི་ཁྲོ་བོར་གྱུར། །རྒྱལ་བའི་སྐུར་གྱུར་ཁྱེད་ལ་གསོལ་བ་འདེབས།
།ཞེས་པའི་གསང་ཚིག་འདིའི་དོན་ནི། བླ་མ་རིན་པོ་ཆེ་ཉིད་ཀྱིས་སྤྱིར་ཚེ་འདིའི་ཐུགས་བཏང་གི་གོ་ཆ་ཆེན་པོ་མཛད་ཅིང་། ལྷག་པར་ལོ་བཅུ་གཉིས་ཀྱི་བར་དུ་དབྱར་དགུན་ཆར་ལྷག་སྐྱོབ་པ་ལ་ཟླ་བ་གཉིས་གསུམ་ཞིག་གནས་གཅིག་ཏུ་བཞུགས་པ་དང་། དེའི་རྒྱགས་རྟེན་ཁལ་གསུམ་ཙམ་རེ་མིན་པ་གང་ཡང་མི་འཆང་བའི་དམ་བཅའ། གནས་གཅིག་ཏུ་ཡུན་རིང་མི་སྡོད་པ་ལ་སོགས་པའི་ཞེ་དམ་མང་པོ་ཞིག་མཛད། ཕྱོགས་མེད་དུ་གཉན་ཁྲོད་མང་པོ་འགྲིམ་པའི་དམ་བཅའ་བྱས་ཏེ། ལན་གཅིག་ཚོང་དུས་མགུར་མོའི་ནུབ་ཕྱོགས་དུར་ཁྲོད་ཀླུ་ཀུ་རིའི་གྲོག་པོ་ཀླུ་བདུད་གཉན་པོ་ཡོད་པ་དེར་གཅོད་བྱེད་ཅིང་ཉལ་བས་ནུབ་གཅིག་གི་སྣང་ཡུལ་ན་བྲག་གི་ལྟོ་འཁྲིས་ཀྱི་ཐང་དེ་ན་ཡར་ར་ལྤགས་ཁམ་ནག་ཕྱིར་ལོག་གོན་པ་འདྲ་བ་བདུན་ཙམ་ཁྲིག་ཁྲིག་བྱུང་བ་སྙམ་པ་དང་། ཆེར་གྱིས་མནན་པ་འདྲ་བའི་གཟི་བརྗིད་དང་རྨི་ལམ་བྱུང་བ་དང་། ངའི་ལུས་འདི་རྟ་མགྲིན་རྒྱལ་པོའི་སྐུ་ཆེན་པོ་ཞིག་ཏུ་གྱུར་ནས་གདོན་དེ་དག་ཁྱོར་པའི་ནང་དུ་འུབ་ཀྱིས་བཅུག་ནས་དཀྲོགས་པས་སྤྲུལ་ཀ་འདྲ་བའི་གློ་གློར་གཅིག་ཏུ་སོང་འདུག །དེ་སྣ་ནང་དུ་རྔུབས་ཏེ་ཆོས་དྲུག་གི་དམིགས་པ་གདོན་ཞི་བྱེད་བྱས་དཀྲུགས་འཁོར་བྱས་པས་སྐད་ངན་ཆེན་པོ་བྱུང་། མདུན་དུ་བསྟན་ཙ་ན་མཆིན་པ་འདྲ་མོ་གཅིག་གུལ་གུལ་འདུག་དེར་སྙིང་རྗེ་དྲག་པོ་ཡང་སྐྱེས། ཁོའི་གནོད་སེམས་དང་བར་ཆད་ཡང་ཞི། གཅོད་དང་རྨི་ལམ་སྒྱུ་ལུས་འདི་གུང་མཐུན་ཅིང་གཅིག་གིས་གཅིག་ལ་སྩལ་སྦྱངས་བར་འདུག་གོ་གསུངས་སོ། །ཡང་བྲག་ལྷ་ཀླུ་ཕུག་ཏུ་ཞག་བཞི་བཅུའི་བར་ཆོ་འཕྲུལ་ཉི་ཚེ་བྱུང་། དེའི་ཕྱི་ནུབ་མི་བཞི་ནས་གྲི་རུབ་བྱས་པ་གཅིག་རྨིས། དེས་དགག་སྒྲུབ་མེད་པའི་དགེ་སྦྱོར་བྱུང་ཞིང་རིག་པའི་ངར་ཆེན་པོ་སྐྱེས་ནས། དགེ་ཤག་ཉལ་བའི་ཁ་རུ་ཞོན་ཏེ་འཁྲབ། འདོན་པ་ལ་ཐལ་ལྕགས་བརྒྱབ་པས་སྐྱབས་སུ་མཆི་ཟེར་གྱི་འདུག །དེའི་ཤུགས་ཀྱིས་ཁོའི་འབྱམས་ནད་དྲག་པོ་གཅིག་ཡོད་པ་དེ་ཐོན་གསུངས། ཡང་ལན་གཅིག་གཡའ་ལུང་གི་སྐག་ཎའི་འོག་ཏུ་ཕྲེད་ལ་ཉལ་བསྡད་པས། ནམ་ཕྱེད་ཙམ་ན་རྟ་པ་ཞིག་བྱུང་ཁོས་མེ་འབར་བ་ཞིག་ཏུ་མཐོང་ཟེར། ཕྱག་ཕུལ་ང་ཐོང་གསུངས་ཟེར་བ་ཡང་ཁ་གཅིག་ལས་ཐོས་སོ། །ངས་ཆུ་རི་ཤོད་དུ་གཉན་ཁྲོད་བྱས་པས་ཁ་བཟོ་བ་རྣམས་ཀྱི་ཆོ་འཕྲུལ་སྔོན་ལ་བྱུང་། བྱིངས་ཆེ་བ་རྣམས་ཀྱིས་རྗེས་སུ་བསྟན། དེས་རྐྱེན་བྱས་ནས་ཟླ་བ་གཅིག་གི་བར་ཆོ་འཕྲུལ་བྱུང་དགེ་སྦྱོར་འཕེལ། ལྷོངས་གཅོད་ཚར་གསུམ་མཚུངས་ལྡན་དུ་བྱུང་བ་དང་། སྟག་ལུང་རྒྱལ་པོའི་ལོ་རྒྱུས། གཡུ་རི་མ་དཔོན་གཡོག་གི་དབང་ཞུས་པའི་ལོ་རྒྱུས། གནས་འདི་རུ་གང་ཟག་འདི་འདྲ་བསྡད་ཟེར་བ་དང་། ལྷ་འདྲེ་རྣམས་རིན་པོ་ཆེ་པ་བཞུགས་པའི་ཕྱོགས་ཡར་ཕྱག་འཚལ་བའི་ལོ་རྒྱུས་ལ་སོགས་པ་ཐོས་སོ། །སྔ་དྲོ་གཅིག་རྨི་ལམ་དྭངས་པ་ལ་བུད་མེད་གཅིག་བེ་བུམ་སྔོན་པོ་ཐོགས་ནས་དེའི་ནང་ནས་ཆོས་གཅིག་བཏོན་ནས་ཕར་ལོག་ཚུར་ལོག་བྱེད་ཅིང་།
གྲུབ་ཐོབ་ཆེན་པོ་ཀོ་བྲག་པའི། །ཉམས་སུ་མྱོང་བའི་གདམས་པའི་གནད། །ཞི་བྱེད་བདེན་བཞི་མི་སྒོམ་པར། །སྤྲས་སྤྲོས་མང་པོས་ཅི་ཞིག་བྱ།
།ཟེར་གྱི་འདུག །དེར་གཞི་ལ་ཐོས་བསམ་བྱས་པས་ཚིག་དོན་ལ་སྒྲོ་འདོགས་ཆོད་པར་བྱུང་གསུངས་སོ། །ལན་གཅིག་འཇད་ནས་མར་འོངས་པ་ཕུག་པ་འདྲེ་ཅན་གཅིག་ཏུ་ཉལ་ནས་ནམ་ཕྱེད་ཙ་ན་བྱད་ཀྱི་སྟེང་དུ་ས་ཉིལ་ཉིལ་བྱུང་། ཅི་ཡིན་སྙམ་ནས་བལྟས་པས། ས་རྡོ་ཚན་ཆེན་པོ་རྫ་མ་ཙམ་ཞིག་ལྷུང་ལ་ཁད་བྱས་ནས་མཐའ་མར་སེར་ཀ་ཡག་བྱུང་བྲེད་དྲགས་ནས་ཕྱི་རུ་རྒྱངས་ཀྱིས་ཐོན། དེ་ཀ་ལ་དྲན་པས་ཟིན་ནས་བདག་འཛིན་མ་ཐེངས་པའི་གཅོད་སྡུག་འདུག་སྙམ་ནས། ཁོའི་ཐད་ཀ་ལ་མགོ་བོ་བཞག་ནས་ཉལ་སྡད། ཉིན་ཞག་གཉིས་སྙེམས་ཆོད་པ་དང་ཕྱེ་སློང་དུ་ཕྱིན་ནོ། །ཡང་ལོག་ནས་ཡོང་ཙ་ན་མགོ་བཞག་སར་ལྷུང་འདུག་གསུངས་སོ། །ལན་གཅིག་མཁའ་རེག་ཏུ་སྒྲུབ་པ་དམ་པོ་གཅིག་བྱས་པས་རླུང་ལོག་དྲག་པོ་བྱུང་སྟེ། གོས་དྲོན་པོ་དང་ཞ་མོ་ཡང་གྱོན། ཟས་བཅུད་ཅན་དང་བྱུགས་པ་ལ་སོགས་གང་བྱས་ཀྱང་མ་ཕན། མན་ངག་གི་དམིགས་པ་དང་གནད་བསྣུན་གང་བྱས་ཀྱང་ངོ་དུམ་རེ་ཙམ་བྱས་ནས་མ་ཕན་པས། ད་ཤི་ནུས་ཀྱི་ཐོག་འགེལ་བྱ་སྙམ་ནས་དཔེ་ཆ་དང་གོས་སྟན་གང་ཡོད་སྤོང་དག་བྱས། རྟོགས་ལྡན་དངོས་ཡེ་ལ་བེམ་པོ་གོག་པོ་གཅིག་དང་རིང་འགག་ལྷན་ཆུང་མཐེབ་རེ་ཙམ་བཏབ་པ་འདི་ང་ལ་ཚོངས་བྱས་པས། ཁྱེད་གསོལ་དུ་གཏུབ་ཅིང་བཞེས་ན་ཕུལ་བས་ཆོག་ཟེར་ནས་བྱུང་བ་དེ་གོན། དམ་པ་ཤུགས་གསེབ་ལ་གྲོགས་སུ་ཁྲིད། སེམས་ཅན་གྱི་དོན་དུ་སངས་རྒྱས་སྒྲུབ་པ་ལ་ཆོས་ཕྱོགས་སུ་འཆི་བ་གོ་བཅད་བྱས་ཏེ། གཉན་ཁྲོད་ལ་ཕྱིན་པས་གཟུགས་པོ་ངན་ནས་གཙང་པོའི་འགྲམ་དུ་ལུས། དེར་ཕ་བོང་གི་བར་ནས་ཕར་རླུང་དང་ཆུའི་ངད་སྡོང་པས་གྲང་ནས་མི་ཟུག་པ་འདྲ་བ་གཅིག་འདུག་པས་དེ་ཀ་ལ་མགོ་བསྟན་དེ་བཟློག་བསྒོམ་བྱས་པས་མགོ་འགས་པ་འདྲ་བའི་ཟུག་དེ་དྲག་ནས། ནམ་ཕྱེད་ཙམ་ན་གཉིད་དུ་སོང་འདུག་གསུངས་སོ། །མདོར་ན་ཐོགས་བཅས་དང་ཐོགས་མེད་དང་། མཛེ་དང་། འགོ་ནད་ལ་བསྲེ་བ་ཡ་ང་དང་སྐྱུག་བྲོ་ལ་སོགས་པ་ལ་རྫི་བ་གསུང་རང་གིས་ཐོས་པ་དང་། གཞན་གྱིས་ཐོས་པ་མང་དུ་ཡོད་དེ་གཅོད་བཤད་པའི་སྐབས་སུ་ངག་ལས་ཤེས་པར་བྱའོ། །དེ་ལྟར་བདག་འཛིན་བཏང་ཞིང་བསྒོམ་པས་ལུས་ལྷ་སྐུ་དང་། སེམས་ཆོས་སྐུའི་མྱོང་བ་མངོན་དུ་གྱུར་པས་རྒྱལ་བའི་སྐུར་གྱུར་ཁྱེད་ལ་གསོལ་བ་འདེབས་སོ།
གསང་བའི་སྤྱོད་པའི་ཉེ་ཁར་བྱོན་པའི་ཚེ། །ཤིན་ཏུ་སྔོ་ལ་དྭངས་པའི་མཚོ་ནང་དུ། །བདེ་མཆོག་འཁོར་ལོ་མ་བསྒྲིབས་གསལ་བར་གཟིགས། །ཐུགས་དམ་ཞལ་གཟིགས་ཁྱེད་ལ་གསོལ་བ་འདེབས།
།ཞེས་པའི་དོན་ནི་འདི་སྐད་གསུངས་ཏེ། རིན་པོ་ཆེ་པ་གསང་སྤྱོད་མཛད་ཅིང་ཨེ་མར་ཉེ་ཁར་བྱོན་པས་ཉེའུ་སྐམ་ལ་ལུས་པ་མང་པོ་འདུག །འབད་པ་བསྐྱེད་ཅིང་བཏོན་ནས་གཙང་པོར་བསྐྱལ། དགེ་སྦྱོར་འཕེལ་བ་རིག་པ་ཤིན་ཏུ་དྭངས་བ་བྱུང་། སྔ་དྲོ་གཅིག་འཁྱིལ་མཚོ་མེ་ལོང་ལྟ་བུ་སྔོ་ཞིང་དྭངས་པ་དེའི་ཆུ་ཁར་བཞུགས་པས་ཆུ་ནང་དེར་བཅོམ་ལྡན་འདས་ལྷན་གཅིག་སྐྱེས་པ་སྐུ་མདོག་རྒྱན་ཕྱག་མཚན་ཐམས་ཅད་མ་འདྲེས་པ་ཡོངས་སུ་རྫོགས་པ་གཅིག་ཞལ་མངོན་སུམ་དུ་མཐོང་། དགའ་བརླམ་དང་ཞེན་པ་མེད་པར་རང་གི་སེམས་ཉིད་སྐྱེ་བ་མེད་པ་དང་དབྱེར་མེད་དུ་རྗེན་ནེ་འདུག །དེ་ཕྱིན་ཆད་བསྐྱེད་རིམ་གསལ་བ་དང་། རང་སེམས་ལྷ་སྐུའི་གོ་བ་དང་། ཉམས་ལ་ཤིན་ཏུ་བོགས་ཆེ་བར་བྱུང་། མུན་ཁང་དུ་སྦྱོར་དྲུག་བསྐྱངས་པས་ལྷ་སྐུ་དཔག་མེད་མཐོང་བ་དང་། ཟམ་བུ་ལུང་དུ་གསང་སྤྱོད་བྱས་པས་ལུང་པ་ཐམས་ཅད་ལྷ་སྐུ་དཔག་ཏུ་མེད་པ་འཁྲིགས་པའི་མཐོང་སྣང་བྱུང་སྟེ་ཉམས་སྣང་དུ་འདུག །དེ་རྗེས་དགུན་རྩམ་འགྲམ་རྡོ་རྗེ་རྫོང་གི་སྤང་ཕུག་ཏུ་བསྡད་སྙམ་ནས་བལྟ་རུ་ཡོང་བས་དོན་གྲུབ་ཀྱི་གནས་ཀྱི་ཆགས་ལུགས་དེ་ན་ཆོས་པོ་ཏི་མང་པོ་དང་། བདེ་མཆོག་གི་སྐུ་གཅིག་བཞུགས་པ་རྨི་ལམ་དུ་མཐོང་། བུད་མེད་གཅིག་ལ་དྲི་བ་བྱས་པས་མཁའ་སྤྱོད་སྒྲུབ་པའི་གནས་ཡིན་སོང་ཆེ། ཅུང་ནོན་པ་དཀའ་ཟེར་བ་རྨིས། ཕྱིས་དེར་བསྡད་པས་དེ་ཁོ་ན་བཞིན་འདུག་གསུངས་སོ། །དེ་ལྟར་དངོས་དང་ཉམས་སྣང་རྨི་ལམ་ཚུན་ཆད་དུ་ལྷ་སྐུར་རང་ཤར་གྱི་ཐུགས་དམ་དང་། ཡི་དམ་གྱི་གཙོ་བོ་ཞལ་གཟིགས་ཤིང་བྱིན་གྱིས་བརླབས་པའི་བླ་མ་ཡི་དམ་དབྱེར་མེད་ལ་གསོལ་བ་འདེབས་སོ།
ཆོས་རྗེ་གོང་མ་བཞུགས་པའི་སྤྱན་སྔ་རུ། །རྣམ་དག་སྨོན་ལམ་རྒྱ་ཆེན་འདེབས་པའི་ཚེ། །བཀའ་བརྒྱུད་བླ་མ་བྱོན་ནས་བྱིན་གྱིས་བརླབས། །ངོ་མཚར་བྱིན་རླབས་ཅན་ལ་གསོལ་བ་འདེབས།
།ཞེས་པའི་དོན་ནི། རི་གོང་དུ་ཆོས་ཞུ་ཞིང་མཚམས་བསྡད་པས། ནུབ་གཅིག་རྨི་ལམ་ན་ཧོར་མང་པོ་བྱུང་ནས་བྲོས། ཆོས་ཞུ་བའི་གསེར་ཞིག་ཡོད་པ་དེ་ལ་ཆགས་ནས་རྩབ་རྩུབ་ཏུ་སོང་འདུག་པས། གཉིད་སད་པ་དང་རྨི་ལམ་ཟིན་དགོས་པ་ཡིན་པ་ལ་མ་ཟིན་པར་འདུག །དེར་འདི་ཙམ་གྱིས་ཀྱང་འཆིང་བར་འདུག་སྙམ་ནས་ནང་པར་ཚོགས་སུ་མང་ཇ་བསྐོལ། རིན་པོ་ཆེ་པའི་དྲུང་དུ་གསེར་སྲང་ཕྱེད་ཕུལ། ཆོས་ཞུ་བའི་ཡོན་དགོས་པ་རྣམས་ལ་དམ་དུམ་རེ་བྱིན། དྲུང་དུ་ཚོགས་ཆུང་ཞིག་བཤམས། རང་གཅིག་པུར་ཁྲིད་ཞབས་ཀྱི་སྨོན་ལམ་བཀའ་རྒྱ་མ་འདེབས་པའི་ཚེ། རིན་པོ་ཆེ་པ་སྤྱན་ནམ་མཁའ་ལ་གཟིགས་ཤིང་། གུས་འདུད་ཡང་ཡང་མཛད་ཅིང་འདུག །ང་ལ་ཡང་བྱིན་རླབས་ཀྱི་འཇུག་ཚུལ་བསམ་གྱིས་མི་ཁྱབ་པ་བྱུང་། དེར་ཤིན་ཏུ་ཐུགས་ལ་བཏགས་བྱིན་རླབས་ཆེ་བར་བྱུང་ལགས་ཞུས་པས། བྱིན་རླབས་ཆེ་བའི་རྒྱུ་མཚན་ཅི་འདུག་གསུངས། ཇི་ལྟར་གདའ་བ་ཞུས་པས་དེ་རིང་བཀའ་བརྒྱུད་ཀྱི་བླ་མ་རྣམས་བྱོན་པ་ཡིན་གསུངས་སོ། །དེ་ནས་རྩ་བརྒྱུད་བླ་མ་རྣམས་ཀྱི་སྲས་ཀྱི་དམ་པ་ངོ་མཚར་མཚུངས་མེད་ཁྱེད་ལ་གསོལ་བ་འདེབས་སོ།
ཐིང་བུ་ཝང་ཡུལ་དབེན་པའི་རི་ཁྲོད་དུ། །ཐུགས་དང་ནམ་མཁའ་དབྱེར་མེད་གྱུར་ནས་ཀྱང་། །ཀུན་གཟིགས་གསོལ་འདེབས་སྒྲ་ཡི་ཡིད་འཛིན་གསུངས།
།ཞེས་པ་དེའི་དོན་ནི། གསུང་ལས་འདི་སྐད་ཏེ། ལྷོ་རང་གཅིག་ཏུ་གཤེགས་པའི་ཐུགས་དགོངས་མཛད་དེ། ཐིང་པོ་བྲག་དགོན་དུ་བྱོན། དེར་ཉེ་གནས་ཁམས་པ་ཀུན་འདས་ཏེ། ཕྱག་རྫས་ཀྱི་དངོས་པོ་ཅི་ཡོད་བཏང་ནས་སྐུ་མཚམས་དམ་པོ་མཛད་པའི་དུས་སུ་མཚན་མོ་གཉིད་དུ་སོང་བ་དང་། ལུས་ཀྱི་སྣང་ཆ་ཙམ་ཡང་མེད་པར་ནམ་མཁའ་དང་སེམས་དབྱེར་མེད་གཅིག་ཏུ་འདྲེས་ཏེ། དགེ་སྦྱོར་གཡོ་མེད་དུ་གནས་པའི་ངང་ནས་ཕྲ་རགས་ཀྱི་དངོས་པོ་ཐམས་ཅད་མཐོང་བ་དང་། དད་གུས་ཅན་གསོལ་འདེབས་ཀྱི་གདངས་ལ་ཡིད་འཛིན་པ་དང་སྤྲོ་བ་བསྐྱེད་པ་བྱུང་གསུངས། གཞན་ཡང་ཐུགས་དམ་གྱི་དྭངས་ཆ་དང་། ཉམས་སྣང་མང་དུ་བྱོན་པའི་གསུང་ཐོས་ཏེ་མ་བྲིས་སོ། །གནས་ལུགས་འཕོ་འགྱུར་མེད་པའི་དོན་ལ་ཐུགས་འོད་གསལ་དུ་འགྲོ་འོང་བྲལ་བའི་མཉམ་བཞག་བརྟན་པོ་ཁྱེད་ལ་གསོལ་བ་འདེབས་སོ།
ཁྱེད་ནི་མནལ་སད་ཐོ་རངས་ཆ་ཉིད་ལ། །སྣ་ཚོགས་དཔག་མེད་ཐིག་ལེའི་ནང་དག་ཏུ། །བྱམས་པ་སྒྲོག་མཛད་སྐུ་ནི་དཔག་མེད་སྣང་། །སྣང་བ་ལྷ་སྐུར་ཤར་ལ་གསོལ་བ་འདེབས།
།ཞེས་པའི་དོན་ནི། སྒོམ་ཆེན་པ་ཞིག་གིས་ལྷ་སྐུ་རང་ཤར་གྱི་ཉམས་སྣང་བརྙན་དུ་ཕུལ་བས་ལྷ་སྐུའི་ཉམས་སྣང་ཆེ་ཚད་ཡིན་གསུངས། ང་ལ་ཡང་ཐོ་རངས་གཉིད་སད་ནས་རྩ་སྟོང་རླུང་དྭངས་པའི་དུས་དེར་ཐོགས་བཅས་ཀྱི་དངོས་པོ་འདི་རྣམས་གང་ཡང་མི་སྣང་བར་ཐིག་ལེ་དཔག་ཏུ་མེད་པ་ཤོང་ཙམ་ཚངས་སུ་གང་བའི་ནང་ན། བྱམས་པ་སྒྲོག་གླེང་མཛད་པའི་ཕྱག་རྒྱ་ཅན་ལ་སོགས་པ་ལྷ་སྐུ་དཔག་ཏུ་མེད་པ་འཁྲིགས་ཏེ། དེ་ཐམས་ཅད་ཀྱང་མི་དལ་མི་བྲེལ་བའི་སྣང་བ་འཆར་གསུངས། རྟགས་ཀྱིས་ཁྲིད་པ་རྣམས་ནི་ཨའུ་བརྩི་བར་བྱེད། ང་ལ་དགག་སྒྲུབ་ཙམ་མི་འདུག །དོན་ལ་ཐ་མལ་གྱི་གཉིས་འཛིན་དག་ནས་སྐུ་གཉིས་ཟུང་འཇུག་གི་སྣང་བ་ལྷ་སྐུ་སྒྱུ་མ་འོད་གསལ་དུ་ཤར་བའི་གྲུབ་ཆེན་ཁྱེད་ལ་གསོལ་བ་འདེབས་སོ།
སྒོམ་ཆེན་འཚོགས་ན་ཉམས་རྟོགས་ཀུན་གྱི་བདག །མཁས་པའི་དབུས་ན་སྨྲ་བའི་སེང་གེར་གྱུར། །འགྲན་ཟླས་དབེན་པ་གཙུག་གི་ནོར་བུ་མཆོག །བསྟན་པའི་རྒྱལ་མཚན་འཛིན་ལ་གསོལ་བ་འདེབས།
དེ་ལྟར་དཔལ་ལྡན་བླ་མ་རིན་པོ་ཆེ་འདི་ཉིད། མཁས་པར་སྦྱངས་པའི་མཁྱེན་རབ། ཉེས་སྤྱོད་ཀྱིས་མ་གོས་པའི་ཚུལ་ཁྲིམས། བརྩོན་པར་བསྒོམས་པའི་ཉམས་རྟོགས། འགལ་མཐུན་རྐྱེན་ལས་རྒྱལ་བའི་དཔའ་བོ། །བློ་ཚོད་དོན་དང་སྦྱོར་བའི་ཐབས་མཁས་ལ་སོགས་པ་རྒྱས་པར་གོང་དུ་བརྗོད་ཟིན་ལ། དེ་ཉིད་ཀྱི་མཁས་པ་དང་། བཙུན་པ་དང་། བསྒོམས་པའི་ཡོན་ཏན་ལ་འགྲན་ཟླ་མེད་པས་བསྟན་པ་རིན་པོ་ཆེའི་རྒྱལ་མཚན་འཛིན་པ་ཁྱེད་ལ་གསོལ་བ་འདེབས་སོ།
འབྲེལ་པར་གྱུར་ན་དོན་མེད་མི་འགྱུར་ཞིང་། །གསོལ་བ་བཏབ་ན་རྟོག་པའི་དཔལ་ལ་འགོད། །བདག་ལ་ཉེ་བར་འཛིན་པའི་བཤེས་གཅིག་པོ། །བཀའ་དྲིན་མཉམ་མེད་ཁྱོད་ལ་གསོལ་བ་འདེབས།
།ཞེས་པ་ནི། ཆོས་རྗེ་རིན་པོ་ཆེ་བ་ཉིད། སྔོན་བསགས་ཚོགས་གཉིས་ཀྱི་བྲེ་ཁ་ཁེངས་པས། དྲུང་དུ་ཚོགས་པ་མང་ཉུང་གང་ལ་ཡང་ཆོས་དང་ཟས་གོས་འབད་མེད་དུ་འབྱུང་བ། མི་མེད་ལུང་སྟོང་དུ་ཡང་ཕུན་སུམ་ཚོགས་པའི་རྟེན་འབྲེལ་ཤུགས་ལས་བྱུང་ཞིང་། དད་ལྡན་སྦྱིན་བདག་ཀུན་ལ་ཡང་། ཚེ་འདིའི་རང་མགོ་སྲེག་པ་མི་ཡོངས་ཏེ། ཚེ་ཕྱི་མར་ཕན་པའི་རྒྱུ་འབྲས་མི་བསླུ་བར་ཡོང་གིས་གསུངས། སྐུ་མཐོང་ཞིང་བྱིན་རླབས་ཞུས་པས། ཕྱེ་ཕོར་རེ་ཙམ་ཕུལ་བས་ཀྱང་ལས་འབྲེལ་བཟང་པོ་འཇོག་ནུས་པ། གསུང་ཐོས་པ་ཙམ་ལ་དད་པ་དང་ཆོས་ལ་ངེས་ཤེས་སྐྱེ་ཞིང་། བློ་གདུང་བས་གསོལ་བ་བཏབ་ན་རྟོགས་པའི་དཔལ་ལ་འཁོད་པ་རྣམས་ནི་རང་གཞན་གྱི་མཐོང་སྣང་དུ་མྱོང་བས་གྲུབ་བོ། །དེ་ལྟར་མཐོང་ཐོས་བསྟན་པའི་མོས་གུས་ཡོད་པའི་གང་ཟག་ལ་ཐུགས་རྗེས་ཉེ་བར་གཟིགས་ཏེ། ཚོགས་པ་རབ་འབྲིང་ཐ་མའི་སྐྱེས་བུ་སུ་ཡིན་སུ་མིན་ཡང་ང་ཁོ་ན་ལ་ཐུགས་ལ་བཏགས་པ་ཡོད་པའི་བཤེས་གཅིག་པོ་ལྟོ་གོས་ཆོས་གསུམ་གྱིས་གདུལ་བྱ་རྗེས་སུ་འཛིན་པའི་བཀའ་དྲིན་མཉམ་མེད་ཁྱེད་ལ་གསོལ་བ་འདེབས་སོ། །སྐྱབས་གསུམ་ངོ་བོ། བཤེས་མཆོག་དམ་པ། བསླུ་མེད་ཐུགས་རྗེས་བྱིན་གྱིས་རློབས་ཤིག
།བྱ་ཡི་ལོ་ལ་གཡུ་རིའི་ནགས་ཁྲོད་དུ། བླ་མའི་རྣམ་ཐར་རྒྱ་མཚོ་ལྟ་བུ་ལས། །བདག་བློ་སྐྲ་རྩེའི་ཁྱོན་གྱིས་ཆུ་ཐིག་ཙམ། །བརྗོད་པའི་ཉེས་པ་བཤགས་ཤིང་དགེ་བ་བསྔོ། །བདག་ལ་ཐུགས་རྗེ་ཆེན་པོས་བསྐྱབ་ཏུ་གསོལ།
།ཞེས་པ་འདི་ནི། བྱའི་ལོ་ལ་ཞིང་སྐྱོང་མཁའ་འགྲོ་གནས་པའི་ཕོ་བྲང་། གདུག་ཅན་ལྷ་འདྲེ་གནས་པའི་ལུང་པ། ཏིང་ངེ་འཛིན་ངང་གིས་འཕེལ་བའི་གཡུ་རིའི་ནགས་ཁྲོད་དུ། བླ་མ་རིན་པོ་ཆེའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལ་ཕྱི་ནང་གསང་བ་གསུམ་གྱི་རྣམ་པར་ཐར་པ་རྒྱ་མཚོ་ལྟ་བུའི་ནང་ནས། བདག་གི་བློ་གྲོས་སྐྲའི་ཁྱོན་ཙམ་གྱིས་བླངས་ཤིང་བརྗོད་སྟེ་བསྟོད་པའི་འགྲེལ་པ་ཚིག་འགའ་པོ་འདི་མ་ཚང་བ་དང་། ཟློས་པ། སྔ་ཕྱི་གོང་འོག་འཁྲུག་པ། འཕྲལ་སྐད་དང་ཚིག་གི་སྡེབ་སྦྱོར་ནོར་བ་ལྟ་བུ་ཅུང་ཟད་ཡོད་ཀྱང་། ཡི་གེ་མང་དུ་དོགས་པས་རིགས་སུ་བསྡུ་བ་དང་། རྩ་ཚིག་བསྟོད་པའི་ཕྱོགས་རེ་བསྡེབས་པ་དང་། ཆོས་རྗེས་ཇི་སྐད་གསུངས་པའི་འཕྲལ་སྐད་ལགས་ཤིང་གོ་བདེ་རུ་བརྗོད་པ་ལགས་པས། དམ་པ་རྣམས་ཀྱིས་བཟོད་པ་མཛད་པར་རིགས་སོ། །ཆོས་རྗེའི་རྣམ་པར་ཐར་པ་དྲི་མ་མེད་པའི་ཡོན་ཏན་ཞེས་བྱ་བ། ཤཱཀྱའི་དགེ་སློང་བོ་དྷི་པྲཛྙཱ་ཡིས། །རང་གི་བློ་ངོར་སྣང་ཚོད་བརྗོད་པ་འདི། །དབེན་གནས་བསམ་གཏན་སྡིངས་སུ་བཀོད་པ་ཡིན། །དགེ་བས་མཁའ་མཉམ་འགྲོ་བ་མ་ལུས་པ། །ཆོས་རྒྱལ་བླ་མའི་གོ་འཕང་མྱུར་ཐོབ་ཤོག །