Chos rje mkhas grub pas mdzad pa'i lha mo bstod pa
| Resource ID | SCv11p763 |
|---|---|
| Title | chos rje mkhas grub pas mdzad pa'i lha mo bstod pa |
| Topics | Pelden Lhamo |
| Sub-Topics | Praise |
| Author | Gelek Pelsang |
| Link | W23922 BDRC W3CN18508 (v3p.4) WA00KG09215 (p.289) |
༈ ཉུ༽ ཆོས་རྗེ་མཁས་གྲུབ་པས་མཛད་པའི་ལྷ་མོ་བསྟོད་པ་བཞུགས་སོ།།
༈ ༼ཙུ༽ ཨོཾ་སྭ་སྟི་སིདྡྷི།
བྷྱོཿ དཔལ་ལྡན་ལྷ་མོ་ཀུན་གྱི་བདག །ནག་མོ་རལ་པ་གཡེང་ཞིང་འཕྱར། །ཤིན་ཏུ་འཇིགས་པ་མི་སྡུག་མ། །གཤིན་རྗེའི་ལྕམ་ཁྱོད་བསྟོད་པར་བྱ།
།ཆར་སྤྲིན་ལྟར་ནག་ཅུང་ཟད་སྔོ། །སྨིན་མ་དམར་སེར་གློག་ལྟར་འཁྱུག །རབ་ཡངས་རྣ་བའི་བུ་ག་ནས། །དུ་བའི་ཚོགས་ཆེན་སྤྲོ་ལ་འདུད།
།ལུས་ནི་ཞག་དང་སྣུམ་གྱིས་བྱུགས། །བ་སྤུ་གྱེན་ལངས་མེ་ལྕེ་འཕྲོ། །རྐང་གཉིས་ལྕགས་སྒྲོག་ཟུང་གི་ཁྱུག །འབྱུང་པོའི་གཙོ་མོ་ཁྱོད་བསྟོད་དོ།
།ཁྲག་གི་བཏུང་བས་རབ་མྱོས་པའི། །མིག་རྩ་དམར་པོ་གཡོ་ཞིང་འཁྲུག །ཁ་ནས་ཁྲག་འཛག་ལྗགས་འདྲིལ་ཞིང་། །དྲག་པོའི་རྐན་བརྡེབ་ཁྱོད་ལ་འདུད།
།ཁྱོད་ནི་མི་ཤ་རུས་པར་འཅས། །ཆེམ་ཆེམ་གཅོད་བྱེད་སོ་སྒྲ་སྒྲོག །འབར་བའི་མཆེ་བ་གཙིགས་པའི་ཞལ། །སྲོག་ལ་རྔམས་པ་ཁྱོད་ལ་བསྟོད།
།གཡས་ན་རལ་གྲི་གྲི་གུག་དང་། །གཡོན་ན་ཐོད་རློན་དགྲ་བགེགས་ཀྱི། །སྙིང་ཁྲག་ནང་ཁྲོལ་གྱིས་གང་འཐུང་། །ནལ་བུའི་རྒྱལ་མཚན་འཛིན་ལ་བསྟོད།
།གླང་ཆེན་ཀོ་རློན་རྒྱངས་པ་དང་། །རེ་ལྡེ་སེར་པོ་སྨད་དཀྲིས་ཤིང་། །མི་ལྤགས་ཁྲག་འཛག་གསར་པའི་གོས། །སྟོད་གཡོགས་གླང་ཁྱོད་བསྟོད་པར་བྱ།
།གདུག་པའི་སྦྲུལ་གྱིས་གདེངས་ཀ་གཡོ། །སྤྱི་གཙུག་རྨ་བྱའི་མདོངས་ཀྱིས་བརྒྱན། །གདོང་ལྔ་པ་དང་ཀླུ་དབང་གིས། །རྣ་རྒྱན་འཆང་བ་ཁྱོད་ལ་བསྟོད།
།མཚན་མོ་དུར་ཁྲོད་ཀུན་ཏུ་ཉུལ། །རླུང་གི་ཤུགས་འཆང་དྲེའུ་ཞོན། །སྟོང་གསུམ་སྐད་གཅིག་ཙམ་གྱིས་སྒྲོད། །རྫུ་འཕྲུལ་དབང་ལྡན་ཁྱོད་བསྟོད་དོ།
།མདུན་ནས་རྒྱུག་པའི་ཕོ་ཉ་ནི། ཆུ་སྲིན་གདོང་ཅན་མུན་པའི་མདོག །ཁྱོད་ཀྱིས་སླད་ཀྱིས་རྗེས་འབྲང་བ། །སེངྒེའི་གདོང་ཅན་དམར་ནག་མོ།
།གཉིས་ཀའང་གཅེར་མོ་སྲིན་མོའི་གཟུགས། །འདོད་ཁམས་དབང་ཕྱུག་བཀའ་ཉན་ཅིང་། །དམ་ཚིག་ཉམས་པའི་སྙིང་འབྱིན་མ། །ཟ་བྱེད་སྲོག་བདུད་ཆེན་མོ་སྟེ།
།མ་གཅིག་ལྷ་མོ་འཁོར་བཅས་ཀྱིས། །ཤ་ཆེན་ཁྲག་འཛག་མྱོས་བྱེད་བཅས། །བྱིན་གྱིས་བརླབས་པའི་གཏོར་མ་དང་། །མཐུན་པའི་དམ་རྫས་འདི་བཞེས་ལ།
།སྔོན་ཚེ་རྒྱལ་བའི་སྤྱན་སྔ་རུ། ཁས་བླངས་དམ་བཅས་དྲན་བྱས་ནས། །བླ་མའི་དམ་ཚིག་རྗེས་དགོངས་ཏེ། །བཅོལ་བའི་ཕྲིན་ལས་མྱུར་དུ་མཛོད།
།བསྟན་དང་དཔལ་ལྡན་བླ་མ་ཡི། །གསང་ཆེན་རྨད་བྱུང་ཆོས་འཁོར་དང་། །བཤད་དང་སྒྲུབ་པའི་བྱ་བ་ལ། །རྗེས་སུ་བརྩོན་རྣམས་རྗེས་སུ་སྐྱོངས།
།བདག་ཅག་དཔོན་སློབ་དགེ་འདུན་དང་། །གནས་དང་ལོངས་སྤྱོད་བཅས་པ་དག །སྲུང་དང་སྐྱབ་དང་སྦ་བ་དང་། །གཡེལ་བ་མེད་པའི་བྱ་ར་མཛོད།
།བདག་ཅག་ཆོས་དང་དགེ་འདུན་དང་། །དེ་དག་འདུག་གནས་ལོངས་སྤྱོད་ལ། །ལོག་པར་རྗེས་སུ་བསྒྲུབ་པ་གང་། །རྐྱེན་དང་མཚམས་པར་ཚར་ཆོད་ཅིག
།འདི་ལྟར་དམ་ཚིག་གཉེར་མ་ནི། །བདག་དོན་འབའ་ཞིག་མ་ཡིན་ཏེ། །བསྟན་པའི་སྙིང་པོ་རྒྱས་པ་དང་། །དེ་ཡང་འགྲོ་བའི་དོན་གྱིས་ཕྱིར།
།དེ་ཕྱིར་ཁྱེད་ལ་ཡུན་རིང་དུ། །མཆོད་ཅིང་གཉེར་ཡང་ཡལ་བོར་ན། །དུས་གསུམ་རྒྱལ་བའི་བཀའ་བསླུས་པས། །ཉམས་པར་འགྱུར་བ་གདོན་མི་འཚལ།
།དེས་ན་མ་ལྟར་བརྩེ་བ་དང་། །སྲིང་ལྟར་གདུང་བས་བླ་མ་དང་། །རྡོ་རྗེ་འཛིན་པ་བདག་ཅག་གིས། །བསྒོ་བའི་ལས་ཀུན་མྱུར་དུ་བསྒྲུབས།
།སྔར་བཅོལ་ལས་ཀྱི་བཏང་རག་དང་། །ད་བཅོལ་ལས་ཀྱི་བསྐུལ་འདེབས་སུ། །དམ་རྫས་གཏོར་མ་འདི་བཞེས་ལ། །དགྱེས་པ་ཆེན་པོས་ལས་ཀུན་མཛོད།
།ཅེས་དཔལ་ལྡན་འདོད་པ་ཁམས་ཀྱི་དབང་ཕྱུག་མ་ལ་བསྟོད་ཅིང་བསྐུལ་བ་ཚིགས་སུ་བཅད་པ་འདི་རྡོ་རྗེ་འཛིན་པ་དགེ་ལེགས་དཔལ་བཟང་པོས་དམ་ཚིག་གཉེར་དུ་གཏད་དེ་སྨྲས་པའོ།།
