Gzhung khrid ma mo'i lhan thabs kha skong

From Shangpa Resource Center








Resource ID SCv3p579
Title zab lam ni gu chos drug gi gzhung khrid ma mo'i lhan thabs kha skong
Topics Six doctrines of Niguma
Sub-Topics Manual
Author Jetsün Taranatha
Link BDRC W23922
BDRC W23605
BDRC W1KG1286
BDRC W1KG5786
BDRC W8LS16295 (p.229)
Notes Linked to: rin chen 'od kyi phreng ba, dri med 'od kyi phreng ba, nyams myong yon tan rgya mtsho, sgyu lus stan thog gcig ma.

༄༅། །ཟབ་ལམ་ནི་གུ་ཆོས་དྲུག་གི་གཞུང་ཁྲིད་མ་མོའི་ལྷན་ཐབས་ཁ་སྐོང་བཞུགས་སོ།།

ན་མོ་གུ་རུ། ཡེ་ཤེས་མཁའ་འགྲོ་ནི་གུ་མའི་ཞལ་གདམས་སོ།
།ཆོས་དྲུག་སྟན་ཐོག་གཅིག་མ་དང་། །གཞུང་ཁྲིད་རྒྱས་པའི་ཞལ་གདམས་ཡོད།
རིན་ཆེན་འོད་ཀྱི་ཕྲེང་བ་དང་། །དྲི་མེད་འོད་ཀྱི་ཕྲེང་བ་དང་། །ཉམས་མྱོང་ཡོན་ཏན་རྒྱ་མཚོ་དང་། །སྒྱུ་ལུས་སྟན་ཐོག་གཅིག་མ་སྟེ། །བསྲེ་བའི་ཟབ་ཁྲིད་རྣམ་བཞི་ཡོད།
།དེ་ལྟར་སྡེ་ཚན་དྲུག་པོ་འདི། །ཆོས་དྲུག་མཁན་ལ་དགོས་ངེས་ཡིན། ཅེས་སོ།
།ཟབ་ལམ་ཆོས་དྲུག་སྟན་ཐོག་གཅིག་ཏུ་དྲིལ་བ་ནི་འདི་ཡིན་ཏེ། དེ་ཡང་སྔོན་འགྲོ་དང་། དངོས་གཞི་གཉིས་ལས།
དང་པོ་ལ། ཐུན་མོང་དང་། ཐུན་མོང་མ་ཡིན་པ་གཉིས།
དང་པོ་ཐུན་མོང་བ་ནི། སྐྱབས་འགྲོ་སེམས་བསྐྱེད་གཉིས་ཡིན་ལ།
གཉིས་པ་ལ། དག་བྱེད་ཨའི་སྟོང་ར་དང་། བླ་མའི་རྣལ་འབྱོར་རོ།
།དེ་ལྟར་ན། སྐྱབས་སེམས་དག་བྱེད་སྟོང་ར་གསུམ། སྤྱིར་ཁྲིད་ཡིག་རྒྱས་པ་དང་འདྲ་བ་ལས། སྐྱབས་ཡུལ་གྱི་བླ་མ་མ་བསྡུས་པར་བཞག་པ་ལ་སེམས་བསྐྱེད་ཀྱི་རྗེས་སུ། སྟོང་རའི་གསོལ་འདེབས་བྱས་ནས་རང་ལ་བསྟིམ། དེ་རྗེས་སྟོང་ར་སྒོམ་པ་ཡིན།
གཉིས་པ་བླ་མའི་རྣལ་འབྱོར་ནི། རང་གི་མདུན་གྱི་ནམ་མཁའ་ལ་གདན་བཞི་རྫོགས་ཀྱི་སྟེང་དུ། བླ་མ་སྐུ་དངོས་ཁོ་ན་བསྒོམ། སྐྱབས་གནས་ཀུན་འདུས་སུ་ཡེ་ནས་གྲུབ་པར་སྒོམ་པ་ལས་ཚུར་བསྟིམ་པ་སོགས་དམིགས་པའི་སྤྲོས་པ་མི་དགོས། མོས་གུས་ཀྱི་གདུང་ཤུགས་དྲག་པོས།
དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་བླ་མ་རིན་པོ་ཆེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གིས་བདག་འཛིན་བློས་ཐོངས་པར་མཛད་དུ་གསོལ། དགོས་མེད་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། སྒྱུ་ལུས་རྨི་ལམ་འབྱོངས་པར་མཛད་དུ་གསོལ། འོད་གསལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ད་ལྟ་ཉིད་དུ་མྱུར་བ་ཉིད་དུ་འདུག་ས་འདི་ཉིད་དུ་ཐོབ་པར་མཛད་དུ་གསོལ།
ཅེས་པ་ཁོ་ནས་གསོལ་བ་དྲག་ཏུ་བཏབ། འདི་ལ་སེམས་ཅན་ཐམས་ཅད་སྙིང་ཁོངས་སུ་བཅུག་པས་ཆོག འགྲོ་དྲུག་གིས་དངོས་སུ་གསོལ་བ་འདེབས་པའི་དམིགས་པ་མི་དགོས། མཐར་བླ་མ་འོད་དུ་ཞུ་ནས་རང་ལ་བསྟིམ་པའི་ངང་དུ་ཅུང་ཟད་མཉམ་པར་བཞག་གོ
།དངོས་གཞི་ལ་གཏུམ་མོ་སྒོམ་པར་འདོད་ན། ལུས་གནད་རྣམ་སྣང་ཆོས་བདུན་སྤྱི་དང་འདྲ་བར་བྱ་བ་ལས། མིག་ཐད་ཀར་བལྟ། ལག་མཐིལ་གྱིས་པུས་མོ་མནན་ནོ།
།རང་ཉིད་རྡོ་རྗེ་ཕག་མོ་རང་ལུས་དང་བཞུགས་ཚུལ་མཐུན་པ་ཅིག་བསྒོམ། རང་གི་ལུས་ཀྱི་ནང་སྟོང་སང་སང་བ། ལུས་ཀྱི་དབུས་སུ་རྩ་དབུ་མ་ཆོས་བཞི་ལྡན་རིང་ཐུང་སོགས་དཀྱུས་དང་འདྲ། དེའི་ནང་ལྟེ་འོག་སོར་བཞི་ན་རཾ་དམར་ནག་ནས་འབྲུ་ཙམ། ལྟེ་བར་ཉི་མའི་དཀྱིལ་འཁོར་སྲན་ཆུང་ཙམ་གྱི་སྟེང་དུ། ཨ་ཤད་དམར་སེར་རིང་ཐུང་། སོར་གང་ཙམ་ཕྲ་མོ་ཅིག་བསྒོམ། དེ་རང་གི་རྩ་བའི་བླ་མའི་ངོ་བོ་ཡིན་སྙམ་མོས་གུས་དུང་བ་བྱ། དེ་ནས་སྤྱི་བོར་ཧཾ་དཀར་པོ་མགོ་བོ་ཐུར་དུ་བལྟ་བ་དང་། སྟེང་གི་ནམ་མཁའ་ལ་རང་གི་རྩ་བའི་བླ་མ་སྐུ་མདོག་དཀར་ཞིང་ཞལ་འཛུམ་པ་གཟི་བརྗིད་འབར་བ་གཅིག་བསམ། ཐུན་གྱི་འགོར་རླུང་རོ་དགུ་ཕྲུགས་སུ་འབུད། དེ་ནས་རླུང་སྦྱོར་བ་བཞི་ལྡན་དྲག་ཏུ་བསྒོམ།
དམིགས་པ་ནི། རླུང་ཉིད་དབུ་མའི་མས་སྣ་ནས་ཞུགས། རཾ་ལ་བུས། དེ་ལས་མེ་ལྕེ་དམར་ནག་སོར་བཞིར་འབར། མེའི་ངོ་བོ་ལྟེ་བའི་ཨ་ཤད་ལ་བསྐུལ། ཨ་ཤད་ལས་མེ་དམར་སེར་འུར་གྱིས་འབར། སྤྱི་བོའི་ཧཾ་ཅུང་ཟད་ཞུ། མེ་ལྕེ་ཚངས་བུག་ནས་ཐོན་ཏེ་རྒྱ་ཆེར་འབར། མེ་ལྕེའི་རྩེ་མོ་ལས་མཆོད་པ་སྣ་ཚོགས་སྤྲུལ། བླ་མ་ལ་མཆོད་པ་བཞི་རྫོགས་ཀྱིས་མཉེས་པར་བསམ། མེ་ལྕེའི་འོད་ལས་བདེ་དྲོད་ཀྱི་མཆོད་པ་ཕུལ། སངས་རྒྱས་ཀུན་འདུས་ཀྱི་ངོ་བོ་བླ་མ་དེ་ཡང་བྱང་ཆུབ་སེམས་ཀྱི་བདུད་རྩིར་ཞུ། མེ་ལྕེ་དང་ལྷན་ཅིག་ཚུར་བྱོན། ཚངས་བུག་ནས་ཞུགས། བདུད་རྩི་སྤྱི་བོའི་ཧཾ་ཡིག་ལ་འདྲེས། ཐིག་ལེའི་རྒྱུན་ནར་གྱིས་བབས། མགྲིན་པར་སླེབ་པས་དགའ་བ་བུམ་དབང་། སྙིང་གར་སླེབ་པས་མཆོག་དགའ་གསང་དབང་། ལྟེ་བའི་ཨ་ཤད་ལ་ཐིམ་པས་ཁྱད་དགའ། ཤེར་དབང་། དེ་ལས་བདུད་རྩི་བབས་པ་རཾ་ལ་ཐིམ་པས། ལྷན་སྐྱེས་དང་དབང་བཞི་པའོ། །ཞེས་དྲན་པར་བྱ། དེ་ནས་ཀྱང་འབར་འཛག་སྐྲ་ཤད་འཛིངས་པ་དཀྱུས་དང་འདྲ་བ་བསྒོམ་པ་ལས། ཁྱད་པར་ནི་རཾ་གྱི་མེ་དང་ཨ་ཤད་ཀྱི་མེ་གཅིག་ཏུ་འདྲེས་པ་འབར་བ་དང་། ཧཾ་གི་ཐིག་ལེ་ཡང་ཨ་ཤད་བརྒྱུད་དེ་རཾ་ལ་ཐིམ་པར་སྒོམ་པ་ནི་ཁྱད་པར་རོ། །འདི་ནི་གཏུམ་མོ་ཟས་སུ་ཟ་བ། བྱིན་རླབས་བླ་མའི་གཏུམ་མོ།
།སྲིད་པའི་དབང་ཞུ་བ་སྟེ་གསུམ་ཀར་དམིགས་པ་གཅིག་ལ་དྲིལ་བ་ཡིན་པས། གནད་ཤིན་ཏུ་ཆེའོ། །ཡང་འདི་ལ་གཏུམ་མོ་འབར་བ་ལ་སེམས་གཏད་ཏེ། རླུང་དྲག་ཏུ་བུས་པའི་ཕྱི་འཛིན་ཁོང་འདྲེན་དྲག་པོ་དང་། ཐིག་ལེ་འབབ་པ་ལ་སེམས་གཏད་ནས་དྲག་ཏུ་རྔུབས་ནས་ཐུར་སེལ་གྱི་སྒོ་གཉིས་ལ་གཟིར་བ་དང་། དེ་ཐམས་ཅད་ལ་སེམས་ནམ་མཁའ་ལ་ཡས་སུ་བཅུག །ལྟོ་བ་ཕྱིར་བསྐྱེད་ནས་ལུས་གཅུ་ཞིང་རྩལ་སྤྲུགས་དྲག་པོ་བྱེད་པ་དང་། ཧལ་ཞེས་བརྗོད་པ་ནི། ཐབས་ལམ་གཉིས་པའི་མན་ངག་རླུང་སྦྱོར་གཅིག་ལ་ལམ་རྫོགས་པ་སྟེ། འདི་ཉེ་བརྒྱུད་བཀའ་གསར་པ་ཞིག་ཡིན་ནོ། །གཏུམ་མོ་སྟན་གཅིག་སྟོན་ཚད་རང་ལ་འདི་འཆད་པ་མིན། ཤིན་ཏུ་གསང་བའོ། །སྤྱིར་འདི་ལ་ཆོས་དྲུག་སྟན་ཐོག་གཅིག་མ་ཟེར། གཏུམ་མོའི་རྣལ་འབྱོར་འདི་ལ་ཡང་སྒོས་སུ་གཏུམ་མོ་སྟན་ཐོག་གཅིག་མར་མིང་འདོགས་མཛད། གཞན་སྒྱུ་ལུས་སོགས་རེ་རེ་ནས་ཕྲལ་བ་ལ་དེ་དང་དེ་སྟན་ཐོག་གཅིག་མའི་ཐ་སྙད་མི་བྱེད་དོ།
།གཉིས་པ་སྒྱུ་ལུས་ནི། རྩ་བའི་བླ་མ་ཉིད་མདུན་ནམ་སྤྱི་བོའམ་སྙིང་གར་བསྒོམས་ཀྱང་རུང་། གང་ན་བཞུགས་པའི་ཕྱོགས་སམ་མཁའ་ཁྱབ་ཏུ་བཞུགས་པ་ལ་གསོལ་བ་བཏབ་ཀྱང་རུང་སྟེ།
ཕ་བླ་མ་ཕ་བླ་མ། བླ་མ་རང་མཁྱེན། དྲིན་ཅན་རྩ་བའི་བླ་མ་ཁྱེད་ལ་གསོལ་བ་འདེབས་སོ།
།ཅེས་མོས་གདུང་དྲག་པོ་སྙིང་ལ་འབབ་པ་ཞིག་བསྒོམས་ནས་དེའི་ངང་ལ་ལྷོད་ཀྱིས་བཞག རང་ལྷ་སྐུ་ལམ་ཙམ་གསལ་བཏབ་སྟེ། རང་གཞན་སྣང་བ་ཐམས་ཅད་ལ་དམིགས་ནས། འདི་ཐམས་ཅད་མེད་བཞིན་དུ་སྣང་བ་འཁྲུལ་བའི་སྣང་བ་ཡིན་པ་ལ་བཟང་ངན་བདེ་སྡུག་ཆགས་སྡང་མཐོ་དམན་ཉེ་རིང་འབྱོར་རྒུད་དགའ་མི་དགའ་གཏམ་སྙན་མི་སྙན་སོགས་ལ་ཨ་འཐས་ཀྱི་ཞེན་པས་སྤང་བླང་དགག་སྒྲུབ་བྱེད་པ་འདི་རང་ཨ་རེ་འཁྲུལ། གཏད་པ་རང་ཅི་ཡོད། རྨི་ལམ་ལྟ་བུ་རང་ཡིན་ཨང་ཞེས་སྦྱངས་ནས། གཡོས་མེད་དུ་ཆལ་སོང་བ་དེ་ཀ་ལ་བཟོ་བཅོས་མེད་པར་བཞག །དབང་པོ་རབ་འབྲིང་གི་ཉམས་ལེན་ཐམས་ཅད་དེ་ལ་འདུས། དེ་མ་ཐག་རང་ལྷར་གསལ་བའམ། ཐ་མལ་གྱི་རྣམ་པ་གང་ཡིན་ཡང་རུང་སྟེ། ནང་སྟོང་སང་ངེ་བའི་ལྟེ་འོག་ཏུ་ཆོས་འབྱུང་དང་རིགས་དྲུག་སྒོམ་པ་སོགས་འགྲོ་དྲུག་སྒྱུ་མར་འཆར་བྱེད་དཀྱུས་དང་མཐུན་པར་བསྒོམ་མོ། །འདི་ལ་དབང་པོ་རབ་འབྲིང་ཐ་གསུམ་གྱི་གནད་སོ་སོར་ཚང་བ་ཡིན་ཀྱང་གཅིག་ཏུ་དྲིལ་ནས་བསྒོམ་པ་ཡིན་པས་དམིགས་སྐོར་གཅིག་ཁོ་ནའོ།
།གསུམ་པ་རྨི་ལམ་ལ་བཟུང་བ་དང་། སྦྱོང་བ་དང་། ཡུལ་སྣང་བལྟ་བའོ།
།དང་པོ་ནི་རང་ཟིན་ཐིག་ལེ་དབང་བཞིའི་གནད་ཁོ་ན་སྟེ། དེ་ཡང་དམིགས་པ་དེ་ཚར་གསུམ་ཙམ་རེ་བསྟུད་ནས་འཇུར་བར་བསྒོམས་པའི་རྗེས་སུ། རང་གཞན་སྣོད་བཅུད་དགྲ་གཉེན་ལོངས་སྤྱོད་ཐམས་ཅད་ལ་བདེན་མེད་ཀྱི་འདུན་པ་དྲག་ཏུ་སྦྱངས་ཤིང་། དེ་ཀའི་ངང་ལ་གང་ཤར་བཟོ་མེད་དུ་འཇོག །ཚུལ་དེ་ལྟ་བུ་ཡང་ཡང་གོམས་པར་བྱེད་པ་ཡིན།
གཉིས་པ་སྦྱོང་བ་ནི། འདུན་པས་སྦྱོང་བ་ཁོ་ན་ཡིན་ཏེ་དཀྱུས་བཞིན་ཡིན། འོན་ཀྱང་སྒྱུ་མ་ལྟ་བུའི་འདུན་པ་དང་། རང་བཞིན་དབྱིངས་ཀྱི་ངང་སྐྱོང་བ་དེ་གལ་ཆེའོ།
།གསུམ་པ་ཡུལ་སྣང་ནི། རང་གི་སྙིང་གར་ཧཱུྃ་ཡིག་དཀར་པོ་དྭངས་གསལ་འོད་ཀྱི་རང་བཞིན་ཅིག་བསྒོམ། རྨི་ལམ་སྒྱུ་མའི་འདུན་པ་དང་། ཡུལ་སྣང་བལྟ་འདོད་དྲག་ཏུ་བྱ། ཧཱུྃ་ལས་འོད་ཀྱི་ཐག་པ་ལྟ་བུ་ཞིག་རྒྱང་སྟེ་འཕྲོས། གང་བལྟར་འདོད་པའི་དངོས་པོ་དེ་ཞགས་པས་དྲངས་པ་ལྟར་ཚུར་བྱུང་ནས་སྙིང་གའི་ཧཱུྃ་ལ་ཐིམ། ཧཱུྃ་གི་འོད་ཀྱིས་སྣང་བ་ཐམས་ཅད་ཁྲ་གསལ་ལེ་གསལ་བ་ལ་སེམས་གཏད་དེ་བསྒོམ། སྐབས་འདིར་བུམ་ཅན་བསྒོམ་པ་གལ་ཆེ། ལར། མ་ཟིན་འབྱམས་དང་གོལ་ས་གསུམ། །བསོད་ནམས་ཚོགས་ཀྱིས་བཅད་པར་བྱ། །ཅེས་འབྱུང་བ། རྨི་ལམ་སྒྱུ་ལུས་ཀྱི་སྐབས་སུ་གལ་ཆེ་བར་བཞེད།
བཞི་པ་འོད་གསལ་ལ། འོད་གསལ་འཛིན་པའི་དམིགས་པའི་གཙོ་བོ་ཡིན་པས། བླ་མ་ལ་བརྟེན་ནས་འཛིན་པ་དེ་ངེས་པར་བསྒོམ། དེ་ཀས་ཟིན་ན་ལེགས། མ་ཟིན་ན་རྣོ་ཁྱད་དུ་ཨ་ཡིག་ལ་བརྟེན་ནས་འཛིན་པ་ཡིན་ཏེ། རང་གི་དབུ་མའི་མས་སྣར་ཨ་དཀར་པོ་བསྒོམ། སྟེང་རླུང་ནན་ནན། འོག་རླུང་འཐེན་འཐེན་བྱས་པས། ཨ་དེ་གསང་བའི་རྩ་བར་ལྷན་ལྷན་སོང་། གསང་བའི་རྩ་ལམ་ནས་ཀྱང་གཅུས་ཀྱོག་ཀྱོག་པའི་ངང་ནས་རྡོ་རྗེ་ནོར་བུའི་དབུས་སུ་ཁ་དོག་སྔོན་པོ་འོད་འཚེར་བ་ཅིག་ཏུ་གྱུར། མགོ་ནང་བསྟན་དུ་ལོག་ཤུགས་དྲག་པོས་ཕྱི་ལ་འགྲོ་འདོད་ཀྱང་བུ་ག་དོག་པོ་ལ་མ་ཤོང་བས་འགྲོ་མི་ཐུབ་པར་ལྷན་ལྷན་འདུག་པ་ལ་ཡུད་ཅིག་སེམས་དྲག་ཏུ་གཏད། ཡང་དེ་ཀའི་སྣང་བ་མ་འགགས་ཙམ་ལ་ཧད་དེ་ཕྱད་དེ་བཞག །དེ་ལྟར་ཡང་ཡང་བསྒོམ། འོད་གསལ་འཛིན་ལུགས་སྤྱི་དང་འདྲ། འཛིན་པ་ལ་ལྷག་པར་བསྔགས་སོ། །འདི་ཁོ་ན་གཉིད་ཀྱི་འོད་གསལ་ཟིན་ཡོང་། སྟན་ཐོག་གཅིག་མ་རང་གི་འོད་གསལ་གྱི་དམིགས་པ་དེ་ཕྱི་མ་འདི་ཁོ་ན་ཡིན། བླ་མ་ལ་བརྟེན་པའི་དམིགས་པ་དེ། སྤྱིའི་ཁོག་ཕུབས་རྒྱབ་རྟེན་ཡིན་གྱི། སྟན་ཐོག་གཅིག་མའི་སྐབས་ཀྱི་དམིགས་པ་རང་མིན་ནོ། །ཨ་ལ་བརྟེན་པ་འདི་རྟེན་བུད་མེད་ཀྱིས་སྒོམ་ན། ལྟེ་འོག་སོར་བརྒྱད་ཙམ་དུ་དབུ་མའི་མས་སྣས་སླེབ་པའི་མས་སྣ་དེ་ཀར་བསྒོམ། རླུང་གི་གནད་སོགས་གཞན་འདྲའོ། །དེ་ལྟར་རྩ་བའི་ཆོས་བཞི་པོ་དེ་ཐམས་ཅད་ཆ་ཚང་སྒོམ་ན། །ཐོག་མར་རེ་རེ་བཞིན་ཟླ་བ་གཉིས་གསུམ་སྦྱངས་པས་ཉམས་མྱོང་སྣེ་རེ་རྙེད་འོང་། དེ་རྗེས་ཉིན་ཞག་ཕྲུགས་གཅིག་གི་ནང་དུ་བཞི་ཅར་སྒོམ་ན། ཐོ་རངས་སམ་སྔ་ཐུན་ལ་གཏུམ་མོ། །གུང་ཐུན་ལ་སྒྱུ་ལུས། དགོངས་ཐུན་ལ་རྨི་ལམ། སྲོད་ཐུན་ལ་འོད་གསལ་བསྒོམ་ཞེས་ཁྲིགས་ཀ་འདི་བཞིན་ཡང་མཛད། འོན་ཀྱང་མཐའ་གཅིག་ཏུ་མ་ངེས་སོ། །དེ་བཞིན་དུ་བཞི་ཅར་བསྒོམ་པར་མི་ནུས་ན། གསུམ་སྡེབས་སམ། གཉིས་སྡེབས་སམ། རེ་རེ་བསྒོམས་པས་ཀྱང་དོན་ཁྱད་པར་ཅན་འགྲུབ་པར་འགྱུར་རོ། །སྟན་ཐོག་གཅིག་མ་ཅེས་པ་ཡང་རྩ་བའི་ཆོས་བཞི་པོ་ལ་བརྩི་བ་ཡིན་ཏེ། འཕོ་བ་བར་དོ་ཁ་སྐོང་ཡིན་པས་རྒྱས་བསྡུས་གང་བསྟན་ཀྱང་འདྲའོ་གསུང་ནས་གོ་བབས་ལྷོད་ཡངས་སུ་མཛད་ཀྱང་། ལག་ལེན་དུ་འདི་ལྟར་མཛད་ཏེ།
འཕོ་བ་ནི། སྤྱི་བོ་ཚངས་བུག་རྒྱ་མཐོངས་ཁ་ཕྱེ་བ་བཞིན་དུ་ཡོད་པར་བསྒོམ། ཨ་ལ་བརྟེན་པའི་འོད་གསལ་འཛིན་པ་དེ་ཁོ་ན་བཞིན་ལས། ལྟེ་འོག་སོར་བཞིའི་ཨ་དེ་རླུང་ཕྱིར་འབུད་པ་དང་ལྷན་ཅིག་དབུ་མའི་ལམ་ནས་བརྒྱུད། ནམ་མཁའི་དབུས་སུ་མདའ་འཕངས་པ་བཞིན་དུ་སོང་ནས་མཁའ་དབྱིངས་མཐོན་པོར་ཡལ་བར་བསྒོམ། ཡང་ཨ་དེ་ནམ་མཁར་གྲུབ་མར་བབས་ཚངས་བུག་ནས་ཞུགས་ཏེ་དབུ་མའི་མས་སྣར་ཕྱིན་པར་བསམ། འདི་ལ་འགྲོ་འོང་སྤེལ་མ་རང་བསྒོམས་པས་ཆོག །སྒོ་དགག་པའང་མི་དགོས་གསུངས་སོ།
།དྲུག་པ་བར་དོ་ནི། རང་གི་མདུན་དུ་ཆོས་འབྱུང་སྒོམ་པ་ནས། སྤྱི་བོར་བླ་མ་བསྒོམ་པའི་བར་གཞུང་ཁྲིད་ཀྱི་དབང་པོ་འབྲིང་དང་འདྲ། །གནད་འཆུག་མེད་ཀྱི་དོད་ལ། འགྲོ་བ་རིགས་དྲུག་གི་གནས་དང་། གཟུགས་སྒྲ་དྲི་རོ་རེག་བྱ་བཟང་ངན་ཐམས་ཅད་ལ་སྒྱུ་མ་དང་། བར་དོའི་འདུན་པ་སྦྱངས། མངལ་སྒོང་གི་གཉིས་སྦྱོར་སོགས་གསལ་བཏབ་ནས་བར་དོར་ཤེས་པས་ཡི་དམ་ཡབ་ཡུམ་དུ་བསྒྱུར། དེ་ལའང་མངོན་ཞེན་མེད་པར་སྒྱུ་མ་ལྟ་བུའོ། །ཞེས་དྲན་པར་བྱེད་པ་ཡིན། ཡན་ལག་གི་ཆོས་འདི་གཉིས་ཀྱང་ཉེ་བརྒྱུད་ཀྱི་ཆ་ཤས་ཅུང་ཟད་ཡིན། དེ་ལྟར་ན་སྟན་ཐོག་གཅིག་མར་སྡུད་ཚུལ་འདི་སྔོན་ཆད་ཡི་གེར་འཁོད་པ་ཆེར་མེད་པའི་ཞལ་རྒྱུན་ཡིན། གཏུམ་མོའི་རླུང་སྦྱོར་གཉིས་པ་དང་། ཡུལ་སྣང་དང་། ཨ་ཡི་འོད་གསལ་དང་། ཡན་ལག་གི་ཆོས་འདི་གཉིས་ལ་དམིགས་པའི་སྡེ་བསྒྱུར་ཁ་ཅུང་ཟད་རེ་ཡོད་པ་འདི་ཉེ་བརྒྱུད་ཡིན་ཡང་གསུངས་ཏེ། ཡུལ་སྣང་དང་འོད་གསལ་ཡང་ཡིག་རྙིང་གིས་ཟིན་པ་ལགས། གཞན་རྣམས་ནི་མན་ངག་རྙིང་པ་ཁོ་ནའོ།

།ད་ནི་ཁྲིད་རྒྱས་འབྲིང་གཉིས་ལ་དགོས་པའི་དམིགས་པ་བཀའ་རྒྱ་མ་རྣམས་བཤད་པར་བྱའོ།
།དེ་ལ་གཏུམ་མོའི་ཐོན་ཆོས་བྱིན་རླབས་བླ་མའི་གཏུམ་མོ་དཀྱུས་ནི། གཏུམ་མོ་ཉིད་ཀྱི་བླ་མའི་རྣལ་འབྱོར་སྔོན་དུ་སོང་བས། རང་རྗེ་བཙུན་མ་བཞུགས་ཚུལ་རང་ལུས་དང་མཐུན་པའམ། རང་ལུས་ཐ་མལ་དུ་འཇོག་པ་གང་ཡིན་ཡང་འདྲ། ནང་སྟོང་སང་ངེ་བའི་སྟོང་ར་བཅའ། ལུས་གནད་ཙོག་པུའམ་སྐྱིལ་ཀྲུང་གང་གིས་ཀྱང་རུང་། རང་གི་ལུས་ཀྱི་དབུས་སུ་རྩ་དབུ་མ་ཁ་དོག་དམར་པོ་སྦོམ་ཕྲ་སྤོས་དོང་ཙམ་པ་གསུངས། མས་སྣ་ལྟེ་འོག་སོར་བཞི་དང་། ཡས་སྣ་སྤྱི་བོར་ཟུག་པ། སྤྱི་བོ་ཚངས་བུག་ཤིན་ཏུ་ཡངས་པ། འཕང་ལོ་ཙམ་ཟེར་ཏེ། དབུ་མའི་སྦོམ་ཕྲ་དང་བསྟུན་དབུ་མའི་ཁ་དང་ཚངས་བུག་མཉམ་པ་ཐལ་ལེ་བསྒོམ། དབུ་མའི་ནང་ལྟེ་བའི་ཐད་དུ་ཉི་མའི་གདན་ལ་རང་གི་རྩ་བའི་བླ་མ། རལ་པའི་ཐོར་ཚུགས་དང་། རུས་རྒྱན་དང་། སྟག་ལྤགས་ཅན་སྐྱིལ་ཀྲུང་གིས་བཞུགས་པ། མེའི་རང་བཞིན་གང་ལ་རེག་ཀྱང་ཐོགས་མེད་དུ་འཚིག་འགྲོ་བ་ཅིག་བསྒོམ། ཡིག་རྙིང་འགའ་ཞིག་ན་སྤྱི་བོར་ཧཾ་བསྒོམ་པ་བཤད་ཀྱང་ཕྱག་ལེན་དུ་མི་མཛད། དེ་ནས་རླུང་རོ་བསལ་ཏེ་སྦྱོར་བ་བཞི་ལྡན་དྲག་ཏུ་བསྒོམ།
དམིགས་པ་ནི། རླུང་ཁ་སྦྱོར་དུ་བཟུང་བས་བླ་མའི་སྐུ་ལས་མེ་ལྕེ་འུར་གྱིས་འབར། མེ་ལྕེ་རྩ་དབུ་མའི་ནང་དུ་མི་ཤོང་བ་ཙམ་དུ་ཡར་ལ་འབར་ཏེ། སྤྱི་བོ་ཚངས་བུག་ནས་ཐོན་པ་ན། མེ་ལྕེ་ནམ་མཁའ་ཁེངས། བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའ་མཁའ་དབྱིངས་གང་བ་ཐམས་ཅད་ལ་མཆོད་པ་སྣ་ཚོགས་སྤྲུལ་ཏེ་ཕུལ། མེ་འོད་ཉིད་བདེ་བས་མཆོད་པར་གྱུར། དེ་ཐམས་ཅད་བདུད་རྩི་བྱང་ཆུབ་ཀྱི་སེམས་སུ་ཞུ། མེ་ལྕེ་དང་ལྷན་ཅིག་ཚུར་བྱོན། བདུད་རྩི་སྤྱི་བོའི་ཚངས་བུག་ནས་ཞུགས། དབུ་མའི་ལམ་ནས་བརྒྱུད་དེ། བླ་མའི་སྐུ་ལ་བབས་པས་ལྕགས་སྲེགས་ལ་སྣུམ་བླུག་པ་བཞིན་དུ་སོར་སྒྲ་དང་། ཚིག་སྒྲ་དང་། འུར་རྒྱང་དང་བཅས་ཏེ། ལུས་ཀྱི་ནང་ཐམས་ཅད་མེ་ལྕེ་དྲག་པོས་འུར་འུར་ཤིག་ཤིག་ཏུ་ཁེངས་པར་བསམ། རླུང་ཐེང་བདུན་སོགས་ཇི་ལྟར་འོས་པ་བསྒོམ། འདིས་དྲོད་ལ་བོགས་ཐོན། རྩ་ཟུག་རླུང་ཟུག་སེལ་བ་ལ་བསྔགས། སྤྱིར་བླ་མའི་བྱིན་རླབས་བསྐུལ་བ་ཡིན་པས་གེགས་ཐམས་ཅད་སེལ་ཞིང་ཡོན་ཏན་ཐམས་ཅད་སྐྱེ་བ་ལ་བསྔགས་སོ།
།ནང་རྩའི་སྟོང་ར་བཅའ་བ་ཞེས་བྱ་བ་ནི། དང་པོར་དབུ་མ་གྲོ་སོག་ཙམ་བསྒོམ། དེ་ནས་ཇེ་སྦོམ་ཇེ་སྦོམ་ལ་མདའ་སྨྱུག་འབྲིང་པོ་ཙམ། རྟ་ལྕག་ཙམ། ཇེ་ཕྲ་ཇེ་ཕྲ་ལ་གྲོ་སོག་ཙམ་འགྲོ་བར་བསྒོམ་ཞིང་། འཇམ་རླུང་བཟུང་བ་དེ་ཀ་ལ་ཞག་ཤས་བསྒོམ། ཡང་དབུ་མ་སྦོམ་ཕྲ་ལག་ངར་ཙམ་དུ་བཀྱེད་ཅིང་། སྦ་ལྕག་ཙམ་དུ་བསྡུ་བ་ཞག་ཤས་བསྒོམ། དེ་ནས་མདའ་དོང་ཙམ་དུ་བཀྱེད་ཅིང་། ལག་ངར་ཙམ་དུ་བསྡུ་བ་ཞག་ཤས་བསྒོམ། དེ་ནས་ལུས་དང་མཉམ་པར་བཀྱེད་ཅིང་། མདའ་དོང་ཙམ་དུ་བསྡུ་བ་ཞག་ཤས་བསྒོམ། དེ་རྣམས་ལ་འཇམ་རླུང་བསྒོམ། དེ་ནས་དབུ་མ་བློས་འཁྱུད་ཚད་དུ་རྒྱ་དཔངས་བཀྱེད་ཅིང་། ལུས་དང་མཉམ་པར་བསྡུ་བ་ལ་བསླབ། འདི་ལ་བུམ་ཅན་དྲག་རླུང་འཛིན་ནོ། །དེ་ནས་དབུ་མ་ཕར་བཀྱེད་ཙ་ན་ནམ་མཁའ་ལ་ཡས། ནང་དུ་བསྡུས་པའི་སྐབས་རྟ་རྔ་ཙམ་དུ་སོང་བ་ལ་སེམས་གཏད། འདི་ལ་རླུང་སྦྱོར་ཞི་དྲག་ངེས་མེད་དུ་སྦྱང་ངོ་། །འདི་ཐོག་མར་སྒོམ་ན། རྩ་རླུང་གི་གེགས་མི་འབྱུང་བ་ཡིན། བར་དུ་སྒོམ་ན་དམིགས་པ་གཏད་ཀྱང་རླུང་སེམས་དབུ་མར་འཇུག་པའི་ཐབས་ཡིན། མཐར་སྒོམ་ན་འོད་གསལ་མཐའ་དབུས་མེད་པ་ནམ་མཁའ་ལྟ་བུར་འཆར། རྩ་བསྒོམས་པས་སྟོང་ཉིད་རྟོགས་བྱ་བ་དེ་ཡོང་བ་ཡིན་གསུངས། འོན་ཀྱང་རེ་ཞིག་སྟོང་པའི་ཉམས་ཙམ་འཆར་རོ།
།གེགས་རང་གྲོལ་གྱི་སྐབས། སྨད་ཀུན་དའི་གེགས་བསལ་བའི་སྐབས། ཐ་མ་དམིགས་པ་དང་འཁྲུལ་འཁོར་གྱིས་བསལ་ཅེས་པ་ལ། ཐོག་མར་རླུང་ཁུག་པ་ཁ་རེ་བཟུང་། དེ་ནས་རང་གི་གསང་གནས་བདེ་སྐྱོང་གི་འཁོར་ལོའི་ཐད་དུ་ཧཱུྃ་དམར་པོ་མགོ་བོ་ནང་དུ་བསྟན་པ། ཞབས་ཀྱུ་ཕྱིའི་ཕྱོགས་ལ་བསྟན་པ་ཅིག་བསྒོམ། ཡང་པདྨ་དམར་པོ་འདབ་མ་བརྒྱད་པ་ཡུ་བ་རྡོ་རྗེའི་རྩ་ནང་ན་ཡོད་ཅིང་། མེ་ཏོག་འདབ་མ་རྒྱས་པ་ནོར་བུའི་བུ་གའི་ཕྱི་ན་ཡོད་པ། རྩ་བ་བ་ཐག་ལྕགས་ཀྱུ་ལྟ་བུ་དེ་ཧཱུྃ་གི་ཞབས་ཀྱུ་ལ་སྦྲེལ་བར་བསྒོམ། ལུས་ཀྱི་དབུས་སུ་རྩ་དབུ་མ་ཡང་ཁྲོལ་ལེ་བ་བསྒོམ། ལུས་ཉ་བཞི་བསྒྲིམ། ལྟོ་བ་ཚིགས་པ་ལ་གཅེར། ལྕེ་ཕུགས་སུ་ཟློག མིག་སྤྱི་བོར་གཏད། ལག་པ་གཙུག་ཏོར་གྱི་ཕྱག་རྒྱ་སྤྱི་བོར་མགོ་གཞུག་ཟློག །ངག་ནས་ཧཱུྃ་འདྲེན་དྲག་ལ་རིང་བ་བྱ།
དམིགས་པ་ནི་གསང་བའི་ཧཱུྃ་ཤུགས་ཆེན་པོས་གྱེན་ལ་འོངས་པ་ན། དེའི་ཞབས་ཀྱུས་པདྨའི་རྩ་བ་ནས་ཐེན་པས་མེ་ཏོག་རྡོ་རྗེའི་བུ་ག་ལ་མ་ཤོང་སྟེ། རྡོ་རྗེ་རྒྱུ་མ་ཕྱི་ནང་སློག་པ་བཞིན་དུ་སོང་ནས། ཧཱུྃ་གིས་ཡར་ཐེན་དབུ་མའི་ལམ་བརྒྱུད། སྤྱི་བོའི་སྟེང་དུ་ཧཱུྃ་དང་། ནོར་བུ་ཕྱི་ནང་ལོག་པ་རྒྱང་ངེར་འདུག་པར་བསམ། དེའི་རིང་ལ་རླུང་ཕྱིར་བཟུང་ངོ་། །འདི་ཡང་ཡང་བསྒོམས་པས། གང་བས་འཛག་པ་དང་། ཆགས་པས་འཛག་པ་དང་། ནད་གཞིས་འཛག་པ་དང་། རྨི་ལམ་དུ་འཛག་པ་སྟེ། དེ་རྣམས་ལ་ཤིན་ཏུ་བསྔགས། ལར་འཛག་པ་དྲུག་ཀར་ཆོད་དེ། འོན་ཀྱང་དམ་སེལ་གྱིས་འཛག་པ་ལ་བཤགས་བསྡམས་དང་། གྲིབ་ཀྱིས་འཛག་པ་ལ་ཁྲུས་ཆོག་དང་། གཉིས་ཀའི་ཐུན་མོངས་སུ་ཚོགས་གཏོར་གལ་ཆེ་གསུངས།
རྨི་ལམ་སྦྱོང་བའི་སྐབས། བདག་མེད་མ་ལ་བརྟེན་ནས་སྦྱོང་བ་དང་། ཡུལ་སྣང་གི་སྐབས་བདག་མེད་མ་ལ་བརྟེན་པ་དང་།
འོད་གསལ་བདག་མེད་མ་ལ་བརྟེན་ནས་འཛིན་པ་རྣམས་ལ་བདག་མེད་མ་ཉིད་ལ་ཡི་དམ་བྱེད་ན་དེས་ཆོག །མ་ཡིན་ན་རང་སྐད་ཅིག་ལ་བདག་མེད་མར་བསྐྱེད་ལ། ཨོཾ་ཨ་སྭཱ་ཧཱ། ཞག་བདུན་ཕྲག་གཅིག་གམ་གཉིས་སམ་གསུམ་འབད་དེ་བཟླ། གཏོར་ཆུང་ཟན་རིལ་ཤ་ཆང་གིས་བརྒྱན་པ། ཡི་གེ་འབྲུ་གསུམ་གྱིས་བྱིན་གྱིས་བརླབས། ཨོཾ་ཨ་ཨཱ་ཨི་ཨཱི་རྀ་རཱྀ་ལྀ་ལཱྀ་ཨེ་ཨཻ་ཨོ་ཨཽ་ཨཾ་སྭཱ་ཧཱ། ལན་བདུན་བཟླས་པས་ཕུལ། གཏོར་ཆུང་དེ་དུས་མེད་དུ་གཏོང་། དེ་ལྟ་བུ་སྔོན་དུ་སོང་ནས་དམིགས་པ་དངོས་བཞི་བསྒོམ་པའི་སྐབས་ཀྱང་། ལྷ་བསྒོམ་པ་དང་། གཏོར་མ་འབུལ་བ་དེ་མ་ཆག་པ་དགོས། བུམ་ཆུ་གཅིག་ལ་སྔགས་སྟོང་ཙམ་བཟླས། དེས་ཉིན་མོ་ཡང་ཁྲུས་བྱེད་ཅིང་ཉལ་ཁར་ཡང་འཁྲུད། ཁྱད་པར་ཡིག་བརྒྱ་བཟླ་ཞིང་ཁ་ལག་འཁྲུ་བ་ཡང་གལ་ཆེའོ། །དེ་ལྟར་བྱས་ན་མཁའ་འགྲོའི་བྱིན་རླབས་ཀྱི་སྟོབས་ཡིན་པས། དམིགས་པ་འདི་རྣམས་རྣོ་ཞིང་ཤིན་ཏུ་མྱུར་གསུངས།
འོད་གསལ་གྱི་སྐབས། འཇག་ཆེན་གྱིས་བདག་མེད་མ་དཀར་མོར་བཤད། ལར་དཀར་སྔོ་གང་བྱས་ཀྱང་འདྲ་གསུངས། ཉམས་ལེན་གྱི་རྒྱུན་སྔོན་མོ་དཀར་མོ་གཉིས་ཀ་མཛད་དོ།
།འབྱམས་གཅོད་ཀྱི་སྙིང་པོ་ནི། རྨི་ལམ་སྐབས་སུ་སད་འབྱམས་ལ། མགྲིན་པ་དང་སྙིང་གར་རྩ་འཁོར་འདབ་མ་བཞི་པ་རེ་བསྒོམ། ཁ་དོག་སྤྱི་དང་མཐུན། སྙིང་གར་ཧཱུྃ་དམར་པོ། མགྲིན་པར་ཨོཾ་དམར་པོ། ཨོཾ་ལས་འོད་ཀྱི་སྐུད་པ་དམར་པོ་ཅིག་བྱུང་། སྙིང་གའི་ཧཱུྃ་ལ་ལན་གསུམ་དུ་དཀྲིས་ཏེ། ཐང་ངེ་སྦྲིང་ངེ་བསྐོར་ཏེ་ལྷག་མ་ཡར་ལོག །སྣེ་མགྲིན་པའི་ཨཱཿཉིད་ལ་འབྱར་བར་བསམ། ཧཱུྃ་ལ་སེམས་གཏད་ཏེ་གཉིད་ལོག་པས་སེལ། འཁྲུལ་འབྱམས་ལ་མགྲིན་པར་སྔར་བཞིན་དང་། སྤྱི་བོར་རྩ་འདབ་བཞི་པའི་ལྟེ་བར་ཧཾ་དཀར་པོ་མགོ་བོ་ཐུར་བསྟན་གསལ་བཏབ། ཡང་ཨོཾ་ལས་འོད་ཟེར་གྱི་སྐུད་པ་བྱུང་། སྤྱི་བོའི་ཧཾ་ལ་ལན་གསུམ་དུ་དཀྲིས་ནས། སླར་ལོག་སྐུད་པའི་སྣེ་མགྲིན་པའི་ཨོཾ་ཉིད་ལ་འབྱར་བར་བསམས་ནས་སྤྱི་བོའི་ཧཾ་ལ་སེམས་གཏད་པས་འཁྲུལ་འབྱམས་སེལ་གསུངས་ཏེ། འདི་ཟིན་མ་ཐག་འཁྲུལ་འགྲོ་བ་ལ་བསྔགས། ཡེ་ནས་རང་མི་ཟིན་པའི་འཁྲུལ་འབྱམས་ལ། རྟོག་བཅས་ལམ་ཁྱེར་གྱི་སྐབས་དེར། མགྲིན་པར་རྩ་འདབ་བཞི་པའི་ལྟེ་བར་ཨོཾ་དམར་པོ། འདབ་མ་བཞི་ལ། ཨ་ནུ་ཏ་ར། རླུང་བུམ་ཅན་དང་། རྨི་ལམ་འཛིན་པའི་འདུན་པ་དྲག་ཏུ་སྦྱངས། ཉལ་ཁར་རྨི་ལམ་གྱི་འདུན་པ་དྲག་པོའི་ངང་ནས། ཨ་ཡིག་ནུ་ལ་ཐིམ། དེ་ཏ་ལ། དེ་ར་ལ། དེ་ཨོཾ་ལ་ཐིམ། ཨོཾ་ལ་རིག་པ་གཏད་པའི་ངང་ནས་གཉིད་དུ་འགྲོ བར་བྱའོ། །དེས་འཁྲུལ་འབྱམས་སེལ་ལོ། །འོད་གསལ་གྱི་སྐབས་སུ་འཁྲུལ་འབྱམས་སེལ་བ་ལ། སྤྱིར་འོད་གསལ་འཛིན་ཚུལ་སྤྱི་དང་འདྲ་སྟེ།
དང་པོར་དམིགས་པ་གང་ཡང་རུང་བ་ལ་བརྟེན་ནས། རང་ཤུགས་ལ་འོད་གསལ་ཟིན་ན་ལེགས། རྨི་ལམ་ལས་འོད་གསལ་ཟིན་པ་སྣེ་རྙེད་པ་དཀའ་བས། དམིགས་པའི་སྟོབས་ཀྱིས་ཟིན་པ་ཡིན་ན། དབང་པོའི་རིམ་པ་དང་བསྟུན་ཏེ། ཟླ་བ་གཅིག་གམ། གཉིས་སམ། གསུམ་ཚུན་ལ་འབྱུང་། སྟེས་དབང་གིས་ལན་རེ་ཙམ་ཟིན་པ་ལ་ནི་ངེས་པ་མེད། གལ་ཏེ་དེ་ཙམ་དུ་འབད་ཀྱང་བསྟར་ཆགས་སུ་ཟིན་པ་མ་བྱུང་ན། སྤོགས་ཆོག་ལ་བརྟེན་ནས་བཙན་ཐབས་སུ་འཛིན་དགོས། དེ་ཡང་དམིགས་པ་གཏད་རེས་ཀྱིས་གཉིད་བདེ་ཆོད་ཆོད་ཡང་སང་སང་བ་བྱུང་ན་མྱུར་དུ་ཟིན་ནོ། །ཡང་གཉིད་འཐུག་པོ་ལ་ཉམས་མ་བདེ་ལོག་ལོག་པ་དང་། འདྲེ་གནོན་བཞིན་དུ་ཇིར་ཇིར་གནོན་པ་བྱུང་ན་ཡང་མྱུར་དུ་ཟིན་ཡོང་བའི་རྟགས་ཡིན་ནོ། །འདིར་ཟླ་བ་གཅིག་ནས་གསུམ་གྱི་བར་དུ་དམིགས་པ་བསྒོམ་པ་ནི་རྩོལ་བ་ཆེར་བྱ། དོ་ནུབ་ཟིན་ནམ་སང་ནུབ་ཟིན་ནམ་མི་ཟིན་པ་ཨེ་ཡིན་སྙམ་པའི་རེ་དོགས་ཀྱི་ཙབ་ཙོབ་མི་བྱ་བར་རྩིས་བཏང་མེད་པར་བསྐྱུར་ན། ཡོང་སྙམ་མེད་པ་ཅིག་ལ་ཟིན་ཡོང་བ་ཤས་ཆེ།
ཡེ་མ་ཟིན་ན་བཙན་ཐབས་ཀྱི་སྦྱོར་བ་ནི། ད་ནི་ཞག་བདུན་སོགས་མྱུར་དུ་ཟིན་པར་བྱ་སྙམ་པའི་སྐབས། བླ་མའམམཆེད་གྲོགས་ལ་ཚོགས་འཁོར་གྱི་མཆོད་པ་ཕུལ། བཤགས་བསྡམ་བྱ། འོད་གསལ་ཟིན་པར་སྨོན་ལམ་བཏབ། དེ་ནས་བཟུང་ནུབ་རེ་བཞིན་མཁའ་འགྲོ་སྡེ་ལྔ་དང་། མྱུར་མཛད་མགོན་པོའི་གཏོར་མ་བྱ་ཞིང་། འོད་གསལ་ཟིན་པར་ཕྲིན་ལས་གཞོལ། ཞག་བདུན་ཙམ་གྱི་སྔོན་ནས། ཁྲུས་དང་གཙང་སྦྲ་ལ་འབད་ཅིང་། སྤྱོད་ལམ་དམ་རྫས་ལ་གཟབ་པ་གལ་ཆེ། དེ་རྗེས་ཞག་གསུམ་གྱི་སྔོན་ནས་ཉིན་མོ་གཉིད་ཡེ་མ་ཤོར་བར་བྱ། མཚན་དུས་ཀྱི་གཉིད་ཀྱང་གསུམ་ཆ་བཞི་ཆ་ཙམ་ཕྲི། དམིགས་པ་དང་འདུན་པ་དྲག་ཏུ་བྱ། མན་ངག་གཞན་གྱི་ལུགས་ཀྱི་རླུང་བཟུང་ན་རྨི་ལམ་ཡོང་བས་འོད་གསལ་གྱི་སྐབས་སུ་རླུང་མི་འཛིན་གསུང་ཡང་། མན་ངག་འདིའི་ལུགས་ཀྱིས་རྨི་ལམ་བྱུང་ཡང་ཨའུ་རྩི། རྨི་ལམ་འོད་གསལ་དུ་འགྱུར་འགྲོ་བ་ལ་ཚེགས་མེད། འོད་གསལ་གྱི་གཞུག་ལ་རྨི་ལམ་བྱུང་ན་གྲོགས་ཡིན། ལྷ་སྐུ་རང་ཤར་བྱ་བ་དེ་དེ་ནས་འོང་གསུང་སྤོགས་ཆོག་གི་སྐབས་འདིར་རླུང་བསྒོམ་པ་གནད་དུ་ཆེ་བར་བཞེད།
དམིགས་པ་དངོས་ནི་སྙིང་གར་རྩ་པདྨ་སྔོན་པོ་འདབ་བཞིའི་རྣམ་པ་ཅན་གྱི་ལྟེ་བ་ལ་ཧཱུྃ་སྔོན་པོ། འདབ་མ་བཞི་ལ་ཨ་ནུ་ཏ་ར་བཞི་གསལ་འདེབས། ཐམས་ཅད་ཀྱང་སྔོན་པོའོ། །ཧཱུྃ་ལ་སེམས་གཏད། ཤེས་པ་རིག་སྟོང་ངོས་བཟུང་། ཡང་ཧཱུྃ་ལས་འོད་འཕྲོས་ཡི་གེ་བཞི་ལ་ཕོག འོད་དུ་ལྟེམ་ལྟེམ། དེ་ལས་འོད་འཕྲོས་རང་ལུས་འོད་དུ་ལྟེམ་ལྟེམ་པ། དེ་ལས་འོད་འཕྲོས་སྣང་བ་ཐམས་ཅད་འོད་དུ་ལྟེམ་ལྟེམ་པར་སོང་། ཡང་ཧཱུྃ་ལ་སེམས་གཏད་ནས་རིག་སྟོང་སྐྱོང་བ་སོགས་དེ་ཀ་འདྲ་བ་ལན་འགའ་རེ་སོང་བ་ན། སྣང་བ་ཐམས་ཅད་འོད་དུ་ཞུ་ནས་རང་ལ་ཐིམ། ཡང་ཧཱུྃ་ལ་སེམས་གཏད། རང་ལུས་འོད་དུ་ཞུ་ནས་ཡི་གེ་ལྔ་ལ་ཐིམ། ཡང་ཧཱུྃ་ལ་སེམས་གཏད། པདྨ་དང་ཡི་གེ་བཞི་པོ་ཡང་ཧཱུྃ་ལ་ཐིམ། དེ་ལ་སེམས་གཏད། ཧཱུྃ་ཡང་འཇའ་ཡལ་བ་ལྟར་སོང་བའི་ངང་ལ་རིག་གེ་བར་མཉམ་པར་བཞག མཚན་མོ་ཉལ་བའི་ཚེ། ཧཱུྃ་ལ་སེམས་གཏད་པའི་ངང་ནས་ཀ་གཉིད་དུ་འགྲོ་བར་བྱའོ། །དེ་དག་ཏུ་ཀ་ཟིན་ཡོང་བ་ཤས་ཆེ། གལ་ཏེ་མ་ཟིན་ན་ཞག་བདུན་པའི་ནུབ་མོ་གཏོར་བསྔོ་སྤྱི་དེ་སྔར་བཞིན་བྱས་ལ། ཐོད་པ་མཚན་ལྡན་དུམ་བུ་གཅིག་པ་སྔས་འོག་ཏུ་སྦ་གསུང་ཡང་། མན་ངག་གབ་པ་ཡིན། སྤྱིར་དེ་ཡང་མི་འགལ་མོད། དོན་ནི་ཐོད་པ་མཚན་ལྡན་གཉིས་རྙེད་ན་རབ། མ་རྙེད་ན་གཅིག །དེ་ཡང་མ་རྙེད་ན། རིན་པོ་ཆེའི་སྣོད་གས་ཆག་མེད་པ་གཉིས་ཁ་ཟས་བཟང་དགུ་ལ་གཏོར་མ་རེ་བཅོས། འབྱོར་ན་ཤ་ཆེན་ཅུང་ཟད་ཀྱིས་བརྒྱན། གཉིས་ཀར་བྱིན་གྱིས་བརླབས་ནས། མགྲོན་སྤྱན་དྲངས་ཏེ་གཅིག་འོད་གསལ་ཟིན་པ་ན་གཏང་རག་ཏུ་འབུལ་ལོ་བྱས་དར་གྱིས་བཀབ་སྟེ་སྦས་ལ་བཞག །ཅིག་ཤོས་གཏོར་མ་བསྔོས་ཏེ། སྒྲུབ་ཁང་གི་ཕྱི་རོལ་དུ་མི་བཏང་བར་དེ་ཉིད་དུ་བཞག །གཏོར་མ་གཏའ་མར་བཟུང་བ་དེ་རང་གི་སྔས་མགོའི་ཕྱོགས་སུ་བཤམ་དགོས། གཏོར་བསྔོའི་སྐབས་སུ་གུ་གུལ་དང་། ཚིལ་ཆེན་གྱི་དུད་པ་བཏང་ངོ་། །རང་ཉལ་བ་ལ་གྲོགས་དམ་ཚིག་ཅན་ཉམས་མྱོང་ཡོད་པ་དེ་འདྲས་འོད་གསལ་ཟིན་མ་ཟིན་ལྟ་བར་འཇུག་པ་སོགས་གོ་ཡུལ་སྤྱི་དང་འདྲ་མོད་ཀྱང་། རྒྱུ་མཚན་དུ་མས་འགྲུབ་དཀའ་བའི་ཕྱིར་ལག་ལེན་དུ་མི་མཛད་དེ། དེ་ཕྱིན་གཏོར་མ་དམ་རྫས་སོགས་སུས་ཀྱང་མ་མཐོང་བར་རང་གཅིག་པུར་བྱེད་པ་གནད་ཆེ་གསུང་། ནམ་འོད་གསལ་ཟིན་བྱུང་བ་ན། གཏའ་མར་བཞག་པའི་གཏོར་མ་དེ་ཡང་ནངས་པར་གཏང་རག་གི་ཚུལ་དུ་བསྔོ། འོན་ཀྱང་དེ་མ་ཐག་ཕྱིར་མི་གཏང་བར་ཞག་གསུམ་ནས་བདུན་གྱི་བར་ནུབ་རེ་བཞིན་གཏོར་མ་དེ་ཀ་གསོས་ནས་བསྔོས། མཐར་སྐྱ་རེངས་ཤར་བའི་དུས་ཤིག་ཁང་སྟེངས་སམ། དུར་ཁྲོད་དམ་རི་རྩེར་བཏང་ངོ་། །འོད་གསལ་ལན་གཅིག་ཟིན་པའི་མཚམས་ནས། སྔར་གྱི་འཕྲོས་ལས་མཚམས་དམ་དུ་བཅད་ནས་དམིགས་པ་དང་། འདུན་པ་དྲག་པོས་བཞུར་ཏེ་བསྒོམས་ན་བསྟར་ཆགས་སུ་ཟིན་འོང་། དེ་ཀ་ལ་ཞུད་བསྲུངས་ནས་ཟླ་བ་གཅིག་གཉིས་སོང་ན། ཅུང་ཟད་བརྟན་པ་ཐོབ་ཡོང་། དེ་ནས་འབྱུང་བ་ལུས་འཁྲུགས་བྱུང་བ་དང་། གྲིབ་སོགས་རྐྱེན་གྱིས་བསྒྱུར་བའི་སྐབས་མ་གཏོགས། ནུབ་རེ་ལ་ལན་རེ་ཙམ་རེ་ངེས་པར་ཟིན་འོང་། བདེ་གསལ་གྱི་ཉམས་རང་ཆེར་མེད་པ་ལ་དྲན་པས་ཟིན་ཙམ་དེ་ཡང་ཡང་ཡོང་ཞིང་ཡུན་ཡང་རིང་རབ་སྐྱོང་ཐུབ་པ་འོང་བ་ལགས།
གཉིད་འཐུག་པོ་ཐམས་ཅད་ལ་འོད་གསལ་རྟག་ཏུ་ཟིན་འོང་བ་ལ་ནི། ཤིན་ཏུ་ཡུན་རིང་གོམས་ཤིང་རྩེ་གཅིག་ཏུ་བསྒོམ་དགོས་པ་ཡིན་ནོ། །དེ་ཡང་གསལ་སྟོང་གི་འོད་གསལ་ཙམ་དགེ་སྦྱོར་ཐུན་མོང་བ་ཡིན་ལ། བདེ་སྟོང་དབྱེར་མེད་ཀྱི་འོད་གསལ་ནི་དངོས་གཞིའོ།
།རྨི་ལམ་དང་འོད་གསལ་གཉིས་ཀར་གྱི་ཐུན་མོང་དུ་དམིགས་པ་གཏད་རེས་ཀྱིས་གཉིད་མི་ཕེབས་ན། རང་གི་སྙིང་གར་མུཾ་སྨུག་ནག་ལས་འོད་ཟེར་ན་བུན་འདྲ་བ་འཕྲོས་ཏེ། ལུས་ཀྱི་ཕྱི་ནང་ཐམས་ཅད་ཁྱབ་པ་ཡང་ཡང་བསྒོམ། ཁ་ཟས་བཅུད་ཅན་བསྟེན། དལ་བྲེལ་རན་པར་བཅགས་པས་སེལ། རྨི་ལམ་དང་འོད་གསལ་ཟིན་མ་ཐག་ཆུ་ནང་ནས་ཐེག་པ་ལྟར་ཡེར་གྱིས་བྱུང་ནས་སད་འོངས་ཏེ། དེ་ལ་ལུས་ཀྱི་སྨད་ཀྱི་ཆའི་དབུས་སུ་སེམས་གཏད་པས་སེལ། དེ་ཡང་ཉིན་མོ་དམིགས་པ་དེ་ཀ་ཡང་ཡང་བསྒོམ་ཞིང་། འདི་ལྟ་བུ་གཉིད་དུས་ཀྱང་ཡང་ཡང་བསྒོམ་རྒྱུ་ཡིན་སྙམ་པ་བྱས། བློ་ཙབ་ཙོབ་མི་བྱ་བར་ལྷོད་དེ་བཞག མཚན་མོ་རྨི་ལམ་འོད་གསལ་ཟིན་པ་རང་གི་དུས་ཀྱང་སད་དོགས་ཆེན་པོ་བྱས་ན་སད་འོང་བས་ལྷོད་ཀྱིས་བྱེད་པ་གལ་ཆེ།
དེ་ལྟར་ན་སད་འབྱམས་ནི། རྨི་ལམ་ཟིན་མ་ཐག་དང་། འོད་གསལ་ཟིན་མ་ཐག་པ་ལ་རྟག་ཏུ་སད་འོང་བའི་མིང་ཡིན། དེ་ལྟ་བུ་བྱུང་ན་ཐབས་དེ་ཀས་སེལ།
དམིགས་པ་དང་འདུན་པ་རྒྱུན་དུ་སྦྱངས་ཀྱང་རྨི་ལམ་དང་འོད་གསལ་ཟིན་དུས་མེད། བསྒོམས་མ་བསྒོམས་མེད་པ་འདྲ་བ་དེ་ལ་འདིར་འཁྲུལ་འབྱམས་ཟེར། རིམ་ལྔ་གདན་རྫོགས་སོགས་མན་ངག་གཞན་ལ་ལ་ན་བརྡུགས་འབྱམས་སུ་གྲགས། རྨི་ལམ་ཟིན་མ་ཐག་འཁྲུལ་འགྲོ་ན། མན་ངག་འདིའི་ལུགས་ཀྱི་འཁྲུལ་འབྱམས་སྟོབས་ཆུང་བ་ཟེར། ནཱ་རོའི་གདམས་པར་གྲགས་པ་རྣམས་ན་དྲེད་འབྱམས་ཟེར། གཉིད་ཀྱི་འོད་གསལ་ལ་དྲེད་འབྱམས་འདི་ཆེར་མི་འོང་། རྨི་ལམ་འདི་རང་མང་བས་སེལ་ཐབས་གལ་ཆེ། ཉལ་ཁར་འདུན་པ་བཏང་རེས་ཀྱི། རྨི་ལམ་འཛིན་པའི་སྐབས་ཡིན་ན། གཉིད་འཐུག་པོར་སོང་ནས་རྨི་ལམ་མི་འོང་། འོད་གསལ་གྱི་སྐབས་ཡིན་ན་གཉིད་མི་ཕེབས། དེ་ལ་སྟོང་འབྱམས་ཟེར། རྨི་ལམ་མ་བྱུང་བ་ལ་ཉིན་མོ་རླུང་སྦྱོར་མང་དུ་བྱས་པས་ཀ་ཕན། གཉིད་འཐུག་པོ་དང་རྨི་ལམ་གྱི་སྐབས་སུ་འཛག་གེགས་འབྱུང་བ་ལ་བདེ་འབྱམས་ཟེར། དེ་ཡང་རྨི་ལམ་དུ་ནི་ཆགས་པའི་རྐྱེན་དང་། བག་ཆགས་དང་། གདོན་རྐྱེན་སོགས་སྣ་ཚོགས་ཡིན། དངོས་དང་རྨི་ལམ་གང་ལའང་དེ་བྱུང་ཙ་ན། རྨི་ལམ་གྱི་རྩལ་ཡང་ཕལ་ཆེར་ཉམས་འགྲོ། སྐབས་འགར་ལན་རེ་ལན་གཉིས་ཁྱད་མེད་པ་འདྲ་བྱུང་ནའང་རིམ་པས་ཉམས་འགྲོ་ཞིང་། ཁྱད་པར་རྨི་ལམ་གྱི་དགེ་སྦྱོར་གསལ་སྟོང་བདེ་བའི་ལྷ་སྐུ་བཀྲག་ཅན་དེ་རྩ་བ་ནས་འཇིག འོད་གསལ་གྱི་སྐབས་བྱུང་ན་ནི་ལན་རེ་ཁོ་ནས་འོད་གསལ་ཉམས་འགྲོ། དམ་སེལ་དང་། གདོན་རྐྱེན་དང་། གང་འཛག་གིས་ཡིན་ན། སླར་བསྒོམས་ཀྱང་རྒྱང་ཙམ་སོར་ཆུད་པ་དཀའ་བར་ཡོང་། གང་ལྟར་དེ་ཐམས་ཅད་ལ་སེལ་ཐབས་གེགས་རང་གྲོལ་གྱི་སྐབས་བཞིན་ནོ། །འབྱམས་པ་ཅེས་པ་ལན་རེ་ལན་གཉིས་ལ་མི་ཟེར་གྱི། ཡང་ཡང་བྱུང་བས་ལང་ཤོར་ཆེན་པོར་སོང་བའི་མིང་ངོ་། །འོན་ཀྱང་མ་འབྱམས་གོང་ཐོག་མ་ནས་ཀ་གཅོད་པ་གལ་ཆེ་གསུང་། དེ་དག་ཀྱང་ངང་ཐུང་ཞིང་འདོད་ཐག་ཉེ་བའི་དབང་དུ་བྱས་ཀྱི། རྩིས་བཏབ་མེད་པར་རྟག་ཏུ་ཉམས་སུ་ལེན་པ་ལ་ནམ་ཞིག་ན་འབྱམས་པ་ཐམས་ཅད་རང་ཤུགས་ཀྱིས་ཆོད་པར་འགྱུར་རོ།
།འཕོ་བའི་སྐབས་སུ་འཆུག་མེད་མཁའ་སྤྱོད་ཀྱི་འཕོ་བ་ལ་སྔོན་འགྲོ་གཞུང་འཕོ་གཞན་དང་འདྲ། རང་གི་སྤྱི་བོའི་སྟེང་གི་ནམ་མཁའ་ལ་ཆོས་འབྱུང་གྲུ་གསུམ་ཉིས་བརྩེག་ཕྱི་དཀར་ལ་ནང་དམར་བ། བདེ་བར་རྒྱུ་ཞིང་བདེ་བར་འཆར་བ། དེའི་དབུས་སུ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ། གཡས་རྡོ་རྗེ་ཕྱར་བ། གཡོན་ཐོད་ཁྲག་ཐུགས་ཀར་གཏོད་པ། མཆན་ཁུང་དུ་ཁ་ཊྭཱཾ་ག་སྐུ་གཡས་འགྱིང་ཞབས་བསྒྲད་པའི་སྟབས་ཀྱིས་བཞུགས་པ། རྒྱན་དང་ཆ་བྱད་ཡོངས་སུ་རྫོགས་པ། པད་ཉི་དང་མི་རོ་མགོ་གཡོན་དུ་བསྟན་པའི་གདན་ལ་བཞུགས་པ། འཁོར་ཚོགས་དཔག་ཏུ་མེད་པ་དང་བཅས་པ་བསྒོམ། རང་ལུས་ཐ་མལ་དུ་ཀ་གསལ་བའི་རྐང་མཐིལ་གཉིས་དང་བཤང་ལམ་དུ་རཾ་ཡིག་མེའི་རང་བཞིན་ཅན་གསལ་བཏབ། དེ་ལས་མེ་ལྕེ་འུར་གྱིས་འབར་ནས་ལུས་ཐམས་ཅད་ཞུ་ཞིང་ཁོལ། ཡེ་ཤེས་བདུད་རྩིའི་རང་བཞིན་དུ་གྱུར། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཕྱག་གི་ཐོད་པར་ཡང་སོང་ཞིང་། གཙོ་འཁོར་ཐམས་ཅད་ཀྱི་ཞལ་ནང་དུའང་གསོལ་བས་ཐུགས་རྒྱུད་བདེ་བས་ཚིམ་པར་གྱུར། དེ་ལྟ་བུ་ལན་གསུམ་བསྒོམ། དེ་ནས་རང་ཉིད་ཧེ་རུ་ཀ་ཡབ་རྐྱང་དུ་གྱུར། ལུས་ཀྱི་དབུས་སུ་རྩ་དབུ་མ་སྤྱི་དང་འདྲ། ལྟེ་བར་རྣམ་ཤེས་ཀྱི་ངོ་བོ་ཨ་དཀར་པོ་དང་། གསང་གནས་སུ་རླུང་གི་ངོ་བོ་ཧཱུྃ་སྔོན་པོ་འོད་འཕྲོ་བ་ཞིག་གསལ་བཏབ། འཇམ་རླུང་ཅུང་ཟད་བཟུང་། རླུང་ཕྱིར་བསལ་བའི་ཚེ་ཧིཀ་རིང་པོ་བརྗོད། དེའི་ཚེ་གསང་བའི་ཧཱུྃ་གི་རླུང་ཤུགས་ཀྱིས་ལྟེ་བའི་ཨ་ཁྱེར་ཏེ། དབུ་མའི་ལམ་བརྒྱུད་སྤྱི་བོ་ནས་ཐོན། བཅོམ་ལྡན་འདས་མ་རྡོ་རྗེ་རྣལ་འབྱོར་མའི་གསང་བའི་སྒོ་ནས་ཞུགས། ཐུགས་ཀ་ཙམ་དུ་སླེབ་པར་མོས། དེ་ནས་མན་ངག་གི་ཡིག་རྙིང་རང་ནས། དེ་ལྟ་བུའི་དམིགས་པ་ལན་གསུམ་བསྐྱར། དེ་རྗེས་རྡོ་རྗེ་རྣལ་འབྱོར་མ་མཁའ་དབྱིངས་མཐོན་པོར་གཤེགས་པ་དང་། ཡང་མར་ཕེབས་པ་སོགས་བསྒོམ་པར་བཤད་ཀྱང་། ལག་ལེན་ལ་དེ་ལྟར་མི་མཛད་ཏེ། སྔར་གྱི་དམིགས་པ་དེ་ལྟ་བུ་ལན་བདུན་སྐྱོར། རེ་རེ་བཞིན་རང་སེམས་དང་། རྡོ་རྗེ་རྣལ་འབྱོར་མ་དང་། སྟོང་པ་གསུམ་དབྱེར་མེད་དུ་བསྲེས་པ་ལ་མཉམ་པར་འཇོག མཐར་རང་སེམས་དང་རྡོ་རྗེ་རྣལ་འབྱོར་མའི་བྱིན་རླབས་དབྱེར་མེད་པ་བདུད་རྩི་དཀར་ལ་དམར་བའི་མདངས་ཆགས་པའི་རྣམ་པར་སོང་གསང་བའི་སྒོ་ནས་བྱོན། བདུད་རྩིའི་རྒྱུན་རང་ཉིད་ཡི་དམ་གྱི་སྐུར་གསལ་བའི་སྤྱི་གཙུག་ནས་ཞུགས། སྤྱི་བོའི་འཁོར་ལོ་གང་བུམ་དབང་། མགྲིན་པ་གང་གསང་དབང་། སྙིང་ག་གང་ཤེས་རབ་ཡེ་ཤེས། ལྟེ་བ་གང་དབང་བཞི་པ་ཐོབ། རྩ་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཀྱིས་གང་། ཉམས་བདེ་བས་ཁྱབ་པ་ལ་ཅུང་ཟད་མཉམ་པར་བཞག དེ་ལྟ་བུ་ཡང་ཡང་བསྒོམ་པ་ཡིན། ཐུན་འཇོག་ཁར་རྡོ་རྗེ་རྣལ་འབྱོར་མ་ཆོས་འབྱུང་དང་བཅས་པ་འོད་དུ་ཞུ། སྤྱི་བོ་ནས་ཞུགས་ཏེ་རང་ཉིད་ལ་ཐིམ། སྤྱི་བོ་ཚངས་བུག་གི་སྒོ་ཡང་བཾ་ཡིག་དམར་པོ་མགོ་བོ་ཐུར་དུ་བལྟ་བ། འོད་ཟེར་འཕྲོ་བས་བཀག་པར་བསམ། འཆུག་མེད་མཁའ་སྤྱོད་ཀྱི་འཕོ་བ་འདི་ལ་ཡིག་ཆུང་གཅིག་ཡོད། མཁའ་འགྲོ་མ་ནི་གུ་ལས་བྱུང་བ་བདག་ཁྱུང་པོ་རྣལ་འབྱོར་པའི་ལུགས་སོ་ཟེར་བ་དེ་ཡིན་ནོ། །གཞན་འཕོ་བ་བར་དོ་སྤྱི་བཀའ་རང་གི་དམིགས་པ་དེ་ཀ་འཆུག་མེད་མཁའ་སྤྱོད་ཀྱི་འཕོ་བ་ཡིན་གསུངས་པ་གྲགས་ཆེ། ཡང་རྡོ་རྗེ་རྣལ་འབྱོར་མའི་ཕྱག་མཚན་གྱི་འཕོ་བ་ལ་ངོས་འཛིན་པའང་ཡོད་དེ་འདི་དང་མཐུན་ཤས་ཆེ། མཁའ་སྤྱོད་དམར་མོའི་འཕོ་བ་ལ་འཆུག་མེད་འཕོ་བའི་མཚན་བྱང་བཏགས་པ་གཅིག་ཀྱང་ཡོད་པས་འཛུག་ཚུགས་མ་བྱུང་ན་འདི་ངོས་ཟིན་པ་དཀོན་པར་འོང་། འཆུག་མེད་མཁའ་སྤྱོད་གསར་པ་ཚོ་རེ་ཞིག་ཕ་རིལ་ཞོག་ཨང་། ཡང་སྒྲུབ་པོ་གང་ཞིག་ཆོས་འདི་ལ་བརྟེན་པའི་གཞན་ལུས་སྒོམ་པ་ཡིན་ན། བླ་མའི་རྣལ་འབྱོར་ཐམས་ཅད་ལ་བླ་མ་ཉིད་ཤེས་རབ་དང་བཅས་པའམ། རྡོ་རྗེ་འཆང་ཆེན་པོ་ཡུམ་ཅན་དུ་བསྒོམ་པར་བྱའོ།
།ཅེས་པའང་གསུང་རྒྱུན་གཅིག་གོ །འདིར་སྨྲས་པ། དཔའ་བོ་དང་བཅས་རྣལ་འབྱོར་མ་དཔལ་བྱེ་བའི་གཙུག་རྒྱན་ནི་གུ་མ། །གང་གི་ཞལ་བུམ་བདུད་རྩིའི་རྒྱུན་དེ་སྲིད་འདིའི་ཉེས་ཀུན་དག་བྱེད་ཏེ། །སྐལ་ལྡན་ཡོངས་ཀྱི་སྙིང་གི་གསོས་གྱུར་འདི་འདྲ་ཐོབ་པའང་སྐལ་པ་བཟང་། །གང་ཕྱིར་འདི་ལ་གཞན་དྲིང་མི་འཇོག་ཅུང་ཟད། གོམས་པའི་སྣང་བའང་ཐོབ། །ཅེས་བྱའོ།།

༼༄༅། །རིན་པོ་ཆེ་འོད་ཀྱི་ཕྲེང་བ་ཞེས་པའི་མན་ངག་གི་གཞུང་བཞུགས་སོ།།༽

༈ ན་མོ་གུ་རུ།
རིན་པོ་ཆེ་འོད་ཀྱི་ཕྲེང་བ་ཞེས་པའི་མན་ངག་གི་གཞུང་།
མཉམ་མེད་རིན་ཆེན་བརྩོན་འགྲུས་ཀྱིས་མཛད་པ་དེའི་ཉམས་ལེན་གྱི་སྙིང་པོ་ནི། མན་ངག་ཐམས་ཅད་ལུས་གསུམ་ལ་གནད་དུ་བསྣུན་པར་འདུས་པ་ཡིན།
དེ་ལ་རྣམ་སྨིན་གྱི་ལུས་ནི། རྩ་བ་དུག་གསུམ་གྱིས་བསྐྱེད། རྒྱུ་ལས་ཀྱིས་འཕངས། རྐྱེན་འབྱུང་བ་ལྔས་བསྒྱུར་བའོ། །རྒྱུ་མཚན་དེས་ན།དངོས་པོར་འཛིན་པའི་ཉོན་མོངས་རྟག་ཏུ་ལྡང་། །རྒྱུའི་རྗེས་སུ་འགྲོ་བས་རང་དབང་མེད། འབྱུང་བ་ལྔའི་གནོད་པ་ཕྱི་སྣོད་ལ་བརྟེན་ནས་ཀྱང་འབྱུང་། ནང་ནད་དང་དགྲ་དང་གདོན་གསུམ་དུ་ལྡང་། དེ་ཡང་ལས་དང་ཉོན་མོངས་དེ་དང་པོ་ཡིད་ཀྱིས་བསྐྱེད། བར་དུ་བག་ཆགས་ཀྱི་ཚུལ་གྱིས་བསགས། མཐར་བདེ་སྡུག་ཏུ་རྣམ་པར་སྨིན་པ་ཡིན། སད་དུས་འདི་ལ་འཁྲུལ་པས་རྨི་ལམ་བག་ཆགས་ཀྱི་ལུས་ལ་ཡང་འཁྲུལ་ཏེ། ཉོན་མོངས་ལས་དང་བདེ་སྡུག་ལྡང་། དེ་གཉིས་ལས་འཁྲུལ་པས་ཡིད་ལུས་ལ་ཡང་འཁྲུལ་ཏེ། ཉོན་མོངས་ལས་དང་སྡུག་བསྔལ་གྱི་སྣང་བ་ཤར། ཡིད་ལུས་ཀྱི་སྐབས་དེར་སྔར་གྱི་ཉོན་མོངས་སོགས་ཀྱིས་རྒྱུ་བྱས། དེ་དུས་ཀྱི་གསུམ་པོས་རྐྱེན་བྱས་ནས། ཡང་རྣམ་སྨིན་གྱི་ལུས་བསྐྱེད་པ་སོགས་འཁོར་ལོ་འཁོར་བ་ལྟར་འཁྱམས་པ་ཡིན། དེ་ལ་རྣམ་སྨིན་གྱི་ལུས་ཀྱི་འཁྲུལ་པ་དག་བྱེད་ཀྱི་ཐབས་ལ། སེམས་འཁྲུལ་པའི་དངོས་ཀྱི་གཉེན་པོར་སྒྱུ་མ་ལྟ་བུར་ཤེས་པ་དང་། འཁྲུལ་པ་དེ་ལ་བརྟེན་ལུས་ཀྱི་རྒྱུ་བྱས་པས་ལུས་ལ་གནད་དུ་བསྣུན་པ་ཅིག་དགོས་སོ། །དེ་ལ་འདུན་པ་རྒྱུན་ཆགས་དང་། མན་ངག་བཙན་ཐབས་གཉིས་སོ།
།དེས་ན་དང་པོ་ནི། བརྒྱུད་པའི་བླ་མ་སོགས་སྐྱབས་གནས་ཐམས་ཅད་རྩ་བའི་བླ་མ་ལ་བསྟིམ་སྟེ། གསོལ་བ་རྒྱུན་ཆད་མེད་པར་བཏབ། རང་ལུས་དང་སྣང་བ་ཐམས་ཅད་བདེན་མེད་སྒྱུ་མ་ལྟ་བུའི་འདུན་པ་དྲག་ཏུ་སྦྱང་། ཐུན་མཚམས་ཐམས་ཅད་དུ་ཡང་སྒྱུ་མའི་འདུན་པ་ཁར་ཕོག་སྣར་ཕོག་ཏུ་སྦྱང་། དེ་ལྟར་བསྒོམས་ཀྱང་ཉིན་པར་སྒྱུ་མ་ལྟ་བུ་དང་མི་རྟོག་པ་ཡང་བོགས་མ་ཐོན། མཚན་མོ་རྨི་ལམ་ཡང་མི་ཟིན་ན།
གཉིས་པ་མན་ངག་བཙན་ཐབས་ཀྱིས་འཛིན་པ་ནི། ཉིན་མོ་ལུང་སྟོང་དུ་གཅེར་བུར་མཆོངས་རྒྱུག་བྱེད་པ་ལ་སོགས་པ་ཉམ་ང་མེད་པའི་སྤྱོད་པ་མང་པོ་དང་། བླ་མ་ཡི་དམ་མཁའ་འགྲོ་རྣམས་ལ་གནད་ལ་བོར་བའི་གསོལ་བ་བཏབ། མཚན་མོ་ནམ་སྨད་སྐྱིལ་ཀྲུང་ལྟག་བསྙེས་དང་། ཙོག་པུ་དང་། སེང་གེའི་ཉལ་སྟབས་གསུམ་པོ་གང་རུང་བྱས་ནས། རྨི་ལམ་བསྒྱུར་བའི་འདུན་པ་དྲག་པོའི་ངང་ནས་གཉིད་དུ་འགྲོ་བར་བྱ། དེར་རྨི་ལམ་དམ་དུམ་ཟིན་འོང་། གཉིད་སད་པའི་དུས་ན། ཤར་དང་སྣང་དང་དོན་བྱེད་ནུས། །ཤེས་ནས་གྲོལ་བར་བྱེད་པ་ཡིན། རྨི་ལམ་དང་ད་ལྟའི་སྣང་བ་གཉིས། དང་པོར་ཤར་ཙམ་གྱི་གནས་སྐབས་དང་། དེའི་ངང་ལ་གནས་ནས་རྣམ་འགྱུར་སྣ་ཚོགས་སུ་སྣང་བ་དང་། རང་དུས་ཉིད་ནས་དོན་བྱེད་ནུས་པ་སྟེ་གསུམ་པོའི་སྒོ་ནས་ཁྱད་པར་མེད། གནས་ཚུལ་ལ་ཅུང་ཟད་ཀྱང་མ་གྲུབ་པར་ཡང་ཁྱད་པར་མེད། སྒྱུ་མ་ལྟ་བུའོ་སྙམ་འདུན་པ་དྲག་ཏུ་སྦྱང་། དེ་ལྟར་ནན་ཏན་དུ་བསྒོམས་པས་རྨི་ལམ་ཟིན་ནི་འོང་། སྦྱོང་བ་ལ་ཡ་ང་བག་ཚ་བྱུང་ན། ད་ལྟའི་བདེན་ཞེན་གྱི་འགབ་འདྲེ་འབྲངས་པ་ཡིན་པས། དེ་ལ་འདི་སྙམ་དུ་ན་ཚ་སྡུག་བསྔལ་བསྐྱེད་པའི་ལུས་དེ་མལ་ན་ཡོད། འདི་ནི་ཡིད་ཀྱི་ལུས་ཡིན་ན་འཇིགས་རྒྱུ་སོགས་ཅི་ཡོད་སྙམ་པས་གང་ཟིན་དུ་སྦྱང་། ཅུང་ཟད་འབྱོངས་ནས་འབྱུང་བཞི་སྤྲུལ་བསྒྱུར་ལ་བསླབ། རིག་པ་དང་རླུང་དཔངས་གཏོད་ཏེ་ཉི་ཟླའི་སྟེང་དུ་འགྲོ་བ་དང་། གཏིང་དུ་སྨད་ནས་རྒྱ་མཚོའི་གཏིང་དུ་འགྲོ་བ་དང་། ལྷའི་གནས་སོགས་ཉུལ། བདེ་བ་ཅན་སོགས་ཞིང་ཁམས་བལྟ། པོ་ཊ་ལ་དང་རི་བོ་རྩེ་ལྔ་དང་ལྕང་ལོ་ཅན་དུ་རིགས་གསུམ་མགོན་པོའི་ཞལ་བལྟ་གདམས་ངག་ཞུ། དགྱེས་རྡོར་བདེ་མཆོག་སོགས་ཀྱི་དཀྱིལ་འཁོར་ལ་མཆོད་ཅིང་དབང་དང་གདམས་ངག་ཞུ། རང་གཞན་རིགས་དྲུག་སྣོད་བཅུད་ཐམས་ཅད་ཡི་དམ་ལྷའི་དཀྱིལ་འཁོར་དུ་བསྒོམ། སྣང་སྟོང་སྒྱུ་མ་ལྟ་བུར་ཤེས་པར་བྱ། ཡང་ཐོག་མ་ལྷ་སྐུར་ཤར་བ་དེ་ཐ་མལ་པའི་ལུས་སུ་ལོག་འགྲོ་ན། འཁྲུལ་པའི་བག་ཆགས་ཀྱི་ཤུགས་རྗེས་སུ་འབྲང་བ་ཡིན་པས་གཉིད་སད་མ་ཐག་ཏུ་དམིགས་པ་དང་སྒྱུ་མའི་འདུན་པ་དྲག་ཏུ་བསྒོམ། དཔེའི་སྒྱུ་མ་ནི་མེ་ལོང་གི་གཟུགས་བརྙན་ལ་བསྟོད་སྨད་དགའ་བ་མེད་པ་བསྒོམ། དོན་གྱི་སྒྱུ་མ་ནི་ཤར་ཙམ་ཉིད་ནས་བདེན་མེད་ལ་བཞག གཉིས་མེད་སྒྱུ་མ་ལྷ་སྐུ་སྣང་སྟོང་དུ་ཤར་བར་བྱ། སྣང་སྟོང་བདེ་བ་དཔེ་དང་བསྲེ། དེ་དོན་དང་བསྲེ། དེ་ཟུང་འཇུག་ཏུ་བསྲེ་བའོ། །གཞན་ཡང་སྒྱུ་མའི་དཔེ་གསུམ་གྱིས་མཚོན་པ་དང་། འདོད་ཆགས་དང་བྲལ་བ་དང་། ཤེས་རབ་རྣམ་གསུམ་དང་། རྣམ་ཐར་གསུམ་དང་། ཕྱི་དང་ནང་གི་ཕར་ཕྱིན་དྲུག་དང་། ཕྱག་རྒྱ་བཞི་དང་། དགའ་བ་བཞི་དང་། ཏིང་འཛིན་གསུམ་སོགས་ཐམས་ཅད་དེ་ཀ་ལ་ཚང་། རྨི་ལམ་སོགས་སུ་གདོན་གྱི་ཆོ་འཕྲུལ་ཐམས་ཅད་རང་དག་ལ་འགྲོ། འགྲོ་དྲུག་ལྷ་སྐུར་ཤར་བས་བར་དོ་དག་པར་ཐེ་ཚོམ་མེད་དོ།
།གཉིས་པ་ནི་དེ་ལྟར་ཉམས་སུ་བླངས་ཀྱང་། དང་པོར་སྐྱེ་དཀའ། བར་དུ་འབྱོངས་དཀའ། ཐ་མར་བརྟན་པ་ཐོབ་པ་དཀའ་ན། མོས་གུས་དང་། འདུན་པའི་གནད་སྔར་གྱི་དེ་ཀའི་སྟེང་དུ་ལུས་ལ་གནད་དུ་བསྣུན་པའི་མན་ངག་དགོས་ཏེ། དེ་ཡང་ལུས་གནད་སེང་གེའི་ཉལ་སྟབས་བྱ། མགྲིན་པར་པདྨའི་དབུས་སུ་ཨོཾ་དམར་པོ་འདབ་མ་བཞི་ལ་ཨ་ནུ་ཏ་ར་བསྒོམ་ཏེ། རྨི་ལམ་འཛིན་པའམ་སྦྱོང་བའི་འདུན་པ་དྲག་པོ་སྦྱང་། དེས་རྨི་ལམ་གྱི་བོགས་ཐོན་པར་ཐེ་ཚོམ་མེད། སད་དུས་ཀྱི་སྣང་བ་ནས་རྨི་ལམ་ལ་འཇུག་ཁ་མ་དང་། གཉིད་ཕྲི་ཕྲི་བ་དང་། གཉིད་ལ་ཧྲུམ་གྱིས་སོང་བ་དང་། རྨི་ལམ་འཆར་ཀ་མ་སྟེ། དུས་བཞི་པོ་དེར་རླུང་སེམས་འདུ་བའི་གནད་མགྲིན་པ་ན་ཡོད་པའོ། །དེ་ཀླུ་སྒྲུབ་ཀྱི་གདམས་པ་ཡིན་ནོ། །ཡང་སྙིང་གའི་རྩ་འཁོར་གྱི་དབུས་སུ་མར་མེ་ལྟ་བུ་འོད་དཀར་ལ་རྩེ་མོ་དམར་བ་སོར་བཞི་པ་ཅིག་བསྒོམས་ལ། དེ་ལ་རིག་པ་བཅུག་ཅིང་རླུང་ཡང་ཅུང་ཟད་བསྡམས། ཉིན་མཚན་དུ་དེ་ལྟར་བསྒོམས་ན། ཉིན་མཚན་གྱི་འོད་གསལ་གཉིས་ཀར་འཆར། འོད་གསལ་གྱི་མན་ངག་བསྒོམ་བདེ་ཞིང་། དམིགས་པ་གསལ་འདུས་ཟབ་པ་འདི་ལྟ་བུ་གཞན་ལ་མེད། གྲུབ་ཐོབ་ལྭ་བ་པའི་གདམས་ངག་ཡིན་གསུང་། ཡང་སྨིན་ཕྲག་གནད་ཀྱི་སྒོར། ཐིག་ལེ་དཀར་ལ་འཚེར་བ། སྣུམ་ལ་འདྲིལ་བ། ཆེ་སྟེ་མཐེ་བོང་ཙམ། ཆུང་ན་རྒྱ་སྲན་ཙམ་ཉམས་བདེ་བ་ཞིག་གསལ་བཏབ། དེ་ལ་རླུང་སེམས་དྲག་ཏུ་བཅུག །འདི་འོད་གསལ་གྱི་འདུན་པ་དང་སྦྱར་ན་འོད་གསལ་ཟིན། རྨི་ལམ་གྱི་འདུན་པ་སྦྱར་ན་རྨི་ལམ་ཟིན་པ་ཡིན་ནའང་། གཙོ་བོར་སད་དུས་སྒྱུ་ལུས་ཀྱི་གདམས་ངག་ཡིན། གཉིད་སད་དུས་ཀྱི་སྣང་བ། དཔྲལ་བའི་འཁོར་ལོ་དང་སྦྱོར་བའི་ལུགས་ཡོད་པ་བཞིན་ནོ། །འདི་རྣལ་འབྱོར་མ་སྐལ་པ་བཟང་པོའི་བཞེད་པ་ཡིན་ནོ་གསུང་། རྗེ་བཙུན་རྨོག་ལྕོག་པ་ཉིད་ཀྱི་རྣམ་ཐར་ན། གདམས་པ་འདི་གསུམ་བུར་སྒོམ་ལས་བརྒྱུད་པར་བཤད་པས། དེ་ལྟར་ཡང་ཡིན་མོད་ཀྱི། མགྲིན་པའི་ཡི་གེ་ལ་སེམས་གཏོད་པ་འདི། འོད་གསལ་དང་རྨི་ལམ་གྱི་སྤོགས་ཆོག་གི་སྐབས་ན་ཡོད་པ་དང་། སྨིན་མཚམས་ཀྱི་ཐིག་ལེ་རྨི་ལམ་གྱི་དབང་གི་སྐབས་ན་ཡོད་པས། མཁའ་འགྲོ་ནི་གུ་མ་ཉིད་ཀྱི་གདམས་པ་དང་འབྲེལ་ཞིང་། སྙིང་གའི་མར་མེ་ཡང་ཐིག་ལེ་ལ་འོད་གསལ་འཛིན་པ་དང་གནད་གཅིག་ཅིང་། ལྭ་བ་པ་དང་ནི་གུ་མ་གཉིས་ཀྱང་གདམས་ངག་བྱིན་རླབས་ཀྱི་རྐང་གཅིག་པར་བཤད་པས། ནི་གུའི་ཆོས་དྲུག་དང་མ་འབྲེལ་བ་མ་ཡིན་ནོ། །འདི་ཡང་གཏུམ་མོ་མ་གཏོགས། བསྲེ་བ་སྒྱུ་ལུས་ཀྱི་གནད་ཀུན་རྫོགས་པ་མན་ངག་གི་རྐང་ཡོངས་སུ་ཚང་བ་ཞིག་གོ། །རིན་ཆེན་འོད་ཕྲེང་གི་མན་ངག་གོ། །

༼༄༅། །ལམ་དྲི་མེད་འོད་ཕྲེང་ལས་ཆོས་དྲུག་གི་སྙིང་པོ་འདི་ཙམ་གསུངས་བཞུགས་སོ།།༽

༈ ལམ་དྲི་མེད་འོད་ཕྲེང་ལས་ཆོས་དྲུག་གི་སྙིང་པོ་འདི་ཙམ་གསུངས་སོ།
།སྔོན་འགྲོའི་སྐབས་གསུམ་ལ་སྐྱབས་འགྲོ་ལོགས་སུ་མ་གསུངས་ཀྱང་ཁ་འགེངས་དགོས། སེམས་བསྐྱེད་སྤྱི་དང་མཚུངས། བླ་མའི་རྣལ་འབྱོར་ལོགས་སུ་བྱེད་ཏེ། སྒྱུ་ལུས་ཀྱི་སྐབས་དང་མཚུངས་པ་ལས། བྱང་ཆུབ་ཀྱི་སེམས་རྟོགས་པ་དང་། སྟོང་ཉིད་རྟོགས་པ་རྒྱུད་ལ་སྐྱེ་བར་གསོལ་བ་འདེབས། མཇུག་ཏུ་བླ་མའི་སྐྱབས་འགྲོ་མ་ནམ་མ་རེ་མཛད། དངོས་གཞི་ཐབས་ལམ་ལ་བྱིན་རླབས་བླ་མའི་གཏུམ་མོ་བསྒོམ། རླུང་རྟར་ཞོན་པ་ཡང་འདི་ཀ་ཡིན་གསུང་དེ་ནས་སྲིད་པའི་དབང་ཞུ་བ་ཡང་བསྒོམ་ཏེ་དམིགས་པ་གཉིས་ཡོད། སྒྱུ་ལུས་ལ་རང་ལུས་སྣང་སྟོང་ལྷ་སྐུ་དང་། འགྲོ་དྲུག་སྒྱུ་མར་འཆར་བྱེད་གཉིས་སྦྲགས་ཏེ་བསྒོམ། སྤྱིར་དབེན་པ་བསྟེན། བླ་མའི་མོས་གུས་ཀྱིས་རྒྱབ་ཕུལ། ཚེ་འདི་པ་སྐྱབས་ཀྱི་མི་དང་མི་འགྲོགས། སྤྱོད་ལམ་ཐམས་ཅད་རང་བཞིན་མེད་རྟོགས་ཀྱིས་ཟིན་པར་བྱ། ཆོས་དྲུག་རྒྱས་པའི་སྐབས། དེང་སང་སྒྱུ་ལུས་སྒོས་ཀྱི་དབང་བཀར་གྲགས་ཤིང་གབ་བསྒྱུར་དགོས་རྒྱུ་དེ་ཏིང་ངེ་འཛིན་གྱི་ཚུལ་གྱིས་ལེན། གདམས་ངག་འདིའི་དབང་དུ་བྱས་ན། བསྲེ་བ་སྒྱུ་ལུས་སྤྱིའི་ཚར་གསུམ་ཁུག་པ་ཡིན་གསུང་། ལར་གཏུམ་མོའི་དབང་ཡིན། ཁྲིད་འདི་འབོགས་ན། གཏུམ་མོའི་དབང་འདི་ཀ་སྒོ་འབྱེད་ཀྱི་དབང་དུ་བསྐུར་བ་ཡིན་པར་བཤད་དོ། །རྨི་ལམ་འཛིན་པའི་དམིགས་པ་གསུམ་ཡོད།
དམིགས་པ་དང་པོ་ནི། སྤྱི་བོར་ཧཾ་དཀར་པོ། གསང་བར་ཕཊ་དམར་སྐྱ། ཧཾ་ལས་ཐིག་ལེ་ཆད་པས་བདེ་མཆོག་དཀར་པོར་གྱུར། ཕཊ་ལས་ཐིག་ལེ་ཆད་པས་རྗེ་བཙུན་མར་གྱུར་ཏེ། ཁ་སྦྱོར་དུ་བཞུགས་པས་ལུས་སེམས་བདེ་བས་ཁྱབ། མདུན་དུའང་དེ་ལྟ་བུ་བསྒོམ། རྨི་ལམ་གྱི་འདུན་པ་སྦྱང་། མཚན་མོ་གཉིད་དུ་འགྲོ་ཁར་མདུན་གྱི་དེ་རང་ཉིད་ཀྱི་སྙིང་གའི་ལྷན་སྐྱེས་ལ་ཐིམ། དེ་ཡང་འོད་དུ་ཡལ་བ་ལ་མཐའ་ནས་ཡལ་མི་དམིགས་པར་བཞག
།དམིགས་པ་གཉིས་པ་རང་ཟིན་ཐིག་ལེ་དབང་བཞིའི་གནད་རང་ཡིན།
དམིགས་པ་གསུམ་པ་རྟོག་མེད་ལ་བཟུང་བ་གཉིས་ཀྱི་བླ་མ་ལ་བརྟེན་པ་དེ་ཡིན།
སྦྱང་བ་ནི། འདུན་པས་སྦྱང་བ་ལ་མཛད་དེ། སྤེལ་སྤྲུལ་བསྒྱུར་གསུམ་ཡང་དེ་ཀའི་ངང་ནས་བྱེད། ཡུལ་སྣང་གི་དམིགས་པ་ཡང་སྟན་ཐོག་གཅིག་མའི་སྐབས་སུ་བཤད་པ་དེ་བསྒོམ། གཉིད་ཀྱི་འོད་གསལ་འཛིན་པའི་མན་ངག་བླ་མ་ལ་བརྟེན་ནས་འོད་གསལ་འཛིན་པ་དེ་ཁོ་ན་ལེན་པར་མཛད། དེས་རྩ་བའི་ཆོས་བཞིའི་དོན་གྱི་སྙིང་པོ་ཚང་། འཕོ་བ་བར་དོའི་དམིགས་པ་ལོགས་སུ་མི་དགོས། འདོད་ན་ཁྲིད་རྒྱས་པར་འབྱུང་བ་བཞིན་ནོ།
།ཉམས་ལེན་གྱི་ཚུལ་འདི་ལ་བརྟེན་པའི་སྒོམ་ཆེན་པ་ལ་དགོས་པའི་གོ་དོན་མང་པོ་ཡོད་པ་རྣམས་ནི། འགྲོ་མགོན་སངས་རྒྱས་སྟོན་པ་ཉིད་ཀྱི་བཀའ་ལས་ཤེས་པར་བྱའོ།
།ཡང་ཉམས་མྱོང་ཡོན་ཏན་རྒྱ་མཚོ་ལས་འབྱུང་བའི་མན་ངག་ནི། གང་ཟག་འགའ་ཞིག་ལུས་ངག་གི་རྩོལ་བ་ཞན་པས། ཐབས་ལམ་སྒོམ་པར་མི་ནུས་པའམ། བློ་རིགས་ཀྱིས་བསྒོམ་པར་མི་སྤྲོ་ནའང་། གསང་སྔགས་ཀྱི་རྫོགས་རིམ་ཉམས་ལེན་ལ་ཁ་ཆད་པ་མེད་ཏེ། སྒྱུ་ལུས་རྨི་ལམ་འོད་གསལ་གསུམ་གྱིས་ལམ་ཐམས་ཅད་ཆ་ཚང་ལ་མ་ནོར་བ་ཡིན་གསུང་། དེ་ཡང་དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག་པ། འཁོར་བའི་ཉེས་དམིགས་རྣམས་ཤེས་པས་ཉམས་ལེན་ལ་འདུན་པ་བསྐྱེད། གཞི་ལམ་འབྲས་བུ་ཐམས་ཅད་ཟབ་པ་དང་རྒྱ་ཆེ་བ་ཟུང་འཇུག་ཏུ་གོ། །དེ་ལྟར་མ་རྟོགས་པའི་སེམས་ཅན་ལ་སེམས་བསྐྱེད་ཚད་མེད་བཞི་དང་འབྲེལ་བ་བྱེད། དངོས་གཞི་ལ་དང་པོ་སྒྱུ་ལུས་དབང་པོ་རབ་འབྲིང་གསུམ་གྱི། རབ་ནི་མོས་གུས་བླ་མའི་ལམ་ཁྱེར་ཉིད་ཡིན་པ་ལས། བླ་མའི་བཞུགས་གདན་པད་ཟླ་ཁོ་ན་དང་། བླ་མ་སྐུ་དངོས་ཡིན་པ་ལ་མཚན་དཔེས་བརྒྱན་པ་བསྐྱེད། གསོལ་འདེབས་ཀྱི་སྐབས། སྒྱུ་མ་ལ་སྒྱུ་མར་ངོ་ཤེས་པ་དང་། རྨི་ལམ་ལ་རྨི་ལམ་དུ་ངོ་ཤེས་པར་མཛད་དུ་གསོལ། །ཞེས་པ་གསུང་བ་ཡོད་ཀྱང་མཐའ་གཅིག་ཏུ་མ་ངེས་པས་དོན་གཅིག་པའི་ཕྱིར། གཞུང་ཁྲིད་ལྟར་བྱས་པས་ཆོག་གསུང་། དབང་པོ་འབྲིང་ནི་རང་ལུས་སྣང་སྟོང་ལྷ་སྐུ་ཉིད་ཡིན་པ་ལས། སྣང་བ་ཐམས་ཅད་ཀྱི་སྟེང་དུ་འདུན་པ་ཞོར་བྱུང་དུ་སྦྱང་། སྣང་ཆ་བསྐྱེད་རིམ། སྟོང་ཆ་རྫོགས་རིམ། དབྱེར་མེད་བདེ་བ་ཆེན་པོར་ངོ་སྤྲད། ཐ་མ་ནི་འགྲོ་དྲུག་སྒྱུ་མར་འཆར་བྱེད་ཡིན། ཆོས་འབྱུང་ཕྱི་དཀར་ལ་ནང་དམར་བ་དང་སྐབས་འདིར་སྒྱུ་མའི་འདུན་པ་ཁོ་ན་ལས་འདུན་པ་གཞན་གྱི་སྤྲོས་པ་མི་བྱེད་དོ། །རྨི་ལམ་ལ་ཉིན་པར་སྒྱུ་མ་རྨི་ལམ་གྱི་འདུན་པ་ཉིད་དང་། མཚན་མོ་རང་ཟིན་ཐིག་ལེ་དབང་བཞིའི་གནད་དང་། རྟོག་བཅས་ལ་བཟུང་བ་གཉིས་སྦྲགས་ཏེ་བསྒོམ། དེ་ལ་ཅུང་ཟད་བརྟན་པ་ཐོབ་ན། འདུན་པས་སྦྱོང་བ་ཉིད་བསྣན་ཏེ། གང་ཟིན་དཔག་ཏུ་མེད་པར་སྤྲུལ་པ་ལ་སོགས་པ་ཟིན་སྦྱོང་སྤྲུལ་བསྒྱུར་ཐམས་ཅད་ཆ་མཉམ་རང་ཤུགས་སུ་འབྱུང་། ཡུལ་སྣང་ནི་ཐིག་ལེ་ལ་བརྟེན་པ་དེ་བསྒོམ་ཏེ། ཐིག་ལེའི་འོད་ཀྱིས་གང་བལྟ་བའི་ཡུལ་ཚུར་དྲངས་རང་གི་སྙིང་གར་ཐིམ་པར་བསྒོམ་པ་དེ་ཁྱད་པར་རོ། །ཡང་མཚན་མོ་ཉལ་ཁར་བལྟ་བའི་ཡུལ་དང་། སྙིང་གའི་ཐིག་ལེ་གཉིས་འོད་ཀྱི་ཐག་པས་སྦྲེལ། ཡ་ང་སོགས་ཀུན་ལ་སྒྱུ་མ་ལྟར་བསྒོམ། སྐབས་འདིར་བསྲེ་འཕོ་ཤེས་རབ་རྣམ་བཞིའི་སྒོ་ནས་ཅུང་ཟད་ཙམ་ངོ་སྤྲོད་བྱ།
དེ་ནས་གཉིད་ཀྱི་འོད་གསལ་འཛིན་པ་ནི། ཨ་ཡིག་ལ་བརྟེན་པ་ཡིན་ཏེ། འདིའི་ཁྲིད་ཡིག་གི་དཀྱུས་ལ། རང་གི་ལྟེ་འོག་སོར་བཞི་བཅལ་བར་ཞེས་པ་ཡོད་ཀྱང་དེའི་མཆན་བུ་རང་མཆན་ན། དབང་པོའི་རྩེ་མོའམ་གསུང་བ་ཡོད་དེ། རྒྱུད་སྡེ་དང་མཐུན་པའི་གནད་དམ་པ་ཡིན། སྟན་ཐོག་གཅིག་མའི་དེ་ཀ་ལ་དགོངས་པར་མངོན། དངོས་བསྟན་ཨ་དཀར་པོ་གཅིག་ནོར་བུར་བསྒོམ་པའོ།
།འོད་གསལ་བདེ་སྟོང་ལས་སྣང་བ་སྣ་ཚོགས་འཆར་བ་ནི། འོད་གསལ་ལས་ལྷ་སྐུ་རང་ཤར་འབྱུང་བའི་གནད་ཡིན་པར་བཤད་དོ། །རྒྱས་པར་འགྲོ་མགོན་སངས་རྒྱས་ཉིད་ཀྱི་གསུང་དུ་བལྟའོ། །དེ་དག་ལས་རིན་ཆེན་འོད་ཕྲེང་གཞུང་གི་ཚུལ་དུ་མཛད་པས་གླེང་བརྗོད་གང་ཡང་མེད། ལམ་དྲི་མེད་འོད་ཕྲེང་དང་འདི་གཉིས་ལ་ཁྲིད་ལོགས་པ་མི་བྱེད་དེ། ཆོས་དྲུག་ལས་གཞན་དུ་མེད་པས་སོ་ཞེས་གསུངས་པ་དང་། ངག་སྒྲོས་ལ་སྔོན་ཆོས་དྲུག་ཁྲིགས་ཆགས་འདི། ཡི་གེར་འགོད་པ་བཀའ་རྒྱ་མ་གྲོལ་བའི་སྐབས། བརྗེད་ཐོ་ལྟ་བུར་ཁྲིད་ཡིག་བསྡུས་པ་འདྲ་མིན་མཛད་པ་ཡིན་གསུང་བ་སོགས་ཡོད་ཀྱང་།
ཆོས་དྲུག་རང་སྤྱིར་སྙན་བརྒྱུད་ཀྱི་བཀའ་རྒྱ་མ་གྲོལ་བའི་སྐབས་ཡིན་ན་ནི། དམ་དུམ་ཡི་གེར་བྲིས་ཀྱང་བཀའ་རྒྱ་ལ་གནོད་པ་དང་། འདྲ་མིན་བྲིས་ན་བརྗེད་ཐོར་ཤིན་ཏུ་མི་རུང་སྟེ། དཀྱུས་དེ་བརྗེད་པའི་རྒྱུར་འགྱུར་བས་དེ་འདྲ་ནི་མ་ཡིན་ནོ། །དེས་ན་དེ་གཉིས་འགྲོ་མགོན་སངས་རྒྱས་ཀྱི་གསུང་ཡིན་པས་བཀའ་རྒྱ་གྲོལ་བ་ཡིན། དམིགས་པ་འདྲ་མིན་ཕྲན་བུ་ཡོད་པ་རྣམས་འདམ་ཁ་ཡིན་པར་ཤེས་པར་བྱ་དགོས། དེས་ན་འདི་གཉིས་ཡེ་ཤེས་མཁའ་འགྲོ་ནི་གུ་མའི་སྙན་བརྒྱུད་ཀྱི་གདམས་པའི་སྣོད་དུ་གྱུར་པ་ལ། གདམས་སྐོར་ཡོངས་རྫོགས་རང་མི་དགོས་པའི་སློབ་མ་འགའ་ཞིག་གི་དོན་དུ་གནང་། དེ་རྣམས་ལ་ཡང་ཉམས་རྟོགས་ཁྱད་པར་ཅན་མཐར་ཕྱིན་སྐྱེས་པ་ཡིན་འདུག །ཁྲིད་ཆེན་མོའི་ནང་དུ་དོན་འདུས་སུ་ཆུག་ཀྱང་ལོགས་སུ་བྱེད་པ་མི་འགལ་ཏེ། སྒྱུ་ལུས་སྟན་ཐོག་གཅིག་མ་བཞིན་ནོ།
།དེས་ན་མཁས་གྲུབ་ཆེན་པོ་ཁྱུང་པོས་སྒྱུ་ལུས་སྟན་ཐོག་གཅིག་མ་ལོགས་སུ་ཕྲལ་ནས་མཛད་པ་བཞིན་དུ། འགྲོ་མགོན་སྟོན་པས་ཀྱང་འདི་གཉིས་མཛད་པ་ཡིན་ཏེ། སྐབས་འདིར་མཛད་པ་པོ་བཟང་ངན་ལ་ཁྱད་མེད་པར་གོ་དགོས་སོ། །རིན་ཆེན་འོད་ཕྲེང་དང་འདི་གཉིས་ལ་ཚིག་བཅད་ལྷུག་གི་ཁྱད་ལ་རྟོག་དཔྱོད་ཞུགས་མ་ཞུགས་ཀྱི་སྟབས་ཅིག་བྱུང་འདུག་པ་མ་གཏོགས་དགོས་དོན་དེ་དག་ལ་ཁྱད་མེད་དོ། །དེ་ལྟར་ན་ཁྲིད་ཚུལ་རྒྱས་པའི་ནང་ནས་དམིགས་པའི་གཙོ་བོ་ཇི་ལྟར་འོས་པ་གུད་དུ་ཕྱུང་བ་ཡིན་དུ་ཆུག་ཀྱང་། སྐྱེས་མཆོག་དེ་དག་གིས་ཁྲིད་ཀྱི་རྣམ་གྲངས་སོ་སོར་བྱིན་གྱིས་རློབ་པར་མཛད་པ་ཡིན་པས། ད་ལྟར་ཡང་གདུལ་བྱ་སོ་སོའི་བློ་རིགས་དང་བསྟུན་ནས་ཁྲིད་ཚུལ་འདི་དག་གིས་སློབ་མ་བཀྲི་བ་ཡང་ཤིན་ཏུ་ལེགས་ཤིང་འོས་པ་ཉིད་དོ། །སྤྱིར་ཡང་ཚིག་ཁྲིད་ལ་གསུང་གི་རྒྱུན་རྒྱས་པ་ཉིད་ཚིག་གི་བསླད་མ་ཞུགས་ཤིང་། ལྷག་ཆད་ནོར་འཁྲུལ་མེད་པ་ཞིག་བླ་མ་ལས་ཐོས་ཤིང་བློ་ལ་ཟིན་པ་ཞིག་དགོས་མོད། དོན་ཉམས་མྱོང་གི་ཁྲིད་ལ། ཁྲིད་ཡིག་རྒྱས་པའི་གྲལ་བསྒྲིག་པ་དེ་ཀ་མུ་དེད་རང་དུ་དགོས་པ་མ་ཡིན་ཏེ། དམིགས་པ་རེ་རེའམ་གཉིས་གསུམ་ལ་བརྟེན་ནས་ཉམས་མྱོང་ཚད་དུ་ཕེབས་པ་བྱུང་ན། དེས་ཐམས་ཅད་ཀྱི་རྐང་ཟིན་པར་འགྱུར་བའི་ཕྱིར་རོ། །ཡང་ཅི་སྟེ་ན། ཆོས་དྲུག་གི་གཞུང་ཁྲིད་རྒྱས་བསྡུས་རྣམས་ནི་བསྒོམ་པར་མི་སྤྲོ་ལ། ནི་གུ་ཆོས་དྲུག་གི་མིང་དང་ལྡན་པ་མོས་ན། འདི་གཉིས་ཀྱི་སྔ་མ་ལ་འཕོ་བ་བར་དོ་ཙམ་བསྣན་པ་དང་། རིན་ཆེན་འོད་ཕྲེང་དང་། ཕྱི་མ་འདི་ལ་དེའི་སྟེང་དུ་གཏུམ་མོ་ཡང་ཇི་ལྟར་འོས་པ་བསྣན་ཅིང་། སྣོན་ཚུལ་ཡང་དཀྱུས་ལ་བཅུག་ན་གྲུབ་ཐོབ་གསུང་ལ་བསྲེ་བསླད་དུ་འགྱུར་ཉེན་སྲིད་པས། ལོགས་སུ་བསྣན་ན་ལེགས་པར་འགྱུར་རོ། །དེ་ལས་གཞན་དུ་ནི་གུ་ཆོས་དྲུག་གི་ཁྲིད་ཡིག་ཡིན་ཟེར་བ།
རྗེ་དགེ་འདུན་རྒྱ་མཚོས་ཉེ་བར་སྦྱར་བ་ལྟ་བུ་ནི། ནི་གུ་མས་མ་གསུངས། ཁྱུང་པོས་མ་ཐོས། བརྒྱུད་པའི་བླ་མ་སུས་ཀྱང་མ་དགོངས་པའི་བཅོས་མ་ནི་གུའི་ཆོས་ཞེས་པའི་མིང་ཙམ་ལ་རྒྱུག་ཅིང་ཆོས་རྒྱུས་མེད་པའི་བླུན་པོ་འབྲིད་བྱེད་ཙམ་དུ་ཟད་དོ། །ཅི་སྟེ་ཆོས་ཚུལ་གཞན་ལས་བཤད་པའི་དམིགས་རིམ་རྣམ་དག་ཡིན་ནོ་ཞེ་ན། དེ་ལ་ནི་གུའི་ཆོས་ཀྱི་མིང་བཏགས་པས་ཅི་ཞིག་བྱ། ཤངས་པ་བཀའ་བརྒྱུད་ཀྱི་ལུགས་ཀྱི་དམིགས་པ་སྣ་ཅིག་ཙམ་ཡང་མེད་པ་ལ་ཤངས་ཆོས་ཀྱི་མིང་བཏགས་པ་དེ་འདྲས་ཅིར་ཡང་མི་རུང་ངོ་།
།སྒྱུ་ལུས་སྟན་ཐོག་ཅིག་མ་ཞེས་བྱ་བ་ནི། མཁས་གྲུབ་ཆེན་པོ་ཁྱུང་པོའི་གསུང་ཐེམ་ཡིག་ལས། སྒྱུ་ལུས་སྟན་ཐོག་གཅིག་མ་ལ། །གསོལ་འདེབས་བཞི་ལ་འདུན་པ་བརྒྱད། །གསོལ་འདེབས་བཞི་ནི་དབང་པོ་ཐ་མའི་སྐབས་བཞིན་ཡིན།
འདུན་པ་བརྒྱད་ནི། འཆི་བ་མི་རྟག་པ། བླ་མའི་མོས་གུས། གཉིད་དུ་སོང་བར་ཤེས་པ། སྒྱུ་མ་རྨི་ལམ་དུ་ཤེས་པ། སྦྱོང་སྤེལ་སྤྲུལ་བསྒྱུར་རྣམས་ཡིན་པར་གསུངས།
ཉམས་ལེན་གྱི་རིམ་པ་ནི། སྐྱབས་འགྲོ། སེམས་བསྐྱེད། དག་བྱེད་སྟོང་ར་རྣམས་སྔོན་དུ་བཏང་། འཆི་བ་མི་རྟག་པའི་སྐྱོ་ཤས་དྲག་ཏུ་བསྐྱེད་པ་ལ་དཀྱུས་ལས་ནན་ཏན་ཆེ་ཙམ་བྱ། བླ་མའི་རྣལ་འབྱོར་ནི་སྒྱུ་ལུས་དཀྱུས་དང་འདྲ། བླ་མ་རང་ལ་བསྟིམ་པའི་རྗེས་སུ་རང་ལྷ་སྐུར་གསལ་བ་དང་། ཕྱི་སྣང་བ་ཐམས་ཅད་ལ་ཡང་སེམས་གཏད་དེ། གང་གསལ་ཐེབས་ཐེབས་སུ་ལྷ་སྐུར་གསལ་བཏབ། ཐམས་ཅད་ལ་ཅིག་ཅར་དམིགས་ནས། འདི་ཐམས་ཅད་རང་གི་སེམས་སྣང་ཡིན་ལ། སེམས་དེ་ཡང་བདེན་མེད་སྒྱུ་མ་ལྟ་བུ་ཡིན། དེ་ལས་ཀྱང་ཁྱད་པར་དུ་ང་གཉིད་དུ་སོང་འདུག །སྣང་བ་འདི་ཐམས་ཅད་རྨི་ལམ་རང་ཡིན་ཨང་སྙམ་བདེན་མེད་ཀྱི་འདུན་པ་དང་། རྨི་ལམ་གྱི་འདུན་པ་གཉིས་སྤེལ་གྱིན་དྲག་ཏུ་སྦྱངས། ཐུན་མཚམས་སུའང་འདུན་པ་སུམ་སྦྲགས་གཡེལ་མེད་དུ་བསྒོམ་ཞིང་། ལྷག་པར་ཡང་རྨི་ལམ་གྱི་འདུན་པ་བསྣན། ཉལ་ཁར་ཡང་རྨི་ལམ་གྱི་འདུན་པ་དང་། བདེན་མེད་ཀྱི་འདུན་པ་དྲག་ཏུ་སྦྱངས་ནས། དེ་ཀའི་ངང་ནས་གཉིད་དུ་འགྲོ་བར་བྱ། རྨི་ལམ་འཛིན་པའི་གདམས་ངག་གཞན་མི་འཚལ། འདི་ཁོ་ནས་ཆོག་པར་བཞེད། །དེ་རྗེས་སྦྱོང་བ་སྤེལ་བ་སྤྲུལ་པ་བསྒྱུར་བ་རྣམས་ཆོས་དྲུག་རྒྱས་པ་བཞིན་བསྟན་ནོ། །རྒྱས་པར་ན་འདི་ལ་མཁས་གྲུབ་རྒྱལ་མཚན་འབུམ་གྱི་ཁྲིད་ཡིག་ཀྱང་ལོགས་སུ་ཡོད་པ་བལྟ་བར་བྱ་ལ། གཞུང་ཁྲིད་ལ་ངེས་པོ་ཡོད་ཕྱིན། ཡི་གེ་འདི་ཙམ་གྱིས་ཀྱང་དོན་མཐོང་བར་འགྱུར་རོ། །དེ་ལྟར་ན། ཆོས་དྲུག་གཞུང་ཁྲིད་ཀྱི་སྐབས་སུ་དགོས་པའི་དམིགས་པ་བཀའ་རྒྱ་མའི་རིགས་དང་། གདམས་ངག་ཉེར་མཁོ་རྒྱས་བསྡུས་སྣ་ཚོགས་པའི་སྡེ་རྣམས་བཤད་ཟིན་ཏོ། །འདིར་སྨྲས་པ།
ཟབ་དོན་འཁྲུལ་མེད་འདི་ཡིན་ཞེས། །ངེས་ཏིག་སྨྲ་བ་ཤིན་ཏུ་དཀོན། །མི་གྲལ་གཤོག་ཕྱིར་ཐོབ་ཆོས་ཙམ། །འོལ་གཅོད་བྱེད་པས་རྒྱལ་ཁམས་གང་། །མི་ཕལ་བླུན་པོ་ཕྱོགས་མོས་ཀྱིས། །ཆོས་འདིར་འཇུག་པ་ཕལ་ཆེ་བ། །ཇ་ཇོ་ཉ་མ་ཤས་ཆེ་བས། །ཟབ་དོན་གོ་བ་དཀོན་མོད་ཀྱི། །ཁོག་ངན་བློ་སྐྱོན་ཆགས་པའང་ཉུང་། །ཆེ་འདོད་ཆོས་བརྒྱད་ཕྱོགས་འཛིན་གསུམ། །གཅིག་ལས་གཅིག་ཆེ་འགྲན་པ་བཞིན། །དད་པ་གོ་རྟོགས་སྙིང་རྗེ་གསུམ། །གཅིག་ལས་གཅིག་ཆུང་འགྲན་པ་བཞིན། །དེ་ལྟར་ཁྱད་ཆོས་དྲུག་ལྡན་པའི། །དགེ་བཤེས་མིང་ཅན་ཟམ་ཟོམ་འགའ། །རང་གིས་བསླབས་པའི་ཁ་བཤད་ཚོ། །སྐྱེ་བོ་ཕལ་ལ་མ་བྲིན་པས། །ཉག་ཉོག་འཁོར་དུ་འདུ་རེ་ནས། །ཆོས་རྒྱུས་མེད་པའི་ཚོགས་པ་ལ། །ལུང་སྐྱོག་རྣམས་སུ་ཆོས་འདི་འཆད། །ཆོས་ཚུལ་འདི་ལ་སྦྱངས་པ་ཡི། །ཤེས་ལྡན་རྣམས་ལ་སྟོན་ཉན་མེད། །ཨ་པོ་ཅང་གི་ཀློག་དར་གྱི། །དཔེ་དེ་ཐུགས་སུ་ཆུད་པར་མཛོད།
།ཧཻ། །རང་རེ་སྐལ་ལྡན་ཡིན་པར་ངེས། །ཟབ་ཆོས་ངེས་ཏིག་ཡོད་སར་སླེབ། །བླ་མ་སྦེད་ཀྱང་མི་དགོས་པར། །ཆོས་ལ་སྤྱོད་པ་ཨེ་མ་ཧོ།
།ཟབ་ལམ་ནི་གུ་ཆོས་དྲུག་གཞུང་ཁྲིད་མ་མོའི་ལྷན་ཐབས་འདི་ཡང་རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་སྨྲས་པའོ།། །།མངྒ་ལཾ།། །།