Rin po che 'od kyi phreng ba mnyam med rin chen brtson 'grus mdzad

From Shangpa Resource Center








Resource ID SCv8p275
Title rin po che 'od kyi phreng ba mnyam med rin chen brtson 'grus kyis mdzad pa
Alt. title sgyu ma rab tu gsal bar byed pa'i snying po rin po che 'od kyi phreng ba mnyam med rin chen brtson 'grus kyis mdzad pa
Topics Six doctrines of Niguma
Sub-Topics Instructions
Author Mokchokpa Rinchen Tsöndrü
Associated Person Khyungpo Neljor
Link BDRC W23922
BDRC W8LS37032 (p.33)
BDRC W3CN18508 (p.414)
BDRC W8LS32723
BDRC W8LS32723
BDRC W22103 (p.344)

༄༅། །རིན་པོ་ཆེ་འོད་ཀྱི་ཕྲེང་བ་མཉམ་མེད་རིན་ཆེན་བརྩོན་འགྲུས་ཀྱིས་མཛད་པ་བཞུགས་སོ།།

ན་མོ་རཏྣ་གུ་རུ།
དུས་གསུམ་སངས་རྒྱས་རྣམས་ཀྱི་ཐུགས། །བདེ་གསལ་མི་རྟོག་དབྱེར་མེད་དོན། །རིག་པ་ཆེན་པོ་སྐྱེས་བུའི་གཟུགས། །དབྱེར་མེད་རྡོ་རྗེའི་སྐུ་ལ་འདུད།
།བླ་མའི་གསུང་ལ་རྟེན་པ་དང་། །རང་གི་ཉམས་སུ་བླངས་པ་ལས། །རྟོགས་པའི་རིམ་པ་ཅུང་ཟད་ཙམ། །རང་སེམས་གསལ་འདེབས་དོན་དུ་བྲི།
།བླ་མ་དམ་པའི་ཞལས་སྔ་ནས། །ལུས་ནི་རྣམ་པ་གསུམ་ཡིན་གསུངས། །ད་ལྟ་རྣམ་པར་སྨིན་པའི་ལུས། །རྨི་ལམ་བག་ཆགས་ལུས་ཡིན་གསུངས། །བར་དོ་ཡིད་ཀྱི་ལུས་སུ་གསུངས།
།རྣམ་པར་སྨིན་པའི་ལུས་འདི་ནི། །རྒྱུ་ནི་ལས་ཀྱི་འཕངས་པ་ཡིན། །རྐྱེན་ནི་འབྱུང་བས་བསྒྱུར་བ་ཡིན། །སྔ་མ་ལས་ལྟོས་འབྲས་བུ་ལགས། །ཕྱི་མ་ལས་ལྟོས་རྒྱུ་རུ་གསུངས།
།རྣམ་ཤེས་བརྟེན་པའི་ལུས་འདི་ནི། །ཕྱི་ནང་སྡུག་བསྔལ་བསྐྱེད་པ་ཡིན། །བསྐྱེད་པར་བྱེད་པ་ས་ཡིན་ཏེ། །ས་ཡི་གནོད་པ་འབྱུང་བ་ཡིན། །སྡུད་པར་བྱེད་པ་ཆུ་ཡིན་ཏེ། །ཆུ་ཡི་གནོད་པ་འབྱུང་བ་ཡིན། །སྨིན་པར་བྱེད་པ་མེ་ཡིན་ཏེ། །མེ་ཡི་གནོད་པ་འབྱུང་བ་ཡིན། །འཕེལ་བར་བྱེད་པ་རླུང་ཡིན་ཏེ། །རླུང་གི་གནོད་པ་འབྱུང་བ་ཡིན། །གོ་འབྱེད་པ་ནི་ནམ་མཁའ་འོ། །དེ་རྣམས་ཕྱིའི་སྡུག་བསྔལ་ལོ།
།ནང་གི་སྡུག་བསྔལ་བསྐྱེད་པ་ནི། །ས་ཡིས་བད་ཀན་བསྐྱེད་པ་ཡིན། །ཆུ་ཡིས་གྲང་བ་བསྐྱེད་པ་ཡིན། མེ་ཡིས་ཚད་པ་བསྐྱེད་པ་ཡིན། །རླུང་གིས་ཀུན་གྱི་སྡོང་ཟླ་བྱེད། །གོ་འབྱེད་པ་ནི་ནམ་མཁའ་འོ།
།ནད་དང་དགྲ་དང་གདོན་དང་གསུམ། །ལུས་ལ་རྟེན་ནས་འབྱུང་བ་ཡིན། །འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །ལུས་ལ་རྟེན་ནས་འབྱུང་བ་ཡིན། །སྒྱུ་མའི་དོན་དང་མི་མཐུན་པས། །ལོག་པའི་ཀུན་རྫོབ་ཞེས་སུ་བཤད། །རྣམ་སྨིན་ལས་ནི་གྲུབ་པའི་ལུས། །བསྐྱེད་པ་ཡིད་ཀྱིས་བསྐྱེད་པ་ཡིན། །བསོག་པ་བག་ཆགས་གསོག་པ་ཡིན། །འཁོར་བའི་གནས་སུ་བདེ་སྡུག་ཙམ། །དེ་ནི་རྣམ་སྨིན་ལུས་སུ་གསུངས།
།རྣམ་སྨིན་བག་ཆགས་ལུས་འདི་ནི། །བླ་མ་དམ་པའི་གདམ་ངག་དང་། །མདོ་རྒྱུད་ཟབ་མའི་དགོངས་པ་དང་། །བག་ཆགས་ལུས་ལ་རྟེན་ནས་སུ། །སྒྱུ་མ་ཉམས་སུ་བླངས་པ་ལས། །སྔར་གྱི་བག་ཆགས་སྒབ་འདྲེར་འབྲེངས། །སྡུག་བསྔལ་བསྐྱེད་པས་ཆགས་སྡང་རྒྱས། །རིག་པས་ཚར་ནི་བཅད་པར་བྱ། །མོས་གུས་བསམ་པ་བསྐྱེད་པ་དང་། །བྱིན་རླབས་རྒྱུན་མི་ཆད་པ་ཡི། །བརྒྱུད་ལྡན་བླ་མ་དམ་པ་ལ། །གསོལ་བ་དྲག་ཏུ་བཏབ་པར་བྱ། །དེ་ལ་ངེས་ཤེས་མ་སྐྱེས་ན། །ཉིན་པར་དུས་སུ་ལུང་སྟོང་དུ། །ཉམ་ང་མེད་པའི་སྤྱོད་པ་བྱ། །གསོལ་བ་དྲག་ཏུ་བཏབ་པར་བྱ། །བླ་མ་རྣམས་ཀྱང་ཐུགས་རྗེ་ཆུང་། །མཁའ་འགྲོ་རྣམས་ཀྱང་བྱིན་རླབས་ཉམས། །བདག་ཀྱང་ལས་འཕྲོ་ཟད་དམ་ཨང་། །བྱིན་གྱིས་རློབས་ཤིག་སྤྲུལ་པའི་སྐུ། །སྣང་སྟོང་སྒྱུ་མའི་ལུས་འདི་ལ། །སྤྲིན་དང་བྲལ་བའི་ཟླ་བ་བཞིན། །རིག་པ་གསལ་སྣང་བསྐྱེད་དུ་གསོལ། །དེས་ཀྱང་ཟིན་པར་མ་གྱུར་ན། །ལུས་ཀྱི་གནད་ནི་གསུམ་ཡིན་ཏེ། །དང་པོ་སེང་གེའི་ཉལ་ཐབས་སུ། །གཉིས་པ་ཙོག་པུར་བསྡད་པར་བྱ། །སྒལ་ཚིག་བསྲངས་ལ་ལྟག་པ་བགྱེད། །གསུམ་པའི་གནད་དུ་ཤེས་པར་བྱ།
།དེ་ལྟར་ཡང་དང་ཡང་བསྒོམས་པས། །དམ་དུམ་ཀྲམ་ཀྲིམ་འབྱུང་བར་འགྱུར། །གཉིད་སད་དུས་ན་བསྲེ་བར་བྱ། །ཤར་དང་སྣང་དང་དོན་བྱེད་ནུས། །ཤེས་ནས་གྲོལ་བར་བྱེད་པ་ཡིན།
།མཚན་ནི་ཡང་དག་བརྗོད་པ་ལས། །བདག་རིག་གཞན་རིག་ཐམས་ཅད་པ། །ཀུན་ལ་ཕན་པའི་གང་ཟག་མཆོག །བདག་རིག་སྒྱུ་མའི་ལུས་སུ་རིག །གཞན་རིག་འགྲོ་བའི་དོན་རྣམས་འབྱུང་། །གཉིས་སུ་མེད་པ་ཟུང་འཇུག་སྐུ། །བདག་རིག་མེད་ན་གཞན་རིག་མེད། །རང་སྣང་མེད་ན་གཞན་སྣང་མེད། །མཉམ་བཞག་སྒྱུ་མའི་མཚན་ཉིད་དང་། །རྗེས་ཤེས་འདི་ལྟར་སྣང་བ་འདི། །བསྲེ་བར་གནས་ཤིང་ཆེ་བར་གསུངས།
།གཉིད་ལོག་བག་ཆགས་ལུས་འདི་ནི། །རྨི་ལམ་དུ་ནི་ཤེས་ཙམ་ན། །བག་ཆགས་སྒབ་འདྲེར་འབྲེང་བ་ཡིས། །རྨི་ལམ་སྦྱོང་བའི་དུས་ཙམ་ན། །ཡ་ང་བག་ཚ་བྱུང་བ་ཡིན། །བྱུང་བའི་དུས་ནི་འདི་ལྟར་བསམ། །སྡུག་བསྔལ་བསྐྱེད་པ་འབྱུང་བའི་ལུས། །མལ་ན་བཞག་ནས་ཡོད་པ་ཡིན། །འདི་ནི་ཡིད་ཀྱི་ལུས་ཡིན་ན། །འདི་ལ་འཇིགས་སུ་ཅི་ཞིག་ཡོད། །རང་སེམས་ཤར་བ་རང་གི་སེམས། །ཤེས་པའི་དུས་ན་འཇིགས་པ་མེད།
།གཞན་ཡང་སྒྱུ་མ་སྦྱང་བ་ནི། །འབྱུང་བ་ས་དང་ཕྲད་ཙམ་ན། །ཐོགས་རྔུག་མེད་པར་སྦྱང་བར་བྱ། །འབྱུང་བ་ཆུ་དང་ཕྲད་ཙམ་ན། །ཆུ་རུ་སྒོམ་ཞིང་ཆུ་རུ་སྤྲུལ། །འབྱུང་བ་མེ་དང་ཕྲད་ཙམ་ན། །མེ་རུ་བསམ་ཞིང་མེ་རུ་སྤྲུལ། །འབྱུང་བ་རླུང་དང་ཕྲད་ཙམ་ན། ཉམ་ང་མེད་པར་སྦྱང་བར་བྱ། །གཞན་ཡང་འདི་ལྟར་སྦྱང་བར་བྱ། །རིག་པ་ནམ་མཁར་སྤང་བསྟོད་ལ། །ཉི་ཟླའི་སྟེང་དུ་བསྒོམ་པར་བྱ།
།མདའ་ལྟར་འོག་ཏུ་འཕང་བྱས་ནས། །རྒྱ་མཚོའི་གཏིང་དུ་སྦྱངས་པར་བྱ། །གཞན་ཡང་འདུན་པ་སྔོན་བཏང་བས། །སུམ་ཅུ་རྩ་གསུམ་ནས་བཟུང་སྟེ། །འོག་མིན་མན་ཆད་བལྟ་བར་བྱ། །འདུན་པ་སྔོན་དུ་སོང་བ་ཡི། །བདེ་བ་ཅན་གྱི་ཞིང་ཁམས་སུ། །མཆོད་པ་རྒྱ་ཆེན་དབུལ་བར་བྱ། །འདུན་པ་བཏང་བའི་ཁྱད་པར་གྱིས། །རི་བོ་པོ་ཏ་ལ་ཡི་ཁར། །འཕགས་པ་ཐུགས་རྗེ་ཆེན་པོ་ལ། །ཞལ་ལྟ་གདམས་ངག་ཞུ་བར་བྱ། །རྒྱ་ཡི་རི་བོ་རྩེ་ལྔ་ལ། །འཕགས་པ་འཇམ་དཔལ་གཞོན་ནུ་ལ། །ཞལ་ལྟ་གདམས་ངག་ཞུ་བར་བྱ། །ལྕང་ལོ་ཅན་གྱི་གནས་མཆོག་ཏུ། །གསང་བདག་ཕྱག་ན་རྡོ་རྗེ་ལ། །ཞལ་ལྟ་གདམས་ངག་ཞུ་བར་བྱ། །རིགས་གསུམ་མགོན་པོའི་སྦྱོངས་ལུགས་ཡིན།
།ཡི་དམ་ལྷ་ལ་སྦྱང་བ་ནི། །ཐམས་ཅད་སེམས་ཀྱི་རྣམ་འཕྲུལ་ཡིན། །བཅོམ་ལྡན་དགྱེས་པ་རྡོ་རྗེ་ལ། །ལྷ་མོ་བརྒྱད་ཀྱི་འཁོར་གྱིས་བསྐོར། །དཀྱིལ་འཁོར་ཡོངས་སུ་རྫོགས་པ་ལ། །ཕྱི་ནང་གསང་བའི་མཆོདཔ་དབུལ། །རྒྱུད་སྡེ་བཞི་ཡི་གདམས་ངག་ཞུ། །འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱང་། །ཡི་དམ་ལྷ་རུ་བསྒོམ་པར་བྱ།
།བཅོམ་ལྡན་འཁོར་ལོ་བདེ་མཆོག་ནི། །ལྷ་མོ་ལྔའི་ལྷ་ཚོགས་ལ། །གཞལ་ཡས་དུར་ཁྲོད་རྒྱན་གྱིས་བརྒྱན། །ཕྱི་ནང་གསང་བའི་མཆོད་པས་མཆོད། །རྒྱུད་སྡེ་བཞི་ཡི་གདམས་ངག་ཞུ། །འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱང་། །ཡི་དམ་ལྷ་རུ་བསྒོམ་པར་བྱ། །སྣང་བ་ལྷ་རུ་བསྒྱུར་བཏུབ་ན། །བར་དོ་ཟིན་པར་བླ་མས་གསུང་། །རྨི་ལམ་འབྱོངས་པའི་དུས་ཙམ་ན། །སྣང་བ་རང་བཞིན་མེད་པ་སྟེ། །ཟུང་དུ་འཇུག་པ་སྒྱུ་མའི་སྐུ། །སྒྱུ་མའི་སྐུ་དེ་ཤེས་དུས་སུ། །ཐ་མལ་ལུས་སུ་ཁྱུར་གྱིས་འགྱུར། །འཁྲུལ་པའི་བག་ཆགས་ཡོད་པའི་རྟགས། །སྔར་གྱི་སྒབ་འདྲེ་འབྲེངས་པ་ཡིན། །གཉིད་སད་ནས་ནི་བསྲེ་བ་གཅེས།
།བསྲེ་བ་གསུམ་གྱི་གདམས་ངག་ནི། །ཉམས་མྱོང་བདེ་བའི་ཉམས་སུ་མྱོང་། །དཔེ་འི་སྒྱུ་མ་ཁ་ན་མཚོན། །དོན་གྱི་སྒྱུ་མ་གཏན་ལ་འབེབས།
།དེ་ལ་དཔེ་ཡི་སྒྱུ་མ་ནི། །ཉམས་མྱོང་དྲི་མ་མེད་པ་ལ། །རང་གི་བཞིན་ནི་བལྟ་བྱས་ནས། །དེ་ལ་བསྟོད་དང་སྨད་པའི་ཚིག །བསྟོད་པས་དགའ་བར་མི་བྱེད་ཅིང་། །སྨད་པས་མི་དགའ་མི་བྱེད་ན། །འཇིག་རྟེན་ཆོས་བརྒྱད་སྤོང་བ་ཡིན། །རྗེས་ཀྱི་སྒྱུ་མ་སྦྱངས་པ་ལས། །སྔར་གྱི་སྒབ་འདྲེ་གཅོད་པ་ཡིན། །མཉམ་བཞག་ཉིད་ཀྱི་དུས་ཙམ་ན། །བག་ཆགས་ཉིད་ལ་སྒྱུ་མའི་ཉམས། །ཤར་བའི་དུས་ན་འདི་ལྟར་སྦྱང་། །སྒྱུ་མ་ལྟ་བུའི་ཏིང་འཛིན་དང་། །དཔའ་བར་འགྲོ་བའི་ཏིང་འཛིན་དང་། །རྡོ་རྗེ་ལྟ་བུའི་ཏིང་འཛིན་ནོ། །ཡིད་ཀྱི་ལུས་ལ་སྒྱུ་མའི་སྐུ། །སྡུག་བསྔལ་ཀུན་དང་བྲལ་བ་ཡིན། །དེ་ནི་སྒྱུ་མའི་ཏིང་འཛིན་ནོ། །དཔེར་ན་མེ་ལོང་གཟུགས་བརྙན་འདྲ།
།དཔའ་བར་འགྲོ་བའི་ཏིང་འཛིན་ནི། །ཕར་ལ་དངོས་པོར་འཛིན་པ་འཇོམས། །ཚུར་ལ་གཞན་གྱིས་འཇོམས་མི་ནུས། །དཔེར་ན་རྡོ་རྗེ་ཕ་ལམ་འདྲ།
།རྡོ་རྗེ་ལྟ་བུའི་ཏིང་འཛིན་ནི། །རང་བཞིན་སྐྱེ་བ་མེད་པ་ལ། །མཚན་ཉིད་འགག་པ་མེད་པར་ཤར། །གཉིས་སུ་མེད་པ་རྡོ་རྗེའི་སྐུ། །སྐྱོན་མེད་ནམ་མཁའ་ལྟ་བུའོ། །གཞན་ཡང་འདི་ལྟར་ཤེས་པར་བྱ། །སྒྱུ་མ་མཚན་ཉིད་གསུམ་ལྡན་ཏེ།
།ཡན་ལག་ཉིང་ལག་རྫོགས་པ་ནི། །མེ་ལོང་ནང་གི་གཟུགས་བརྙན་བཞིན། །སྤྱོད་ཡུལ་ཀུན་ལ་ཁྱབ་པ་ཡིན། །ཆུ་བོའི་ནང་གི་ཟླ་བ་བཞིན། །སྔགས་ཀྱི་ཞི་བ་ལ་སོགས་པ།
།སོ་སོ་དག་ཏུ་གྲུབ་པ་ནི། །ནམ་མཁའ་ལ་ནི་འཇའ་ཚོན་འདྲ། །གཞན་ཡང་འདི་ལྟར་ཤེས་པར་བྱ།
།རང་གི་རྒྱུད་ཀྱིས་བསྡུས་པ་ནི། །རྨི་ལམ་སྒྱུ་མར་ཤེས་ཙ་ན། །གདོན་གྱི་ཆོ་འཕྲུལ་ཅི་འབྱུང་ཡང་། །ཤེས་པ་ཙམ་གྱིས་འཇིགས་པ་ཡིན། །གཞན་ལ་གནོད་པ་མི་འོང་ངོ་།
།གཞན་གྱི་རྒྱུད་ཀྱིས་བསྡུས་པ་ནི། །རྨི་ལམ་དུས་ན་ཆོ་འཕྲུལ་དུ། །རྨི་ལམ་ཆོ་འཕྲུལ་བསྟན་པ་ལས། །ཤེས་ཀྱང་འཇིགས་པར་མི་འགྱུར་ཏེ།
།རྣལ་འབྱོར་པ་ཡིས་སྟོབས་ཀྱིས་ནི། །གདོན་སྟོབས་ཟིལ་གྱིས་གནོན་པ་དང་། །སྟོབས་ནི་དབང་དུ་འདུས་པར་འགྱུར།
།ལས་ངན་བསགས་པའི་སྟོབས་ཀྱི་ནི། །གཞན་ལ་གནོད་པ་བྱེད་པར་འགྱུར། །མཉམ་བཞག་ཉིད་ཀྱི་སྒྱུ་མ་དང་། །རྗེས་ཤེས་སྣང་བའི་སྒྱུ་མ་གཉིས། །དཔེ་འི་མཚོན་པའི་སྒྱུ་མ་གསུམ། །རྣལ་འབྱོར་རྒྱུད་ལ་ཤར་བ་ཡི། །བྱར་ཆད་བགེགས་ལ་ཉམ་ང་མེད། །གདོན་གྱི་གནོད་པ་གང་ཤར་ཀྱང་། །སྒྱུ་མར་ཤེས་པའི་ཉམས་མྱོང་གིས། །ཐམས་ཅད་རང་ཞིར་འགྲོ་བ་ཡིན། །རྣལ་འབྱོར་པ་ཡི་སྣང་བ་ལ། །ཤ་ཟ་ལ་སོགས་འཇིགས་པའི་གཟུགས། །མཚོན་ཆ་སྣ་ཚོགས་ལག་ན་ཐོགས། །འགལ་བར་འདུག་ཀྱང་ལམ་དུ་སློངས།
།ལྷ་མོ་མཛེས་མ་རྒྱན་གྱིས་བརྒྱན། །གླུ་ལེན་སྙན་པའི་སྒྲ་སྒྲོགས་ཤིང་། །ཡིད་འོང་མང་པོས་མཐའ་སྐོར་ཡང་། །རང་སྣང་སྒྱུ་མར་ཆོད་ཙ་ན། །དེ་དག་གིས་ཀྱང་འཆིང་མི་ནུས།
།བྲམ་ཟེ་ཆེན་པོས་འདི་སྐད་གསུངས།

།སྔ་ན་མེད་པའི་སྒེག་མོ་དང་ཕྲད་ན། །ཉལ་བའི་སེམས་ནི་གཞི་མེད་ལ་རྟེན་ནས། །རང་གི་སེམས་དང་ཐ་དད་མ་བལྟ་ཅིག །དེ་ཚེ་སངས་རྒྱུས་ལག་ཏུ་གཏོད་པ་ཡིན།
།གཞན་ཡང་འདི་ལྟར་ཤེས་པར་བྱ། །སྒྱུ་མའི་མཁན་པོ་རྣམ་གསུམ་ལས། །སྐྱེ་བོ་མང་པོ་འདུག་པའི་དབུས། །སྒྱུ་མའི་གླང་པོ་སྤྲུལ་པ་ལས། །འཇིགས་དང་སྔངས་དང་སྐྲག་པར་ནུས།
།སྒྱུ་མའི་མཁན་པོ་གཅིག་གིས་ནི། །སྒྱུ་མའི་གླང་པོ་ཙམ་དུ་སྣང་། །གཅིག་ལ་སྣང་བ་ཙམ་ཡང་མེད། །དེ་བཞིན་ཤེས་པ་ཁ་ཚོན་གསུམ། །གླང་པོར་བདེན་པར་འཛིན་པའི་དུས། །ལོགས་པར་ཤེས་པའི་ཤེས་རབ་ཡིན། །སྒྱུ་མ་ཙམ་དུ་འཛིན་པའི་དུས། །ཀུན་རྫོབ་ཤེས་པའི་ཤེས་རབ་ཡིན། །སྣང་བ་ཙམ་ཡང་མེད་པའི་ཚེ། །སྒྱུ་མ་འོད་གསལ་ཚུད་པའི་དུས།
།སློབ་དཔོན་ཟླ་གྲགས་འདི་སྐད་གསུངས།

།ཐབས་སུ་གྱུར་པ་ཀུན་རྫོབ་བདེན་པ་དང་། །ཐབས་བྱུང་གྱུར་པ་དོན་དམ་བདེན་པ་སྟེ། །གཉིས་པོ་དབྱེ་བ་གང་ཡིན་མི་ཤེས་པས། །དེ་དག་ལོག་པར་རྟོག་པས་ངན་འགྲོར་འགྲོ།
།གཞན་ཡང་འདི་ལྟར་ཤེས་པར་བྱ། །དྲན་ཡུལ་དང་ནི་སྣང་ཡུལ་གཉིས། །དབུ་མའི་ལུགས་ཀྱི་འདི་ལྟར་འདོད། །གཉིད་ལོག་པ་འི་རྨི་ལམ་དེ། །ཕྲས་ཏེ་སད་པའི་དུས་ཙམ་ན། །དྲན་པའི་ཡུལ་དུ་ཝ་ལེ་བ། །དེ་དང་ད་ལྟར་སྣང་བ་གཉིས། །མཉམ་པ་ཉིད་དུ་སྙམ་པ་ལས། །རྣལ་འབྱོར་ཆེན་པོའི་དགོངས་པ་ཡིན། །དེ་ཡི་མཉམ་པར་འགྱུར་བ་མེད། །དྲན་པའི་ཡུལ་ན་སྣང་བ་མེད། །སྔ་ཕྱི་གཉིས་སུ་སོང་བ་ཡིན། །རྨི་ལམ་གསལ་པོ་རྨི་དུས་སུ། །སྒྱུ་མ་ལྟ་བུར་ཤེས་ཙམ་ན། །སྣང་ཡུལ་མ་འགགས་དྲན་ཡུལ་གསལ། །སྣང་བ་དང་ནི་དྲན་པ་གཉིས། །གཉིས་སུ་མེད་པའི་སྒྱུ་མ་ཡིན། །དེ་ནི་སྔགས་ཀྱི་བསྒོམ་ལུགས་ཡིན། །ཤེས་རབ་ཕ་རོལ་ཕྱིན་པ་ནས། །ཆོས་རྣམས་སྒྱུ་མ་རྨི་ལམ་དང་། །སངས་རྒྱས་སྒྱུ་མ་རྨི་ལམ་དང་། །དེ་ལས་ལྷག་པའི་ཆོས་གཞན་ཞིག །ཡོད་ནའང་སྒྱུ་མ་རྨི་ལམ་མོ། །འགྲོ་ཀུན་སྤྲུལ་པ་དང་འདྲ་བར། །ཤེས་པ་དེ་ལ་འཇིགས་པ་མེད། །རྨི་ལམ་ཤེས་པའི་གང་ཟག་དེས། །སྣ་ཚོགས་རྨི་ལམ་ཤར་བ་ལ། །ཉམ་ང་བག་ཚ་འཇིགས་པ་མེད། །གཉིད་སད་པ་འི་སྣང་བ་ལ། །དཀར་དམར་སྣ་ཚོགས་ཤར་བ་དང་། །རྨི་ལམ་དང་འདྲ་ཉམ་ང་མེད།
།ཉམ་ང་བག་ཚ་བྲལ་བ་ནི། །རྨི་ལམ་འབྱོངས་པའི་རྟགས་ཡིན་ནོ།
།དེ་ཡང་རྒྱུད་ནས་འདི་སྐད་གསུངས།

།སྒྱུ་ཤེས་བསླུ་བ་མེད་པ་བཞིན། །ཡ་མི་ང་དང་བག་མི་ཚ། །དེ་ཡི་ཕན་ཡོན་བསྟན་པ་ནི།
།དེ་ལ་དུག་དང་མེ་དང་ཆུས་མི་ཚུགས། །བདུད་དང་བདུད་ཀྱི་ཕྱོགས་ཀྱིས་བླགས་མི་རྙེད།
།རྨི་ལམ་འབྱོངས་པའི་གང་ཟག་དེ། །ས་བཅུའི་བྱང་ཆུབ་སེམས་དཔའ་དང་། །ཁྱད་པར་མེད་པར་གསུངས་པ་ཡིན། །ས་བཅུའི་བྱང་ཆུབ་སེམས་དཔའ་དེ། །ལུས་ནི་གཞོན་ནུའི་འོད་ཀྱི་ལུས། །ཤེས་བྱའི་སྒྲིབ་པ་རྐང་སྤྲི་ལ། །ཅི་བཞིན་དུ་ནི་གནས་པ་ཡིན། །དེ་སྤོང་པ་ཡི་ཐབས་ལ་འདིར། །རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། །ཤེས་བྱའི་སྒྲིབ་པ་སྤོང་བའི་མཆོག །ཆོས་སྐུ་མངོན་དུ་བྱེད་པ་ཡིན། །སྒྱུ་མ་འབྱོངས་པའི་གང་ཟག་དེ། །རགས་པ་ཉོན་མོངས་སྒྲིབ་པ་མེད། །སྒྱུ་ལུས་སྦྱངས་པས་སྒྲིབ་པ་ཟད། །སྒྱུ་མ་ཙམ་གྱི་འཛིན་པ་ལ། །དྭངས་མ་ལྔ་འདུས་འོད་ཀྱི་ལུས། འོད་གསལ་ཉམས་སུ་བླངས་པ་ཡི། ཤེས་བྱའི་སྒྲིབ་པ་སྤོང་བར་བྱེད། །ལུས་དང་སྒྲིབ་པ་རྟོགས་པར་མཉམ། །དེས་ན་ཐབ་ཀྱི་ཁྱད་པར་འཕགས། །སྒྱུ་མ་རྟོགས་པའི་གང་ཟག་དེ། །རྣམ་ཐར་གསུམ་ལ་ལོངས་སྤྱོད་བྱེད། །དང་པོ་རྣམ་ཐར་སྐྱེ་བ་མེད། །བར་དུ་རྣམ་ཐར་མཚན་མ་མེད། །ཐ་མར་རྣམ་ཐར་སྨོན་པ་མེད། །སྒྱུ་མར་རྟོགས་པའི་གང་ཟག་གིས། །གཉིས་སུ་མེད་པའི་རྩ་བྲལ་དོན། །བཏགས་པས་སྐྱེ་བ་མེད་པ་ལ། །སྐྱོན་མེད་རྣམ་པར་ཐར་པའི་སྒོ། །ཉོན་མོངས་ཤར་བའི་དཀར་དམར་ལ། །སྒྱུ་མ་ཙམ་ལས་མ་གཏོགས་པའི། །ཡང་དག་གྲུབ་པ་ཅི་ཡང་མེད། །རྣམ་ཐར་མཚན་མ་མེད་པའི་སྒོ། །དབྱིངས་དང་ཡེ་ཤེས་གཉིས་མེད་ལ། །ཕྱི་རོལ་དུ་ནི་གྲུབ་པ་མེད། །རྣམ་ཐར་སྨོན་པ་མེད་པའི་སྒོ། །རྣམ་ཐར་གསུམ་གྱི་སྦྱང་ལུགས་ཡིན། །ཕ་རོལ་ཕྱིན་དྲུག་རྣམ་གཉིས་ལ། །རྣལ་འབྱོར་པ་ཡི་འདི་ལྟར་སྦྱང་། །རྨི་ལམ་ཟིན་པའི་དུས་ཙམ་ན། །རང་སྣང་ཡིན་པར་ཤེས་པར་བྱ། །བག་ཆགས་ལུས་ཀྱི་སྣང་བ་འདི། །མགོ་ལ་སོགས་པའི་ཡན་ལག་རྣམས། །ཉམ་ང་མེད་པར་སྦྱིན་པར་བཏང་། །རང་སྣང་ཡིན་པས་སྣང་བ་འདི། །ཅིར་སྣང་བསྒྱུར་དུ་བཏུབ་པ་ཡིན། །འགྲོ་བའི་དོན་རྣམས་བྱེད་པ་དེ། །སྦྱིན་པའི་ཕ་རོལ་ཕྱིན་པ་ཡིན། །སྔར་གོམས་བག་ཆགས་ཉོན་མོངས་འདི། །སྒྱུ་མ་ལྟ་བུར་རྟོགས་ཙམ་ན། །གཞན་ལ་ཕན་པ་མ་གཏོགས་པ། །གནོད་པ་གཞི་དང་བཅས་པ་བྲལ། །དེ་ནི་ཚུལ་ཁྲིམས་ཕ་རོལ་ཕྱིན། །རང་སྣང་སྒྱུ་མར་སྦྱོར་ཙམ་ན། །འཁྲུལ་པའི་ཤེས་པ་ཚུར་ལོག་སྟེ། །དེ་དུས་རིག་པའི་ཤེས་པ་མེད། །གཉིད་དེ་ཕྲས་ཀྱི་སད་ཙམ་ན། །སྒྱུ་མའི་དོན་ལ་མི་སྤྱོད་པར། །འཁྲུལ་པའི་དོན་ལ་འབྲངས་པ་ཁྱོ། །ཨ་ན་ལས་ངན་སྡིག་པོ་ཆེ། །འཁྲུལ་པའི་རྩ་བ་རང་གི་སེམས། །རང་སེམས་རྩ་བ་ཆོད་པ་ན། །བཟུང་འཛིན་གཉིས་ཀྱི་འཁྲུལ་པ་ལོག །དེ་ལྟར་དཀའ་བ་སྤྱོད་པ་ལ། །སྡུག་བསྔལ་ཇི་སྙེད་བྱུང་བ་རྣམས། །བཟོད་པའི་ཕྱིར་ན་བཟོད་པ་ཡིན། །རང་སྣང་སྒྱུ་མའི་རང་བཞིན་ལ། །གོམས་ཤིང་འབྱོངས་པའི་དུས་ཚོད་ན། །རྡོ་རྗེ་གདན་སོགས་ལྷ་གནས་སུ། །བལྟ་ཞིང་སྦྱོད་པར་བྱེད་པའོ། །འོག་མིན་ལ་སོགས་ཞིང་དག་པར། །ལོངས་སྐུ་ལ་སོགས་སངས་རྒྱས་ལ།
།མཆོད་པ་རྒྱ་ཆེན་འབུལ་བ་ནི། །རང་གི་རིག་པས་དཔྱད་བྱས་ལ། །ཅི་བདེ་བར་ནི་སྦྱོང་བ་ཡིན། །དེ་ལྟར་སྦྱོང་པའི་དུས་དག་ན། །སྤྲོ་དང་དགའ་བ་བྱེད་པ་དེ། །བརྩོན་འགྲུས་ཕ་རོལ་ཕྱིན་པ་ཡིན། །ཐམས་ཅད་སྒྱུ་མའི་རང་བཞིན་ལ། །ཡིད་ཀྱི་བསམ་པས་ཝལ་གྱིས་ཤར། །སྒྱུ་མའི་དོན་ལ་བསྟན་པ་དེ། །བསམ་གཏན་ཕ་རོལ་ཕྱིན་པ་ཡིན། །དེ་ལྟར་སྣང་གྲགས་ཆོས་རྣམས་ཀུན། །སྒྱུ་མ་ལྟ་བུར་གནས་པ་ལ། །སྒྲ་མ་ལྟ་བུར་གོ་བ་དེ། །བཟུང་འཛིན་གཉིས་ཀྱི་ཕ་རོལ་ཕྱིན། །ཤེས་རབ་ཕ་རོལ་ཕྱིན་པ་ཡིན།
།ཕྱི་ཡི་ཕ་རོལ་ཕྱིན་དྲུག་ནི། །འགྲོ་དྲུག་སེམས་ཅན་ཐམས་ཅད་ནི། །ཕ་མ་དྲིན་ཅན་ལྟ་བུ་ཡིན། །བརྩེ་བའི་སེམས་ཀྱིས་བསྐྱངས་པ་ཡིན། །བྱམས་པའི་མིག་གིས་བལྟས་པ་ཡིན། །སྡུག་བསྔལ་རྣམ་ལས་སྐྱབས་པ་ཡིན། །ལོངས་སྤྱོད་ཅི་ཡོད་བྱིན་པ་ཡིན། །དེ་ལྟ་བུ་འི་མ་དེ་དང་། །འགྲོ་དྲུག་སེམས་ཅན་མཉམ་པ་ཡིན། །ཚེ་རྗེས་ལུས་ནི་འཕོས་པ་ཡིན། །མ་དྲན་མི་གསལ་གྱུར་པ་ཡིན།
།འགྲོ་དྲུག་སེམས་ཅན་ཐམས་ཅད་ནི། །གནས་ནི་འཁོར་བའི་ནང་ན་གནས། །དཀོན་མཆོག་མཆོད་ཅིང་དྲིན་ཅན་གྱི། །བླ་མ་རྣམས་ལ་བསྙེན་བསྐུར་བྱ། །དམན་པ་རྣམས་ལ་སྦྱིན་གཏོང་བྱ།
།རྒྱུད་ཚོད་མཐུན་པ་རྣམས་ལ་ནི། །དམ་པ་ཆོས་ཀྱི་སྦྱིན་པ་བཏང་། །ཆུ་ལ་གྲུ་གཟིངས་ཟམ་པ་འཛུག །ལམ་འཕྲང་སེལ་དང་ཉེའུ་འདོན་བྱ། །སྙིང་རྗེཆེན་པོའི་བསམ་པ་བྱ། །སྒྱུ་མར་ཤེས་པས་ཞེན་པ་མེད། །འདི་ནི་སྦྱིན་པའི་ཕ་རོལ་ཕྱིན། །འགྲོ་དྲུག་སེམས་ཅན་ཐམས་ཅད་ལ། །ཕན་པའི་སྤྱོད་པ་མ་གཏོགས་པ། །གནོད་པ་བཞི་དང་བཅས་པ་སྤངས། །སྒྱུ་མར་ཤེས་པས་ཆགས་དང་བྲལ། །འདི་ནི་ཚུལ་ཁྲི་མས་ཕ་རོལ་ཕྱིན། །མ་རྣམས་དོན་དུ་བྱང་ཆུབ་སེམས། །སྦྱོང་བར་བྱེད་པའི་དུས་ཙམ་ན། །ཆགས་སྡང་སྐྱེ་བའི་ཉོན་མོངས་ཀྱིས། །ཡིད་ནི་འཁྲུལ་པར་མི་ནུས་ཤིང་། །བྱང་སེམས་སྒྱུ་མ་ལྟ་བུར་སྦྱོངས། །དེ་ནི་བཟོད་པའི་ཕ་རོལ་ཕྱིན། །དེ་ལྟར་གནས་པའི་ཆོས་རྣམས་ལ། །སེམས་ལས་བྱུང་བའི་ཤེས་རབ་ཀྱིས། །རྒྱུ་རྐྱེན་ཕུན་སུམ་ཚོགས་པ་ལས། །ངེས་ཤེས་བསྐྱེད་ནས་བརྩོན་འགྲུས་བསྐྱོད། །འབྲས་བུ་གང་འདོད་སྒྲུབ་པ་དེ། །བརྩོན་འགྲུས་ཕ་རོལ་ཕྱིན་པ་ཡིན། །སྣང་སྲིད་འཁོར་འདས་ཐམས་ཅད་ཀྱིས། །རད་བཞིན་སྐྱེ་བ་མེད་པར་གནས། །འགག་མེད་སྒྱུ་མ་ལྟ་བུར་ཤར། །གཉིས་སུ་མེད་པ་ཟུང་དུ་འཇུག
།དེ་ཡི་ངང་ལ་འཇོག་པ་ནི། །བསམ་གཏན་ཕ་རོལ་ཕྱིན་པ་ཡིན། །དེ་ལྟར་ཤེས་པའི་རྣལ་འབྱོར་པས། །ཆོས་རྣམས་ཀུན་ལ་སྦྱངས་པ་ཡིན། །ཚིག་གིས་མཚོན་དུ་མེད་པ་ཡིན། །ཆོས་ཉིད་བློ་ལས་འདས་པ་ཡིན། །དེ་ལྟར་རྟོགས་ན་ཤེས་རབ་ཀྱིས། །ཕར་ཕྱིན་ཡིན་པར་བཤད་པ་ཡིན། །གཞན་ཡང་འདི་ལྟར་ཤེས་པར་བྱ། །ཕྱག་རྒྱ་བཞི་ལ་ཕྱི་ནང་གཉིས།
།ནང་གི་ཕྱག་རྒྱ་སྦྱངས་ཐབས་ནི། །འཁྲུལ་པའི་གཉིད་ཀྱི་དུས་ཙམ་ན། །བག་ཆགས་རྨི་ལམ་ཤར་བའི་དུས། །རྨི་ལམ་ཤེས་པས་སྒྱུ་མར་རྟོགས། །ཡིད་ཀྱི་ལུས་སུ་གྲུབ་ཙམ་ན། །སྒྱུ་མར་རྟོགས་པའི་དམ་ཚིག་ཡིན། །བག་ཆགས་ལུས་ལ་སྒྱུ་མའི་རྒྱ། །ཐེབས་པས་དམ་ཚིག་ཕྱག་རྒྱ་ཡིན།
།ལས་ཀྱི་ཕྱག་རྒྱ་བསྟན་པ་ནི། །ཡ་གི་རྫོགས་པའི་སངས་རྒྱས་ནས། །འཇག་མིག་སྲིན་བུ་ཡན་ཆད་དུ། །སྒྱུ་མའི་བཙལ་ནི་སྦྱངས་པ་ལས། །བཟུང་འཛིན་འབྲེལ་ཐག་ཆོད་པ་དང་། །རང་སྣང་སྒྱུ་མར་འབྱོངས་ཙམ་ན། །ཡོན་ཏན་ཐམས་ཅད་བསྐྱེད་པའི་གཞི།
།ལས་རྣམས་ཐམས་ཅད་བྱེད་པས་ནི། །ལས་ཀྱི་ཕྱག་རྒྱ་ཞེས་སུ་བཤད།
།ཆོས་ཀྱི་ཕྱག་རྒྱའི་ངོ་བོ་ནི། །རྨི་ལམ་འོད་གསལ་ཚུད་ཙམ་ན། །སྟོང་གསལ་བདེ་བའི་ཉམས་མྱོང་ཅན། །རང་གི་རིག་པ་དེ་ལྟར་ཤར། །ནཱ་རོ་ཆེན་པོའི་ཞལ་ནས་ཀྱང་། །བདེ་དང་གསལ་དང་མི་རྟོག་གསུམ། །ལྷན་ཅིག་སྐྱེས་པའི་མཚན་ཉིད་ཡིན། །དེ་ནི་ཆོས་ཀྱི་ཕྱག་རྒྱ་ཡིན།
།ཕྱག་རྒྱ་ཆེན་པོ་བསྟན་པ་ནི། །བདེ་དང་གསལ་དང་མི་རྟོག་པ། །སྒྱུ་མའི་ལུས་དང་ལྡན་པ་ལ། །དེ་རྣམས་དབྱེར་མེད་ཟུང་འཇུག་པས། །ཕྱག་རྒྱ་ཆེན་པོ་ཞེས་སུ་བསྟན། །ཕྱི་ཡི་དམ་ཚིག་ཕྱག་རྒྱ་བཞི། །འགྲོ་དྲུག་སེམས་ཅན་ཐམས་ཅད་ལ། །རང་བཞིན་སྐྱེ་མེད་རྒྱ་ཡི་ཐེབས། །མཚན་ཉིད་སྒྱུ་མ་ལྟ་བུར་ཤར། །གཞན་ཕན་སྙིང་པོ་ཕྱོགས་རིས་མེད། །དེ་ནི་དམ་ཚིག་ཕྱག་རྒྱ་ཡིན།
།ལས་ཀྱི་ཕྱག་རྒྱའི་དམ་ཚིག་ནི། །ཡི་དམ་ལྷ་ལ་བརྟེན་བྱས་ནས། །སྒྱུ་མ་ལྟ་བུར་སྦྱངས་པ་དང་། །འགྲོ་ལ་གང་ཕན་སྤྱད་པར་བྱ། །རང་གེ་ཉམས་མྱོང་སྤེལ་བའི་ཕྱིར། །གང་ཕན་སྤྱོད་པ་བྱེད་པ་དེ། དེ་ནི་ལས་ཀྱི་ཕྱག་རྒྱ་ཡིབ།
།ཆོས་ཀྱི་ཕྱག་རྒྱ་བསྟན་པ་ནི། །ཆོས་རྣམས་སེམས་སུ་ཤེས་པ་དང་། །སེམས་ཉིད་སྟོང་པར་རྟོགས་པ་དང་། །སེམས་ཉིད་བདེ་གསལ་ཤར་བ་གསུམ། །བཟུང་འཛིན་རྣམ་རྟོག་གཅོད་པའི་ཐབས། །དེ་ནི་ཆོས་ཀྱི་ཕྱག་རྒྱ་ཡིན།
།ཕྱག་རྒྱ་ཆེན་པོའི་ངོ་བོ་ནི། །མ་བཅོས་རང་བཞིན་ལྷུན་གྱིས་གྲུབ། །སྐྱེ་འགགས་མེད་པའི་ངང་དུ་གནས། །མགོན་པོ་བྱམས་པའི་ཞལ་ནས་ཀྱང་། །ལྷུན་གྱིས་གྲུབ་ཅིང་ཆགས་མི་མངའ། །ཐོགས་པ་མི་མངའ་རྟག་པར་ཡང་། །མཉམ་པར་འཇོག་ཅིང་འདྲི་ཀུན་གྱིས། །ལན་འདོན་ཁྱོད་ལ་ཕྱག་འཚལ་ལོ། །དགའ་བ་བཞི་ལ་ཕྱི་ནང་གཉིས།
།དེ་ལ་ནང་གི་དགའ་བ་ནི། །གཏི་མུག་གཉིད་ལ་བག་ཆགས་ལུས། །བླ་མའི་གདམས་པས་འཚམས་སྦྱར་བས། །རྨི་ལམ་དུས་ན་སྒྱུ་མར་ཤེས། །འཁྲུལ་པའི་སྣང་བ་ཞིག་ཙམ་ན། །མེ་དང་ཆུ་དང་གཡང་ལ་སོགས། །སྡུག་བསྔལ་བྲལ་ནས་དགའ་བ་བསྐྱེད། །རང་རིག་སྒྱུ་མར་ཤར་བ་དང་། །ཉམ་ང་བག་ཚ་ཟད་ཙམ་ན། །དེ་ནི་མཆོག་ཏུ་དགའ་བ་ཡིན། །སྒྱུ་མའི་སྐུ་ལ་བདེ་བའི་ཉམས། །རང་བཞིན་སྟོང་པར་རྟོགས་ཙམ་ན། །དེ་ནི་ལྷན་སྐྱེས་དགའ་བ་ཡིན། །སྒྱུ་མ་འཛིན་པ་ནུབ་པ་དང་། །ཆོས་ཉིད་འོད་གསལ་ཤར་ཙམ་ན། །སྒྱུ་མ་ཙམ་དུ་འཛིན་པ་ཡི། །བཟང་རྟོག་ནུབ་པ་དགའ་བྲལ་ཡིན། །ཕྱི་ཡི་དགའ་བ་བཞི་དག་ལ། །འཁོར་བའི་ཆོས་ཀྱི་རྒྱུ་འབྲས་ལ། །ཡིད་ཆེས་སྐྱེས་པ་དགའ་བ་ཡིན། །ཉམས་མྱོང་གོམས་པའི་ཕན་ཡོན་གྱིས། །སྒྱུ་མར་རྟོགས་པ་མཆོག་དགའ་ཡིན། །སྒྱུ་མ་ཙམ་ལ་བརྟེན་བྱས་ནས། །སེམས་ཉིད་བཏན་ལ་ཕེབས་པ་ཡི། །བདེ་གསལ་སྐྱེས་པ་ལྷན་སྐྱེས་ཡིན། །ཐམས་ཅད་སྒྱུ་མའི་རང་བཞིན་ལས།
།མ་འདས་པར་ནི་གནས་པ་ནི། །གཉིས་མེད་བདེ་བ་ཆེན་པོའི་སྐུ། །ཕྱག་རྒྱ་ཆེན་པོར་བཏགས་པ་ཡིན། །གཞན་ཡང་འདི་ལྟར་ཤེས་པར་བྱ།
།བསྐྱེད་རྫོགས་གཉིས་ལ་སྦྱང་བ་ནི། །མཉམ་བཞག་དང་ནི་རྗེས་ཤེས་སོ། །མཉམ་བཞག་གཉིད་ཀྱི་དུས་སུ་ཡང་། །རྨི་ལམ་ཤེས་པ་ཡིད་ཀྱི་ལུས། །རང་སྣང་གོམས་པར་སྦྱངས་པ་ལས། །ཅིར་སྣང་བསྒྱུར་དུ་བཏུབ་པ་ཡིན། །ཡིད་ཀྱིས་ལྷའི་སྐུ་བསྒོམས་པས། །དེ་ཡི་ལུས་ནི་ཤ་ཁྲག་མེད། །འཇའ་ཚོན་ལྟ་བུ་ལྷ་འི་སྐུ། །ཤིན་ཏུ་གསལ་བར་འབྱུང་བ་ཡིན། །རྣམ་པར་སྣང་མཛད་རྒྱུད་ནས་ཀྱང་། །ཡིད་ཀྱི་དཀྱིལ་འཁོར་བསྒོམས་ནས་ཀྱང་།
།རིམས་ནད་ཅན་ལ་བཞག་ནས་ནི། །དེ་འི་མདོ་ལ་སྐྱེ་བ་ནི། །རིམས་ལས་ཐར་འགྱུར་དོགས་པ་མེད། །ཡིད་མེད་པ་རུ་དཀྱིལ་འཁོར་མེད། །ཡིད་དང་དཀྱིལ་འཁོར་ཐ་དད་མེད། །ལྷ་རུ་བསྒྱུར་དུ་གཏུབ་ཙམ་ན།
།ནཱ་རོ་ཆེན་པོས་འདི་སྐད་གསུངས།

།བར་དོ་ཟིན་པར་ཐེ་ཚོམ་མེད། །ལྷ་དེ་སྤེལ་བར་བྱ་བ་ནི། །ཡིད་ཀྱི་ལུས་སུ་ཅི་མཐོང་བ། །ཐམས་ཅད་ཡི་དམ་ལྷ་རུ་བསྒོམས། །མཆོད་པ་འབུལ་ཞིང་གསོལ་བ་གདབ། །བར་ཆད་བགེགས་མེད་ཚོགས་རྣམས་རྫོགས།
།རང་ཉིད་ཡི་དམ་ལྷ་རུ་བསྒྱུར་ནས་ནི། །རང་སྣང་སྒྱུ་མར་འབྱོངས་ཙམ་ན། །ལོངས་སྐུའི་ཆ་མཐུན་བསྐྱེད་པ་ཡིན། །ས་བཅུའི་བྱང་ཆུབ་སེམས་དཔའ་དང་། །ཁྱད་པར་མེད་པ་ཡིན་ནོ་གསུངས། །མཉམ་བཞག་ཉིད་ཀྱི་དུས་ན་འོང་།
།རྗེས་ཤེས་སད་པའི་དུས་ན་ནི། །ཕྱི་སྣོད་རིན་ཆེན་གཞལ་ཡས་ལ། །ནང་བཅུད་ལྷ་དང་ལྷ་མོའི་འཁོར། །རང་སེམས་ཧེ་རུ་ཀ་འི་སྐུ། །སྣང་ལ་རང་བཞིན་མེད་པ་ཡི། །མེ་ལོང་ནང་གི་གཟུགས་བརྙན་ནམ། །ཆུ་ཟླ་དང་ནི་འཇའ་ཚོན་བཞིན། །གསལ་ལ་རྟོག་པ་མེད་པར་བསྒོམ། །འགྲོ་དང་འཆག་དང་འདུག་པ་དང་། །སྤྱོད་ལམ་བཞི་རུ་མ་ཡེངས་བསྒོམ། །དེ་ལྟར་རྒྱུན་དུ་བསྒོམས་པ་ཡིས། །གཉིད་ལོག་རྨི་ལམ་དུས་ཙམ་ན། །ཡིད་ནི་ལྷ་རུ་བསྒྱུར་བ་བྱ། །མངོན་ཤེས་རྫུ་འཕྲུལ་ཤུགས་ཀྱིས་འབྱུང་། །ལུས་ཀྱི་མོ་དང་བསྒྱུར་བར་ནུས། །དེ་ལྟར་མཉམ་བཞག་རྗེས་ཐོབ་གཉིས།
།ཟུང་འཇུག་ཚུལ་དུ་བསྒོམ་ནས་ནི། །ས་ལམ་ལ་སོགས་རིམས་ཀྱིས་བགྲོད། །བསྐྱེད་རྫོགས་གཉིས་ཀྱི་སྦྱོང་ལུགས་ཡིན། །ཡང་ན་ཤེས་རབ་གསུམ་ལ་སྦྱང་། །བརྒྱུད་ལྡན་བླ་མ་དམ་པ་ལ། །སྙན་བརྒྱུད་ཞལ་གྱི་གདམས་པ་ཞུ། །སྣང་སྲིད་འཁོར་འདས་ཐམས་ཅད་ཀྱང་། །སྒྱུ་མ་ལྟ་བུར་གཏན་ལ་དབབ། །མན་ངག་གནད་ཀྱི་བཅུད་ལ་བོར། །དེ་ནི་ཐོས་པའི་ཤེས་རབ་ཡིན། །དུས་དང་ལུས་དང་དམིགས་པ་གསུམ། །དེ་གསུམ་གནད་དུ་ཆེ་བ་ཡིན། །སློབ་དཔོན་ཀླུ་སྒྲུབ་བཞེད་པ་ཡིས། །ལུས་གནད་སེང་གེའི་ཉལ་ཐབས་བྱ། །དམིགས་པའི་གནད་ནི་མགྲིན་པ་རུ། །པདྨ་འདབ་མ་བཞི་པ་ལ། །ཡིག་འབྲུ་རྣམས་ནི་དགོད་པ་ཡིན། །དུས་ཀྱི་གནད་ནི་ཐོ་རངས་སོ། །དེ་ལ་ཡེ་ཤེས་འཆར་བར་འདོད།
།ལ་བ་པ་ཡི་བཞེད་པ་ནི། །ལུས་ཀྱི་གནད་ནི་ཙོག་པུར་བྱ།
།དམིགས་གནད་སྙིང་གི་དཀྱིལ་དུ་ནི། །མར་མེ་རྩེ་སོར་བཞི་པ་བསྒོམ། །ཡེ་ཤེས་འཆར་བར་བྱེད་པ་ཡིན།
།བསྐལ་བ་བཟང་མོའི་བཞེད་པ་ནི། །ལུས་ནི་བདེ་བར་གནས་པ་ལས། །སྨིན་ཕྲག་ཏུ་ནི་ཐིག་ལེ་གཅིག །དཀར་ལ་འཚེར་བར་བསྒོམ་པར་བྱ། །དེ་ལ་ཡེ་ཤེས་འཆར་བར་འདོད། །དེ་རྣམས་བསམ་པའི་ཤེས་རབ་སོ། །རྨི་ལམ་ཤེས་པའི་དུས་ན་བཟུང་། །སྦྱངས་དང་སྤེལ་དང་ཡ་ང་སྤངས། །དེ་ཡང་བསམ་པའི་ཤེས་རབ་ཡིན། །ཀུན་རྫོབ་ཤེས་པའི་ཤེས་རབ་ཀྱིས། །སྒྱུ་མ་འོད་གསལ་གཞུག་པར་བྱ། །མཚན་མ་མེད་ཅིང་སྨོན་པ་མེད། །བདེ་གསལ་རྒྱན་གྱིས་བརྒྱན་པ་ཡི།
།དེ་ཡི་ངང་ལ་འཇོག་པ་ནི། །མ་ཡེངས་ཐུན་བཞིར་བསྒོམ་པར་བྱ། །ཉམས་མྱོང་རྟོགས་པ་རིམས་ཀྱི་སྐྱེ། །དེ་ནི་བསྒོམ་བྱུང་ཤེས་རབ་སོ།
།གཞན་རྣམས་མདོ་ནས་འདི་སྐད་གསུངས།

།ཡང་དག་རྫོགས་པའི་སངས་རྒྱས་ཀྱིས། །སྒྱུ་མ་མཁན་ནི་བཟང་པོ་ལ། །སྒྱུ་མ་རྣམ་པ་བཞི་རུ་གསུངས།
།ཆོས་ཀྱི་སྤྲུལ་པའི་སྒྱུ་མ་ནི། །ང་ཡི་འཁོར་གྱི་དགེ་སློང་ཡིན།
།ལས་ཀྱི་སྤྲུལ་པའི་སྒྱུ་མ་ནི། །འགྲོ་དྲུག་སེམས་ཅན་ཐམས་ཅད་ཡིན།
།རྐྱེན་གྱིས་སྤྲུལ་པའི་སྒྱུ་མ་ནི། །མེ་ལོང་གཟུགས་བརྙན་ལ་སོགས་ཡིན། །ང་ནི་ཡང་དག་རྫོགས་སངས་རྒྱས། །ཡེ་ཤེས་སྤྲུལ་པའི་སྒྱུ་མ་ཡིན།
།མདོ་ནས་སངས་རྒྱུས་འདི་སྐད་གསུངས།

།ཡིད་ལུས་སྒྱུ་མའི་རང་བཞིན་འདི། །ཀུན་རྫོབ་ཤེས་པའི་ཤེས་རབ་ཡིན། །ལོག་ཤེས་སྤོང་བར་བྱེད་པའི་ཐབས། །འོད་གསལ་རྒྱུད་ལ་བསྐྱེད་པའི་རྒྱུ། །དེ་རྣམས་ཡང་དག་ཀུན་རྫོབ་ཡིན།
།བདེན་པ་གཉིས་སུ་ཕྱེ་ན་ནི། །ཀུན་རྫོབ་དང་ནི་དོན་དམ་མོ། །ཀུན་རྫོབ་ལ་ནི་རྣམ་གཉིས་ཏེ།
།དེ་ལ་ལོག་ལྟའི་ཀུན་རྫོབ་ནི། །འཁོར་བ་ཐོག་མ་མེད་པ་ནས། །མ་རིག་བག་ཆགས་འཁྲུལ་པ་ཡིན། །བཟུང་འཛིན་གཉིས་ཀྱི་དོན་ལ་སྤྱོད། །དེ་ནི་ལོག་པའི་ཀུན་རྫོབ་ཡིན། །བག་ཆགས་ལུས་ལ་བརྟེན་བཅས་ནས། །རྨི་ལམ་ཤེས་པ་ཡིད་ཀྱི་ལུས། །རང་སྣང་སྒྱུ་མའི་རྩ་ལ་སྦྱོང་བ། །དེ་ནི་ཡང་དག་ཀུན་རྫོབ་ཡིན། །སྒྱུ་མ་འོད་གསལ་གཞུག་པ་ལ།
།ཐབས་དང་དུས་དང་ལུས་དང་ནི། །དམིགས་པའི་གནད་དུ་ཤེས་པར་བྱ། །ཐབས་ནི་བསོད་ནམས་ཚོགས་ཤེས་བྱ། །ཡོད་ན་དཀོན་མཆོག་མཆོད་པ་དང་། །བླ་མ་རྣམས་ལ་བསྙེན་བཀུར་བྱ། །མེད་ན་བྱང་ཆུབ་སེམས་ཀྱི་སུ། །སེམས་ཅན་དོན་དུ་སྒྲུབ་པར་བྱ།
།བྱང་ཆུབ་སེམས་ནི་བསྐྱེད་པ་ནི། །བསོད་ནམས་གསོག་པའི་མཆོག་ཡིན་ནོ།
།ལུས་ཀྱི་གནད་ཀྱི་དུས་སུ་ནི། །སྤྱོད་ལམ་དལ་ཞིང་ཁ་ཟས་སྣུམ། །དབེན་པའི་གནས་སུ་སྐྱོ་ཤས་ཆེ། །ལུས་ལ་བཀུ་མཉེ་མང་དུ་བྱ། །དེ་ནི་སྔོན་འགྲོ་ལུས་ཀྱི་གནད། །དཀོན་མཆོག་སྤྱན་སྔར་མཆོད་པ་དབུལ། །འོད་གསལ་འཛིན་པའི་དུས་ཙམ་ན། །རྨི་ལམ་འགལ་རྐྱེན་འདོད་པ་ཡིན། །སྔར་གྱི་སྒྱུ་མརའབྱོངས་པ་ཡིན། །འོད་གསལ་རྒྱུད་ལ་སྐྱེ་བ་ཡིན། །དམིགས་པའི་གནད་ནི་གཉིས་ཡིན་ཏེ།
།སྔར་གྱི་མི་རྟོག་ཡོད་པ་ནི། །དགེ་སྦྱོར་དག་གིས་དུལ་བར་བྱ། །འོད་གསལ་ཤེས་པར་བྱའོ་ཞེས།
།གཉིད་དང་འདུན་པའི་བར་དུ་ནི། །རྟོགས་པ་མ་ཚུད་མན་ངག་ཡིན།
།སྔར་གྱི་མི་རྟོག་མེད་པ་ནི། །སྨིན་ཕྲག་ཏུ་ནི་ཐིག་ལེ་གཅིག །དཀར་ཞིང་འཚེར་བ་སྣུམ་ལ་འདྲིལ། །བདེ་བའི་ངོན་ལ་བློ་གཏད་ལ། །འོད་གསལ་ཟིན་པར་བྱའོ་ཞེས། །ཡང་དང་ཡང་དུ་བསྒོམ་པར་བྱ།
།འོད་གསལ་ཟིནཔའི་ཉམས་མྱོང་ནི། །འོད་གསལ་བདེ་བའི་ཉམས་མྱོང་ཅན། །དེ་ནི་ཟིན་པའི་རྟགས་ཡིན་ནོ།
།རྗེས་ལ་སྦྱང་པར་བྱ་བ་ནི། །རང་གི་རིག་པ་འདི་ཉིད་ལ། །འོད་གསལ་རྒྱས་བཏབ་བསྒོམ་པར་བྱ། །དེ་ལྟར་ཡང་དང་ཡང་བསྒོམས་པས། །ཆོས་ཉིད་སྤྲོས་བྲལ་གཉུག་མའི་དོན།
།འབད་རྩོལ་མེད་པར་འཆར་བ་ནི། །ཆོས་སྐུའི་ངོ་བོ་ཡིན་པས་སོ། །དེ་རྣམས་འོད་གསལ་བརྟན་པ་ཡིན། །དེ་ནི་དོན་དམ་བདེན་པ་ཡིན།
།ད་ནི་འབྲས་བུ་བསྟན་པ་ནི། །ལྷུན་གྱིས་གྲུབ་པའི་ཆོས་ཉིད་ལ། །མ་རིག་བག་ཆགས་འཁྲུལ་པས་སྒྲིབས། །དཔེར་ན་གསེར་དང་གཡའ་དང་འདྲ། །རང་གི་དད་པས་རྒྱུ་བྱས་ནས། །ལས་ངན་རྐྱེན་རྣམས་དག་ཙམ་ན། །གཙོ་མ་ཡི་ནི་གསེར་དང་འདྲ། །རང་ལ་སྣང་བས་རང་སྣང་ཡིན། །ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །ཡིད་བཞིན་ནོར་བུ་ལྟ་བུར་སྣང་།
།གཟུགས་སྐུ་རྣམ་པ་གཉིས་པོ་ནི། །གཞན་གྱི་དོན་དུ་འཆར་བ་ཡིན། །ས་བཅུའི་བྱང་ཆུབ་སེམས་དཔའ་ལ། །མཚན་དཔེས་བརྒྱན་པའི་ལོངས་སྐུར་སྣང་། །གདུལ་བྱ་མ་དག་ཉན་ཐོས་དང་།
།སོ་སོ་སྐྱེ་བོ་རྣམས་ལ་ནི། །སྤྲུལ་པའི་སྐུ་འི་སྣང་བ་འཆར།
།དེ་གསུམ་དབྱེར་མེད་ཟུང་འཇུག་ནི། །ངོ་བོ་ཆོས་ཀྱི་སྐུ་རུ་བསྟན། །མཁས་པ་རྣམས་ཀྱི་བསྟན་བཅོས་དང་། །རིག་པས་གཏན་ལ་ཕབས་པ་ཡིས། །གདམས་ངག་འདི་རུ་བཀོད་པ་ཡིན། །ནཻ་ཏི་གཉིས་ཀྱི་དགོངས་པ་ཡིན། །བླ་མ་དམ་པའི་གསུང་ལ་བརྟེན། །ཉམས་སུ་བླངས་པའི་རྟོགས་པ་འདི། །གཞན་ལ་ཕན་པ་མ་མཆི་སྟེ། །རང་གི་ཉམས་མྱོང་བསྐྱང་པའི་ཕྱིར། །ཅུང་ཟད་འདི་རུ་བཀོད་པ་ཡིན། །མོས་གུས་ལྡན་པའི་གང་ཟག་གིས། །ཡེ་ཤེས་སེམས་ལ་སྐྱེ་བ་ན། །ཉམས་སུ་བླངས་ན་སྐྱེ་ཡང་སྲིད། །འདི་བྲིས་པ་ཡི་བསོད་ནམས་ཀྱིས། །རྨི་ལམ་བསྒོམས་པའི་རྣལ་འབྱོར་པས། །སྒྱུ་མའི་རྣམ་ཐར་རབ་སྦྱངས་ནས། །ཆོས་ཉིད་འོད་གསལ་དོན་རྟོགས་ཤོག
།སྒྱུ་མ་རབ་ཏུ་གསལ་བར་བྱེད་པའི་སྙིང་པོ། །རིན་པོ་ཆེ་འོད་ཀྱི་ཕྲེང་བ་ཞེས་བྱ་བ། །རྗེ་བཙུན་རཏྣ་བཱིརྻའི་ཞལ་སྔ་ནས་གསུངས་པ་རྫོགས་སོ།། མངྒ་ལཾ།། ཤུབྷཾ།། །།