Lha bzhi dril sgrub khrid yig ye shes 'od 'phro

From Shangpa Resource Center








Resource ID SCv3p163
Title dpal ldan shangs pa bka' brgyud kyi zab chos lha bzhi dril sgrub kyi khrid yig ye shes 'od 'phro
Topics Combined Accomplishment of the Four Deities
Sub-Topics Manual
Author Jamgön Kongtrül Lodrö Thayé
Link BDRC W23922
BDRC W23605
BDRC W8LS16295 (p.1085)

༄༅། །དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་ཟབ་ཆོས་ལྷ་བཞི་དྲིལ་སྒྲུབ་ཀྱི་ཁྲིད་ཡིག་ཡེ་ཤེས་འོད་འཕྲོ་ཞེས་བྱ་བ་བཞུགས་སོ།།

།ན་མོ་གུ་རུ་ཙ་ཏུརྡེ་བཱ་ཡ།
།མཆོག་གི་གྲུབ་སྩོལ་དཔལ་ལྡན་བླ་མ་དང་། ཕྱི་ནང་གེགས་སེལ་ཡོན་ཏན་བོགས་འདོན་པ། །བྱིན་རླབས་ལྷ་བཞིའི་ཞབས་ལ་ཕྱག་བྱས་ཏེ། །དེ་ཡི་ཁྲིད་རིམ་མདོ་ཙམ་གསལ་བར་བྱ།
།མཁས་གྲུབ་ཆེན་པོ་ཁྱུང་པོ་རྣལ་འབྱོར་པ་དེ་ཉིད་ཀྱིས་ཡེ་ཤེས་ཌཱ་ཀི་རྣམ་པ་གཉིས་གཙོ་བོར་གྱུར་པའི་རྒྱ་གར་མཁས་གྲུབ་བརྒྱ་དང་ལྔ་བཅུའི་ཐུགས་བཅུད་རྫོགས་པར་གསོལ་བས་ཤངས་པ་བཀའ་བརྒྱུད་ཀྱི་རིང་ལུགས་འཛིན་པའི་སྐྱེས་ཆེན་རྣམས་ལ་མདོ་སྔགས་ཀྱི་ཟབ་ཆོས་རྒྱ་མཚོ་ཙམ་གྱི་གཞུང་དང་གདམས་པའི་བཀའ་ཡོངས་སུ་རྫོགས་པ་མངའ་ཞིང་མཆོག་གི་གྲུབ་པ་ཉམས་འོག་ཏུ་ཆུད་པ་ཤ་སྟག་བྱོན་པ་ལགས། དེང་སང་རྒྱུན་བཞུགས་པའི་གཙོ་བོ་གདམས་ངག་གི་སྐོར་བཞིའམ་ལྔར་གྲགས་པ་ལས།
འདིར་རྒྱ་གར་ལྷོ་ཕྱོགས་པ་འཆི་བ་མེད་པའི་རིག་འཛིན་བརྙེས་ནས་མཆོག་གི་གོ་འཕང་མཐོན་པོར་གཤེགས་པ་གྲུབ་ཆེན་རཱ་ཧུ་ལ་གུཔྟའི་གདམས་པ་དང་གཙོ་བོར་འབྲེལ་བ་ལྷ་བཞི་དྲིལ་སྒྲུབ་ཀྱི་ཁྲིད་ཀྱི་རིམ་པ་འཆད་པ་ལ་གཉིས།
གང་ལས་བྱུང་བ་བརྒྱུད་པའི་ལོ་རྒྱུད་མདོར་སྨོས།
།དེ་ལས་བྱུང་བ་ཁྲིད་རིམ་དངོས་རྒྱས་པར་འཆད་པའོ།
།དང་པོ་ནི། གྲུབ་ཆེན་ཤ་བ་རི་དབང་ཕྱུག་ལ་ལྷ་བཞིས་ཞལ་གཟིགས་ཤིང་སྒྲུབ་ཐབས་གསུངས། དེ་ལ་མངའ་བདག་མཻ་ཏྲཱི་པས་གསན་ཏེ་སྒྲུབ་ཐབས་བཀོད། མཁས་གྲུབ་ཁྱུང་པོས་འདི་ལས་ཀྱང་གསན་པར་གསལ་ཏེ་བྱིན་རླབས་ལྷ་བཞི་འབྲལ་བ་མེད་ཅེས་འབྱུང་བས་མགོན་པོའི་གསན་ཡུལ་གཙོ་བོར་ཡིན་པའི་ཕྱིར་རོ།
།འོན་ཀྱང་གདམས་ངག་འདིའི་བརྒྱུད་ཁུངས་གཙོ་བོ་ནི་གྲུབ་ཆེན་རཱ་ཧུ་ལ་གུཔྟ་བཛྲ་སྟེ། དེ་ཉིད་རྒྱ་གར་ལྷོ་ཕྱོགས་ཨེ་ལ་བྷི་ཤ་ཞེས་པ་རྡོ་རྗེ་མཁའ་འགྲོས་བྱིན་གྱིས་བརླབས་པའི་ས་གཞིར་རྒྱལ་རིགས་སུ་སྐུ་འཁྲུངས་མ་ཐག་ནས་ལྷ་བཞིས་ཞལ་གཟིགས་ཤིང་བྱིན་གྱིས་བརླབས།
གཞོན་ནུའི་སྐབས་སུ་སྔོན་ལས་ཀྱི་ལྷག་མ་སྙུན་དྲག་པོར་སྨིན་པས་ཐུགས་ཕྱུང་སྟེ་ཆོས་ལ་ཞུགས་ཤིང་མདོ་སྔགས་ཐམས་ཅད་ལ་ཆེས་མཁས་པར་སྦྱངས། གུ་ཎ་སཱ་ག་ར་དང་རཏྣ་སཱ་ག་ར་སོགས་ཀྱི་གདམས་ངག་ལ་བརྟེན་ཏེ་ཐུན་མོང་གི་དངོས་གྲུབ་བདེ་བླག་ཏུ་གྲུབ། མཐར་སྐུ་ཚེའི་རིག་འཛིན་བརྙེས་ཤིང་ཕྱག་རྒྱ་ཆེན་པོའི་མཆོག་གྲུབ་པ་དེ་ཉིད་ལ་གྲུབ་པའི་བླ་མ་རྣམས་ཀྱི་བཀས་བསྐུལ་ཏེ་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་འཕན་ཡུལ་འཇོག་པོར་ཆིག་རིར་མཛད་པའི་སྐབས་ཆོས་སྒོ་སྐྱེལ་གྱི་ཚུལ་དུ་རྒྱ་གར་ན་ཉི་མ་ཤར་བ་དང་རྫུ་འཕྲུལ་གྱིས་བྱོན་པས་བོད་ལ་ཉི་མ་མ་ཤར་བ་ལ་ཕེབས། རིང་ཞིག་བཞུགས་ཏེ་མགོན་པོ་དཀར་མཐིང་། རླུང་ཤིང་རྟ་ཅན་ལ་སོགས་པའི་གདམས་ངག་ཟབ་མོ་དུ་མ་དང་། ཁྱད་པར་ལྷ་བཞིའི་གདམས་སྒོར་ཆ་ལག་དང་བཅས་པ་གནང་བ་ཁྱུང་པོ་ཉིད་ཀྱིས་ཐུགས་ཉམས་སུ་བཞེས་པས་སློབ་མ་ལས་དག་པ་རྣམས་ལ་ལྷ་བཞིའི་སྐུར་དངོས་སུ་སྣང་བ་སོགས་གྲུབ་པ་ཆེན་པོ་ཉམས་འོག་ཏུ་ཆུད།
དེ་ཉིད་ཀྱིས་རྨོག་ལྕོགས་པ་སོགས་ལ་གནང་བ་ནས་བྱིན་རླབས་དང་གདམས་པའི་བཀའ་སྲོལ་བར་མ་ཆད་དུ་བྱོན་ཏེ་ཁོ་བོས་རྡོ་རྗེ་ཐེག་པའི་གསང་བ་ཐུན་མོང་དང་ཐུན་མོང་མ་ཡིན་པ་མཐའ་དག་གི་གསང་མཛོད་འཛིན་པ་ལ་རྡོ་རྗེ་འཆང་ཆེན་པོ་དང་དབྱེར་མ་མཆིས་པ། འཕགས་པའི་ས་ཆེན་པོ་ལ་བཞུགས་ཤིང་མི་ལས་འདས་པའི་སྐྱེས་ཆེན་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ལ་གསོལ་བ་བཏབ་སྟེ་དགྱེས་བཞིན་བཀའ་དྲིན་དུ་སྩལ་བ་ཡིན།
རྨོག་ལྕོགས་པ་རིན་ཆེན་བརྩོན་འགྲུས་ལ་ལྷ་བཞིས་སྒྲུབ་ཐབས་དངོས་སུ་གསུངས་པ་དང་། བརྒྱུད་པ་ཁ་ཅིག་ལ་ཌཱ་ཀི་བདེ་བའི་དངོས་གྲུབ་མས་གནང་བའང་བཤད་པའི་ཕྱིར་ཉེ་བརྒྱུད་ཁྱད་པར་བ་དེ་དག་ཀྱང་འདིར་འདུ་ལ།
འདི་ལའང་ལྷ་བཞིའི་སྒོས་སྒྲུབ་དང་དྲིལ་སྒྲུབ་གཉིས་སུ་ཡོད་པར་བཤད་པ་ལས་སྐབས་སུ་བབ་པའི་འཆད་བྱ་ནི་ལྷ་བཞིའི་དྲིལ་སྒྲུབ་ཉིད་ཡིན་ནོ།
།གཉིས་པ་བརྒྱུད་པ་དེ་ལྡན་གྱི་གདམས་ངག་དངོས་འཆད་པ་ལའང་གསུམ། སྔོན་འགྲོ།དངོས་གཞི། རྗེས་ཀྱི་རིམ་པ་འོ།
།དང་པོ་ལ་གཉིས། ཐུན་གྱི་སྔོན་འགྲོ་ནི། མལ་བདེ་བར་འདུག །ལུས་གནད་སྤྱི་མཐུན་བཅའ། རླུང་རོ་བསལ་ལ་དྲན་པ་མངོན་དུ་བཞག
།གཉིས་པ་ཁྲིད་ཀྱི་སྔོན་འགྲོ་ལའང་གཉིས། སྐྱབས་སུ་འགྲོ་བ་དང་། སེམས་བསྐྱེད་པའོ།
།དང་པོ་ནི། མདུན་གྱི་ནམ་མཁར་སེང་ཁྲི་པདྨ་ཉི་ཟླའི་གདན་ལ་དཀོན་མཆོག་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་རྩ་བའི་བླ་མ་ཉིད་རྡོ་རྗེ་འཆང་ཆེན་པོའི་རྣམ་པར་བཞུགས་པ་ལ་བདག་གཞན་ནམ་མཁའ་དང་མཉམ་པའི་འགྲོ་བ་མཐའ་དག་སྒོ་གསུམ་འཇུག་པ་གཅིག་ཏུ་དྲིལ་ཏེ། དེང་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་བའི་བློ་རྩེ་གཅིག་པས།
མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སྐྱབས་ཀུན་འདུས་ཀྱི་ངོ་བོ་བླ་མ་རིན་པོ་ཆེ་ལ་སྐྱབས་སུ་མཆི་བ་ལགས་སོ། །ཞེས་གྲངས་ཅི་ནུས་སུ་བརྗོད།
གཉིས་པ་ནི། མཁའ་ཁྱབ་ཀྱི་སེམས་ཅན་ཇི་སྙིད་པ་དེ་ཐམས་ཅད་བདག་གི་ཕ་མ་དྲིན་ཅན་ཤ་སྟག་ཡིན། འདི་རྣམས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོར་ཐར་དུས་མེད་པར་འཁྱམས་པ་སྙིང་རེ་རྗེ།
འདི་རྣམས་འཁོར་བ་ལས་བསྒྲལ་བའི་སླད་དུ་བདག་གིས་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་དུས་མྱུར་བ་ཉིད་དུ་ཐོབ་ངེས་པ་ཞིག་བྱ་སྙམ་པ་སྨོན་པ་བྱང་ཆུབ་ཀྱི་སེམས་དང་དེ་འཐོབ་པར་བྱ་བའི་སླད་དུ་རྡོ་རྗེ་ཐེག་པའི་ལམ་རིམ་གྱི་ཟབ་གནད་གཅིག་ཏུ་བསྡུས་པའི་ཉེ་ལམ་གྲུབ་ཐོབ་འབའ་ཞིག་པའི་སྙན་བརྒྱུད་ལྷ་བཞི་དྲིལ་སྒྲུབ་ཀྱི་རྣལ་འབྱོར་ཟབ་མོ་ཉམས་སུ་བླངས་པས། བླ་མ་ལྷ་བཞིའི་གོ་འཕང་མྱུར་དུ་འགྲུབ་པ་དང་། སེམས་ཅན་ཐམས་ཅད་དེའི་གོ་འཕང་ལ་འགོད་པར་བགྱིའོ་སྙམ་པའི་འཇུག་པ་བྱང་ཆུབ་ཏུ་སེམས་བསྐྱེད་ལ། ངག་ཏུ།
སེམས་ཅན་ཐམས་ཅད་དོན་དུ་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་འཐོབ་པར་བྱ། དེའི་ཆེད་དུ་ཟབ་ལམ་ལྷ་བཞི་དྲིལ་སྒྲུབ་ཉམས་སུ་བླང་པར་བགྱིའོ། །ཞེས་ལན་ཁ་ཡར་བརྗོད། སྐྱབས་ཡུལ་མི་དམིགས་པར་བཞག
།གཉིས་པ་དངོས་གཞི་ལའང་གཉིས། བསྐྱེད་བཟླས་ཀྱི་རྣལ་འབྱོར་དང་། ཟབ་མོའི་དབང་ལེན་པའོ།
དང་པོ་ནི། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཕཊ། ཅེས་བརྗོད་པའི་རྐྱེན་གྱིས་རྡོ་རྗེའི་ས་གཞི་ར་བ་དྲྭ་བ་གུར་བླ་བྲེ་ ཕྱི་རོལ་དུ་ཡེ་ཤེས་ཀྱི་མེ་འབར་བ་དང་བཅས་པའི་སྲུང་བའི་འཁོར་ལོའི་དབུས་སུ།
པད་ཉི་འཇིགས་དུས་ཀྱི་གདན་ལ་རང་ཉིད་བཅོམ་ལྡན་འདས་འཁོར་ལོ་སྡོམ་པ་ལྷན་སྐྱེས་འོད་ཕུང་གི་ཀློང་ན་བཞུགས་པར་གསལ་བའི་སྤྱི་བོར་ཆོས་འབྱུང་དྭངས་གསལ་རྙོགས་མེད་འོད་ཀྱི་རང་བཞིན་ཕྱི་དཀར་ལ་ནང་དམར་བ། རྩ་བ་ཕྲ་བ་རང་གི་ཚངས་བུག་ཏུ་ཟུག་ཅིང་ཁ་གདེངས་གཡེལ་བ། བདེ་བར་འཆར་ཞིང་བདེ་བ་རྒྱས་པའི་དབུས་སུ་རབ་ཏུ་རྒྱས་པའི་སྣ་ཚོགས་པདྨ་འདབ་མ་བཞི་པ། དེའི་ལྟེ་བའི་ཟེའུ་འབྲུ་ཁྲུ་གང་ཙམ་མཐོ་བའི་སྟེང་དུ་ཉི་ཟླ་བརྩེགས་པའི་གདན་ལ་ཧཱུྃ་སྔོན་པོ་ལས་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ་ཡོངས་སུ་གྱུར་པ་ལས། ངོ་བོ་རྩ་བའི་བླ་མ། རྣམ་པ་རྡོ་རྗེ་འཆང་ཆེན་པོ་སྐུ་མདོག་བཻ་ཌཱུརྱའི་མདངས་ཅན། ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་བསྣོལ་ཐབས་སུ་འཛིན་པས་ཡུམ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་གྲི་གུག་དང་ཐོད་པ་འཛིན་པ་ལ་འཁྱུད་པ། ཡབ་ཡུམ་གཉིས་ཀ་རུས་པ་དང་རིན་པོ་ཆེས་བརྒྱན་ཅིང་དར་གྱི་ན་བཟས་བཀླུབས་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་དང་པད་སྐྱིལ་ཅན། བྱིན་རླབས་དང་ཡེ་ཤེས་ཀྱི་རང་འོད་མཐའ་ཡས་པ་སྤྲོ་བ།
དེའི་མདུན་ཕྱོགས་ཀྱི་པད་འདབ་ལ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཚོགས་བདག་དཀར་པོ་གན་རྐྱལ་དུ་བསྒྱེལ་བའི་གདན་ལ་ཧཱུྃ་ནག་པོ་ལས་གྲི་གུག་ཧཱུྃ་གིས་མཚན་པ། དེ་ཡོངས་སུ་གྱུར་པ་ལས་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ། སྐུ་མདོག་དུས་མཐའི་སྤྲིན་ལྟར་གནག་པ། སྤྱན་གསུམ་དམར་ལ་ཟླུམ་པ། ཞལ་བསྒྲད་ཅིང་མཆེ་བ་གཙེགས་པ། སྨ་ར་དང་སྨིན་མ་དབུ་སྐྲ་དམར་སེར་མེ་ལྟར་དུ་འབར་ཞིང་གྱེན་ཏུ་བརྫེས་པ། དཔྲལ་བར་སིནྡཱུ་རའི་ཐིག་ལེས་བྱུགས་ཤིང་སྤྱི་བོར་མི་བསྐྱོད་པས་བརྒྱན་པ། ཕྱག་གཡས་ཀྱི་དང་པོས་གནམ་ལྕགས་ཀྱི་གྲི་གུག །བར་པས་ཐོད་སྐམ་གྱི་ཕྲེང་བ། ཐ་མས་སེང་ལྡིང་གི་ཌཱ་མ་རུ་དྲག་ཏུ་འཁྲོལ། གཡོན་གྱི་དང་པོས་ཐོད་པ་དམར་ཆེན་གྱིས་བཀང་བ། བར་པས་མདུང་རྩེ་གསུམ་པ། ཐ་མས་རྡོ་རྗེའི་ཞགས་པ་བརྣམས་པ། ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་དང་རློན་པ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་ཆ་དྲུག་དང་སྦྲུལ་ཆུན་རིགས་ལྔ་དང་ཕྱག་ཞབས་རྣམས་ལ་དྲིལ་བུ་གཡེར་ཁའི་ཕྲེང་བས་བརྒྱན་པ། སྦོམ་ཐུང་ལྟོ་བ་འཕྱང་ཞིང་ཡན་ལག་རགས་པ། གླང་ཆེན་ཀོ་རློན་སྟོད་ལ་གཡོགས་ཤིང་སྟག་ལྤགས་རློན་པའི་ཤམ་ཐབས་ལ་དར་ལྗང་གུའི་སྐ་རགས་བཅིངས་པ། ཞབས་བཞེངས་སྟབས་འགྲོ་འཕྲོ་ལ་འཆམས་པ་ལྟ་བུས་ཡེ་ཤེས་ཀྱི་མེ་འབར་བའི་ཀློང་ན་བཞུགས་པ།
བླ་མའི་གཡས་ཕྱོགས་ཀྱི་པད་འདབ་ལ་ཉི་མའི་གདན་གྱི་སྟེང་དུ་ཧྲཱིཿདམར་པོ་ལས་གྲི་གུག་ཧྲཱིས་མཚན་པ་ཡོངས་སུ་གྱུར་པ་ལས། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་ལ་སྨུག་པའི་མདངས་ཆགས་པ། ལོ་བཅུ་དྲུག་ལོན་པའི་ལང་ཚོ་ཅན། ཞལ་འཛུམ་ཞིང་མཆེ་བ་ནས་ཙམ་འབུར་བ། སྤྱན་གསུམ་གཡོན་ཕྱོགས་སུ་གཟིགས་པ། ཕྱག་གཡས་གྲི་གུག་ཐུར་དུ་བརྐྱང་ཞིང་། གཡོན་ཐོད་པ་བདུད་རྩིས་གང་བ་སྟེང་ཕྱོགས་སུ་བཟུང་ནས་ཞལ་དུ་གསོལ་བ། མཆན་ཁུང་གཡོན་ན་རྡོ་རྗེའི་ཁ་ཊྭཱྃ་ག་དང་བཅས་ཤིང་རུས་པའི་ཕྱག་རྒྱ་ལྔས་བརྒྱན་པ། ཞབས་གཡས་བརྐྱངས་པས་འཇིགས་བྱེད་གཡོན་བསྐུམས་པས་དུས་མཚན་མ་མནན་པ། ཡེ་ཤེས་ཀྱི་རང་ཟེར་ཀུན་ཏུ་འབར་བ།
བླ་མའི་རྒྱབ་ཀྱི་པད་འདབ་ལ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿདཀར་པོ་ལས་པདྨ་དཀར་པོ་ཧྲཱིཿས་མཚན་པ་ཡོངས་སུ་གྱུར་པ་ལས། འཕགས་པ་སྤྱན་རས་གཟིགས་ཟླ་བའི་མདོག་ཅན། ཞི་ཞིང་འཛུམ་ལ་དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དབུ་སྐྲ་དཔུང་པའི་སྟེང་ན་ནག་སིལ་ལི་འཕྱང་ཞིང་འོད་དཔག་མེད་ཀྱི་ཅོད་པན་དང་ལྡན་པ། ཕྱག་གཡས་མཆོག་སྦྱིན་གྱི་ཕྱག་རྒྱས་བུམ་པ་བསྣམས་ཤིང་གཡོན་པའི་མཐེབ་སྲིང་སྦྱར་བས་མེ་ཏོག་པདྨ་དཀར་པོ་སྙན་གྱི་ཐད་ཀར་ཁ་བྱེ་བའི་ཡུ་བ་ཐུགས་ཀར་འཛིན་པ། ཞབས་གཡས་བརྐྱངས་ཤིང་གཡོན་བསྐུམས་པའི་སྟབས་ཀྱིས་འཇའ་ཟེར་གྱི་ཀློང་ན་བཞུགས་པ།
བླ་མའི་གཡོན་གྱི་པད་འདབ་ལ་ཟླ་བའི་སྟེང་དུ་ཏཱྃ་ལྗང་གུ་ལས་ཨུཏྤལ་ལྗང་གུ་ཏཱྃ་གིས་མཚན་པ་ཡོངས་སུ་གྱུར་པ་ལས། རྗེ་བཙུན་སྒྲོལ་མ་སྐུ་མདོག་ལྗང་གུ་ལང་ཚོ་དར་ལ་བབ་ཅིང་ལོ་བཅུ་དྲུག་ལོན་པའི་རྣམ་པ་ཅན་དར་དང་རིན་པོ་ཆེས་བརྒྱན་པ། ཕྱག་གཡས་མཆོག་སྦྱིན་པུས་མོའི་སྟེང་དུ་བརྐྱངས་ཤིང་གཡོན་དཀོན་མཆོག་གསུམ་མཚོན་པའི་ཕྱག་རྒྱས་ཨུཏྤལ་ལྗང་གུའི་ཡུ་བ་ཐུགས་ཀར་བསྣམས་པའི་འདབ་མ་སྙན་གྱི་ཐད་དུ་ཁ་བྱེ་བ། དོན་ཡོད་གྲུབ་པའི་དབུ་རྒྱན་ཅན། ཞབས་གཡས་ཅུང་ཟད་བརྐྱངས་ཤིང་གཡོན་བསྐུམས་པའི་སྟབས་ཀྱིས་རང་འོད་ཀྱི་དབུས་ན་བཞུགས་པ་སྟེ་གཙོ་འཁོར་ལྔ་པོ་སྣང་ལ་རང་བཞིན་མ་གྲུབ་པ་གསལ་བར་བསྒོམ།
དེ་ནས་གཙོ་འཁོར་ལྔ་ཀའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པ། ཧཱུྃ་ལས་འོད་ཟེར་འཕྲོས། བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་ཐམས་ཅད་བླ་མ་རྡོ་རྗེ་འཆང་དང་ལྷ་བཞིའི་རྣམ་པར་སྤྱན་དྲངས་ཏེ་སྤྱི་བོའི་ལྷ་སོ་སོ་ལ་ཐིམ་པར་མོས་ལ། ཛཿཧཱུྃ་བྃ་ཧོཿ བརྗོད་ཅིང་སྤྱི་བོའི་ལྷ་དེ་རྣམས་སྐྱབས་གནས་མ་ལུས་པ་འདུས་པའི་ངོ་བོར་མོས། རང་གི་ཐུགས་ཀ་ནས་སྤྲུལ་པའི་ལྷ་མོ་རྣམས་ཀྱིས་ཉེར་སྤྱོད་ལ་སོགས་པ་ཕྱི། བདུད་རྩི་དང་འདོད་ཡོན་ལྔ་པོས་ནང་། སྙོམས་འཇུག་ལས་སྐྱེས་པའི་བདེ་སྟོང་གིས་གསང་བའི་མཆོད་པ་ཕུལ་བར་མོས་ལ། དེ་ཐམས་ཅད་རང་བཞིན་གྱིས་དག་པའི་སྤྲོས་བྲལ་གྱི་ཏིང་ངེ་འཛིན་ལ་བློ་བཞག་སྟེ།
བླ་མ་རིན་པོ་ཆེ་ལྷ་བཞིའི་ཚོགས་དང་བཅས་པ་ལ་བདག་གིས་ཕྱི་མེ་ཏོག་བདུག་སྤོས། ནང་ཤ་ལྔ་བདུད་རྩི་ལྔ། གསང་བ་བདེ་སྟོང་གི་ཡེ་ཤེས། ཡང་གསང་དེ་ཁོ་ན་ཉིད་ཀྱི་མཆོད་པ་ལ་སོགས་པ་མཆོད་པའི་ཁྱད་པར་བསམ་གྱིས་མི་ཁྱབ་པས་མཆོད་ཅིང་མཉེས་པར་བགྱིའོ། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ།
ཞེས་པ་ཙམ་གྱི་མཐར་གསོལ་འདེབས་ཀྱིས་བཟླས་པ་ལ་འཇུག་ཀྱང་ཆོག་ལ། བླ་མའི་གསུང་རྒྱུན་དུ་འདིར་མཆོད་བསྟོད་བྱ་བར་གསུངས་པ་ལྟར་སྤྲོ་ན་མཆོད་པ་བཤད་མ་ཐག་པས་འཐུས། བསྟོད་པ་རྒྱས་པར་ན། གང་གི༴ སྲིན་པོའི་གཟུགས་ཀྱི༴ དཔལ་ལྡན་རྡོ་རྗེ་མཁའ་འགྲོ༴ སྐྱོན་གྱིས་མ་གོས༴ ལྷ་དང་ལྷ་མིན་ཅོད་པན་སོགས་ཤློ་ཀ་རེ་རེས་བསྟོད། བསྡུ་ན།
བྱིན་རླབས་མ་ལུས་འབྱུང་བའི་སྒོ། །དངོས་གྲུབ་མ་ལུས་ཐོབ་པའི་གནས། །བར་ཆད་མ་ལུས་སེལ་བའི་ལྷ། །བླ་མ་ལྷ་བཞིའི་ཚོགས་ལ་འདུད།
།ཅེས་བསྟོད། འདིར་དམ་པ་ཁ་ཅིག་གིས་མཆོད་བསྟོད་ཀྱི་ཚབ་ཏུ་ཡན་ལག་བདུན་པ་དང་མཎྜལ་འབུལ་བར་བཞེད་པས་དེ་ལྟར་སྤྲོ་ན་དེ་དག་ལྷག་པོར་བྱས་པ་ལ་འགལ་བ་མེད་པས་ཡན་ལག་བདུན་པ་གང་ཡང་རུང་བའི་ཚིགས་བཅད་དང་། མཎྜལ་བཀའ་རྒྱ་མ་བཅས་མཆོད་བསྟོད་ཀྱི་རྗེས་སུ་བྱ། དེ་ནས་སོ་སོའི་སྔགས་རྣམས་ཡིད་གཞན་དུ་མ་ཡེངས་པར་མོས་གུས་གདུང་ཤུགས་དྲག་པོས་གསོལ་འདེབས་ཀྱི་ཚུལ་དུ་བཟླ་ཞིང་བདུད་རྩི་འབེབས་སྦྱོང་གི་དམིགས་པ་བསྒོམ་སྟེ།
དེའང་ཐོག་མར་བླ་མ་རྡོ་རྗེ་འཆང་གི་སྐུ་ལས་བདུད་རྩིའི་རྒྱུན་བབས། རང་གི་སྤྱི་བོ་ནས་ཞུགས། ལུས་གང་བས་སྡིག་སྒྲིབ་ཉེས་ལྟུང་ནད་གདོན་དང་བཅས་པ་བཀྲུས་ཤིང་དག །བླ་མའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་གཅིག་ཆར་དུ་ཐོབ་པར་མོས་ལ་སྔགས། ན་མོ་བུདྡྷ་ཡ། ན་མོ་གུ་རུ་ཧེ། བཛྲ་བཱི་ར་བཱི་རི་ཎཱི། ཤྲཱི་ཌཱ་ཀ་ཌཱ་ཀི་ནཱི། ཛོ་ཀ་ཛོ་ཀི་ནཱི། སརྦ་བུདྡྷ་བོ་དྷི་ས་ཏྭ་ཡ་ཤྭ་རི་ཎཾ་གཙྪ་མི་ཀྱཻ། ཞེས་བཟླ།
དེས་འགྲེས་ཏེ། མགོན་པོ་ལ་མོས་གུས་བྱས་པས། མགོན་པོའི་སྐུ་ལས་བདུད་རྩིའི་རྒྱུན་བབས། སྤྱི་བོ་ནས་ཞུགས། ལུས་གང་། སྡིག་སྒྲིབ་ཉེས་ལྟུང་ནད་གདོན་ཐམས་ཅད་དག །ཁྱད་པར་རང་འདྲ་བའི་སྐུ་ཕྲ་མོ་དཔག་ཏུ་མེད་པ་ཆར་བབ་པ་ལྟར་བྱོན་ནས་རང་གི་ལུས་ཀྱི་ནང་གང་། ནད་གདོན་སྡིག་སྒྲིབ་ཐམས་ཅད་དམར་ཆེམ་ཆེམ་ཞལ་དུ་གསོལ། མགོན་པོའི་སྐུ་གསང་ཐུགས་ཀྱི་བྱིན་རླབས་རྒྱུད་ལ་ཞུགས་པར་མོས་ཏེ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྵིཾ་ཀྵེ་ཏྲ་བིགྷྣཱན་བི་ནཱ་ཡ་ཀ་ཧཱུྃ་ཧཱུྃ་ཕཌ་ཕཌ་སྭཱ་ཧཱ།
ཞེས་བཟླ། ཡང་རྣལ་འབྱོར་མ་ལ་གསོལ་བ་བཏབ་པས། རྡོ་རྗེ་རྣལ་འབྱོར་མའི་གསང་གནས་ནས་བདུད་རྩི་དམར་པོའི་རྒྱུན་བབས། སྤྱི་བོ་ནས་ཞུགས། ལུས་གང་། སྡིག་སྒྲིབ་ཉེས་ལྟུང་ནད་གདོན་ཐམས་ཅད་དག །རྣལ་འབྱོར་མའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་རྒྱུད་ལ་ཐོབ་པས་མོས་ལ། ཨོཾ་བཛྲ་ན་ར་ཀྲིཾ་ཀྲིཾ་ཧཱུྃ་ཧཱུྃ་ཕཌ་ཕཌ་སྭཱ་ཧཱ།
ཞེས་བཟླ། ཡང་སྤྱན་རས་གཟིགས་ལ་གསོལ་བ་བཏབ་པས། འཕགས་པ་ཐུགས་རྗེ་ཆེན་པོའི་སྐུ་དང་ཕྱག་གི་བུམ་པ་ལས་བདུད་རྩིའི་རྒྱུན་དཀར་ནར་གྱིས་བྱུང་། སྤྱི་བོ་ནས་ཞུགས། ལུས་གང་། སྡིག་སྒྲིབ་ཉེས་ལྟུང་ནད་གདོན་ཐམས་ཅད་དག །སྤྱན་རས་གཟིགས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་རྒྱུད་ལ་ཐོབ་པར་མོས་ཏེ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་བཛྲ་རཀྵ་ན་མཿས་མནྟ་ཧཱུྃ་ཕཊ།
ཅེས་བཟླ། ཡང་རྗེ་བཙུན་མ་སྒྲོལ་མ་ལ་མོས་གུས་བྱས་པས། སྒྲོལ་མའི་ཞབས་གཡས་པའི་མཐེ་བོང་ལས་བདུད་རྩིའི་རྒྱུན་བབས། སྤྱི་བོ་ནས་ཞུགས། ལུས་གང་། སྡིག་སྒྲིབ་ཉེས་ལྟུང་ནད་གདོན་ཐམས་ཅད་དག །འཕགས་མའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་རྒྱུད་ལ་ཞུགས་པར་མོས་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ།
ཞེས་བཟླ། བཟླས་དམིགས་དེ་དག་གིས་ཐུན་གྱི་དངོས་གཞི་འཁྱོལ་བར་བྱ། དེའང་ཕྱིས་ཀྱི་གསུང་རྒྱུན་དུ་རྣལ་འབྱོར་མ་ལ་བསྙེན་པ་ཨོཾ་གསུམ་མ་བཟླ་བ་དང་། བཟླས་པའི་གཙོ་བོའང་དེ་ལ་བྱ་ཞིང་གཞན་རྣམས་ཅུང་ཟད་རེ་བཟླ་བར་བཞེད་པ་དང་། ཁ་ཅིག་ཏུ་མགོན་པོའི་བསྙེན་པ་ཉིད་བུངས་བསྐྱེད་པར་གསུངས་བ་སོགས་དེ་དང་དེ་དག་གི་རྣལ་འབྱོར་གཙོར་སྟོན་པ་ལ་དགོངས་པར་མངོན་ཞིང་། འདིར་སྤྱི་ཙམ་དུ། བླ་མའི་གསོལ་འདེབས་ཀྱི་བཟླས་པ་ཅུང་ཟད་མང་བ་དང་གཞན་རྣམས་ཆ་སྙོམས་པར་བཟླའོ།
།གཉིས་པ་ཐུན་མོང་མ་ཡིན་པའི་དབང་ལེན་པ་ནི། སྔགས་ཚན་ལྔ་པོ་སྦྲེལ་ཏེ་གསོལ་འདེབས་ཀྱི་ཚུལ་དུ་ལན་གསུམ་བཟླས་ལ་མོས་གུས་དྲག་ཏུ་བསྐྱེད་པས། བླ་མ་རྡོ་རྗེ་འཆང་གི་ཐུགས་ཀའི་ཧཱུྃ་ཡིག་ལས་འོད་ཟེར་འཕྲོས། འཁོར་དུ་བཞུགས་པའི་ལྷ་བཞི་སྤྱན་དྲངས་ཏེ། བླ་མའི་སྤྱི་བོར་སྤྱན་རས་གཟིགས། མགྲིན་པར་རྗེ་བཙུན་སྒྲོལ་མ། ཐུགས་ཀར་ཡེ་ཤེས་མགོན་པོ། ལྟེ་བར་རྡོ་རྗེ་རྣལ་འབྱོར་མ་རྣམས་བཞུགས་པར་མོས།
སླར་ཡང་བླ་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཕྱོགས་བཅུའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཡེ་ཤེས་ཆོས་སྐྱོང་སྲུང་མའི་ཚོགས་ཐམས་ཅད་ལྷ་བཞིའི་རྣམ་པར་སྤྱན་དྲངས་ཏེ་བླ་མའི་སྐུའི་ནང་ཐམས་ཅད་བོང་བ་འབྲུས་ཁེངས་པ་ལྟར་སོ་སོའི་ཆ་ལ་གཏམས་པར་བསམ། དེ་ནས་རང་གི་ལུས་ཀྱི་སྟོང་རའི་དབུས་སུ་རྩ་གསུམ་འཁོར་ལོ་ལྔ་དང་བཅས་པ་སྐད་ཅིག་གིས་གསལ་བའི་དབུ་མའི་མར་སྣེར་ཨ་ཤད་སྐྱེར་ཚེར་ལྟ་བུ། གསང་བ་བཤང་སྒོ་དང་ཉེ་བར་རླུང་གི་དཀྱིལ་འཁོར་བཅས་གསལ་བཏབ་ལ། རླུང་ཁ་སྦྱོར་རམ། མི་ནུས་ན་འོག་རླུང་ཅུང་ཟད་བསྐུམས་པའི་ཡེ་ཤེས་ཀྱི་རླུང་སྦྱོར་བྱས་པས། རང་གི་གསང་གནས་ནས་རླུང་གཡོས། ལྟེ་བའི་ཨ་ཤད་ལ་ཕོག་པས་གཏུམ་མོ་ཡེ་ཤེས་ཀྱི་མེ་དམར་ལྷག་གིས་འབར། རང་གི་སྤྱི་བོའི་ཚངས་བུག་ནས་ཐོན། ཆོས་འབྱུང་ལ་ཕོག་པས་ཆེར་དྲོས། དེས་ལྷ་རྣམས་དྲོས། དེ་ཡི་རྐྱེན་གྱིས་བདེ་ཆེན་བཟོད་མེད་དུ་འབར་ཏེ་ལུས་ལྷ་རྣམས་བདུད་རྩིར་ལྟེམ་གྱིས་ཞུ། ཡབ་ཡུམ་གྱི་སྦྱོར་མཚམས་ནས་བདུད་རྩིའི་རྒྱུན་བྱོན་ཏེ་རང་གི་སྤྱི་བོ་ནས་ཞུགས། མགྲིན་པ་ཡན་ཆད་གང་། ལུས་ཀྱི་སྡིག་སྒྲིབ་དག །བུམ་པའི་དབང་ཐོབ། སྐུའི་བྱིན་རླབས་ཞུགས། སྙིང་ཁ་ཡན་ཆད་གང་། ངག་གི་སྡིག་སྒྲིབ་དག །གསང་བའི་དབང་ཐོབ། གསུང་གི་བྱིན་རླབས་ཞུགས། ལྟེ་བ་ཡན་ཆད་གང་། ཡིད་ཀྱི་སྡིག་སྒྲིབ་དག །ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཐུགས་ཀྱི་བྱིན་རླབས་ཞུགས། ལུས་ཐམས་ཅད་གང་། སྒོ་གསུམ་གྱི་སྡིག་སྒྲིབ་དག །དབང་བཞི་པ་ཐོབ། རྡོ་རྗེ་གསུམ་གྱི་བྱིན་རླབས་མ་ལུས་པ་ཞུགས་པར་མོས།
མཐར་ཆོས་འབྱུང་ནམ་མཁར་རང་ཡལ། བླ་མ་དགྱེས་པ་ཆེན་པོས་འོད་དུ་ཞུ་ནས་རང་ལ་ཐིམ། རང་ཡང་སྟོང་ཉིད་དུ་ཐིམ། བླ་མ་རང་སེམས་དབྱེར་མེད་དུ་འདྲེས་པར་མོས།
གསུམ་པ་རྗེས་ལ་གཉིས། གནས་ལུགས་བསྐྱང་བ་དང་། ཐུན་མཚམས་ལ་འཇུག་པའོ།
།དང་པོ་ནི། བླ་མ་རང་ལ་ཐིམ་པའི་རྗེས་ཐོགས་དེ་མ་ཐག་པར་ལུས་གནད་ཆོས་བདུན་བཅའ། ངག་གནད་རླུང་རོ་དགུ་ཕྲུགས་སུ་གསལ་ལ་རྒྱུ་བ་གཉིས་པོ་རང་བབས་སུ་བཞག །སེམས་གནད་དུས་གསུམ་གྱི་རྣམ་པར་རྟོག་པ་གང་གིའང་རྗེས་སུ་མི་འབྲང་། བཟང་ངན་བླང་དོར་རེ་དོགས་གང་ཡང་ཡིད་ལ་མི་བྱེད་པར་ཤེས་པ་ཧད་དེ་ཆད་དེའི་རང་ངོ་རང་ཤེས་ཀྱི་དྲན་པས་དགག་སྒྲུབ་བཟོ་བཅོས་མེད་པར་བསྐྱངས་ལ།
དང་པོ་གྲིམ་གྱིས་བསྒྲིམ། བར་དུ་ལྷོད་ཀྱིས་ཀློད། མཐར་གཉུག་མའི་རང་ངོ་ཤེས་བཞིན་གྱི་དྲན་པའི་མདངས་མ་ཤོར་བ་ལ་བསླབ་ཅིང་ཅི་གནས་སུ་མཉམ་པར་བཞག་གོ
།གཉིས་པ་དེ་ལས་ལྡངས་ཏེ་ཐུན་མཚམས་ཀྱི་སྤྱོད་ལམ་ལ་འཇུག་པ་ནི། ཅི་སྣང་བླ་མ་ཡི་དམ་སྒྱུ་མ་ཆོས་ཉིད་ཀྱི་ཤེས་པ་དང་མ་བྲལ་བའི་ངང་།
སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །སེམས་ཅན་ཐམས་ཅད་ནད་མེད་པར། །སངས་རྒྱས་ཉིད་དུ་འགྲོ་བ་ཡི། །ལམ་དེ་ཉིད་དུ་འགྲུབ་གྱུར་ཅིག །མ་བསྒྲལ་བ་རྣམས་བདག་གིས་བསྒྲལ། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །རྣལ་འབྱོར་གཙུག་ལག་བསྟན་བཅོས་ལ། །ད་ལྟ་ཉིད་དུ་གནས་པར་ཤོག
།ཅེས་སྨོན་ལམ་བཏབ།
ལེགས་པའི་ཡོན་ཏན་རབ་རྫོགས་པ། །བླ་མ་ཡི་དམ་བཀྲ་ཤིས་ཤོག །ཕྲིན་ལས་ཐམས་ཅད་སྒྲུབ་མཛད་པ། །མཁའ་འགྲོ་ཆོས་སྐྱོང་བཀྲ་ཤིས་ཤོག
།ཅེས་བཀྲ་ཤིས་བརྗོད།
དགེ་བའི་ཚོགས་རྣམས་བསགས་པ་ཀུན། བདག་གིས་ཡོངས་སུ་བཟུང་མེད་པར། །སེམས་ཅད་མ་ལུས་ཀུན་དོན་དུ། །ཆོས་དབྱིངས་བླ་ན་མེད་པར་བསྔོ།
།ཞེས་སོགས་ཀྱིས་དགེ་བ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོས་ནས་ཆོས་ལྡན་གྱི་སྤྱོད་ལམ་ལ་འཇུག་གོ །འདིར་བླ་མ་རྡོ་རྗེ་འཆང་གི་རྣལ་འབྱོར་གྱིས་མཆོག་གི་དངོས་གྲུབ་ཚེ་འདི་ལ་སྟེར་བར་བྱེད་ཅིང་། དེ་སྒྲུབ་པའི་སྐབས་སུ་གེགས་སེལ་བ་དང་བོགས་འདོན་པ་གཉིས་ལ་ལམ་གྱི་རིམ་པ་རག་ལས་པས། ཕྱིའི་གེགས་སེལ་མགོན་པོ། ནང་གི་གེགས་སེལ་སྒྲོལ་མ། །ཕྱི་བྱམས་སྙིང་རྗེའི་བོགས་འདོན་སྤྱན་རས་གཟིགས། ནང་བདེ་དྲོད་ཀྱི་བོགས་འདོན་རྡོ་རྗེ་རྣལ་འབྱོར་མ་རྣམས་མཐར་ཐུག་ཡིན་པར་ཡོངས་སུ་གྲགས་ཤིང་གྲུབ་པས་ཉམས་ལེན་ཐུན་གཅིག་ལ་རྡོ་རྗེ་ཐེག་པའི་ལམ་རིམ་ཡོངས་སུ་རྫོགས་པའི་ཟབ་གནད་ཁྱད་པར་འཕགས་པ་ཡིན་པ་མ་ཟད། ཇི་སྐད་དུ། མ་ཡེངས་ཟླ་བ་གསུམ་ན་འགྲུབ། །ཐོ་རངས་ཐུན་རེ་མ་ཆག་བསྒོམ། །མཆོག་དང་ཐུན་མོངས་དངོས་གྲུབ་འགྲུབ། །ཅེས་གསུངས་ཏེ་གྲུབ་པ་གཉིས་ལོ་ཟླ་ཙམ་གྱིས་སྟེར་བར་བྱེད་པ་ཡིན་པས་ན་དམ་པའི་ཆོས་ལ་སྐལ་བ་མི་དམན་པའི་བསོད་ནམས་དང་བློ་གྲོས་ཅན་དག་གིས་ཉམས་ལེན་གྱི་སྙིང་པོ་གཡར་དམ་དུ་བྱའོ། །གྲུབ་རྙེས་གསེར་གྱི་ཕྲེང་བ་མཆོག་སྦྱིན་པའི། །ལྷ་བཞིའི་ཁྲིད་ཡིག་གྲུབ་པའི་ཞལ་ལུང་བཞིན། །འདུས་གསལ་སྤེལ་འདིར་སྐལ་བཟང་ཀུན་ཞུགས་ནས། །མཆོག་གྲུབ་ཐང་མས་འཇིག་རྟེན་བརྡལ་བྱེད་ཤོག །ཅེས་པའང་རིགས་བརྒྱའི་ཁྱབ་བདག་བཀའ་དྲིན་མཉམ་མེད་ཀུན་གཟིགས་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཞལ་སྔ་ནས་ཟབ་ཁྲིད་བྱིན་རླབས་བཅས་བཀའ་དྲིན་དུ་སྩལ་བའི་ཚེ་གསུང་གིས་རྗེས་སུ་གནང་བ་དང་། ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་གི་སྒྲུབ་ལ་གཞོལ་བ་རྣམས་ཀྱི་ཉམས་ལེན་ཉེ་བར་མཁོ་བས་མཚམས་སྦྱར་ཏེ་བླ་མའི་ཞལ་ལུང་རང་བཟོའི་རྙོགས་པས་མ་བསླད་པར། མང་ཐོས་ཀྱི་སློང་བ་པ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་དེ་བཱི་ཀོ་ཊིའི་དབེན་ཁྲོད་དུ་བགྱིས་པ་དགེ་ལེགས་འཕེལ།། །།