Lha mo re ma ti'i sgrub thabs kun gyi bcud bsdus gnad bskul

From Shangpa Resource Center
Revision as of 10:57, 3 April 2022 by Sengue (talk | contribs)








Resource ID Sup21
Title lha mo re ma ti'i sgrub thabs kun gyi bcud bsdus gnad bskul
Topics Pelden Lhamo
Sub-Topics Sadhana
Author Sangyé Tönpa
Link BDRC W3CN18508 (v3p.84)

yig chung left to input
༈ ཕྱག་དྲུག་ཡེ་ཤེས་མགོན་པོའི་ཆོས་སྐོར་ལས། ལྷ་མོ་རེ་མ་ཏིའི་སྒྲུབ་ཐབས་ཀུན་གྱི་བཅུད་བསྡུས་གནད་བསྐུལ་བཞུགས་སོ།

ན་མོ་གུ་རུ།
ལྷ་མོའི་སྒྲུབ་ཐབས་འདི་ལ་བཞི་སྟེ། བསྒྲུབ་པ། བསྙེན་པ། ལས་ལ་སྦྱར་བ། དྲེན་བཅའ་བའོ།
།དང་པོ་བསྒྲུབ་པ་ནི། རང་ཕྱག་ན་རྡོ་རྗེ་ཞལ་གཅིག་ཕྱག་གཉིས་པ་གཡས་རྡོ་རྗེ་གཡོན་དྲིལ་བུ་བསྣམས་པ། སྐུ་ལ་སྦྲུལ་གྱིས་བརྒྱན་པ་གཅིག་ཏུ་བསྒོམ་ལ། དེའི་མདུན་དུ་༼ཡིག་གེ་༽དྷ་གྱུར་པ་ལས་དྲེའུ་ག་པ་ཅུང་ཟད་སེར་བའི་མདངས་དང་ལྡན་པ། དེའི་སྟེང་དུ་༼ཡིག་གེ་༽ཕ་ནག་པོ་གྱུར་པ་ལས་ལྷ་མོ་སྐུ་མདོག་སྔོ་ནག་མོ་ཞལ་གཅིག་ཕྱག་བཞི་མ། གཡས་དང་པོ་རལ་གྲི་འཛིན་པ། འོག་མ་གྲི་གུག་འཛིན་པའོ། །གཡོན་དང་པོ་བཾ་འོག་མ་ཐོད་པ་འཛིན་པ་ཕྱེད་དཀྱིལ་བཞུགས་པ་གཅིག་བསྐྱེད་ལ། ལྷོ་ནུབ་འཚམས་ནས་དེ་ཁོ་ན་འདྲ་བ་གཅིག་ཛ་ཧཱུྃ་བཾ་ཧོས་དགུག་བཞུག་ཅིང་དབང་དུ་བྱས་ལ། ཨོཾ་མ་མ་སརྦ་ཙ་དྷུ་ར་བྷ་ཀྵ་ཛ་རེ་མ་ཏྲི་འུར་བ་འུར་བ། ས་མ་ཏི་ར་ཙ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཞེས་པའི་བསྙེན་སྔགས་འབུམ་ཕྲག་གསུམ་བཟླས་པ་ནི་གྲངས་ཀྱི་བསྙེན་པའམ་དུས་དང་མཚན་མའི་བསྙེན་པ་ཅི་རིགས་པ་བྱ་བ་ནི་བསྒྲུབ་བསྙེན་གཅིག་དུ་དྲིལ་བའོ། །ལས་བྱ་བ་ནི་བཀྲ་མི་ཤིས་པའི་གནས་སུ་དུར་ཁྲོད་ཀྱི་ས་ལ་མཎྜལ་གྲུ་གསུམ་ཁྲུ་གང་པ་དུག་སྣ་དང་ཁྲག་སྣས་ནག་པོར་གྱུགས་ལ། ནས་ནག་གི་ཕྱེ་ལ་བྱས་པའི་དཔལ་བཤོས་ཁྲུ་གང་པ་གཅིག་བྱས་ལ་མཐའ་མ་་་་་་་ཀྱུས་དག །ནལ་བུའི་ཁྲུ་མ་ལ་གཞི་བྱས་ལ་མཚོན་གྱི་ནང་དུ་དྲི་ཁྲག་དང་ནལ་བུའི་ཁྲག་གཏང་པས་ལྷ་མོའི་སྐུ་བྲིས་ལ་དཔལ་ལ་གཟུགས་སོ། །དེའི་མདུན་དུ་གྲུ་གསུམ་འཛུབ་གང་པ་གཅིག་བརྐོས་ལ་དགྲ་བོའི་ལིང་ག་དུག་དང་ཁྲག་གིས་བྲིས་ལ་འབྲུབ་ལུང་གི་ནང་དུ་གཞུག །དེ་ནས་ལྷ་དང་དབྲལ་བར་བྱ་བ་ནི། ལྷ་མོའི་ཐུགས་ཁ་ནས་འོད་ཟེར་སྐལ་པའི་མེ་ལྟ་བུ་འཕྲོས་པས་དགྲ་བོའི་ལྷ་རྣམས་རྒྱ་མཚོའི་འགྲམ་དུ་བསྒྲལ་བར་བསམ། འོད་ལྕགས་སྐྱུ་ལྟ་བུ་འཕྲོས་པས་དགྲ་བོའི་རྣམ་ཤེས་བཀུག་ནས་ལིང་ག་ལ་ཐིམ་པར་བསམས་ནས། དུག་དང་ཡུངས་དཀར་དང་ཀེ་ཚེ་ལ་སོགས་པ་རྣམས་ཀྱིས་འབྲབ་ཀྱི། སི་དུ་ཡཾ་དུ་ཛ་མ་ར་ཡ་སོད་སོད་ཀྲིང་བྷ་ལ་སོད་འུར་བ་འུར་བ་སོད་སོད་རྒྱུག་རི་རྒྱུག་རི་སོད་སོད། ཞེས་ཟློས་ཀྱི་ཐུན་གྱིས་བྲབས་པས་རིད་པ་འདར་ཡེད་ཡེད་འདུག་པར་བསམ། ཞག་བདུན་གྱི་བར་དུ་ཐུན་བཞིར་དེ་ལྟར་བྱའོ། །ཐུན་བཞིར་དཔལ་བཤོས་ལྷ་མོར་བསྐྱེད་པ་ལ་གཏོར་མ་རྒྱན་ཅན་དགྲ་བོའི་ཤ་ཁྲག་ཏུ་བསམས་ཀྱི་དབུལ་ལོ། །གཏོར་སྔགས་ནི་བསྙེན་སྔགས་ཀྱི་ཧཱུྃ་ཕཊ་བཞག་ལ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། མ་མ་ཁ་རཾ་ཛ། ལིང་ཏ་ཧཱུྃ་ཧཱུྃ་ཕཊ་ཀྱིས་དབུལ་སྨོད་བཅོལ་དྲག་ཏུ་བྱའོ། །ཞག་བདུན་ཚར་བ་དང་སྐྱེར་ཚེར་ཁྲག་སྣ་དུག་སྣ་དགྲ་བོའི་ལིང་ག་རྣམས་བསྲེག་རྣམ་ཤེས་འོག་མིན་དུ་འཕང་པ་གལ་ཆེའོ།
།རྟེན་བཅའ་བ་ནི། བྱ་ནག་གི་རྒྱལ་མཚན་གྱི་ནང་དུ་ལྷ་མོའི་སྐུ་དར་ནག་ལ་བྲིས་ལ་བཞུག་གོ །ནང་རྟེན་ནལ་བུའི་རྒྱལ་མཚན་ལ་ལྷ་མོའི་སྐུ་བྲིས་ལ། གྲི་ཁྲག་བཙན་དུག་སྒོག་སྐྱ་ཚིལ་ཆེན་གྱི་དུད་པས་དུས་བཟངས་ལ་བདུག་དགྲ་བོའི་ཕྱོགས་སུ་ཁ་བསྟན་ལ་བཞག །དགྲ་བོའི་ལིང་ག་ལ་མིང་རུས་བྲིས་ལ་རྒྱལ་མཚན་གྱི་གསང་གནས་སུ་བཞུག །གནོད་བྱེད་ཀྱི་ལིང་ག་ཡང་བཞུག་གོ །ནང་རྟེན་དང་གནན་པ་ཆིག་དྲིལ་དུ་བསྟན་པ་ཞེས་བྱ་བའི་གནད་ཡིན། གཞན་ལ་སྟོན་ན་གནན་པའི་གནད་འདི་བསྟན་དུ་མི་རུང་ངོ་། གསང་རྟེན་ལ་ནལ་བུའི་སྙིང་གི་རྩའི་ནང་དུ་ལྷ་མོའི་སྐུ་ནལ་བུའི་ཁྲུ་མ་ལ་དར་གི་གཞི་བྱས་ལ། ལྷ་བཟོ་བ་བསྙེན་པ་སོང་པས་སྐར་མ་རྒྱལ་གྱི་ཉི་མ་ལ་ཚར་བར་བྲིས་ལ། དར་ལེབ་རྒན་ལ་དྲི་བཟངས་ཀྱིས་ཆུས་བྱུགས་པ་ལ་བསྟན་མ་བཅུ་གཉིས་ཀྱི་གཟུགས་བྲིས་པས་དྲིལ་ལ་རྩ་དབུ་མའི་ནང་དུ་བཞུག །རོ་རྐྱང་གཉིས་ཀྱི་ནང་དུ་དཔལ་མགོན་བདུན་བཅུ་རྩ་གཉིས་བྲིས་ལ་བཞུག །རིན་པོ་ཆེ་སྣ་ཚོགས་བདར་ལ་བཞུག །སྙིང་དར་སྣ་ཚོགས་ཀྱིས་དྲིལ་ལ་གཡོན་དུ་གདགས། མིས་མ་ཚོར་བ་གལ་ཆེའོ། །སྒྲུབ་ཐབས་ཀུན་གྱི་བཅུད་བསྡུས། ལྷ་མོའི་གནད་བསྐུལ་མན་ངག་རྫོགས་སོ། །གཞན་ལ་མ་སྟེར་བྱིན་ན་དཔའ་བོའི་ལག་དུ་མཚོན་གཏད་པ་དང་ཁྱད་མེད་པས་སྡིག་ཆེའོ། །མ་བྱིན་གཅིག་བྱིན་ན་དམ་ཚིག་ཎ་དོ། ངས་ཁྱོད་མེན་པ་ལ་བྱིན་པ་ཡོད་རི་སྐན། འདི་ལས་ལྷག་པའི་ལྷ་མོ་དཀོན། ཞལ་གདམས་ཆིག་བརྒྱུད་ཁྱད་པར་འཕགས། ཨིཐཱི།
སངས་རྒྱས་སྟོན་པའི་ཕྱག་བྲིས་གསེར་གདོང་མ་ནས་ཞལ་བཤུས་པ་ཡིན་ནོ། །ཤིན་དུ་ཡིད་ཆེས་སོ།